མུ་མཐའ་མེད་པའི་བྱང་ཐང་ཡངས་པོར་འཚོ་སྡོད་བྱེད་པའི་འབྲོག་མི་རྣམས་ནི་དུས་བཞིའི་ཁ་ཆར་རླུང་གསུམ་ཅི་ཙམ་རྒོད་ཀྱང་མི་རབས་ནས་མི་རབས་སུ་མཐིང་མདོག་གི་སྦྲ་གུར་ནང་དུ་འཚོ་གནས་བྱེད་བཞིན་ཡོད་པས་བྱང་རེ་སྒོ་ཅན་ཞེས་སུ་འབོད། འོན་ཀྱང་དུས་ཐུང་ལོ་ངོ་བཞི་བཅུའི་ནང་སྔར་གྱི་བྱང་རེ་སྒོ་ཅན་དེ་ཡང་དཀར་ཆ་དོད་པའི་ཁང་ཁྱིམ་ཅན་དུ་གྱུར་ནས་སྔར་གྱི་མགོ་སྦྲ་སྨུག་པོ་དེ་དག་ལོ་རྒྱུས་སུ་གྱུར་ཟིན། སྒྱུར་བཅོས་སྒོ་དབྱེ་དང་དུས་མཉམ་དུ་འཚར་ལོངས་བྱུང་བའི་ཁོ་བོར་མཚོན་ན་བྱང་ཐང་གི་སྡོད་གནས་ནི་ཁོ་བོའི་ན་ཚོད་དང་བསྟུན་ནས་འགྱུར་ལྡོག་རབ་དང་རིམ་པ་བྱུང་ཞིང་། དེ་དག་མེ་ལོང་ནང་གི་གཟུགས་བརྙན་ལྟར་སེམས་ནང་ཡལ་མེད་གསལ་ལེར་འཆར་གྱིན་འདུག
གཅིག བྱིས་དུས་ཀྱི་དྲན་འཆར།
ཁོད་ཡངས་པའི་བྱང་ཐང་ཡོངས་ལྗང་མདོག་གི་གོས་བཟང་གྱོན་ཞིང་། རི་རྩེ་རྣམས་སུ་སྨུག་སྤྲིན་ལང་ལོང་དུ་གཡོ་བར་བྱེད། སྣུམ་ཞག་དོད་པའི་ངེད་ཚང་གི་སྦྲ་གུར་ནི་ན་གཞུང་སྐ་རགས་ལྟ་བུ་ཞིག་གི་ཡར་ཁའི་གད་འགོ་རུ་ཕུབ་ཡོད་པས། སྔོ་ལྗང་དར་གོས་ལྭ་བའི་སྟེང་གི་སྒྲོག་གུ་ནག་ཆུང་ཞིག་དང་འདྲ། དེ་ཉིན་ནི་ཁོ་བོའི་མི་ཚེའི་ལམ་བུའི་སྟེང་ནས་ཤིང་གི་གདུང་མ་རིང་པོ་མཐོང་བ་དང་པོ་ཡིན་ཞིང་། པྲ་ཚགས་ཚ་བའི་ང་རང་སྦྲ་གུར་གྱི་སྒོ་ཁ་ནས་རྒྱང་རིང་དུ་འདྲེན་བྱེད་ཅེར་སྐབས། བདག་གི་ཨ་ཕ་དང་ལྷན་དུ་གཙང་ནས་ཡོང་བའི་ལས་མི་བཞི་ཡི་ཁྲོད་ནས་གཉིས་ཀྱིས་གདུང་མ་གྲུ་བཞི་ལེབ་མོ་གཉིས་རེ་དང་། གཞན་གཉིས་ཀྱིས་ཤིང་གི་པང་ལེབ་གྲུ་བཞི་ནར་མོ་གཉིས་རེ་བརྩེགས་མར་བྱས་ནས་ཁུར་ཡོང་འདུག དེ་སྔོན་དངོས་པོ་དེ་དག་མཐོང་མྱོང་མེད་པའི་ང་རང་ཡ་མཚན་ཇེ་ཆེར་སྐྱེས་ནས་དངོས་པོ་དེ་དག་ལག་པས་ཡང་ཡང་རེག་ཅིང་། དངོས་པོ་དེ་ཚོ་བེད་སྤྱོད་གང་ཞིག་ཡོད་མིན་ཐད་ལ་བསྐྱར་འདྲི་ཡང་འདྲི་བྱས་པས། བདག་གི་ཨ་ཕས་ལན་དུ། ཁང་པའི་ཤིང་ཆ་རེད་ཅེས་བཤད་བྱུང་བར། ཁང་པ་ཞེས་པ་མིག་གིས་མཐོང་མྱོང་མེད་པའི་ང་རང་ཁང་པ་ཞེས་པ་གང་ཞིག་ཡིན་མིན་སྐོར་ལ་ཡང་བསྐྱར་དོགས་འདྲི་བྱེད་དགོས་པར་གྱུར་མོད། བདག་གིས་ཨ་ཕས་མི་རིང་བར་མཐོང་ངེས་ཞེས་དང་། ཕུ་བོ་ནས་ང་ཉིན་ཞིག་རྨང་གཞི་ཡོད་སར་ཁྲིད་བྱུང་། དེར་ཁང་པ་འགའ་རེ་ཡོད་རེད། ཅེས་དོགས་སེལ་གྱི་དྲིས་ལན་ཇི་ལྟར་བཏབ་ཀྱང་ཁང་པ་ཞེས་པ་ཡང་སྙིང་གང་ཞིག་ཡིན་མིན་དང་། བཟོ་དབྱིབས་ཇི་ལྟར་ཡོད་མེད་དེ་རྟོག་འཆར་ཁོ་ནའི་ཀློང་དུ་གྱུར།
ཕྱི་ཉིན་གཙང་ནས་ཡོང་བའི་ལས་མི་བཞི་པོ་དེས་རྣོ་དབལ་ཅན་གྱི་འཇོར་རེ་ཐོགས་ཏེ་ང་ཚོའི་མདུན་ཐད་ཀྱི་སྤང་ཐང་ནས་སྤོ་ཐོ་གྲུ་བཞི་ཤོ་འདྲ་བ་མང་དུ་དྲས་སོང་ལ། དེ་དག་རིམ་བཞིན་སྦྲ་གུར་གྱི་འདབས་རོལ་ཏུ་དབོར་བྱུང་། ཉིན་ཤས་ལས་མ་འགོར་བར་སྤོ་ཐོ་གྲུ་བཞི་དེ་དག་བརྩེགས་ནས་ང་ཚོའི་སྦྲ་གུར་གྱི་འཁྲིས་སུ་ལྷས་ར་གྲུ་བཞི་ཞིག་བརྩེགས་པར་མ་ཟད། ཉིན་ཤས་ཀྱི་རྗེས་སུ་གདུང་མ་གྲུ་བཞི་དེ་དག་དང་། པང་ལེབ་གྲུ་བཞི་ལེབ་མོ་དེ་དག་གིས་ཐོག་བཀབ་ནས་ངོ་མ་ཁང་པ་ཞེས་པའི་གཟུགས་བརྙན་ཙམ་ཞིག་གུས་པའི་མི་ཚེའི་འདྲེན་བྱེད་ཀྱི་ལམ་དུ་ཐོག་མར་མངོན་བྱུང་། དུས་དེ་ནས་ངེད་ཚང་ལ་ཁང་པ་ཞེས་པའི་ཐ་སྙད་ཐོག་མར་འབྱུང་འགོ་བརྩམས། འོན་ཀྱང་སྐབས་དེའི་ངེད་ཚང་གི་ཁང་པ་དེ་ནི་སྤོ་ཐོ་དྲས་ནས་བརྩེགས་པའི་ཁང་ཆུང་ཞིག་ཡིན་ལ། ཤར་གྱི་གྱང་ལོགས་སུ་སྒེའུ་ཁུང་གྲུ་བཞི་ལག་འགོ་ཐར་ཙམ་ཞིག་བཞག་འདུག་མོད། དེ་ལ་ཤེལ་གྱི་དྲ་མིག་བསྒར་མེད་ལ། ཐོག་མར་གྲུབ་པའི་དུས་སུ་སྒོ་ཡང་མེད་པར་ནག་ཧང་ངེར་ལུས་ཡོད། ལོ་དེའི་སྟོན་མཇུག་ཙམ་ལ་བདག་གིས་ཨ་ཕས་ལྡེམ་ལྡེམ་དུ་གཡོ་བའི་ཤིང་ལེབ་ནར་མོ་རིང་མོ་ཞིག་ཁུར་ཡོང་ནས་གཙང་པ་ལས་མི་དེ་ཚོ་དང་མཉམ་རུབ་ཐོག་སོག་ལེས་དུམ་བུར་གཏུབས་རྗེས་རྒྱབ་ཤིང་གོང་འོག་གཉིས་ཀྱིས་གཅིག་ཏུ་བསྒྲིགས་ནས་སྒོ་ཤིང་ཞིག་བསྒར་སོང་མོད། ཁོ་ཚོ་ཚང་མ་ཤིང་ཆས་དྲས་གཏུབ་ཀྱི་ལག་རྩལ་སྦྱངས་མྱོང་མེད་པ་ཤ་སྟག་ཡིན་ངེས་ཏེ། སོག་ལེས་གཏུབ་སྐབས་རིང་ཐུང་སྣ་ཚོགས་ཤོར་ནས་སྒོ་ཤིང་གི་གོང་འོག་གཉིས་ནི་ངོས་མི་སྙོམས་པའི་ཤིང་གི་སོག་ལེ་ཞིག་ཏུ་གྲུབ་འདུག་པས་ད་ལྟ་བསམས་ན་ངོ་མ་དགོད་ཁ་འཆོར་འོས་པ་ཞིག་རེད།
སྐབས་དེའི་ཁང་པ་ནི་སྡོད་ཁང་མ་ཡིན་པར་མཁོ་ཆས་བླུག་ས་ཙམ་ཡིན་ཞིང་། གཙོ་བོ་དགུན་གྱི་དུས་སུ་ཤ་རིགས་འཇོག་ས་བྱེད་པ་ཡིན། དེ་ནས་བཟུང་ངས་ཁང་པ་ཞེས་པའི་མིང་དེ་ཐོས་མ་ཉིད་དུ་སྤོ་ཁང་ནག་རིལ་དེ་ཉིད་དྲན་ཤེས་ངོས་སུ་གསལ་ལེར་འཆར་ཞིང་། བྱིས་དུས་སུ་དེ་ལས་ལྷག་པའི་ཁང་པ་ཞེས་པ་ཞིག་ས་སྟེང་འདིར་ཡོད་པའི་སྣང་བ་ཙམ་ཡང་ཤར་མ་མྱོང་།
གོ་ཐོས་སུ་ཁང་པ་དེའི་འཛུགས་སྐྲུན་ཤིང་ཆས་དེ་དག་ནི་གཞུང་ནས་འབྲོག་ཁུལ་ལ་ཁང་པ་རྒྱག་བྱེད་དུ་གནང་བ་ཞིག་ཡིན་པར་མ་ཟད། གྲོང་ཚོའི་འདུ་གནས་ཡོད་སའི་བར་ལ་བཅིངས་འགྲོལ་རྟགས་ཅན་གྱི་རླངས་འཁོར་གྱིས་དྲུད་ཡོང་བ་ཡིན་རུང་། ང་ཚོའི་འདུག་གནས་ལ་སྐབས་དེར་རླངས་འཁོར་གྱི་རྒྱ་ལམ་ཞེས་པའི་མིང་ཡང་ཐོས་མྱོང་མེད་སྐབས། གཙང་གི་ལས་མི་དེ་ཚོ་གླས་ཏེ་དབོར་ཡོང་བ་ཡིན་འདུག
གཉིས། འདུ་ཤེས་ཁྲོད་ཀྱི་ཁང་པའི་འཕོ་འགྱུར།
ང་རང་ཨ་མའི་ནུ་ཞོ་དང་ཁ་བྲལ་ཙམ་ལ་ཕ་མས་ང་ཚོའི་འདུག་ཡུལ་དང་ཁད་འགྱངས་པའི་དགོན་པ་ཞིག་ཏུ་གྲྭ་པ་བྱེད་པར་བསྐྱལ། ས་ཆ་དེ་ནི་གཞི་རྐང་འབྲོག་པ་ཡིན་རུང་། རྫོང་གྲོང་དང་ཅུང་ཉེ་བའི་དྲིན་གྱིས་ལྟོས་བཅས་སུ་འཚོ་བའི་ཆ་རྐྱེན་ང་ཚོ་ལས་བཟང་བས། རྐང་འཁོར་གཏོང་མཁན་གྱི་ཕོ་གཞོན་རེ་གཉིས་མཐོང་རྒྱུ་ཡོད་འདུག་ལ། ས་ཕག་གིས་བསྐྲུན་པའི་ཁང་པའང་རེ་ཟུང་འདུག ལྷག་པར་དུ་དགོན་པ་དེ་ནི་སྤོ་ཐོའི་ཁང་པ་ཆུང་ཆུང་ཞིག་ལས་མཐོང་མྱོང་མེད་པའི་ང་ལ་མཚོན་ན་ནམ་མཁར་བསྙེགས་པའི་ཁང་ཆེན་ཁོ་ན་རེད་འདུག་ལ། སྒོ་དང་སྒེའུ་ཁང་སོགས་ཁང་པ་ཞིག་ལ་ཚང་དགོས་པའི་ཆ་རྐྱེན་ཕལ་མོ་ཆེ་ཚང་བས། ད་བྱས་དུས་ཁང་པ་ཞེས་པ་དེ་འདྲ་ཞིག་རེད་ཨང་སྙམ་པའི་ངེས་ཤེས་ཡོངས་སུ་ཐོབ་པར་མ་ཟད། འཇིག་རྟེན་འདིའི་སྟེང་ཁང་པ་ཞེས་པ་དེ་ལའང་ཆེ་ཆུང་དང་ལེགས་ཉེས་མང་པོ་ཡོད་པ་ཐོག་མར་ཤེས་ཚོར་བྱུང་།
སྐབས་དེ་ནི་དུས་རབས་གོང་མའི་ལོ་རབས་དགུ་བཅུའི་དུས་འགོ་ཡིན་པས། དགོན་པར་བསྐྱོད་པའི་ལམ་རྒྱུད་ཀྱི་འབྲོག་སྡེ་རྣམས་ཀྱང་ཅ་དངོས་འཇོག་སའི་ཁང་པ་རེ་གཉིས་རེ་སྦྲ་འདབས་སུ་ཐར་ཐོར་དུ་བརྒྱབ་ཡོད་པ་ཕུད། ཁང་པའི་ནང་དུ་གཏན་སྡོད་བྱེད་མཁན་མེད་པར་མ་ཟད། ཐ་ན་ཁང་པའི་ནང་དུ་ལྕགས་ཐབ་བཙུགས་པ་དང་། ཉལ་ཁྲི་དང་། གདན་ཅོག་བསྒྲིགས་པ་ཧ་ལམ་གཅིག་ཀྱང་མཐོང་བར་དཀའ།
དགོན་པར་ཁང་པའི་ནང་དུ་འདུག་མྱོང་བའི་ང་རང་ཕ་ཡུལ་དུ་ལོག་ཐེངས་རེར་སྦྲ་གུར་ཞེས་པ་དེས་ཆར་རླུང་གི་འགོག་ནུས་དང་དྲོད་སྲུང་གི་ནུས་པ་སོགས་གང་གི་ཆ་ནས་ཀྱང་ཁང་པ་དང་བསྡུར་ཐབས་ཡེ་ནས་མེད་པ་ཤེས་བྱུང་ལ། དུས་བཞི་དབྱེར་མེད་དུ་སྦྲ་གུར་གྱི་ནང་དུ་འཚོ་གནས་བྱེད་པ་ནི་ཕྱུགས་ཟོག་གི་རྩྭ་ཁ་དང་བསྟུན་ནས་དུས་བཞིར་རུ་བ་སྐྱ་སྤོ་བྱེད་པའི་གནའ་བོའི་འབྲོག་པའི་གོམས་སྲོལ་རང་འཇགས་སུ་གནས་པ་ཞིག་ཡིན་པས། དེས་མིའི་རིགས་གཞན་གྱི་འཚོ་གནས་ཀྱི་ཆ་རྐྱེན་དང་བསྡུར་ཐབས་མེད་པར་མ་ཟད། ཐ་ན་དཀའ་སྡུག་ཅན་གྱི་འཚོ་ཐབས་ཤིག་ཡིན་པ་བསྙོན་དུ་མེད་རུང་། ཤིང་ཆས་དཀོན་པའི་བྱང་ཐང་ཡངས་པོར་འཚོ་གནས་བྱེད་པའི་འབྲོག་པ་རྣམས་ལ་མཚོན་ན་རེ་བས་བཟོས་པའི་སྦྲ་ནག་གྲུ་བཞིའི་ནང་དུ་ལྕི་བའི་མེ་སྒོང་ལྡེ་བཞིན་འདུག་པ་དེ་ཡང་མེས་པོ་གོང་མ་རྣམས་ཀྱི་དུས་ལ་མཚོན་ན་ངོ་མཚར་ལྡན་པའི་གསར་གཏོད་ཀྱི་མཚམས་ཚིགས་ཤིག་དང་། འཚོ་གནས་ཀྱི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བའི་ཐོག་མའི་སྐྱ་རེངས་ཤིག་ཅི་ལ་མིན། འོན་ཀྱང་། ཡོད་ཚད་དཀར་མདོག་ཅན་གྱི་ཐོག་བརྩེགས་ཁང་བཟང་དུ་གནས་མལ་བཅའ་བའི་དེང་གི་དུས་སུ་ད་དུང་སྦྲ་ནག་གྲུ་བཞིའི་ནང་ནས་འཚོ་བ་སྐྱེལ་བ་དེ་འཚོ་གནས་ཀྱི་ཆ་རྐྱེན་རྗེས་སུ་ལུས་པ་ལོས་ཡིན།
མིའི་རིགས་ཀྱི་བསམ་པའི་འདུ་ཤེས་བསྒྱུར་རྒྱུ་ནི་ལས་སླ་བོ་ཞིག་མིན་ལ། མི་རབས་ནས་མི་རབས་སུ་གོམས་འདྲིས་ཆགས་པའི་འདུ་ཤེས་བརྗེ་སྤོར་བྱ་རྒྱུ་ནི་དེ་བས་ཤིན་ཏུ་དཀའ། མི་རབས་ནས་མི་རབས་སྦྲ་ནག་ནང་དུ་འཚར་ལོངས་བྱུང་བའི་འབྲོག་མི་རྒན་པོ་རྣམས་ལ་ན་གཞོན་རྣམས་ནས་ཁང་པ་བརྒྱབ་ནས་སྡོད་ཁང་བསྒྱུར་བཅོས་བྱ་རྒྱུའི་གྲོས་འགོ་གླེང་མ་ཐག་ཏུ་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་པར་མ་ཟད། ཐ་ན་ཁྱོད་ཚོ་ཁང་པའི་ནང་དུ་འདུག་གི་ཡོད་ནའང་ང་ནི་སྦྲ་ནག་དང་ཁ་འབྲལ་ཐབས་མེད་པས། གཅིག་པུར་སྦྲ་གུར་ནང་འདུག་རྒྱུ་ཡིན་ཟེར་མཁན་གྱི་རྒན་པོ་བློ་གྱོང་གཅིག་མིན་དུ་མ་བྱུང་ཡོད་ལ། ཐ་ན་གཞུང་ནས་བདེ་སྡོད་ལས་གྲྭའི་རྣམ་གྲངས་དོན་འཁྱོལ་བྱེད་པར་ངོ་རྒོལ་བྱེད་ཅིང་། རྩྭ་ཐང་དུ་སྦྲ་གུར་དོར་ནས་ཁང་པ་བསྐྲུན་པར་རྣམ་རྟོག་ཚད་མེད་དང་། བསྐལ་པའི་མཐའ་ལ་སླེབས་པའི་ངོས་འཛིན་གྱིས་སེམས་ཁྲལ་འཁུར་མཁན་ཡང་བྱུང་ཡོད། འོན་ཀྱང་། དོན་དངོས་ཐོག་ཁང་པ་ནི་སྦྲ་གུར་ལས་གྲང་རླུང་འགོག་ནུས་ལྡབ་འགྱུར་གྱིས་ཆེ་བ་ཡོད་སྟབས། མཐའ་གཞུག་ལག་ལེན་གྱི་བདེན་དོན་ལས་སུས་ཀྱང་རྒྱབ་འགལ་བྱེད་ཐབས་བྲལ་བས། ཁང་པར་འདུག་མཁན་རྣམས་ཀྱི་ཁྱིམ་དུ་སོང་སྐབས་དགུན་གཉིས་པའི་གྲང་ངར་གྱི་སྡུག་བསྔལ་ཅུང་ཟད་ཙམ་ཡང་མྱོང་དགོས་མེད་པའི་བདེ་སྐྱིད་ཀྱི་ཚོར་བ་གང་མང་ཞིག་བྱུང་བ་ལས་རིམ་བཞིན་སྦྲ་གུར་འདོར་མཁན་ཇེ་མང་དང་། ཁང་པ་གསར་རྒྱག་བྱེད་མཁན་ཇེ་མང་དུ་སོང་ནས་དེ་སྔོན་གྱི་རྒན་པོ་བློ་གྱོང་དེ་དག་ཀྱང་སྡོད་ཁང་གསར་པའི་སྦྲིག་ནས་ཁ་མར་ལ་འཁོར་ཏེ་མ་ཎི་འདྲེན་བཞིན་འདུག་པ་ཉུང་ཉུང་མིན།
གསུམ། འཕོ་འགྱུར་གྱི་གོམ་སྟབས་དང་པོ།
ཁོ་བོའི་དྲན་ཤེས་ཀྱི་ངོགས་སུ་མ་བརྗེད་དྲན་གསལ་ལྟར་ན། འགྲིམ་འགྲུལ་སྟབས་ཇེ་བདེར་སོང་བ་དང་། འཚོ་བའི་ཆ་རྐྱེན་ཉིན་བཞིན་ཇེ་བཟང་དུ་འགྲོ་བ་དང་བསྟུན་ནས་དུས་རབས་གོང་མའི་ལོ་རབས་དགུ་བཅུ་ཙམ་ནས་སྦྲ་གུར་བསྡུས་ནས་སྡོད་ཁང་གསར་རྒྱག་བྱེད་མཁན་ཇེ་མང་དུ་སོང་ཡོད་མོད། འབྲོག་མི་རྣམས་སྡོད་ཁང་དུ་གནས་སྡོད་བྱེད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་དང་པོ་ནི་སྲིད་གཞུང་གིས་འབྲོག་ཁུལ་སྡོད་ཁང་གི་ཆ་རྐྱེན་ཁྱོན་ཡོངས་ནས་ལེགས་བཅོས་ཡོང་བའི་ཆེད་དུ་སྟོང་ལོ་གསར་པ་ཚེས་ཙམ་ནས་བདེ་སྡོད་རྣམ་གྲངས་ལས་གྲྭ་ཚ་ཚ་འུར་འུར་གྱི་སྒོ་ནས་སྤེལ་བ་བརྒྱུད་བྱང་ཐང་ཧྲིལ་པོའི་འབྲོག་མི་དབུལ་ཕྱུག་མེད་པར་སྦྲ་གུར་བསྡུས་ནས་ཁང་པའི་ནང་དུ་རྒྱུན་སྡོད་བྱེད་འགོ་བརྩམས་པ་དང་། ཐ་ན་ཕྱུགས་ཟོག་འཚོ་སྐྱོང་བྱེད་སའི་འབྲོག་རྭ་དག་ལ་ཡང་སྟབས་བདེའི་ཁང་ཆུང་བསྐྲུན་ནས་དུས་བཞི་དབྱེར་མེད་ཁང་པ་དང་ཁ་མི་འབྲལ་བའི་གོམས་གཤིས་ཆགས།
བདག་གི་དྲན་ཤེས་ཀྱི་མེ་ལོང་ངོས་སུ་གསལ་ལྷང་ངེར་འཆར་བ་ཞིག་ནི་སྤྱི་ལོ2002ལོའི་བོད་ཀྱི་ལོ་གསར་གྱི་སྐབས་སུ་སྨད་པ་ཤང་གི་དོམ་ར་གྲོང་ཚོའི་གྲོང་མི་རྣམས་ལོ་དེར་རྒྱལ་ཁབ་ཀྱིས་གཅིག་གྱུར་འཆར་འགོད་བྱས་ནས་དུད་ཚང་མི་རེ་ངོ་རེར་གུ་ཡངས་ལ་དཀར་ཆ་དོད་པའི་ཁང་པ་གསར་པ་རེ་བསྐྲུན་ཡོད་པས་ཁང་སྟོན་དང་ལོ་གསར་མཉམ་གཏོང་བྱས་སོང་།
ཐེངས་དེའི་དོམ་ར་གྲོང་ཚོའི་གྲོང་མིའི་སྡོད་ཁང་ནི་དེ་སྔོན་གྱི་སྡོད་ཁང་རོགས་སྐྱོར་ཁ་གསབ་བམ། ཁང་མིག་ཙམ་རེ་སྐྲུན་བྱེད་ཀྱི་ཤིང་ཆས་གནང་བ་ལྟ་བུ་མ་ཡིན་པར། ཚོམས་ཁང་དང་། ཉལ་ཁང་བཅས་ཁང་མིག་གསུམ་རེ་སྒོ་ར་དང་བཅས་པ་ཆ་ཚང་བསྐྲུན་ཡོད་ལ། སྡོད་ཁང་འཛུགས་སྐྲུན་གྱི་སྒོ་དང་སྒེའུ་ཁུང་། ཀ་གདུང་དྲལ་ལྕམ་ཙམ་མ་ཟད། ཁང་པའི་བད་ཕུར་ཁ་རྒྱན་དང་བཅས་པའི་ཤིང་ཆས་ཡོངས་རྫོགས་རྒྱལ་ཁབ་ནས་གནང་བ་དང་། ཨར་ལས་འཛུགས་སྐྲུན་གྱི་ཁ་གསབ་ཀྱང་གནང་བས་དཔལ་འབྱོར་ལྟོས་བཅས་ཀྱིས་ཞན་པའི་ནག་ཆུའི་ནུབ་རྒྱུད་འབྲོག་པ་རྣམས་ལ་མཚོན་ན་དེ་ནི་གྲང་ངར་ཆེ་བའི་གངས་འཁྱགས་ཁྲོད་དུ་དྲོད་ཁོལ་འཁྱིལ་བའི་མེ་སོན་བསྩལ་བ་དང་མཚུངས།
དོམ་ར་གྲོང་ཚོ་ནི་གུས་པ་ལོ་ངོ་བཅུ་ལ་ཉེ་བར་འདུག་མྱོང་བའི་དོམ་ར་དགོན་དང་ཐག་ཉེ་ཤོས་ཀྱི་གྲོང་ཚོ་དེ་ཡིན་པས། གྲོང་མི་རྣམས་ཁོ་བོ་དང་རྒྱུས་མངའ་ཤིན་ཏུ་ཆེ་ཞིང་། ཐ་ན་འགའ་རེར་རང་གི་ནང་མི་ལྟ་བུའི་འདྲིས་འབྲེལ་ཤིན་ཏུ་ཟབ། སེམས་བཟང་ལ་སྙིང་ཉེ་བའི་འབྲོག་མི་རྣམས་འབད་མེད་ལྷུན་གྱིས་གྲུབ་པའི་བཀྲ་ཤིས་དགའ་སྟོན་དེ་ལ་རྒྱུན་དུ་འདྲིས་ཆེ་བའི་གྲྭ་བཙུན་རྣམས་ཁྱིམ་དུད་རྣམས་ནས་ཧར་ཐོབ་ཀྱི་སྒོ་ནས་ཁང་སྟོན་དང་ལོ་གསར་དགའ་གཏོང་གི་བཀྲ་ཤིས་རྟེན་འབྲེལ་ཉིས་བརྩེགས་ཀྱི་དུས་ཆེན་དེར་མགྲོན་དུ་བོས་སོང་། ང་ཡང་དུད་ཚང་འགའ་ཡི་མགྲོན་འབོད་ལ་སོང་བ་ཡིན། ད་ཐེངས་ཀྱི་ཁང་པ་ནི་འཛུགས་སྐྲུན་གྱི་རྒྱུ་ཆ་ས་ཕག་ཡིན་རུང་། ཤིང་ཆས་སྤུས་ཀ་ལེགས་ལ་ཚོན་གྱི་མཛེས་ཆ་བཟང་བ། མགྲོན་པོར་སྣེ་ལེན་གྱི་ཚོམས་ཁང་དང་གཡོས་སྦྱོར་ཁང་སོགས་སོ་སོར་བསྐྲུན་ཡོད་པས། ངོ་མ་ཆ་ཚང་ཞིང་ཡིད་དུ་འོང་བའི་ཁང་བཟང་ཡིན་འདུག་ལ། ཟོག་རང་ཡོད་སར་ཕྱུགས་ཟོག་འཚོ་མཁན་གྱི་མི་རེ་གཉིས་ཕུད་ནང་མི་ཚང་མ་མཉམ་དུ་འཛོམས་ནས་བཀྲ་ཤིས་ཉིས་བརྩེགས་ཀྱི་དགའ་སྟོན་ལ་རོལ་བཞིན་རང་ཉིད་ནས་འགྲོ་གྲོན་གཏོང་མི་དགོས་པར། གཞུང་ནས་ཁང་བཟང་དེ་འདྲ་གནང་བར་སེམས་གཏིང་ནས་ཏང་དང་སྲིད་གཞུང་ལ་ཡི་རང་གི་མགོ་བོ་ལྡེམ་བཞིན་མཆིས།
ཁོ་བོ་མགྲོན་དུ་འགྲོ་ཡུལ་རྒན་པོ་ཆོས་འཕེལ་གྱིས་བཤད་དོན། རང་ཉིད་ཆུང་དུས་རྒྱུ་ནོར་ཞན་ཞིང་། སྐབས་དེའི་སྤྱི་ཚོགས་ཀྱི་འཚོ་བ་ནི་གང་ས་ཅི་ཐད་ནས་འཁོས་ཞན་དབུལ་ཕོངས་ཡིན་སྟབས། དབྱར་ལ་ཆར་པ་དང་། དགུན་ལ་གྲང་ངར། དུས་རྒྱུན་དུ་ལྷགས་རླུང་གང་ཡང་མི་འཚོགས་པའི་སྦྲ་ཧྲུལ་ཞིག་ལས་དབུབ་རྒྱུ་མེད་རྐྱེན་ཉི་མ་འཆར་དུས་ཉི་ཐིགས་བརྒྱ་དང་། ཆར་པ་འབབས་དུས་ཆར་ཐིགས་བརྒྱ་ཟེར་བའི་གླིང་སྒྲུང་ནང་གི་མ་ངན་ཇོ་རུ་མ་བུ་གཉིས་ཀྱི་མགོ་སྦྲ་དང་གཉིས་སུ་མེད་པ་ཞིག་ཡིན། དེ་རྗེས་མི་དམངས་ཀུང་ཧྲེའི་སྐབས་སུ་ཕྲུ་གུ་རྣམས་འཚར་ལོངས་མ་བྱུང་ཞིང་། ཀུང་ཧྲེའི་ནང་ལས་སྐར་གསོག་མཁན་མང་པོ་མེད་པས་ལོ་རེའི་བགོས་ཐོབ་ཉུང་སྟབས། སྦྲ་གུར་ནག་རིལ་ཆུང་ཆུང་ཞིག་གི་ནང་དུ་ལྕགས་སྒྱེད་རྐང་གསུམ་མ་ཞིག་བཙུགས་ནས་དུ་འཚུབ་ཀྱི་ཀློང་དུ་འདུག་དགོས་ཤིང་། མདུན་ངོས་མེ་ལ་སྲོ་དུས་རྒྱབ་ངོས་གྲང་རླུང་གིས་རུས་ཟུག་ལྡང་བར་བྱེད། ཁ་བ་བབས་ན་ཁ་བས་སྦྲ་གུར་མནན་ནས་ཆོན་ཐག་འཆོར་ཉེན་གྱི་སེམས་ཁྲལ་ཡོད་ལ། རླུང་ཆེན་བརྒྱབ་ཚེ་སྦྲ་གུར་རླུང་གིས་བསྐྱོད་ནས་ཆོན་ཕུར་འཕུད་པའི་སེམས་ཁྲལ་ཆེ། སྦྲ་ལྡེབས་སུ་ཆགས་པའི་དུད་དྲེག་གིས་པགས་ཚགས་གསར་པ་གྱོན་ཡང་དེ་མུར་ནག་པོར་གྱུར་འགྲོ་བ་ཡིན་ལ། ཞག་ཚིལ་གྱི་བཞུ་མར་དཀར་མིན་ནག་མིན་རེ་སྦར་ནས་འདུག་དགོས་པ་ཡིན། སྐབས་དེའི་དུས་སུ་གདན་ཅོག་དང་། ཆ་སྒམ་ཞེས་པ་སྤྲོས་བྲལ་རེད་ལ། ཐ་ན་ས་ཐོག་ཏུ་གདིང་རྒྱུའི་གདན་ཡང་པགས་གདན་དང་། ཀོ་གདན། དེ་ལས་ཆ་རྐྱེན་ཅུང་བཟང་བ་ཚོས་སྒྱེ་རེས་བཟོས་པའི་ཀྱོང་གདན་ལས་གྲུམ་ཙེའི་རིགས་གདིང་རྒྱུ་ག་ལ་ཡོད། ཕྱུགས་ཟོག་འགན་འཁྲི་སྒེར་ལ་སྤྲད་པ་དང་། བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཇེ་ལེགས་སུ་སོང་བས། ཐོག་མར་བཅའ་དངོས་འཇོག་སའི་ཁང་ཆུང་བསྐྲུན་པ་དང་། དེ་ནས་མི་སྡོད་སའི་ཁང་པ་ཆེ་ཆུང་ཁ་ཤས་བརྒྱབ་མྱོང་མོད། འཐུས་སྒོ་ཚང་ཞིང་མཛེས་ཆ་དང་སྲ་ཆ་ལེགས་པའི་ཁང་པ་འདི་ལྟ་བུ་ནི་རྒྱལ་ཁབ་ཀྱིས་རོགས་སྐྱོར་མ་གནང་ཚེ་ག་ལ་འགྲུབ་སྲིད། ཁང་པ་ཞེས་པ་འདིའི་ནང་དུ་དུ་བའི་དྲི་ཙམ་བྲལ་བའི་ལྕགས་ཐབ་བཙུགས་ནས་དུ་འཚུབ་ཀྱིས་མིག་ཆུ་འཆོར་མི་དགོས་ཤིང་། གྲང་ལྷགས་ཀྱི་ན་ཟུག་མྱོང་མི་དགོས་ལ། ཉི་འོད་གློག་སྒྲོན་གྱིས་མཚན་ཡང་ཉིན་མོ་ལྟར་གསལ་བ་དེ་འདྲ་ང་ཚོའི་ཆུང་དུས་ལ་མཚོན་ན་ངོ་མ་རྨི་ལམ་ལྟ་བུ་ཞིག་རེད་ཅེས་ཟེར།
གྲོང་མིའི་བདེ་སྡོད་ལས་གྲྭའི་རྣམ་གྲངས་ཐོག་མར་འགོ་འཛུགས་སྐབས། ས་གནས་ཀྱི་དབུ་ཁྲིད་ནས་གོང་རིམ་ལ་ལས་ཀའི་བྱས་རྗེས་དེ་བས་མངོན་གསལ་དོད་པར་དམིགས་ནས་གྲོང་ཚོ་ཚང་མར་སྔོན་ཁ་འཐོར་དུ་གནས་པའི་འབྲོག་མི་རྣམས་ཡོངས་རྫོགས་ས་ཆ་གཅིག་ལ་འདུས་སྡོད་བྱེད་རྒྱུའི་འཆར་གཞི་བཏོན་ནས་ས་ཆ་གཅིག་ལ་བསྟར་བ་བསྒྲིགས་ནས་བརྒྱབ་ཡོད་པས། ཕྱུགས་ཟོག་འཚོ་སྐྱོང་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་གྱི་འབྲོག་པ་རྣམས་ལ་མཚོན་ན་རྒྱུན་སྡོད་བྱ་ཡུལ་དང་། བདེ་སྡོད་ཁང་པ་གཉིས་ཡ་བྲལ་དུ་སོང་ནས་འབྲོག་མི་རྣམས་ལ་ཕན་པ་དངོས་འབྲེལ་མ་ཐོབ་པ་དང་། བདེ་སྡོད་ཁང་གསར་ཡང་་ཁ་ཐིགས་ཚགས་བྱེད་མཁན་མེད་པའི་རྐྱེན་གྱིས་ཞིག་རལ་དུ་སོང་བ་སོགས་ཀྱི་གནས་ཚུལ་ཅུང་རྒྱ་ཁྱབ་བྱུང་ཡོད་མོད། དོམ་ར་གྲོང་ཚོ་ནི་དཔལ་འབྱོར་གཉེར་སྐྱོང་མཉམ་ལས་ཅན་དུ་བསྒྱུར་ཡོད་པས། འབྲོག་མི་རྣམས་ལོ་དེའི་སྡོད་ཁང་གསར་སྐྲུན་བྱས་པ་ནས་བཟུང་། ལོ་གཞོན་རྣམས་ཕྱུགས་ཟོག་འཚོ་གནས་སུ་རེས་མོས་ཀྱིས་འགྲོ་དགོས་པ་ཕུད། དེ་མིན་ཁྱིམ་མི་ཡོངས་རྫོགས་ཁང་བཟང་དེའི་ནང་དུ་འཚོ་བ་སྐྱེལ་འགོ་ཚུགས་ཏེ་འབྲོག་ཁུལ་གྱི་མང་ཚོགས་གཏན་སྡོད་ཅན་དང་། གཅིག་སྡུད་ཅན་དུ་དངོས་སུ་འགྱུར་འགོ་ཚུགས་ཡོད།
བཞི། འཕོ་འགྱུར་གྱི་གོམ་སྟབས་གཉིས་པ།
སྤྱི་ལོ2012ལོ་ཙམ་ལ་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་ཆེད་དང་། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་འཐུས་སྒོ་ཚང་དུ་བཏང་ནས་མང་ཚོགས་ཀྱི་འཚོ་བ་སྔར་བས་ལེགས་པ་དང་། སྤྱི་བའི་ཞབས་ཞུའི་ནང་དོན་ཆ་ཚང་དུ་གཏོང་ཕྱིར་ནང་སའི་ཁེ་ལས་ཆེན་པོ་ལྔ་ཡི་རོགས་སྐྱོར་ལ་བརྟེན་ནས་ནག་ཆུ་ས་ཁུལ་ཡོངས་སུ་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འགའ་ཞིག་འཆར་འགོད་བྱས་ནས་སླར་ཡང་འབྲོག་ཁུལ་གྱི་སྡོད་ཁང་ལེགས་བཅོས་བྱས། གྲོང་ཚོ་དེ་དག་ནི་ཤེལ་ཚྭ་རྫོང་གཞུང་སྨད་གྲོང་རྡལ་གྱི་སེར་རྫོང་གྲོང་ཚོ་དང་། ཉི་མ་རྫོང་ཧྲི་ཡ་ཤང་སྐར་ཆེན་གྲོང་ཚོ། མཚོ་གཉིས་རྫོང་མཚོ་སྒྲིལ་ལྷོ་མ་གྲོང་རྡལ་གྱི་གྲོང་ཚོ་དང་པོ། དཔལ་མགོན་རྫོང་བལ་ལ་གྲོང་རྡལ་གྱི་གྲོང་ཚོ་བཅུ་གསུམ། གཉན་རོང་རྫོང་སེ་ཆེན་ཤང་གི་ཕག་གཡུ་གྲོང་ཚོ་བཅས་ཚུད་ཡོད། ཐེངས་དེའི་སྡོད་ཁང་འཛུགས་སྐྲུན་གྱི་གྲོང་ཚོ་ཁག་ནི་འགྲིམ་འགྲུལ་སྟབས་བདེ་བ་དང་། འབྲོག་ལས་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་རྨང་གཞི་ཡོད་པ། རང་བྱུང་གནོད་འཚེ་ཐོན་དཀའ་བའི་ས་གཤིས་ཀྱི་གནས་བབ་བདེ་འཇགས་ཡིན་པ། ཆུའི་ཐོན་ཁུངས་བཟང་བ་བཅས་ཀྱི་གྲོང་ཚོ་ཁག་བདམས་སྒྲུག་བྱས་ཡོད་པ་དང་། འཐུང་ཆུ་དང་། གཞུང་ལམ། གློག འཕྲིན་གཏོང་། བརྙན་འཕྲིན་བཅས་ཡོད་ལ། འཕྲོད་བསྟེན་ཁང་དང་། བྱིས་གསོ་ཁང་། གྲོང་ཚོའི་བྱེད་སྒོ་ཁང་། ཕྱུགས་ཟོག་གི་ལྷས་ར་སོགས་འབྲོག་ལས་ཐོན་སྐྱེད་ཆ་རྐྱེན་རྣམས་ཀྱང་མཉམ་དུ་འཛུགས་སྐྲུན་བྱས་ཡོད། སྡོད་ཁང་དེ་དག་ཐིགས་པ་མི་ཟགས་པ་དང་། གྲང་རླུང་འགོག་ནུས་པ། གྱང་མི་འགྱེལ་བ། གྱང་དང་ཞལ་བ་སེར་ཁ་མི་གས་པ་བཅས་བླང་བྱ་ལྔ་དང་། རྒྱུ་ཆ་དང་། འཆར་འགོད། གོ་རིམ། ལག་རྩལ། མཛེས་ཉམས། འགན་འཁུར་བཅས་འགག་སྒོ་དྲུག་ནན་སྲུང་གིས་འཛུགས་སྐྲུན་བྱ་རྒྱུའི་དམིགས་ཚད་བཏོན་ཡོད། སྡོད་ཁང་གི་རྒྱ་ཁྱོན་ལ་མི་རེར་ཆ་སྙོམས་རྨིད་གྲུ་བཞི་མ་ཉི་ཤུ་ཡན་ཡིན་པ་དང་། སྤུས་ཚད་ཐད་ལ་ནམ་ཡང་ཐིགས་ཆུ་མི་ཟགས་ཤིང་། ས་ཡོམ་རིམ་པ་བརྒྱད་མན་ཆད་ཀྱིས་གཏོར་སྐྱོན་གཏོང་མི་ཐུབ་པ། ལོ་ངོ་སུམ་ཅུའི་རིང་རྗེས་སུ་མི་ལུས་པ། ལོ་ངོ་ལྔ་བཅུའི་རིང་བེད་སྤྱོད་བྱ་ཆོག་པ་སོགས་ཡིན། འཛུགས་སྐྲུན་གྱི་གྲུབ་ཆ་ཡོངས་ཨར་འདམ་ལྕགས་རྩིབས་མ་ཡིན་པ་དང་། རུས་སྦལ་གྱི་སྒལ་དབྱིབས་ལྟ་བུའི་ཡང་ཐོག་ཏུ་གྱོ་མོག་གི་ཁྲབ་རིས་བསྒྲིགས་པ། སྒེའུ་ཁུང་རྣམས་ཧ་ཡང་ལྕགས་བསྲེས་མའི་དྲ་བཅད་ཡིན་པ། སྒོ་ཁར་ཤེལ་ཁང་བརྒྱབ་པ་བཅས་གཅིག་ནས་ཁང་པའི་མཛེས་འཆོས་དང་བཟོ་དབྱིབས་ཤིན་ཏུ་ལེགས་ལ་གཉིས་ནས་འཛུགས་སྐྲུན་གྱི་སྲ་ཆ་བཟང་ལ། འཚོ་བའི་དགོས་མཁོ་དང་མཐུན་པའི་འཆར་འགོད་ལེགས་པས་ལོ་རྒྱུས་རང་བཞིན་ལྡན་པའི་བྱང་ཐང་འབྲོག་པའི་སྡོད་ཁང་གི་འཕོ་འགྱུར་ཆེན་པོ་ཞིག་ཡིན། ཐེངས་དེའི་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་ནི་ཀྲུང་དབྱང་གི་ཁ་གཏད་རོགས་སྐྱོར་ཚན་པ་ཁེ་ལས་ལྔ་ཡིས་གཙོ་བོའི་མ་དངུལ་འདོན་རྒྱུ་དང་། ས་གནས་སོ་སོའི་སྲིད་གཞུང་ནས་རོགས་སྐྱོར་གྱི་མ་དངུལ་འདོན་རྒྱུ་བྱས་ཤིང་། ཁྱོན་མ་དངུལ་སྒོར་ཁྲི་བདུན་སྟོང་ལྷག་ཙམ་དང་། གྲོང་ཚོ་ལྔ་ཡི་དུད་ཚང་179ལ་ཁྱབ་ཡོད། སྐབས་དེའི་སྡོད་ཁང་འཛུགས་སྐྲུན་ནི་དཔེ་སྟོན་རང་བཞིན་དུ་བསྐྲུན་པ་ཞིག་ཡིན་པས་ནག་ཆུའི་འབྲོག་དམངས་ཡོངས་ལ་ཁྱབ་ཚད་དེ་ཙམ་ཆེན་པོ་བྱུང་མེད་མོད། སྦྲ་ནག་གྲུ་བཞི་ཕུབ་པའི་འབྲོག་ཐང་ལ་ཚད་ལྡན་རང་བཞིན་གྱི་སྡོད་ཁང་གསར་རྒྱག་བྱས་པའི་ལོ་རྒྱུས་ཀྱི་?་རིང་ལྟ་བུ་ཞིག་དང་། དེས་བྱང་ཐང་འབྲོག་དམངས་ཡོངས་ཀྱི་སྡོད་ཁང་གི་སྤུས་ཚད་ཇེ་བཟང་དུ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོན་ཐུབ་ཡོད།
ལྔ། འཕོ་འགྱུར་གྱི་གོམ་སྟབས་གསུམ་པ།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པས་སྤྱི་ལོ2020ལོར་རང་རྒྱལ་འདི་ཉིད་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་བསྐྱོད་རྒྱུའི་དམིགས་ཚད་བླང་བྱ་བཏོན་པ་དང་། སྤྱི་ལོ2013ལོའི་ཟླ11པར་བློ་མཐུན་ཞིས་ཅིན་ཕིང་ཧུའུ་ནན་ཧུའུ་ཤིས་སུ་གཟིགས་ཞིབ་གནང་སྐབས། དངོས་ཐོག་བདེན་འཚོལ་དང་། ཡུལ་བབ་དང་བསྟུན་པ། ཁག་བགོས་མཛུབ་ཁྲིད། དབུལ་སྐྱོར་གནད་སྨིན་བཅས་ཀྱི་བླང་བྱ་བཏོན་པ་གཞིར་བཟུང་། སྤྱི་ལོ2014ལོའི་ཟླ་དང་པོར་དབུལ་སྐྱོར་གནད་སྨིན་གྱི་འཆར་འགོད་སྲིད་ཇུས་བཏོན་ཡོད། དབུལ་སྐྱོར་གནད་སྨིན་གྱི་ལས་ཀ་གཙོ་བོ་ཞིག་ནི་རྒྱང་རིང་ལུང་ཁུག་ཏུ་གནས་སྡོད་བྱེད་མཁན་དང་། རང་བྱུང་གནོད་འཚེ་ཕོག་སླ་བའམ། ཡུལ་བབ་རང་བཞིན་གྱི་ནད་གཞི་མང་བའི་ས་ཁུལ་དུ་གནས་སྡོད་བྱེད་མཁན་རྣམས་དབུལ་སྐྱོར་གནས་སྤོས་དང་། འབྲོག་པའི་འཚོ་བ་དང་ཁོར་ཡུག་གི་ཆ་རྐྱེན་ཇེ་ལེགས་སུ་གཏང་རྒྱུ་ནི་དབུལ་སྐྱོར་གནད་སྨིན་ལས་དོན་ཁྲོད་ཀྱི་གལ་ཆེའི་བྱེད་ཐབས་ཤིག་ཡིན་པས་སྲིད་གཞུང་གིས་མ་དངུལ་བཏང་བ་དང་། གཅིག་གྱུར་འཆར་འགོད་བྱས་ནས་བྱང་ཐང་ཧྲིལ་པོའི་འབྲོག་མི་དབུལ་ཕོངས་རྣམས་ཀྱི་སྡོད་ཁང་འཛུགས་སྐྲུན་གནང་མུས་ལགས་ཤིང་། ཐེངས་དེའི་སྡོད་ཁང་ལེགས་བཅོས་ནི་དབུལ་ཕོངས་མང་ཚོགས་རྣམས་ལ་གཙོ་བོར་དམིགས་པ་ཞིག་ཡིན་པས་དབུལ་དུད་འབྲོག་མི་རྣམས་ལ་ཡོངས་ཁྱབ་ངང་སྡོད་ཁང་གསར་སྐྲུན་བྱས་པ་དང་། འཛུགས་སྐྲུན་བྱས་པའི་སྡོད་ཁང་ཚང་མ་ཨར་འདམ་ལྕགས་རྩིབས་མ་ལས་གྲུབ་པས་སྲ་ཆ་བཟང་ཞིང་། དེ་སྔ་འབྲོག་ཁུལ་དུ་ལོ་མང་རིང་དབུལ་སྐྱོར་དཀའ་སེལ་དང་བདེ་སྡོད་ལས་གྲྭ་འཛུགས་སྐྲུན་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་ནས་དབུལ་སྐྱོར་ལས་ཀ་སྔར་ལས་ཀྱང་གནད་ལ་སྨིན་པ་བྱ་རྒྱུའི་ཐབས་ཇུས་ལག་བསྟར་ཞིག་ཡིན་པས་འཆར་འགོད་ཀྱང་སྔར་ལས་ཇེ་བཟང་དུ་སོང་ཡོད་པ་སྨོས་མེད་རེད།
སྡོད་ཁང་གི་གནས་བབ་ལ་འགྱུར་ལྡོག་གཏོང་ཐུབ་པ་དེས་འབྲོག་པ་རྣམས་དུས་བཞི་དབྱེར་མེད་སྦྲ་གུར་གྱི་ནང་དུ་འཚོ་བ་སྐྱེལ་བའི་ལོ་རྒྱུས་མཇུག་གྲིལ་ཞིང་། གནམ་གཤིས་གྲང་ངར་ཆེ་ཞིང་། གངས་འཁྱགས་རླུང་གསུམ་གྱིས་རབ་ཏུ་གཙེས་པའི་བྱང་ཐང་ཁུལ་ལ་མཚོན་ན་ཤིང་ཆས་དཀོན་ལ་ཆ་རྐྱེན་དབེན་པའི་རྐྱེན་གྱིས་ཁང་པའི་ནང་དུ་འདུག་རྒྱུ་དེ་མི་རབས་ནས་མི་རབས་སུ་རྨི་ལམ་དང་སྟོང་བསམ་ཁོ་ནར་བསྒོམ་རྒྱུ་ཙམ་ལས་མེད་རུང་། བསྒྱུར་བཅོས་སྒོ་དབྱེ་བྱས་རྗེས་གཞི་ནས་ལོ་ངོ་སྟོང་གི་རྨི་ལམ་མངོན་གྱུར་ཐུབ་པ་ཞིག་ཡིན།
དམངས་གཙོའི་བཅོས་སྒྱུར་གྱི་གོང་དུ་བྱང་ཐང་ཁུལ་ལ་བཀའ་ཤག་སྲིད་གཞུང་ནས་རྫོང་གཞིས་གསར་རྒྱག་བྱས་མྱོང་མོད། དེ་དག་ཀྱང་སྤོ་ཐོའི་ཁང་ཆུང་ཁ་ཤས་ལས་མ་གྲུབ་པས། རྫོང་དཔོན་སེར་སྐྱ་གཉིས་ཀྱང་དབྱར་གྱི་དུས་ལ་འཁྱུག་ཙམ་ཡོང་ནས་བྱང་ཐང་གི་དབྱར་གྱི་དུས་ཚིགས་ཉམས་སུ་མྱོང་ཞོར་སྦྲ་གུར་ཕུབ་ནས་འདུག་པ་དང་། དགུན་མ་ཚེས་གོང་ནས་སྤོ་ཁང་ངན་ཧྲུལ་དག་གི་ནང་དུ་འདུག་འདོད་མེད་ལ། བྱང་ཐང་ལ་སྦྲ་གུར་ནང་དུ་གྲང་ངར་བཟོད་ཐབས་བྲལ་བས་ཕ་ཡུལ་དུ་ཕྱིར་ལོག་འགྲོ་སྲོལ་ཡོད་པར་གྲགས། དེ་ལས་བྱང་ཐང་གི་གྲང་ངར་ནི་བཟོད་པར་དཀའ་བ་ཞིག་དང་། བྱང་ཐང་དུ་འཚོ་སྡོད་བྱེད་མཁན་གྱི་སྐྱེ་འགྲོ་རྣམས་ལ་མཚོན་ན་ཁང་པ་ནི་ཆེས་དགོས་གལ་ཆེ་བའི་འཚོ་བའི་ཆ་རྐྱེན་ཞིག་ཡིན་རུང་། ཡོག་ཤིང་ཙམ་ཡང་ལག་ཏུ་ལོན་དཀའ་བའི་བྱང་ཐང་ལ་མཚོན་ན་ཁང་པ་ནི་སྟོང་བསམ་བསྒུག་རྒྱུ་ལས་བྱེད་ཐབས་ཅི། ཐ་ན་གཞུང་གི་རྫོང་ཁང་ཡང་སྤོ་ཐོའི་ཁང་ཆུང་ལས་བསྐྲུན་ཐུབ་མེད་ལ། ཚོ་པའི་དཔོན་རིགས་རྣམས་ནས་ཀྱང་མཆོད་ཁང་ཆུང་ངུ་རེ་ཙམ་དང་། བཅའ་དངོས་འཇོག་སའི་ལྕི་འདམ་གྱི་ཁང་པ་ཆུང་ཆུང་རེ་ཟུང་ལས་བསྐྲུན་ཐུབ་མེད་པས། མི་སེར་ཕལ་བ་རྣམས་ལ་མཚོན་ན་ཁང་པ་བསྐྲུན་རྒྱུ་ནི་གནམ་ལ་སྐས་ཀ་འཛུགས་པ་དང་མཚུངས། བསྒྱུར་བཅོས་སྒོ་དབྱེ་བྱས་ཤིང་། སྲིད་གཞུང་གི་གཟིགས་སྐྱོང་བཟང་པོས། ཤིང་སྡོང་མཛུབ་མོ་ཙམ་ཡང་དབེན་པའི་བྱང་ཐང་དུ་དེ་སྔོན་གཞུང་གི་དཔོན་རིགས་རྣམས་ཀྱི་འདུག་གནས་ལས་ཀྱང་ལྷག་པའི་ཁང་བཟང་རེ་འབྲོག་མི་དཀྱུས་མ་རྣམས་ཀྱི་རྒྱུན་སྡོད་ཁང་པར་གྱུར་པ་ནི་ངོ་མ་གནམ་ས་བླ་འོག་ལྟ་བུའི་འཕོ་འགྱུར་ཆེན་པོ་ཞིག་རེད།
བཟང་ཕྱོགས་ཀྱི་འཕེལ་རྒྱས་དང་། བདེ་སྐྱིད་འཚོ་བ་གསར་པར་ལོངས་སུ་སྤྱོད་པ་ནི་དགའ་འོས་པའི་གྲུབ་འབྲས་དང་བདེ་སྐྱིད་ཅིག་ཡིན་པ་སྨྲོས་མེད་ལགས་མོད། ཕ་མེས་ཡང་མེས་ནས་དར་བའི་སྲོལ་རྒྱུན་གྱི་འཚོ་བའི་གོམས་སྲོལ་རྣམས་སྟོང་པའི་དབྱིངས་སུ་འཇའ་ལྟར་ཡལ་དུ་མ་བཅུག་པར་ནམ་ཡང་སྲུང་སྐྱོབ་དང་རྒྱུན་འཛིན་བྱ་རྒྱུ་དེ་ཡང་གལ་ཆེན་ལགས་པས། མུ་མེད་རྩྭ་ཐང་ཡངས་པོར་དེང་རབས་ཀྱི་ཁང་བཟང་དགོས་ལ། མེས་པོས་བཞག་པའི་སྦྲ་ནག་གྲུ་བཞི་ཡང་ཡུན་དུ་གནས་དགོས།
རྩྭ་ཐང་གི་ཕོ་རྒོད་མོ་རྒོད་ཚོས་ཕ་མེས་ཡང་མེས་ནས་འཚོ་གནས་ལ་འཐབ་རྩོད་བྱས་པའི་ཉམས་མྱོང་གི་ཉིང་བཅུད་བཟང་པོ་རྣམས་ཀྱི་སྟེང་དུ་དེང་རབས་ཀྱི་དགེ་མཚན་མ་ལུས་བཅུད་དུ་ཁུག་ཚེ། ད་གཟོད་གཡང་རྩེའི་སྟེང་ལ་ཡས་སྒྲོན་ཡིན་མོད། སྔ་མ་དོར་ནས་ཕྱི་མ་དང་དུ་བླངས་པ་ཙམ་ནི་རྐང་རྗེས་ཀྱི་སྟེང་དུ་ལག་རྗེས་འཇོག་པ་ཙམ་དུ་ལགས། དེས་ན། ཁྱེད་ཚོས་སྦྲ་ནག་ཆོན་ཕུར་བསྡུ་སྔ་མི་རུང་ལ། དེང་རབས་ཀྱི་ཁང་བཟང་བསྐྲུན་རྒྱུའང་རྩ་བ་ནས་འཕྱི་མི་རུང་། སྔ་མོའི་ལུགས་སྲོལ་ལ་དགེ་མཚན་མེད་པ་མིན་ལ། དེང་རབས་ཀྱི་གསར་གཏོད་ལ་ལེགས་ཆ་མེད་པ་དེ་བས་མིན།
རྩོམ་སྒྲིག་འགན་འཁུར་བ། བསྟན་པ་ཡར་རྒྱས།