《བོད་ཀྱི་རྩོམ་རིག་སྒྱུ་རྩལ》(གཤམ་དུ་བོད་རྩོམ་ཞེས་བསྡུས་པའོ)ནི་འཛམ་གླིང་ཡུལ་གྲུ་ཀུན་གྱི་བོད་རིག་པའི་ཁྱབ་ཁོངས་དང་། རྩོམ་རིག་ཞིབ་འཇུག་སྡེ་ཁག་གི་མཁས་དབང་རྣམ་པས་ཤིན་ཏུ་དགའ་པོ་བྱེད་པའི་བོད་ཡིག་གི་དེང་རབས་རྩོམ་རིག་གི་དུས་དེབ་ཐོག་མ་དེ་ཡིན། དེང་རབས་སློབ་ཆེན་སློབ་གཉེར་བ་དང་། ཤེས་རམས་པ། འབུམ་རམས་པ་སོགས་གཞོན་ནུ་བརྩོན་འགྲུས་ཅན་མི་ཉུང་བ་ཞིག་གིས་ཞིབ་འཇུག་གི་དགོས་མཁོ་ལྟར《བོད་རྩོམ》འདི་ཉིད་ཐོག་མར་དུས་ནམ་ཞིག་ལ་གསར་འདོན་བྱས་པའི་སྐོར་ལ་སྐད་ཆ་འདྲི་མཁན་མང་པོ་འདུག་པས་ང་ཚོའི་སེམས་ནང་དུ་དགའ་ཚོར་སྐྱེ་འོས་པ་ཞིག་རེད།
སྔར་གྱི་སོང་ཟིན་པའི་ཤུལ་ལམ་ལ་ཕྱིར་མིག་ཅིག་བལྟས་ན་འགྲོ་ལམ་ནི་ཀྱག་ཀྱོག་དང་མདུན་ལམ་ནི་འོད་སྟོང་འཕྲོ་བ་ཞིག་རེད། ཐོག་མའི་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་རྣམས་ཀྱིས་དཀའ་ཚེགས་ཀྱི་ལོ་ཟླའི་ཁྲོད་དུ་དཀའ་ངལ་ཁྱད་བསད་དང་། ཡང་འབད་བསྐྱར་འབད་ཀྱིས་རྩོམ་སྒྲིག ཞུ་དག པར་སྐྲུན་བྱས་ཏེ་བོད་ཀྱི་ལོ་རྒྱུས་ཐོག་དེང་རབས་རྩོམ་རིག་གི་དུས་དེབ་མེད་པ་ནས་ཡོད་པ། ཆུང་བ་ནས་ཆེ་བར་གྱུར་ནས་ད་ཆའི《བོད་རྩོམ》འདིས་འཛམ་གླིང་རྩོམ་རིག་གར་སྟེགས་སུ་གནས་བབ་ངེས་ཅན་ཞིག་བཟུང་ཡོད།
《བོད་རྩོམ》འདི་ཉིད། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་འགོར་ཀྲུང་དབྱང་གིས"མཐུན་སྒྲིལ། འབྱོར་ཕྱུག དཔལ་ཡོན་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱེད་དགོས་པའི"འབོད་སྐུལ་ལྟར། སྤྱི་ལོ1980ལོར་ལྗོངས་ཏང་ཨུད་དང་། ལྗོངས་ཏང་ཨུད་དྲིལ་སྒྲོག་པུའུ་ཡིས་ཐད་ཀའི་དབུ་ཁྲིད་འོག རང་རྒྱལ་གྱི་སྒྱུར་བཅོས་སྒོ་དབྱེའི་ཤར་རླུང་བསུ་བཞིན་དུ་དངོས་སུ་འདོན་སྤེལ་བྱས་ཏེ་ལྗོངས་ཕྱི་ནང་གི་ཀློག་པ་པོ་དང་ཞལ་མཇལ་བྱུང་བ་རེད། 《བོད་རྩོམ》གསར་འདོན་བྱས་པ་དེས་བོད་ཀྱི་ལོ་རྒྱུས་ཐོག་དེང་རབས་རྩོམ་རིག་གི་དུས་དེབ་མེད་པའི་ལོ་རྒྱུས་མཇུག་གྲིལ་བ་དང་། བོད་ཀྱི་རྩོམ་རིག་ལ་དགའ་ཞེན་བྱེད་མཁན་རྣམས་ཀྱི་གཅེས་ནོར་ལྟ་བུར་གྱུར་ཏེ་ལྟ་ཀློག་བྱེད་མཁན་ཧ་ཅང་མང་པོ་ཡིན་པས། བོད་ཀྱི་ཞིང་འབྲོག་མང་ཚོགས་ལ《གླིང་གེ་སར》སྒྲུང་ལས་གཞན་གྱི་ཡིད་གསོས་གང་ཡང་མེད་པའི་ལོ་རྒྱུས་ཀྱང་མཇུག་འགྲིལ་ནས་བོད་རིགས་མང་ཚོགས་ལ་རིག་གནས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་བླ་ན་མེད་པའི་བྱས་རྗེས་བཞག་ཡོད།
གོ་ཐོས་ལྟར་ན་སྐབས་དེར་རང་ལྗོངས་ལ་བོད་ཡིག་གི་རྩོམ་པ་པོ་གཅིག་ཀྱང་མེད། ཐེངས་ཤིག་ནུབ་གླིང་རྒྱལ་ཁབ་ག་གེ་མོའི་རྩོམ་པ་པོ་ཞིག་བོད་ལྗོངས་སུ་ཡུལ་སྐོར་ལ་ཡོང་ནས་ལྷ་སར་བོད་ཡིག་གི་རྩོམ་པ་པོ་ཁ་ཤས་དང་ཐུག་འཕྲད་བྱ་རྒྱུའི་རེ་བ་བཏོན་པར་བོད་ལྗོངས་ཡུལ་སྐོར་དང་ཕྱི་འབྲེལ་སྡེ་ཁག་གིས་རྩོམ་པ་པོ་དེའི་རེ་བ་སྐོང་མ་ཐུབ་པས་ནུབ་གླིང་རྒྱལ་ཁབ་ཀྱི་རྩོམ་པ་པོ་དེས《གཞོན་ནུ་ཟླ་མེད》དང《བྱ་སྤྲེལ་གཏམ་རྒྱུད》སོགས་ཀྱི་དཔེ་དེབ་ཁ་ཤས་ཤིག་ཁྱེར་ནས་ལོག་དགོས་བྱུང་ཟེར།
ཐོག་མར《བོད་རྩོམ》དེ་རྩོམ་རིག་དང་སྒྱུ་རྩལ་སྣ་འཛོམས་ཀྱི་དུས་ཚིགས་དུས་དེབ་ཡིན་པ་དང་། དེབ་དང་པོའི་ནང་དུ་རྩ་བའི་ཆ་ནས་བོད་ཡིག་གི་ལམ་ནས་བྲིས་པའི་དེང་རབས་རྩོམ་རིག་མེད་པར་རྒྱ་ཡིག་ནས་བསྒྱུར་པའི་སྒྲུང་ཐུང《གཡང་ཅན》དང《སྐལ་བཟང་མེ་ཏོག》《ས་སྐྱ་ལེགས་བཤད》《ཆུ་ཤིང་བསྟན་བཅོས》ལྟ་བུ་གནའ་ཉེའི་རྩོམ་རིག གཞན་ཡང་བོད་ཀྱི་དམངས་ཁྲོད་དུ་དར་ཁྱབ་ཆེ་བའི《ཨ་ཁུ་སྟོན་པའི་སྒྲུང》《ཉི་ཆོས་བཟང་པོ》ལྟ་བུ་དམངས་སྒྲུང་དང་དམངས་གཞས་སོགས་ཡོད་པའི་ཀུན་འདུས་ཀྱི་དུས་དེབ་ཅིག་རེད།
《བོད་རྩོམ》ཐོག་མར་གསར་འདོན་གྱི་གྲ་སྒྲིག་ལས་ཀ་ནས་དངོས་སུ་རྩོམ་སྒྲིག་འདོན་སྤེལ་གྱི་གོ་རིམ་ཚང་མའི་ནང་ཐུགས་འགན་བཞེས་མཁན་ནི། དཔེ་སྐྲུན་ལས་རིགས་ལ་རྒྱུས་མངའ་ཆེ་བའི་གཙོ་སྒྲིག་པ་བློ་མཐུན་བསྟན་འཛིན་རྒན་པ་ཡིན། ཁོང་གིས་སྣེ་ཁྲིད་བྱས་པའི་རྩོམ་སྒྲིག་པ་མི་བཅུ་གཅིག་ཡོད་པ་དེ་དག་ཕལ་ཆེ་བ་གསར་འགྱུར། རྩོམ་སྒྲིག དཔེ་སྐྲུན་གྱི་ལས་ཀར་རྒྱུས་མངའ་མེད་པ་ཤ་སྟག་ཡིན་པས་ཁོང་གིས་ཁྱོན་ཡོངས་ནས་དུས་དེབ་ཀྱི་རྩོམ་སྒྲིག ཞུ་དག པར་འདེབས་ཀྱི་གོ་རིམ་རེ་རེ་བཞིན་ཞིབ་ཅིང་ཕྲ་བའི་སྒོ་ནས་གཙོ་འགན་བཞེས་ཏེ་དུས་ཚིགས་དུས་དེབ《བོད་རྩོམ》འདི་ཉིད་དངོས་སུ་རྒྱ་ཆེའི་བོད་ཡིག་ཀློག་པ་པོའི་སྤྱན་ལམ་དུ་བསྟར་ནས་བོད་ཀྱི་ལོ་རྒྱུས་ཐོག་རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་མེད་པའི་ལོ་རྒྱུས་མཇུག་གྲིལ་བ་རེད།
རྩོམ་རིག་སྒྱུ་རྩལ་གྱི་དུས་དེབ་འདི་ལྟ་བུ་ཞིག་འདོན་སྤེལ་བྱེད་པར་བསམ་ཡུལ་ལས་འདས་པའི་དཀའ་ཁག་མང་པོ་ཞིག་ལ་ཕྲད། ཐོག་མར་བོད་ཡིག་གི་རྩོམ་པ་པོ་ཉུང་སྟབས་རྩོམ་ཡིག་གི་ཡོང་ཁུངས་དཀོན་པས། ཐ་ན་སྐབས་རེ་རྩོམ་སྒྲིག་པ་ལས་ཁུངས་དང་། སློབ་གྲྭ བཅའ་སྡོད་དམག་དཔུང་དུ་ཕྱིན་ནས་སྐབས་དེར་དར་ཁྱབ་ཅུང་ཆེ་བའི་ནག་པང་ཚགས་པར་སྟེང་གི་རྩོམ་ཡིག་ཐན་ཐུན་འདྲ་བཤུ་བྱས་ཏེ་དུས་དེབ་ཀྱི་སྟེང་དུ་བཀོད། སྤྱི་ཚོགས་རྙིང་པའི་སྐབས་སྲོལ་རྒྱུན་སློབ་གསོ་ཐོབ་པའི་རྒྱལ་གཅེས་མི་སྣ་དང་ཤེས་ལྡན་གྲྭ་བཙུན་སོགས་ལ་རྩོམ་ཡིག་སློང་བ། གང་ལྟར་ཐབས་བརྒྱ་ཇུས་སྟོང་གིས་དུས་དེབ་འདི་བཞིན་དུས་ཐོག་ཏུ་འདོན་སྤེལ་བྱས་ནས་རྒྱུན་མ་ཆད་པར་ལོ་རེར་ཐེངས་བཞི་འདོན་སྤེལ་བྱས།
《བོད་རྩོམ》འདི་ཉིད་རྫོགས་ལྡན་གསར་པའི་བོད་ལྗོངས་འཛུགས་སྐྲུན་གྱི་དགོས་མཁོ་དང་འཚམ་པ་ཞིག་གཉེར་པའི་ཆེད་དུ་བོད་ལྗོངས་རིག་རྩལ་ལྷན་ཚོགས་ཏང་ཙུའུ་ཀྲུའུ་ཞི་ཚོགས་པ་དང《བོད་རྩོམ》རྩོམ་སྒྲིག་ཁང་གིས་སྤྱི་ཚོགས་ཐོག་གི་སྲོལ་རྒྱུན་རིག་གནས་ཆུ་ཚད་ལྡན་པ་དང་། ལས་བཟོ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་གྱི་དགེ་རྒན་སོགས་རྩོམ་རིག་གི་སྐོར་ལ་དགའ་ཞེན་ཡོད་པ་དང་རེ་བ་ཡོད་པའི་རྒན་དར་གཞོན་གསུམ་ཞུགས་པའི་རྩོམ་རིག་གསབ་སྦྱོང་འཛིན་གྲྭ་དང་། རྩོམ་ཡིག་བཟོ་བཅོས་འཛིན་གྲྭ་ཐེངས་མང་གཉེར་ནས་རྩོམ་པ་པོ་སྐྱེད་སྲིང་བྱས་ཏེ་རིམ་གྱིས་བོད་ཡིག་གི་རྩོམ་པོའི་དཔུང་ཁག་ཅིག་གྲུབ་པ་རེད།
1983ལོ་ནས་བཟུང་དུས་ཚིགས་དུས་དེབ་དེ་ཟླ་ཟུང་དུས་དེབ་ཏུ་བསྒྱུར་ཏེ་ལོ་རེར་ཐེངས་དྲུག་འདོན་སྤེལ་བྱེད་འགོ་ཚུགས། དེ་དང་དུས་མཚུངས། ཀྲུང་གོའི་བོད་ཀྱི་ཤེས་རིག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་དགེ་རྒན་ཆེན་མོ་ལྷག་པ་ཕུན་ཚོགས་ཀྱི་ལྗགས་རྩོམ《བུ་མོ་སྤུན་གསུམ་གྱི་རྣམ་ཐར》《ཆར་ཤུལ་གྱི་ནགས་ཚལ》དཔལ་འབྱོར་ལགས་ཀྱི་བརྩམས་སྒྲུང་རིང་བ《གཙུག་གཡུ》ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི་སྙན་ངག《བསིལ་དུས་ཀྱི་བོད་ལྗོངས་》སོགས་དང་གཞན་ཡང་སྤུན་ཟླའི་དུས་དེབ《སྦྲང་ཆར》དུ་སྤེལ་བའི་ལྷུན་གྲུབ་གྱི《རྟ་ནག་སྒྲོག་འགྲོས》དཔལ་དོན་གྲུབ་རྒྱལ་གྱི་《སད་ཀྱི་བཅོམས་པའི་མེ་ཏོག》གཙོ་བོ་བྱས་པའི་བརྩམས་ཆོས་མི་ཉུང་པ་ཞིག་འདོན་སྤེལ་བྱས་པས་བོད་ཡིག་རྩོམ་རིག་ལ་དགའ་བའི་རྒན་དར་གཞོན་གསུམ་གྱི་སེམས་པ་ལ་གཡོ་འགུལ་ཤུགས་ཆེན་ཐེབས་ཏེ། བཅད་ལྷུག་སྤེལ་མའི་ལམ་ནས་བརྩམས་པའི་སྲོལ་རྒྱུན་གྱི་རྩོམ་རིག་གི་བརྩམས་བྱ་མང་པོ་ཞིག་འགྲེམ་སྤེལ་བྱས་པ་དང་གང་འདྲ་ཞིག་ལ་བརྩམས་སྒྲུང་དང་། གང་འདྲ་ཞིག་ལ་ལྷུག་རྩོམ་ཟེར། གང་འདྲ་ཞིག་ལ་སྙན་ཞུའི་རྩོམ་རིག་ཟེར་བ་སོགས་ཀྱི་གོ་རྟོགས་མཐོ་རུ་ཕྱིན། དེ་དང་ཆབ་ཅིག་རྒྱ་ཡིག་གི་ལམ་ནས་བརྩམས་པའི་བརྗོད་བྱ་བོད་ཀྱི་འཚོ་བ་མཚན་པའི་བརྩམས་སྒྲུང《གཡང་ཅན》《སྐལ་བཟང་མེ་ཏོག》དང་ཕྱི་རྒྱལ་གྱི་གྲགས་རྩོམ《མགུལ་རྒྱན》《མཇུག་མཐའི་སློབ་ཐུན་གཅིག》སོགས་སྒྱུར་མཁན་གྱི་ལོ་ཙཱ་བ་ཡང་མི་ཉུང་བ་ཞིག་སྐྱེད་སྲིང་བྱས་ནས་རྩོམ་ཡིག་ལ་དགའ་ཕྱོགས་ཡོད་པའི་གཞོན་སྐྱེས་རྣམས་ལ་མདུན་སྐྱོད་ཀྱི་ལམ་ཕྱོགས་དང་། ལམ་སྟོན་གྱི་སྒྲོན་མེ་ཇེ་གསལ་དུ་སོང་། གོང་དུ་བརྗོད་པའི་རྒྱལ་ཕྱི་ནང་གི་རྩོམ་རིག་གི་བག་ཆགས་འོག གངས་ཏོག་ཚེ་རིང་། བཀྲ་ཤིས་དཔལ་ལྡན། བསྟན་པ་ཡར་རྒྱས། ཨོ་རྒྱན་?་རྗེ། མཁས་གྲུབ། ཆོས་འབྲོག་ཉི་མ་དོན་ལགས། དཀོན་མཆོག་ཡོན་ཏན་སོགས་བོད་ཡིག་རྩོམ་གི་རྩོམ་འབྲི་བ་གཞོན་ནུ་ཁག་ཅིག་གི(འདིའི་ནང་ལྗོངས་ཕྱིའི་རྩོམ་པ་པོ་ཚུད་མེད)བརྩམས་ཆོས་རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པས་ཡང་སྐོར་བསྐྱར་སྐོར་གྱིས་བཟོ་བཅོས་དག་སྒྲིག་བྱས་ཏེ་གསོ་སྐྱོང་བྱས་ནས་ན་གཞོན་རྩོམ་འབྲི་བ་ཆར་རྗེས་ཀྱི་སྨྱུག་གསར་ཇི་བཞིན་ཐོན་པས་བོད་ཀྱི་ལོ་རྒྱུས་ཐོག་སྔར་མེད་ཀྱི་རྩོམ་རིག་གསར་པའི་སྐལ་བཟང་གི་འགོ་ཚུགས།
སྐབས་དེ་དུས་བསྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ཀྱི་འགོ་ཚུགས་མ་ཐག་ཡིན་པས་དཔལ་འབྱོར་གྱི་སྒྲིག་གཞི་སྔར་བཞིན་འཆར་གཞིའི་དཔལ་འབྱོར་ཡིན་པ་དང་། ལས་ཁུངས་སྡེ་ཚན་མང་ཆེ་བའི་ཆ་རྐྱེན་ཧ་ཅང་ཞན་པོ་ཡིན། བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་གཞུང་ལས་ཁང་ལྷ་ས་གྲོང་ཁྱེར་གྱི་ཚེ་སྨོན་གླིང་དགོན་པའི་གྲྭ་ཤག་རྙིང་སོང་འགའ་ལས་མེད་པ་དང་གཞུང་ལས་དང་གཤམ་སྐྱོད་ཀྱི་འགྲིམ་འགྲུལ་ཆ་རྐྱེན་ཞན་པ། འཕྲིན་གཏོང་ཡོ་ཆས་རྗེས་ལུས་ཡིན་ཞིང་། གལ་སྲིད་གཤམ་སྐྱོད་བྱེད་དགོས་ཚེ་ངོ་ཤེས་དང་། གཉེན་ཉེའི་འབྲེལ་བ་བརྒྱུད་ནས་ཟོག་འདྲེན་རླངས་འཁོར་ལ་བསྡད་དེ་འགྲོ་སྐྱོད་བྱེད་དགོས། འབྱོར་རྩོམ་ཡོངས་སུ་རྫོགས་པ་ལག་བྲིས་དབུ་མེད་ཁོ་ན་ལས་གློག་ཀླད་ཅེས་པའི་ཐ་སྙད་ཙམ་མེད་པས་རྩོམ་སྒྲིག་ཁང་གིས་རྩོམ་ཡིག་རེ་རེ་བཞིན་དབུ་ཅན་དུ་གཙང་བཤུས་བྱས་ནས་པར་འདེབས་ཁང་དུ་བསྐྱལ་དགོས་པ། ཆེས་ཐོག་མའི་ལས་ཐོག་གཙོ་སྒྲིག་པ་བསྟན་འཛིན་རྒན་པ་ཕུད་དེ་བྱིངས་ཀྱི་རྩོམ་སྒྲིག་པ་ཕལ་ཆེ་བ་ནི་རྩོམ་སྒྲིག པར་སྐྲུན། འགྲེམ་སྤེལ་སོགས་ཀྱི་ལས་ཀ་ལ་རྒྱུས་མངའ་མེད་པས་རྩོམ་སྒྲིག་པ་དང་། རེ་བ་ལྡན་པའི་གཞོན་སྐྱེས་རྩོམ་པ་པོ་ལྷན་དུ་བཞུགས་པའི་རྩོམ་རིག་གསར་རྩོམ་དཔེ་ཀློག་འཛིན་གྲྭ་ཐེངས་མང་གཉེར་ནས་གྲགས་ཅན་གྱི་རྩོམ་པ་པོ་དང་། རིག་རྩལ་དཔྱད་བརྗོད་པ་གདན་འདྲེན་ཞུས་ནས་འཆད་ཁྲིད་བྱེད་པ་དང་། རྩོམ་ཡིག་བཟོ་བཅོས་བྱེད་པ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་དེང་རབས་ཕ་སྐད་རྩོམ་པ་པོ་གསོ་སྐྱོང་བྱས་ཏེ་རིམ་བཞིན་ཕ་སྐད་རྩོམ་པ་པོའི་དཔུང་ཁག་ཅིག་གྲུབ་སྟེ1987ལོར་རྒྱལ་ཡོངས་རང་བཞིན་གྱི་ཕ་སྐད་རྩོམ་པ་པོའི་སྨྱུག་ཚོགས་དེ་ལྷ་ལྡན་གྲོང་དུ་གཟབ་རྒྱས་ངང་སྐོང་ཚོགས་བྱས། (མ་གཞིར་མདོ་སྨད་ཕྱོགས་ཀྱི་རྩོམ་པ་པོ་བཅུ་གྲངས་ཤིག་གདན་ཞུས་ལྟར་སྨྱུག་ཚོགས་སུ་བཞུགས་རྩིས་ཡོད་ཀྱང་སྐབས་དེར་འགྲིམ་འགྲུལ་ཆ་རྐྱེན་ཞན་པའི་དབང་གིས་མཚོ་སྔོན་གྱི་ཚེ་རིང་དོན་གྲུབ་དང་། ནོར་སྡེ། ཀན་སུའུ་ནས་དཀོན་ལོ་གསུམ་ལས་ཞུགས་མ་ཐུབ) རྩོམ་པོའི་རྩོམ་རིག་གི་ཤེས་བྱ་ཉིན་བཞིན་གོང་མཐོར་ཕྱིན་པ་དང་། རྩོམ་སྒྲིག་པའི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོར་འདེགས་ཕྱིན་པས《བོད་རྩོམ》གྱི་ཕྱིའི་རྣམ་པ་དང་། རྩོམ་རིག་གི་སྤུས་ཚད། བསམ་བློའི་སྙིང་དོན་གང་ཅིའི་ཐད་འཕུར་མཆོང་ཆེན་པོ་བྱུང་ནས་རྩོམ་རིག་གསར་རྩོམ་ཐད་མེ་ཏོག་མཉམ་བཞད་དང་། རྩོམ་རིག་དཔྱད་བརྗོད་ཐད་མཁས་བརྒྱ་འགྲན་གླེང་གིས་གངས་ལྗོངས་ས་མཐོར་སྔར་མེད་ཀྱི་རྩོམ་རིག་གསར་པའི་མཐོ་རླབས་འཕྱུར། ཐེངས་དེའི་སྨྱུག་ཚོགས་ལ་ཞུགས་མཁན་གྱི་རྒན་དར་གཞོན་གསུམ་གྱི་རྩོམ་སྒྲིག་པ་དང་རྩོམ་པ་པོའི་ཁྲོད་འདས་གྲོངས་སུ་སོང་བ་རེ་ཟུང་ལས་བྱིངས་རྣམས་སྔར་མུས་བཞིན་རྩོམ་སྒྲིག་དང་རྩོམ་པ་པོའི་ལས་གནས་སུ་འབད་པ་ལྷོད་མེད་གནང་སྟེ། རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་ཆེན་པོ་ཐོབ་པ་ཤ་སྟག་ཡིན།
དཔལ་འབྱོར་གྱི《གཙུག་གཡུ》བཀྲས་གླིང་དབང་?ར་གྱི《བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད》ལྷག་པ་དོན་གྲུབ་ཀྱི《དྲེལ་པའི་མི་ཚེ》བསྟན་པ་ཡར་རྒྱས་ཀྱི《ཁྲག་གི་ཟེགས་མ་མཁའ་ལ་འཕྱོ་བའི་གངས་རི་དམར་པོ》(རྗེས་སུ《ཐག་རིང་གི་སྦྲ་ནག》ཅེས་མིང་བསྒྱུར)ཚེ་རིང་བཀྲ་ཤིས་ཀྱི《མར་ངོའི་ཟླ་བ》སོགས་ཕ་སྐད་རྩོམ་རིག་གི་གར་སྟེགས་སུ་གནས་བབ་ངེས་ཅན་བཟུང་བའི་སྒྲུང་རིང་ཡང་མི་ཉུང་བ་ཞིག《བོད་རྩོམ》སྟེང་དུ་མུ་འགོད་བྱས་པ་རེད།
《བོད་རྩོམ》གསར་འདོན་བྱས་པ་ནས་ད་བར་གཙོ་སྒྲིག་པ་ལྔ་བརྗེས་ཤིང་ཁྱོན་འདོན་ཐེངས223ཡིན། ཞིང་རོབ་རྩིས་ལྟར་ན《བོད་རྩོམ》སྟེང་སྤེལ་བའི་བརྩམས་སྒྲུང1338དང་། ལྷུག་རྩོམ1113 སྙན་ངག1784 དཔྱད་བརྗོད669འདོན་སྤེལ་བྱས་པ་དང་། 1985ལོར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས"བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ཉི་ཤུ་འཁོར་བར་རྟེན་འབྲེལ་ཞུ་བའི་བོད་ཡིག་དཔེ་ཚོགས"བརྒྱད་ཡོད་པ་ལས《བོད་ཀྱི་བརྩམས་སྒྲུང་བདམས་བསྒྲིགས》《བོད་ཀྱི་ལྷུག་རྩོམ་བདམས་བསྒྲིགས》《བོད་ཀྱི་སྙན་ངག་བདམས་བསྒྲིགས》སུ་བསྡུས་པའི་བརྩམས་ཆོས་ནི《བོད་རྩོམ》སྟེང་དུ་བཀོད་པའི་བོད་རིགས་གཞོན་སྐྱེས་རྩོམ་པ་པོའི་ཕྱག་སོར་ལས་འཁྲུངས་པ་ཁོ་ན་ཡིན། 1991ལོར《བོད་རྩོམ》གྱིས་བསྒྲིགས་པའི"བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས"འདོན་ཐེངས་དང་པོ་ལས། ཆབ་སྤེལ་ཚེ་བརྟན་ཕུན་ཚོགས་ཀྱི《བསིལ་དུས་ཀྱི་བོད་ལྗོངས》མཁས་གྲུབ་ཀྱི《དུས་བཞིའི་སོ་ནམ་བྱེད་ལུགས་མཚོན་པའི་ཚིག་ཕྲེང་ངག་གི་རོལ་དབྱངས》ཨོ་རྒྱན་?་རྗེའི《མཐོ་སྒང་གི་རླུང》བཀྲ་ཤིས་དཔལ་ལྡན་གྱི《ཕྱི་ཉིན་གྱི་གནམ་གཤིས་དེ་རིང་ལས་ལེགས་པ་ཡོང་ངེས》 1995ལོར《བོད་རྩོམ》གྱིས་བསྒྲིགས་པའི"བོད་ཀྱི་དེང་རབས་རྩོམ་པ་པོའི་དཔེ་ཚོགས"འདོན་ཐེངས་གཉིས་པ་ལས་ལྷུན་གྲུབ་རྣམ་རྒྱལ་གྱི《ཀ་བཤད་བུང་བའི་དགའ་ཚལ》ཡེ་ཤེས་བསྟན་འཛིན་གྱི《བསླབ་བྱ་ནོར་བུའི་ཕྲེང་བ》ལྷག་པ་དོན་གྲུབ་ཀྱི《མི་མངོན་པའི་འཆིང་ཐག》སྐལ་བཟང་ཡེ་ཤེས་ཀྱི《དཔྱད་བརྗོད་མཁས་པ་འཛུམ་ཤོར》བསྟན་པ་ཡར་རྒྱས་ཀྱི《བྱང་ཐང་གི་མཛེས་ལྗོངས》ཚེ་?ར་གྱི《སྐྱེད་མའི་བཀའ་དྲིན》བཅས་ནི《བོད་རྩོམ》ལ་སྔ་ཕྱི་བར་གསུམ་དུ་ཐུགས་ཁུར་གནང་མཁན་གྱི་མཁས་དབང་རྣམ་པ་དང་རྒྱ་ཆེའི་རྩོམ་པ་པོ་དང་ཀློག་པ་པོ་མང་པོའི་རྒྱབ་སྐྱོར་འོག་ཐོབ་པའི་གྲུབ་འབྲས་ཡིན།
《བོད་རྩོམ》འདོན་སྤེལ་བྱས་པ་དེས་བོད་རང་སྐྱོང་ལྗོངས་ཀྱི་རྩོམ་པ་པོ་སྐྱེད་བསྲིང་བྱས་ནས་རིམ་བཞིན་རྩོམ་པ་པོའི་དཔུང་ཁག་ངོ་གནོང་མི་དགོས་པ་ཞིག་གྲུབ་སྟེ་འདི་ལོར་འདོན་ཐེངས224བཏོན་པ་དང་། ད་བར་བརྩམས་སྒྲུང་རིང་བ15ཡོད་པ་དང་། ཐུང་འབྲིང་ཕྱོགས་བསྒྲིགས15ཡོད། གཞན་ཡང་སྙན་ངག་དང་ལྷུག་རྩོམ་ཕྱོགས་བསྒྲིགས10ཡོད་པ་དེ་དག་ཕལ་ཆེ་བ་ཐོག་མར《བོད་རྩོམ》གྱི་སྟེང་དུ་བཀོད་པ་ཡིན།
《 བོད་རྩོམ》འདོན་སྤེལ་བྱས་པ་དེས་མཚོ་སྔོན། ཀན་སུའུ། ཟི་ཁྲོན། ཡུན་ནན་བཅས་སྤུན་ཟླའི་ཞིང་ཆེན་གྱི་བོད་རིགས་རྩོམ་པ་པོ་གསོ་སྐྱོང་བྱེད་པར་ཡང་གསུབ་ཐབས་མེད་པའི་བྱས་རྗེས་བཞག་ཡོད།
རྩོམ་སྒྲིག་འགན་འཁུར་བ། ལྷ་གཡང་ནོར་བུ།