བྱེ་འཁན་གྱི་དྲི་ཞིམ་འཐུལ་བའི་གནས་དེ་རུ། -མཚོ་སྔོན་པོའི་ཁོར་སྲུང་པ་ཨ་ཁུ་རྣམ་རྒྱལ་ལགས་ཀྱི་སྐོར་བཀོད་པ།

ཆོས་སྐྱོང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


ཆོས་སྐྱོང་།

         མཚོ་སྔོན་པོའི་ཤར་ཕྱོགས་ཀྱི་གཞུང་ལམ་བརྒྱུད་དེ་སྤྱི་ལེ23བགྲོད་པའི་མཚམས་སུ།  ལྗོན་ཤིང་གི་ཚལ་ཆེ་ཆུང་དུ་མ་མིག་ལམ་དུ་མཛེས་པར་སྣང་ཡོང་།  དེ་ལས་ཀྱང་ལྟ་ན་སྡུག་པ་ནི། གཡོན་ཕྱོགས་ཀྱི་རྩྭ་དང་རྩི་ཤིང་སྟུག་པའི་དེའུ་འབུར་ཆུང་ཆུང་གི་ཁུགས་སོར།  དྭངས་གཙང་གི་ཆུ་མིག་གང་མང་ནམ་མཁའི་མདོག་ལྟར་འཁྲུལ་ཞིང་།  ཕན་ཚུན་གཞི་གཅིག་ཏུ་འདྲེས་ཏེ་སྔོ་ལྗང་གི་རྩྭ་ར་གོར་མོ་བརྒྱུད་མ་ཡུམ་ལྟ་བུའི་མཚོ་སྔོན་པོའི་ཕང་བར་དུངས་ལྷང་ལྷང་གིས་བཞུད་པ་དེ་རེད།  འདི་ནི་མཚོ་ཆུང་ནོར་བུར་གྲགས་པའི་གནས་ཏེ།  ཉ་མོ་གར་དུ་འཁྱུག་ཅིང་ཁྲུང་ཁྲུང་མགྲིན་གླུ་འཁྲོལ་ལ།   རྟ་ནོར་གཟན་དུ་གྲམ་པའི་ཡུལ་གྲུ་ཉམས་དགའ་བ་ཞིག་གོ། 

 

        ཨ་ཁུ་རྣམ་རྒྱལ་ཚང་ནི་དེའུ་འབུར་ཆུང་ཆུང་གི་ལྷོ་ཕྱོགས་སུ་ཁ་ཉི་མར་གཏད་ནས་ཆགས་ཤིང་།  ཕྱོགས་གསུམ་མཚོ་ཆུང་ནོར་བུའི་བརླན་སས་ཡོངས་སུ་བསྐོར་འདུག   ལྷས་ར་ཡངས་པོའི་ཕྱོགས་ཀུན་ཏུ་སྦྱར་སེར་དང་།  ལྕང་མ།  སྤོར་ཤིང་། སུར་དཀར། གསོམ་སྡོང་སོགས་གྲལ་འགྲིག་ཅིང་གཡུ་ལོ་ཐགས་སུ་སྦྲེལ་ཏེ་མི་སེམས་སྐྱིད་ལ་སྐུར་བར་བྱེད།  ལྷས་རའི་ནུབ་ཕྱོགས་སུ་གློ་སྒོ་ཞིག་མཆིས་ལ།   གློ་སྒོའི་ཕྱི་རོལ་ནི་ཨ་ཁུ་རྣམ་རྒྱལ་གྱིས་བ་ཚྭའི་ས་འདུལ་སྦྱོང་བྱེད་པའི་ཚོད་ལྟའི་ར་བ་ལྟ་བུ་རེད།  གནས་དེར་རྩི་ཤིང་ཚང་ཚིང་དུ་འཁྲིགས་ཤིང་དྲི་ཞིམ་སྣ་བརྒྱ་འཐུལ་བའི་ཁྲོད་དུ།  དཔྱིད་མགོའི་མེ་ཏོག་དང་སྟག་མ་མེ་ཏོག་སོགས་གཅིག་ལ་གཅིག་འགྲན་གྱིས་བཞད་འདུག  ཨ་ཁུ་རྣམ་རྒྱལ་གྱིས་མདུན་ཕྱོགས་ཀྱི་རྩྭ་ས་བསྟན་ཏེ།  "ལོ་ངོ་ཉི་ཤུ་ལྷག་གི་ཡར་སྔོན་དུ།  གནས་འདི་ནི་རྩ་རྐང་ཉག་གཅིག་ཀྱང་སྐྱེ་དཀོན་པའི་ཚྭ་ས་ཞིག་རེད།   སྤྱི་ལོ1994ལོར།  མཚོ་ཤར་ལུག་རའི་མ་རྩ་བརྡིབས་ཤིང་སྒོ་མོ་ཀུན་ནས་གཏན་རྗེས།     མཚོ་ཤར་ལུག་རས་ཉོས་པའི་ས་ཞིང་དག་ཕྱིར་འབྲོག་པ་མང་ཚོགས་ལ་བགོ་བཤའ་བརྒྱབ་ཅིང་།   ང་རང་ཉིད་ལ་ཆུ་མིག་བརྒྱ་རྩ་ཞེས་པའི་ས་འདི་ཐེམས།   དེའི་དུས་འདི་ནི་མི་སུར་ཡང་མཁོ་གལ་མེད་པའི་ས་རྒོད་ཅིག་རེད།"ཅེས་བརྗོད་བྱུང་།

 

ཆུ་མིག་བརྒྱ་རྩ་སླར་གསོ་བྱུང་བ།

        ཆུ་བོ་མེད་པའི་རྩྭ་ཐང་ནི་ནམ་ཞིག་མྱ་ངམ་ཐང་དུ་འགྱུར་སྲིད།   ཡུལ་མི་སྤུན་ཟླ་དག་གི་རོགས་རམ་དང་མཐུན་རྐྱེན་འོག   ཆུ་མིག་སླར་སོས་ཤིང་རྩྭ་ཐང་ལ་གསོན་ཤུགས་རྒྱས་ཏེ།   འབྱུང་འགྱུར་གྱི་འཚོ་བར་རེ་བས་ཁེངས།

 -ཨ་ཁུ་རྣམ་རྒྱལ་གྱིས་བཤད་པའི་སྐད་ཆ།

         ལོ་དེར།   ཕྱི་ཡུལ་འགྲིམས་ནས་ཚོང་ལས་གཉེར་བའི་ཨ་ཁུ་རྣམ་རྒྱལ་གྱིས་མཚོ་ཤར་ལུག་རའི་ས་ཞིང་སྒེར་ལ་བགོ་བའི་སྐད་ཆ་དེ་ཐོས་མ་ཉིད་དུ།   ཉིན་ལམ་མཚན་གྱིས་བཅད་ནས་རང་གི་ཕ་ས་ཕ་ཡུལ་དུ་འབྱོར།   ཡུལ་མི་ཚོས་ཡིད་སྐྱོ་བའི་ངག་གིས།   ལུག་རའི་རྩྭ་ས་ཁྱིམ་ཚང་སྒེར་ལ་བགོས་པ་ནི་བདེན་གྱི།  འོན་ཀྱང་རང་ཚང་ལ་ཐེམས་པ་ནི་ཆུ་མིག་བརྒྱ་རྩའི་གནས་འདི་རེད།   གཞན་དང་བསྡུར་ན་ས་ཁོད་ཆེ་ནའང་།   ཆུ་མགོ་བསྐམས་ཤིང་རྩྭ་རྫོང་སྲབ།   དེའི་ཁར་བྱེ་ཟེགས་མང་སྟབས།    ནོར་ལུག་འཚོ་སྐྱོང་བྱེད་ཐབས་བྲལ།    ཞེས་ཨ་ཁུ་རྣམ་རྒྱལ་ལ་གནས་ཚུལ་ཇི་མ་ཇི་བཞིན་དུ་བཤད།    དེར་ཨ་ཁུ་རྣམ་རྒྱལ་ཁོང་ཉིད་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་སྟེ་ཉིན་གཉིས་པའི་ནངས་སྔ་མོར་ཡུལ་དངོས་སུ་བསྐྱོད་པ་ན།   རེ་ཞིག་སེམས་ཁོང་མ་ལུས་གྲང་ཤུར་ཤུར་དུ་གྱུར།   ཆུ་མིག་བརྒྱ་རྩའི་གནས་དེ་མཚོ་སྔོན་པོའི་ཡུལ་སྐོར་རྟེན་གཞི་ཆེས་སྔ་བའི་གྲས་སུ་གཏོགས་ཤིང་།  མིང་ལ་མཚོ་ཆུང་ནོར་བུ་ཞེས་བཏགས་པའི་རྗེས་ལ།   ལོ་རེར་ལྗོངས་རྒྱུར་ཕེབས་པའི་ཡུལ་སྐོར་པ་བགྲང་གིས་མི་ལང་བ་བྱུང་།   ཡིན་ནའང་།    དོ་དམ་མི་ལེགས་པ་དང་ཁོར་སྲུང་འདུ་ཤེས་དམན་པ་སོགས་ཀྱི་དབང་གིས་ཕྱོགས་ཀུན་ཏུ་གད་སྙིགས་ཀྱི་ཕུང་པོ།   བྱེ་རྡུལ་ཉིལ།   ཆུ་མིག་བསྐམས།   འགྲུལ་པ་ཆད།    དེ་བས་ཡུལ་སྐོར་སྡེ་ཁག་ནས་ཀྱང་ཕ་མེད་ཀྱི་དྭ་ཕྲུག་བཞིན་དུ་རང་དགར་བསྐྱུར་པ་རེད།   འདི་ནི་སྔོན་གྱི་དུས་སུ་རྩྭ་ཆུ་འཛོམས་ཤིང་ཆུ་མིག་བརྒྱ་དང་བརྒྱད་ཀྱི་གནས་མཆོག་དེ་རེད་ཟེར་ན་ད་ལྟ་སྐྱེ་བོ་སུ་ཡི་རྣ་ལམ་དུ་འགྲོ་ཨང་།   ཚུལ་དེ་མཐོང་བས་ཨ་ཁུ་རྣམ་རྒྱལ་གྱི་སེམས་ཁམས་ཤིན་ཏུ་མི་དྭངས་པར་གྱུར་ཅིང་།   སྡེ་པའི་བགྲེས་སོང་དག་སྔ་ཕྱིར་ཡོང་སྟེ་ཁོང་ལ་སེམས་གསོ་གང་འཚམ་རེ་གནང་བྱུང་།   ལོ་འདི་དག་གི་རིང་ཁྱོད་ཀྱིས་ཕྱི་ཡུལ་འགྲིམས་ཏེ་རྩྭ་ཐང་གི་གནས་ཚུལ་གསར་པར་རྒྱུས་ལོན་བྱས་མེད།   "ད་ལྟ་མཚོ་སྔོན་པོའི་མཚོ་ཁར་ཡུལ་སྐོར་པ་དང་ལམ་ལས་པ།   རྔོན་པ་སོགས་འགྲུལ་པ་སྣ་དགུ་ཇེ་མང་ནས་ཇེ་མང་རེད།   དེའི་ཁར་ལོ་ཐོག་ཟླ་བརྩེགས་ཀྱིས་ཐན་པ་བྱུང་བས།   ཁྱོད་ཚང་གི་ཆུ་མིག་བརྒྱ་རྩ་ལྟ་ཅི།   མཚོ་སྔོན་པོའི་མཐའ་འཁོར་གྱི་རྩྭ་ཐང་གོས་ལྗང་འདྲ་བ་དག་ཀྱང་ཧྲལ་ཧྲུལ་དུ་བཏང་སོང་།   ནམ་ཞིག་རྩྭ་ཐང་ཆེན་པོ་འདི་ང་ཚོའི་ལག་ནས་མྱ་ངམ་ཐང་དུ་འགྱུར་རྒྱུ་ནི་དུས་ཚོད་ཀྱི་སྔ་གཞུག་ཙམ་རེད་ཡ།" ཞེས་སྨྲས་པ་ན།  ཁོང་གིས་ཕྱིར་དྲིས་དོན།   འོ་ན།   མི་རྣམས་ཀྱིས་ཐབས་ཤེས་ཅི་ཡང་མ་བཙལ་ལམ།   དེར་བགྲེས་སོང་ཚོས་ལན་དུ།   "དུས་ཀྱི་འགྱུར་བ་འདིར་སུས་ཀྱང་ཟློག་ཐབས་ཡོད་པ་མ་རེད།   ང་ཚོ་མགོ་ནག་རྩམ་ཟན་པས་ཁ་ཇི་ལྟར་ཆོད།    ཁྱོད་ཀྱང་གཅིག་པ་གཅིག་རྐྱང་རེད།   དགུན་དཔྱིད་གཉིས་ཀྱི་དུས་སུ་ནོར་ལུག་དག་ཆུ་མིག་བརྒྱ་རྩའི་ས་འདིར་དགྲམ་མི་རུང་།   མ་གཏོགས་རྩྭ་ཆུ་གང་ཡང་མེད་པར་གད་སྙིགས་ཁོ་ན་ཟ་རྐྱང་བྱས་ཚེ་གོད་ཆག་མི་བཟད་པ་ཐེབས་སྲིད།" ཅེས་ཤ་ཚའི་གཏམ་གྱིས་གདམས་བྱུང་།

         བགྲེས་སོང་ཚོའི་སྐྱོ་བའི་ཉམས་དང་གདམས་པའི་གཏམ་དག་གིས་ཁོང་ཉིད་མཚན་གྱི་གཉིད་ཆག་ཅིང་ཉིན་གྱི་ཟས་བརྗེད་པར་གྱུར།   ཚོང་ལས་གཉེར་ན་བཟང་མོད་ཀྱི།   འོན་ཀྱང་རང་ཉིད་ཀྱི་རྩ་བ་རྩད་པ་དེ་རྩྭ་ཐང་དུ་གནས་པ་མ་རེད་དམ།   གལ་སྲིད་རྩྭ་ཐང་འདི་བཞིན་མེད་བརླག་ཏུ་ཕྱིན་ཚེ་རང་ཉིད་མཚོ་སྔོན་པོའི་འབྲོག་པ་ཞིག་ཡིན་ཞེས་བརྗོད་པར་ཁ་མི་སྐྱེངས་སམ།   ཞེ་མི་གནོང་ངམ།    ད་ལྟ་ཐབས་བཀོད་འཐེན་རུང་འཕྱིས་མི་འདུག   རྩྭ་ཐང་ལ་མཚོན་ན་རེ་ཞིག་ནད་གཞི་ཐེབས་པ་ཙམ་རེད།   ད་དུང་བཅོས་སྐྱོང་བྱས་ཀྱང་དྲག་སྐྱེད་འབྱུང་སྲིད་པ་ཁོ་ཐག་རེད།   ཨ་ཁུ་རྣམ་རྒྱལ་གྱིས་དེ་ལྟར་དྲན་མུར་སྡེ་མི་རྣམ་པར་རང་ཉིད་ད་ནས་བཟུང་སྟེ་ཕྱི་ཡུལ་མི་སྙེག་ཅིང་།    ཕ་ཤུལ་གོར་མོའི་རྩྭ་ར་གསོ་སྐྱོང་བྱེད་པར་མཐའ་གཅིག་ཏུ་འབད་རྒྱུ་ཡིན་ཞེས་བསྒྲགས།   མི་རྣམས་ཀྱི་ཐེ་ཚོམ་དང་འཕྱ་དམོད་སྣ་ཚོགས་ཀྱི་ཁྲོད་དུ།   ཨ་ཁུ་རྣམ་རྒྱལ་གྱིས་སྦྲ་ཁྱིམ་སྨུག་པོ་དེ་རྩྭ་རའི་བྱང་ཤར་ཕྱོགས་ཀྱི་རི་ངོས་སུ་ཕུབ་ཅིང་།   ནངས་སྔ་ལངས་དང་དགོང་འཕྱི་ཉལ་བྱས་ཏེ།    ཁ་ཁུགས་དང་ལ་ཐང་མེད་པར་འགྱིག་ཤོག་དང་སློ་སྒྱེ།   ཤོག་ཁུག   ཆང་དམ་སོགས་འཐུ་མགོ་བརྩམས།

         དཔྱིད་མགོ་མ་ནས་དབྱར་ཐ་མའི་བར་དུ།   ཨ་ཁུ་རྣམ་རྒྱལ་བཟའ་མི་གང་བོས་ཤ་ཟད་རུས་ཐུག་གི་བརྟུན་པ་བསྐྱེད་ཐོག   ཕྱོགས་གཅིག་ནས་ནོར་ལུག་འཚོ་སྐྱོང་བྱེད་པ་དང་ཕྱོགས་གཞན་ནས་གད་སྙིགས་སྒྲུག    མིག་གིས་མཐོང་ཚད་དུ་གད་སྙིགས་ཀྱི་ཤུལ་ཙམ་ཡང་ལྷག་མེད་དུ་བྱས་ནའང་།   རྩྭ་ཕྲན་ཐར་ཐོར་རེ་སྐྱེས་པ་མ་གཏོགས་མྱ་ངམ་གྱི་ཐང་དེར་རེ་ལྟོས་ཁྲོད་ཀྱི་འགྱུར་ལྡོག་ཕྲན་ཙམ་ཡང་མ་བྱུང་།   སྟོན་ཟླ་ཟུག་པའི་རྗེས་སུ་བསྟུད་མར་ཆར་བ་བབས་ཤིང་།  མཚོ་འགྲམ་གྱི་རྩྭ་སར་སྔོ་ལྗང་གི་ཁ་དོག་འབུས།    ཉིན་དེར་སྐྱ་མདའ་བཏང་མ་ཐག་ཏུ་ཨ་ཁུ་རྣམ་རྒྱལ་གྱིས་བཞོན་མ་བཅུ་ཕྲག་ལྷག་དེད་ནས་རྩྭ་ར་བརྒྱུད་ཅིང་ཚྭ་ཆུ་ལྡུད་དུ་ཕྱིན།    ལམ་བར་དུ།   འབྲི་མོ་གྭ་ཐོད་དེའི་སུག་གཡས་འདམ་དུ་བྱིང་སྟེ་ཇི་ལྟར་འཕགས་ཀྱང་ཐར་མ་ཐུབ།  ཨ་ཁུ་རྣམ་རྒྱལ་གྱིས་རྔ་མ་ནས་འཇུས་ཤིང་ཡར་འཐེན་ཏེ་དུས་ཡུན་ངེས་ཅན་ཞིག་འགོར་རྗེས་ད་གཟོད་འདམ་མྱགས་ལས་བསླངས།   དེ་དུས་ཨ་ཁུ་རྣམ་རྒྱལ་ངལ་ཞིང་དུབ་སྟེ་རྩྭ་གདན་དུ་དབུགས་དབྱུང་བསྟེན་པའི་ཆེད་ཐ་མག་རྐང་གཅིག་ལ་མེ་བསྒོས།   གློ་བུར་དུ།   དེ་སྔ་འབྲི་མོ་བྱིང་བའི་གནས་དེར་ཆུ་ཉོག་ཅིག་ལྷོག་ལྷོག་ཏུ་འབུར་བ་མཐོང་།   ཆུ་ཉོག་དེ་རིམ་གྱིས་དཀར་མདོག་ཏུ་ལོག་ཅིང་མཐར་དྭངས་གཙང་དུ་གྱུར་པ་མཐོང་འཕྲལ།   ཨ་ཁུ་རྣམ་རྒྱལ་གྱི་རྣམ་རིག་སད་དེ་དགའ་བ་ཁོང་ནས་མ་ནོན་པར་ས་མཆོང་གནམ་ལྡིང་བྱེད་ཞོར།  "ཨ་རོག   ཆུ་མིག་འབུར་བྱུང་།   རེམ་མར་ལྟད་མོར་ཤོག་དང་།" ཞེས་རུ་ཁ་ཁྱིམ་མཚེས་ཐམས་ཅད་ལ་བསྒྲགས། 

         ཆུ་མིག་བརྒྱ་རྩའི་གནས་སུ་ཆུ་མིག་བ?ལ་བའི་བཀྲ་ཤིས་འཕྲིན་བཟང་དེ་གཤོག་ཐོགས་བཞིན་མཚོ་སྔོན་པོའི་ཡུལ་གྲུ་ཀུན་ཏུ་ཁྱབ།   དེ་ལས་ཀྱང་ཨ་ཁུ་རྣམ་རྒྱལ་ལ་བློ་སྐྱེད་གསར་པ་བྱུང་བ་ནི།   ཆུ་མིག་བསྐམས་པའི་རྒྱུ་མཚན་ནི་ས་འོག་གི་ཆུ་ཡེ་ནས་མེད་པས་མ་ཡིན་ཏེ།    ཆུ་མིག་དེ་བྱེ་རྡུལ་དང་གད་སྙིགས་ཀྱིས་བརྫངས་ནས་ཁེགས་པས་རེད་འདུག   ད་ནི་མྱུར་བ་མྱུར་དུ་ཆར་ཆུས་བརླན་ཞིང་སིམ་པའི་གོ་སྐབས་ལེགས་པོ་བེད་སྤྱད་ན་དགའ་བ་ལ་ཨང་།    ཨ་ཁུ་རྣམ་རྒྱལ་གྱིས་དེ་ལྟར་དྲན་པའི་མཚུངས་སུ།    ཕྱིར་སྡེ་པར་ལོག་སྟེ་ལག་རོགས་བོས་པ་དང་།   སྡེ་མི་རྣམས་ཀྱིས་ཀྱང་ཆུ་མིག་གསོ་བ་ནི་དགེ་ལས་འབའ་ཞིག་ཏུ་སེམས་བཞིན་པས་ན།    ཡུད་ཙམ་ནས་སྡེ་མི20ལྷག་འདུས།    ཐོག་མར་གནས་གང་ཞིག་འདེམ་པ་ནི་གནད་འགག་གི་དོན་དག་ཅིག་སྟེ།   ཁོང་ཚོས་ཐོག་མར་ཆར་ཆུ་ཀར་ཀོར་དུ་འཁྱིལ་བའི་ས་ནས་ལྕགས་ཁེམ་རེ་རེ་བྱས་ཏེ་བྲུས་ཤིང་བརྐོས།  མཐར་ཆུ་མགོ་སྐམ་པོ་རེ་རེ་ནས་དྭངས་གཙང་གི་ཆུ་མོ་ངང་གིས་བ?ལ་པར་གྱུར་ཅིང་། དགུན་ཐོག་མའི་ཁ་བ་མཚོ་སྔོན་པོའི་མཐའ་འཁོར་དུ་མ་བབས་པའི་གོང་ལ།   ཆུ་མིག་སུམ་ཅུ་ལྷག་ལ་སླར་ཡང་སྐྱེ་སྟོབས་གསར་པ་རྒྱས་ཤིང་ལྷུང་ལྷུང་འབབ་རྒྱུན་འབྲོག་མི་རྣམས་ཀྱི་རྣ་བའི་དཔྱིད་དུ་སིམ། 

         ཕྱི་ལོའི་དཔྱིད་མཇུག་ཏུ།    མཚོ་ཤར་གྱི་ཁ་བ་རིམ་གྱིས་ཞུ་ཞིང་ནམ་ཟླ་ཇེ་དྲོར་གྱུར།    ཨ་ཁུ་རྣམ་རྒྱལ་གྱིས་འཇོར་དང་ལྕགས་ཁེམ་སོགས་ཐོགས་ཏེ་རྟབ་རྟབ་པོར་ཆུ་མིག་གཙང་སེལ་གྱི་བྱ་བར་བྲེལ།       བསྟུད་མུར་ཉིན་ཤས་རིང་ལ་འབད་པ་བྱས་ཀྱང་རྔོ་ཅི་ཡང་མ་ཐོགས།    བྱེ་མའི་རིམ་པ་ཕྱིས་ཙ་ན་སྲ་ཞིང་མཁྲེགས་པའི་ཚྭ་སར་ཐུག་སྟེ་ལྕགས་ཁེམ་ཇི་ལྟར་བསྣུན་ཀྱང་རུང་། འཇོར་གྱིས་ཇི་ལྟར་བརྐོས་ཀྱང་བླ།  རང་ཉིད་ངལ་བའི་རྒྱུ་ཁོ་ན་ལས་མ་འདས་ཏེ།   ཐབས་བཀོད་ཉག་ཅིག་ཡོད་པ་ནི་ཆུ་བོ་བྲན་ནས་རློན་པར་བྱས་རྗེས་སྙི་ས་ཅུང་ཙམ་འབྲད་པ་ལས་འོས་མ་མཆིས།   དེའི་དོན་དུ།  ཨ་ཁུ་རྣམ་རྒྱལ་ཟི་ལིང་ལ་ཤར་རྒྱུག་ཐེངས་གཅིག་བྱས་ཤིང་།   གློག་གི་ཨ་མ་དང་ཆུ་འདོན་འཕྲུལ་ཆས།   འདྲུད་འཐེན་འཁོར་ལོ་སོགས་ཉོས་རྗེས།   འདི་ནི་ཆུ་མགོ་འོ་སྙམ་པའི་ས་ཆ་རེ་གཉིས་ལ་ཆུ་དྲངས།   ཉིན་གཉིས་གསུམ་གྱི་རྗེས་སུ་སླར་ཡང་བརྐོས།   དེ་ལྟར་ཆུ་མགོ་གཙང་སེལ་བྱེད་པའི་ཐབས་བཀོད་རྙེད་པར་གྱུར་མོད།   འོན་ཀྱང་།    ས་ཆ་རེ་གཉིས་སུ་ཚྭ་ས་རིམ་པ་དང་འགྱིག་ཤོག་རིམ་པ་ལྟར་ཆགས་འདུག་པས།   ཆུ་བོ་ཇི་ལྟར་དྲངས་ཀྱང་སིམ་དཀའ་བའི་གནས་སུ་གྱར།   དེ་བས།   བྱེ་ཟེགས་རིམ་པ་ཞིག་བརྐོས་པའི་རྗེས་སུ་ཁྱིམ་ཕྱགས་དེ་དག་སེལ་ལེན་བྱེད་པ་དང་།   དེའི་འཕྲོར་ད་གཟོད་ཆུ་བོ་དྲངས་ཏེ་རློན་པར་བཟོས།   དེ་ལྟ་དེ་ལྟར་ཡང་དང་བསྐྱར་དུ་ལས་ཀ་བསྒྲུབས་ཚེ།   དངོས་ཤུགས་དང་དུས་ཚོད་གཉིས་ཀ་འཕྲོ་བརླགས་སུ་གཏོང་བ་ལྟ་སྨོས་ཅི་དགོས།   རང་ཉིད་ཀྱི་ལག་པར་ཡང་རྨས་སྐྱོན་ཕོག་སྟེ་བཟོད་དཀའ་ཞིང་།   དེའི་ཁར་དུས་ཡུན་རིང་བོར་ཆུ་ནང་དུ་སྦངས་དྲགས་པས།   ཨ་ཁུ་རྣམ་རྒྱལ་ཁོང་གི་པུས་ཚིགས་ན་སྟེ་གྲུམ་ནད་ཐེབས།   ད་ལྟ།   ཁོང་ཉིད་འཐེང་འགྲོས་བྱེད་པའི་རྒྱུ་མཚན་ཡང་དེ་ལས་མ་འདས་སོ།།

         རྔུལ་ཆུ་ནི་ཟགས།  ཁྲག་ནི་བཞུར།   ན་ཚ་ནི་བཟེད།   འོན་ཀྱང་།  འཕྱ་དམོད་དང་དོགས་པ་ཟ་མཁན་གྱི་སྡེ་མི་ཇེ་ཉུང་ནས་ཇེ་ཉུང་དུ་ཕྱིན།   ཆུ་མིག་བརྒྱ་རྩའི་རྩྭ་ས་དག་ཏུ་ཆུ་བོ་མེར་ཞིང་ལྟེམས་པར་གྱུར་ཏེ་བརླན་ས་ཡོངས་སུ་སོས།   "རེབ་ཅིག་ལ།  བླ་མ་ཞིག་ཆུ་མིག་འགྲམ་དུ་སྒོམ་སྒྲུབ་མཛད་པར་ཕེབས་ཤིང་།   མཚམས་གྲོལ་ཁར་ཉེ་གནས་ཀྱི་དད་ལྡན་སེར་སྐྱ་མ་ལུས་མཇལ་ཁ་ཞུ་བར་འཛོམས་པའི་ཚེ།    བླ་ཆེན་གང་དེས།   གནས་འདི་ནི་གནའ་ནས་བཟུང་སྒོམ་སྒྲུབ་བྱེད་པའི་གནས་མཆོག་ཉམས་དགའ་བ་ཞིག་ཡིན་ལ།  ཆུ་མིག་བརྒྱ་རྩ་བརྒྱད་གནས་གཅིག་ཏུ་འདུས་པ་ནི་མདོ་སྨད་ས་ཆར་མཚོན་ན་འདི་གཅིག་པོ་ལས་མེད།   རྣམ་རྒྱལ་གྱིས་དཀའ་ཁག་དུ་མ་མྱངས་ཏེ་ཆུ་མིག་སླར་གསོས་པ་ནི་ཚོགས་བསགས་དཔེ་མེད་པ་ཞིག་རེད།    གནས་འདི་ནི་རྣམ་རྒྱལ་གྱི་རྩྭ་ས་རེད་ལ།   སེམས་ཅན་ཀུན་གྱི་ཕ་ཡུལ་ཡང་རེད།" ཅེས་གསུངས་བྱུང་།   དེར་ཨ་ཁུ་རྣམ་རྒྱལ་གྱིས་ཁེངས་སྐྱུང་གི་ཉམས་དང་བཅས།   "ཆུ་བོ་མེད་པའི་རྩྭ་ཐང་ནི་ནམ་ཞིག་གི་ཚེ་མྱ་ངམ་ཐང་དུ་འགྱུར་ངེས།   ཉེ་རིང་ཚང་མའི་བཀའ་དྲིན་ལ་བརྟེན།   ཆུ་མིག་སླར་སོས་ཤིང་རྩྭ་ཐང་ལ་གསོན་ཤུགས་རྒྱས་སོང་།   ད་གཟོད་འཚོ་བར་རེ་ལྟོས་ཡོད་པ་བྱུང་།"ཞེས་སྨྲས།

 

        བླ་ཆེན་གྱི་བྱིན་རླབས་ཟེར་ནའང་འདྲ།   ཨ་ཁུ་རྣམ་རྒྱལ་གྱི་གྲུབ་འབྲས་ཟེར་ནའང་ཆོག    གང་ལྟར།   ཟླ5པའི་ཟླ་མཇུག་ཅིག་ལ།   གནས་དེར་གེ་སར་རྟ་རྫི་གཉིས་འཕུར་ཏེ་སླེབས།   ཨ་ཁུ་རྣམ་རྒྱལ་གྱིས་ཐག་རིང་ས་ནས་དམིགས་པ་རྩེ་གཅིག་ཏུ་གཏད་ཚེ།   དེ་གཉིས་བག་ཕེབས་ངང་གཟན་ལ་རོལ་ཞིང་ཕན་ཚུན་རྩེ་དགས་འཁྱུད།   སྙན་པའི་མགྲིན་གླུ་འཁྲོལ་ཞིང་སྒེག་པའི་གར་ལ་ཞུགས་ཏེ།   མཚོ་ཆུང་ནོར་བུའི་བདག་པོ་ཞིག་གི་ཟིལ་ཤུགས་རྨ་མེད་པར་མངོན་འདུག  གེ་སར་རྟ་རྫི་དེ་གཉིས་ཉེན་མེད་བདེ་འཇགས་ཀྱིས་འཚོ་བའི་ཆེད་དུ།   ཨ་ཁུ་རྣམ་རྒྱལ་ཁོང་ཉིན་རེར་ཐེངས་ཁ་ཤས་སུ་རྩྭ་ས་ཡོངས་སུ་སྐོར་སྐྱོད་གནང་སྟེ།   ནོར་ལུག་ཉེ་བར་བཏུད་དུ་མ་བཅུག་ཅིང་།    ཆ་མེད་གཏེ་བོའི་རིགས་སུ་གྱུར་པ་དག་གིས་བྱ་སྒོང་ལྐོག་ལེན་དང་འདབ་ཆགས་ལྐོག་རྔོན་བྱེད་པའི་ངན་ལས་ཡོངས་སུ་བཀག    མཚམས་མཚམས་སུ་ཨ་ཁུ་རྣམ་རྒྱལ་ཁོང་རྩྭ་རྫུབས་སྟུག་པོའི་གསེབ་ཏུ་ཡིབ་ཅིང་།   ལྟ་ཐེངས་གཅིག་ལ་དུས་ཚོད་གཉིས་གསུམ་ལྷག་བེད་སྤྱད་དེ།   གེ་སར་རྟ་རྫིའི་འགྲོ་འཆག་ཉལ་འདུག་ལ་མཉམ་བཞག་ཅིང་།   དེ་གཉིས་ཀྱིས་ཇི་ལྟར་གཟན་ཆས་རྒུམ་པ་དང་ཇི་ལྟར་སྒོ་ང་རུམ་པ།   ཇི་ལྟར་བྱ་ཕྲུག་སྐྱོང་བ་སོགས་གཅིག་ཀྱང་མ་ལུས་པར་མིག་གིས་འཚོས་ཤིང་སེམས་ཀྱིས་བཟུང་།   འདི་ལྟའི་སེམས་ཤུགས་ནི་རང་ཚང་གི་ནོར་ལུག་འཚོ་སྐྱོང་བྱེད་པའི་སྐབས་སུའང་ཡོད་རེ་སྐན་ནོ།།

 

        གེ་སར་རྟ་རྫི་གཉིས་སླེབས་པ་དེས་མཚོ་ཤར་གྱི་འབྲོག་པ་མང་ཚོགས་ལ་སྐུལ་ལྕག་ཚད་མེད་ཐེབས་ཤིང་།   རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད་བྱེ་ཐང་དུ་འགྱུར་བཞིན་པའི་རྩྭ་ཐང་དེར་སླར་ཡང་ཚེ་སྲོག་གསར་པ་རྒྱས་པར་མ་ཟད།   གེ་སར་རྟ་རྫིའི་འཚོ་གནས་སུའང་གྱུར་པ་རེད།    སྤྱི་ལོ2000ལོའི་ཟླ5པར།   ནམ་ཟླ་ཇེ་དྲོར་གྱུར་པ་དང་བསྟུན།   བྱ་རིགས་སྣ་ཚོགས་གནས་འདིར་འཕུར་འོངས་པ་དང་།   དེ་ལས་ཀྱང་གེ་སར་རྟ་རྫི་བཟའ་ཟླ་བཞིའང་ཆུ་མིག་བརྒྱ་རྩའི་ས་ཆར་སྒོ་ང་གཏོང་དུ་སླེབས།   ཡུལ་མི་རྣམས་ཀྱི་བསྟོད་བསྔགས་དང་ཡིད་སྨོན་གྱི་ཁྲོད་དུ།   ཨ་ཁུ་རྣམ་རྒྱལ་གྱིས་མཚོ་ཆུང་ནོར་བུ་དམངས་ཁྲོད་བརླན་ས་སྲུང་སྐྱོང་ས་ཚིགས་བཙུགས།

 

སྨྲས་པ། ཕ་སར་དུངས་པའི་བརྩེ་ཞེན་གྱིས། །

 

ཁོར་སྲུང་ལམ་དུ་ཞུགས་ལ་རངས། །

 

རྩྭ་ཆུར་བརྟེན་པའི་ཡུལ་མི་རྣམས། །

 

དེ་ལྟའི་ལས་ལ་སྤྲོ་བས་བརྟས། །

 

དཀའ་བ་དང་དུ་བླངས་གྱུར་ན། །

 

ནམ་ཞིག་རྒྱལ་བར་མི་འགྱུར་རམ། །

 

བོད་ཡུལ་ཁོར་སྲུང་འཕྲིན་ལས་དར། །

 

དེ་ཡང་ཆེན་པོ་དག་གི་དྲིན། །

 

 

 

 

 

མཛེས་སྡུག་དྭངས་གཙང་གི་མཚོ་སྔོན་པོ།

 

 

 

        མི་རྣམས་ལ་གཞན་ཡུལ་གྱི་ས་ཐོག་དང་།  ལྷག་པར་དུ་སྐྱེ་ཁམས་ཉམས་ཞན་གྱི་མདོ་དབུས་མཐོ་སྒང་དུ་འགྱིག་ཤོག་སོགས་གད་སྙིགས་ཅི་དགར་འཕོ་མི་རུང་བའི་གནས་ལུགས་ཤེས་སུ་འཇུག་དགོས།  ད་ལྟ་གད་སྙིགས་ཀྱི་གནོད་འཚེ་ཕོག་མཁན་ནི་ང་ཚོ་ཡིན་ཡང་།   འབྱུང་འགྱུར་མིའི་རིགས་ཧྲིལ་པོ་མིན་པའི་ངེས་པ་ག་ལ་ཡོད།

 

        -ཨ་ཁུ་རྣམ་རྒྱལ་གྱིས་བཤད་པའི་སྐད་ཆ།

 

        ཆོས་ལུགས་རིག་གནས་ཀྱི་བག་ཆགས་མཐུག་པོའི་དབང་གིས།   བོད་མི་བྱིངས་ཀྱིས་ཁོར་ཡུག་གཙང་སྦྲ་དང་སྲུང་སྐྱོང་ཐད་ཤིན་ཏུ་གཙིགས་ཆེན་བྱེད་པ་དང་།   རང་སྒེར་གྱི་འགྲོ་འཆག་ཉལ་འདུག་ཐམས་ཅད་བབ་ཆགས་བསྲི་ཚགས་ཅན་གྱི་ངང་ཚུལ་འཛིན་པ་རེད།   དེ་ནི་དེང་རབས་ཅན་གྱི་འཕེལ་ཕྱོགས་དང་ཡང་ཆུ་ལ་ཆུ་བཞག་ཏུ་སོང་འདུག གལ་སྲིད་མཚོ་མཐའི་མི་དམངས་ཀྱིས་དང་པོ་ཉིད་ནས་རང་རྟོགས་རང་འགུལ་སྒོས་གད་སྙིགས་སྤོང་བ་དང་དེ་ཉིད་འཛེམ་བྱར་སྒོམ་པ་ནི།    བོད་ཀྱི་རིག་གནས་ཀྱིས་བསྐྱེད་པའི་སེམས་འདུན་རྨ་མེད་པ་ཞིག་ཏུ་བརྩིས་ཚེ།  མཚོ་མཐའི་མི་དམངས་ཀྱིས་དུས་ཡུན་རིང་བོར་གད་སྙིགས་ཚོད་མེད་དུ་སྤུང་བ་དང་བག་མེད་དུ་འདོར་བའི་རིགས་ལ་ངོ་རྒོལ་རབ་དང་རིམ་པ་བྱེད་པ་ནི།    འཚོ་བའི་ཁྲོད་དུ་མི་ཕྱུགས་ཀྱི་གོད་ཆག་ལན་མང་ཁུར་བའི་རྐྱེན་གྱིས་ཡིན་པ་གོར་མ་ཆག    ད་ལྟ།   སྤྱི་ཚོགས་ཀྱི་ལས་རིགས་སོ་སོའི་མི་སྣ་གང་མང་གད་སྙིགས་གཙང་སེལ་གྱི་བྱ་བའི་ཁྲོད་དང་བླངས་དང་རང་འགུལ་སྒོས་ཞུགས་པ་ནི།   སྤྱི་ཚོགས་ཡོངས་ཀྱིས་མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོང་གི་བྱ་བཞག་ལ་སྔར་བས་དོ་སྣང་བྱེད་པའི་རྟགས་མཚན་གལ་ཆེན་ཞིག་རེད། 

 

        "མཚོ་སྔོན་པོའི་གད་སྙིགས་གཙང་སེལ་ཐད་འབྲས་བུ་མངོན་གསལ་དུ་བླངས་པ་དེ་ནི་འབྲོག་པ་མང་ཚོགས་དང་ཡུལ་སྐོར་པ།   དང་བླངས་པ་བཅས་ཀྱི་བཀའ་དྲིན་ཡིན་པ་ལས།  ང་རྣམ་རྒྱལ་གཅིག་པུས་འཇོན་པའི་དོན་བྱ་ཞིག་གཏན་ནས་མ་རེད།    གང་ལྟར།   མཚོ་ཆུང་ནོར་བུའི་བརླན་ས་སླར་གསོ་བྱུང་བའི་བཀྲ་ཤིས་དོན་བཟང་འདི་ཡང་།   མཚོ་ཁ་པ་དག་གི་གོ་རྟོགས་སད་ཅིང་།   གད་སྙིགས་ཀྱིས་རྩྭ་ས་ཇི་ལྟར་བསླད་པར་ངོས་འཛིན་གསར་པ་ཐོབ་པའི་རྟགས་མཚན་གལ་ཆེན་ཞིག་རེད།" ཨ་ཁུ་རྣམ་རྒྱལ་གྱིས་དེ་སྐད་དུ་སྨྲས་བྱུང་།   ད་ལྟ།   ཨ་ཁུ་རྣམ་རྒྱལ་དང་མཚོ་ཆུང་ནོར་བུ་གཉིས་ངོ་བོ་གཅིག་ཏུ་འདྲེས་ཤིང་།   དེ་ནི་ཆུ་མགོ་སྲུང་སྐྱོང་གི་ཚབ་ཚིག་གམ་མཚོན་བྱེད་ལྟ་བུ་ཞིག་ཏུ་གྱུར་འདུག   མཛེས་སྡུག་ལྡན་པའི་བརླན་ས་དག་མིག་གི་དགའ་སྟོན་དུ་ཤར་བའི་ཚེ་ན།   མི་རྣམས་ཀྱིས་གད་སྙིགས་གཙང་སེལ་བྱེད་པའི་དགེ་མཚན་གལ་ཆེན་རྟོགས་པ་དང་།    བབ་ཆགས་སྤྱོད་བཟང་ཅན་གྱི་མང་ཚོགས་རྣམས་ཁོམ་ལོང་ཅུང་ཙམ་མཆིས་པའི་ཚེ་ནའང་།   མ་བསྐུལ་དང་བླངས་སྒོས་རྩྭ་ར་དང་གཞུང་ལམ།   མཚོ་འགྲམ་སོགས་སུ་བསྐྱོད་དེ་གད་སྙིགས་སྣ་ཚོགས་སྒྲུག་པ་རང་བཞིན་གཤིས་སུ་གོམས་འདུག

 

        ཡུལ་སྐོར་སྤྲོ་བསང་གི་ལས་རིགས་ཇེ་དར་ནས་ཇེ་རྒྱས་སུ་ཕྱིན་པ་དང་བསྟུན།   གད་སྙིགས་གང་སར་ལུད་པའི་གནད་དོན་ཡང་ཇེ་ཆེ་ནས་ཇེ་ཆེར་གྱུར།   འབྲོག་པ་མང་ཚོགས་ཀྱི་ལྟ་རྟོག་ནན་པོའི་འོག   ད་ལྟ་གད་སྙིགས་རབ་ཅིག་ཇེ་ཉུང་དུ་ཕྱིན་ནའང་།    འོན་ཀྱང་སྤྱི་ལེ360ལྷག་གི་རིང་ཚད་མཆིས་པའི་མཚོ་སྔོན་པོའི་ཕྱོགས་བཞི་མཚམས་བརྒྱད་དུ།    འགྱིག་སྣོད་དང་ལྕགས་ཀྲིན།  ཤོག་ཁུག  ཤེལ་དམ།   གཙང་ཤོག   དེ་མིན་སྤྱོད་ཐེངས་གཅིག་ཅན་གྱི་སྣོད་ཅ་ག་བཅས་གང་སར་མཐོང་ཐུབ་ཅིང་།   དེའི་དོན་དུ་རྩྭ་བདག་དང་ཁེ་པ།  ཡང་ན་རྩྭ་བདག་དང་ལམ་འགྲོ་བ་དག་རྒྱུན་པར་ཚིག་རྩོད་དང་ཐ་ན་འཛིང་རེས་ཤོར་པའང་རྒྱུན་དུ་འབྱུང་བཞིན་མཆིས།  གནས་ཚུལ་དེའི་རིགས་དང་ཕྲད་ཚེ།   ཨ་ཁུ་རྣམ་རྒྱལ་གྱིས་ཐབས་མཁས་ཚིག་འཇམ་སྒོས་ཁོ་ཚོའི་བར་བཤོལ་ཏེ།    "ས་གནས་དང་མི་རིགས་གང་ཞིག་ཡིན་རུང་།   འཇིག་རྟེན་འདིར་གད་སྙིགས་ལ་དགའ་མཁན་གཅིག་ཀྱང་མེད།   ཐ་ན་གད་སྙིགས་འདོར་མཁན་ཁོ་ཚོ་ཡང་དེའི་རང་བཞིན་རེད།  མི་རྣམས་ལ་གཞན་ཡུལ་གྱི་ས་ཐོག་དང་།  ལྷག་པར་དུ་སྐྱེ་ཁམས་ཉམས་ཞན་གྱི་མདོ་དབུས་མཐོ་སྒང་དུ་འགྱིག་ཤོག་སོགས་གད་སྙིགས་ཅི་དགར་འཕོ་མི་རུང་བའི་གནས་ལུགས་ཤེས་སུ་འཇུག་དགོས།  ད་ལྟ་གད་སྙིགས་ཀྱི་གནོད་འཚེ་ཕོག་མཁན་ནི་ང་ཚོ་ཡིན་ཡང་།   འབྱུང་འགྱུར་མིའི་རིགས་ཧྲིལ་པོ་མིན་པའི་ངེས་པ་ག་ལ་ཡོད།"ཅེས་ཡང་ཡང་སྨྲ་བར་བྱེད།

 

         ཡུལ་སྐོར་ལྗོངས་རྒྱུ་པ་ཆེས་མང་བའི་དུས་ཚིགས་ནང་།    ཨ་ཁུ་རྣམ་རྒྱལ་དང་ཁོར་སྲུང་དང་བླངས་པ་རྣམས་ཀྱང་ཁོམ་པའི་ལོང་དང་བྲལ་ཏེ།  ལྟ་རྟོག་དང་བདག་སྐྱོང་ཞན་པའི་གནས་ཡུལ་དག་ཏུ་གད་སྙིགས་འཐུ་བར་བསྐྱོད་ཅིང་།   གནས་དེའི་ཡུལ་སྐོར་ལྗོངས་རྒྱུ་པ་རྣམས་ལ་གད་སྙིགས་ས་རུ་མི་གཏོར་ཞིང་ཁོར་ཡུག་གཙང་དག་ཡོང་བའི་གནས་ལུགས་བསྒྲོན་ཏེ། སྔར་བས་ཀྱང་མི་སྣ་མང་བོ་ཞིག་ཁོར་ཡུག་སྲུང་སྐྱོང་གི་ལས་གྲས་སུ་ཞུགས་པའི་གྲངས་ཚད་ཇེ་མཐོར་བཏང་།   གཞན་ཡང་འབྲེལ་ཡོད་སྲིད་གཞུང་སྡེ་ཁག་དང་མཚོ་སྔོན་པོ་ཡུལ་སྐོར་དོ་དམ་ཅུས་བཅས་པར་མཚོ་ཁའི་ལས་ཁུངས་དང་ཁེ་ལས་གཉེར་མཁན་དག་གིས་བསམ་བཞིན་ཡིན་མིན་གྱིས་བསྐྱེད་པའི་གད་སྙིགས་ཀྱི་གནད་དོན་ཐད།  ལུགས་དང་མཐུན་ཞིང་དོན་དང་ལྡན་པའི་བསམ་འཆར་སྙན་སེང་ཞུས་པར་མ་ཟད།   འབྲོག་པ་མང་ཚོགས་ལ་གད་སྙིགས་མཐའ་དག་ཇི་ལྟར་རིགས་དབྱེ་དང་གང་ལྟར་གཙང་སེལ་བྱེད་པའི་ཐབས་བཀོད་དང་ཤེས་བྱ་སྣ་ཚོགས་དྲིལ་བུར་བསྒྲགས་པའི་མཚུངས་སུ།   གཞན་ཡང་ཁོར་ཡུག་མི་སློད་པའི་ཉེན་ཚབས་ཆུང་ནས་ཆུང་དུ་བཏང་བ་རེད།   གད་སྙིགས་གཙང་སེལ་གྱི་བྱ་འགུལ་ཁྲོད་ཞུགས་པའི་མི་སུ་དང་གང་ལའང་ཐུན་མོང་གི་མྱོང་བ་ཁྱད་པར་ཅན་ཞིག་ཡོད་པ་ནི།    གད་སྙིག་སྒྲུག་པ་སླ་ཞིང་ཇི་ལྟར་གཙང་སེལ་བཟོ་རྒྱུ་ཤིན་ཏུ་ཁག་པའི་གནས་ཚུལ་དེ་རེད།   ཁོར་ཡུག་དང་རིག་གནས་ཁྱད་པར་ཅན་གྱི་དབང་གིས།   མཚོ་ཁའི་མང་ཚོགས་ཀྱི་གད་སྙིགས་གཙང་སེལ་བྱེད་ཐབས་ཕལ་ཆེར་ཚན་རིག་དང་མི་མཐུན་ཞིང་སྤྱོད་སྒོ་ཤིན་ཏུ་ཆུང་བར་མངོན།   སྤྱིར་བཏང་གད་སྙིགས་མེར་སྲེག་པ་ནི་ཆེས་སྟབས་བདེའི་ཐབས་བཀོད་ཅིག་ཡིན་རུང་།   འོན་ཀྱང་བོད་མི་ཚོས་མི་གཙང་བ་དག་མེར་བསྲེགས་ན་ལྷ་ཀླུ་ཐམས་ཅད་མནོལ་འགྲོ་བའི་སེམས་ཁུར་ཆེ།   དེར་མ་ཟད།  ད་དུང་མཁའ་དབུགས་བསླད་པའི་གནད་དོན་ཡང་མཆིས་ཏེ།    མ་བསམས་ས་ནས་དྲི་ཟའི་རིགས་སུ་གྱུར་པའི་སེམས་ཅན་ཐམས་ཅད་ལ་གནོད་པ་ཅི་རིགས་ཐེབས་སླ་བ་རེད།    སྔོན་ཆད་ལྟར་ས་འོག་ཏུ་སྦ་བའང་ཚུལ་ལུགས་ལས་འགོངས་ཏེ།    མཚོ་ཁའི་ས་ངོས་སྙོམས་ཤིང་ས་རྒྱུ་ཞན་ཐོག    གད་སྙིགས་ས་འོག་ཏུ་རུལ་ཐག་རིང་ཞིང་།   ཆར་དུས་སུ་མཚོ་ཆུ་དང་ས་འོག་གི་ཆུ་རྒྱུ་སྦག་སླའོ།།

 

        དུས་ཡུན་རིང་བོ་ཞིག་ཏུ།   གད་སྙིགས་མ་ལུས་ཕྱོགས་གཅིག་ཏུ་བཏུས་རྗེས།   ཨ་ཁུ་རྣམ་རྒྱལ་གྱིས་ཁོར་ཡུག་སྦགས་བསླད་ཀྱི་ཉེན་ཚབས་ཆུང་ནས་ཆུང་དུ་གཏོང་བའི་ཆེད།  དེ་དག་ཡོད་ཚད་མེར་སྲེག་པའི་ཐབས་ཤེས་སྤྱད་པ་རེད།   ཡིན་ནའང་དུད་ནག་ནམ་མཁར་དཀྲིགས་པའི་ཚུལ་ལ་བལྟས་ཏེ་སེམས་པ་འགལ་ཟླའི་འཇིངས་སུ་བྱིང་བར་གྱུར།  ཕྱིས་སུ་ཆེད་མཁས་པ་དང་ཁོར་སྲུང་དང་བླངས་པའི་རོགས་རམ་འོག   ཨ་ཁུ་རྣམ་རྒྱལ་གྱིས་གད་སྙིགས་དབྱེ་འབྱེད་ཀྱི་ཁྱད་པར་རྟོགས་ཤིང་།    རྒྱུན་སྤྱོད་འཚོ་བའི་གད་སྙིགས་དག་དུག་མེད་ལྷད་མེད་ངང་ཤུལ་མེད་རོ་མེད་དུ་གཏོང་བའི་ཤེས་བྱ་ཁོང་དུ་ཆུད།  དེའི་དུས་སུ།  སྲིད་གཞུང་གིས་ཁོང་ཚང་གི་སྒོ་མདུན་དུ་དགོ་དམར་རོགས་སྐྱོབ་ལྟེ་གནས་ཤིག་བཙུགས་ཐོག   ཨ་ཁུ་རྣམ་རྒྱལ་འགན་ཁུར་པར་བསྐོས།  ཁོང་གིས་གནས་དེར་མཛོད་ཁང་གྱན་གཅིག་སྟོང་བར་ཕུད་དེ་ཆེད་དུ་གད་སྙིགས་སྤུང་གསོག་བརྒྱབ་ཅིང་།   དུས་ལྟར་སྙིགས་འཁོར་ལ་དྲངས་ཏེ་ཡུལ་གཞན་དུ་ཆེད་ལས་རང་བཞིན་སྒོས་མེད་པར་བཟོས་པ་རེད།

 

        གད་སྙིགས་ཀྱི་ཁྲོད་དུ་ཆེས་དཀའ་ཞིང་སྐྱི་གཡའ་བར་བྱེད་པ་ནི་བེད་མེད་གློག་ཞུ་ལས་མ་འདས།    མཚོ་སྔོན་པོའི་དར་ཁ་འགྲིག་པའི་དུས་སུ།   ཕྱོགས་ཡོང་གི་རྔོན་པ་མ་རུངས་པ་དག་གནས་འདིར་ལྷགས་ཤིང་རང་འགུལ་དོལ་འཁོར་སྤྱད་དེ་མཚོ་སྔོན་པོའི་གསེར་ཉ་འཛིན་པར་བྱེད།   འཕྲུལ་འཁོར་དེའི་རིགས་གཅིག་ལའང་གློག་ཞུ་ཆེན་པོ་དགུ་རེ་མཆིས་པ་དང་།   བེད་མེད་དུ་གྱུར་པའི་གློག་ཞུ་ནི་མཚོ་ངོས་ཀྱི་གང་སར་གཡུགས་པར་མ་ཟད།   མཚོ་ནང་དུ་བྱིང་བའང་བགྲང་ལས་འདས།   ཨ་ཁུ་རྣམ་རྒྱལ་གྱིས་སྨྲས་དོན།   "སྤྱི་ལོ2012ལོར།   ང་ཚོས་བེད་མེད་གློག་ཞུ3000ལྷག་བསྒྲུགས་པ་ཡིན།   མཚོ་ནང་དུ་ནུབ་པའི་གློག་ཞུ་ནི་དེ་ལས་ཀྱང་ལྡབ་བརྒྱ་སྟོང་གིས་མང་ངེས་རེད།    མི་ལ་ལས་བཤད་ན།   གློག་ཞུ་དེའི་རིགས་ལ་དུག་རྫས་མེད་ཟེར།   དེའི་དོན་ང་ཚོས་ཐེན་ཅིན་གྲོང་ཁྱེར་གྱི་ཆེད་མཁས་པར་བཀའ་འདྲི་ཞུས་པ་ན།  ཆེད་མཁས་པ་དག་གིས། དུག་རྫས་མེད་པའི་གློག་ཞུ་ནི་གཏན་ནས་ཡོད་པ་མ་རེད། ཐ་ན་ང་ཚོའི་མཛུབ་གུའི་སྦོམ་ཕྲ་ཅན་གྱི་གློག་ཞུ་རྐང་གཅིག་གིས་ཀྱང་མཚོ་ཆུ་ཏུན600རྙོག་ཐུབ་པའི་ཐ་ཚིག་བསྒྲགས།  དེས་ན་ཁྱོད་ཀྱིས་འདང་རྒྱོབས་དང་།   མཚོ་ཆུར་བརྟེན་པའི་ཉ་དང་བྱ།   སྲོག་ཆགས།   མི་རྣམས་ཀྱི་འཚོ་བ་ཇི་ལྟར་བྱ་ཨང་།   དངོས་གནས་དྲང་གནས་འདང་བརྒྱབ་པ་ཙམ་གྱིས་བག་ཚ་ཞིང་སྐྱི་གཡའ་བར་བྱེད།" ཨ་ཁུ་རྣམ་རྒྱལ་གྱིས་དེ་ལྟར་སྨྲ་ཞོར་གདོང་ལ་གཉེར་མདུད་རིམ་པ་ཞིག་བརྒྱབ་བྱུང་།

 

        གད་སྙིགས་ཀྱི་རིགས་ལ་རྣམ་པ་སྣ་ཚོགས་མཆིས་ལ།   དུས་ཀྱི་འགྱུར་བ་དང་བསྟུན་གསར་པ་གསར་རྐྱང་གི་རིགས་ཀྱང་ཇེ་མང་ནས་ཇེ་མང་རེད།    རྣམ་ཀུན་མཚོ་སྔོན་པོའི་གད་སྙིགས་གཙང་སེལ་བྱེད་པའི་གོ་རིམ་ཁྲོད་དུ།   ཨ་ཁུ་རྣམ་རྒྱལ་དང་འབྲོག་པ་མང་ཚོགས་ཀྱིས་མཚོ་མཐར་དེད་པའི་གཏེར་བུམ་གཞན་དང་མི་འདྲ་བ་མང་བོ་མཐོང་།   རྒྱུན་ལྡན་གྱི་གཏེར་བུམ་ཡིན་ཚེ་རས་གོས་དང་ལུག་བལ་གྱིས་བཏུམས་ཤིང་དེར་འབྲུ་རིགས་སྣ་ལྔ་སོགས་ཀྱི་རྟེན་རྫས་མཆིས་པར་མ་ཟད།   གྲྭ་པ་རྣམས་ཀྱིས་འདོན་ཆོས་གསུངས་ནས་ཆོ་ག་ཡང་དག་པར་བསྒྲུབས་རྗེས་ད་གཟོད་མཚོ་གཏེར་དུ་འབུལ་བ་རེད།    འོན་ཀྱང་མིག་མདུན་དུ་ལྷགས་པའི་གཏེར་བུམ་ནི་རྒྱུ་འགྱིག་སྣོད་ཀྱིས་བཟོས་ཤིང་ཁ་ཕྱེ་ནས་བལྟས་ཚེ་བྱེ་མ་དང་?་སོལ།    འགྱིག་སོབ་སོགས་ཀྱིས་གྲུབ་འདུག     ཚུལ་དེ་མཐོང་བ་ན། ལས་རྒྱུ་འབྲས་དང་ལྡན་པའི་མི་རྣམས་རེ་ཞིག་ཧ་ལས་ཤིང་ཧང་སངས་པར་གྱུར།   བརྐམ་ཆགས་འདོད་རྔམ་གྱི་དབང་གིས་སེམས་ཅན་ཕལ་བ་གཡོ་འོག་ཏུ་འཇུག་པ་ལྟ་ཅི།   ཐ་ན་ལྷ་དང་ལྷ་མོ་རྣམས་ཀྱང་སྒྱུ་འཕྲུལ་གྱིས་བརྫུས་འདུག   མི་རེ་གཉིས་ལྟར་ན།    ནང་ལོགས་ཀྱི་རྒྱུ་བདག་རེ་གཉིས་ཀྱིས་མཚོ་སྔོན་པོར་མཚོ་གཏེར་ཕུལ་ན་རྒྱུ་ནོར་རྙེད་པའི་གཏམ་ཐོས་ཏེ།   མཚོ་གཏེར་ཁྲི་མ་འབུམ་བཟོས་ཤིང་དེ་དག་རླངས་འཁོར་གྱིས་དྲུད་ནས་མཚོ་ནང་དུ་འདེབས་པ་རེད་སྐད།    དེར་ཨ་ཁུ་རྣམ་རྒྱལ་སེམས་རབ་ཏུ་ཕམ་པའི་ངང་།  "ཡིན་པ་ནི་རྒྱུ་འབྲས་མེད་པའི་ཁེ་པ་གཏེ་ངན་དེ་ཚོ་ལན་འདུག    ནང་ལོགས་ཀྱི་རྒྱུ་བདག་ཚོར་ཡང་ངན་ཁག་དཀྲི་ས་མི་འདུག"ཅེས་སྨྲས་བྱུང་།   ནང་ལོགས་པ་ཚོས་བོད་ཀྱི་ཡུལ་སྲོལ་རིག་གནས་ལ་རྒྱུས་ལོན་གཏིང་གསལ་བྱུང་མེད།    ཡིན་ནའང་བོད་ཀྱི་རིག་གནས་ལ་སྤྲོ་བ་ཆེན་པོ་བརྟས་པའི་ཟོལ་དེས། མ་བསམས་ས་ནས་མཚོ་སྔོན་པོར་ཉེན་ཁ་གསར་པ་ཞིག་བསྐྱལ་དང་སྐྱེལ་བཞིན་འདུག   དོན་དུ་ཁོ་ཚོར་བོད་ཀྱི་རིག་གནས་དང་མཚོ་གཏེར་འབུལ་བའི་སྲོལ་ལུགས་ཀྱི་དོན་སྙིང་ངོ་མ་རྟོགས་སུ་བཅུག་ན་འགྲིག་འདུག  སྤྱི་ལོ2015ལོར།   མཚོ་སྔོན་པོའི་ཁྲི་ཤོར་རྒྱལ་མོའི་སྐུ་འདྲ་འགྲུབ་སྟོན་གྱི་ཉིན་མོར།   མཚོ་ཆུང་ནོར་བུའི་ཁ་ནས་ལྷ་སྐུ་རབ་གནས་དང་མཚོ་མཆོད་ཀྱི་མཛད་སྒོ་དཀྱུས་གཅིག་ཏུ་སྤེལ།   མཛད་སྒོ་དེ་ཨ་ལགས་ཁོ་ཚེ་ཚང་གིས་གཙོ་སྐྱོང་གནང་ཞིང་།   ཁོང་ཚང་གིས་དགོངས་གཞི་གལ་ཆེན་བཏོན་འོག   ཚོང་རྫས་གཏེར་བུམ་དེ་སྐྱེ་ཁམས་གཏེར་བུམ་དུ་བསྒྱུར་པ་རེད།  "སྐྱེ་ཁམས་གཏེར་བུམ"ཞེས་པ་ནི་ལྷད་མེད་ཀྱི་འབྲུ་རིགས་སྣ་ལྔ་དང་མར་རྩམ་སོགས་ཀྱིས་བཟོས་ཤིང་།  དེའི་ཕྱི་ཐུམ་ལའང་ཟས་རིགས་ཀྱི་ཁ་དོག་བསྒོས་ཏེ།   མཚོ་ནང་དུ་འཕངས་ཚེ་ཉ་རིགས་དང་བྱ་བྱིའུ་སྣ་ཚོགས་ཀྱིས་ཁ་ཟས་སུ་སྤྱོད་རུང་བར་བྱས།

 

        གལ་སྲིད་གཏེར་བུམ་འདིའི་རིགས་དར་སྤེལ་དུ་གཏོང་ཐུབ་ཚེ།   མཚོ་མཆོད་ཀྱིས་བསྐྱེད་པའི་གད་སྙིགས་ཀྱི་གནད་དོན་སེལ་ཐུབ་ཅིང་།   མཚོ་སྔོན་པོའི་ཁོར་ཡུག་སྲུང་སྐྱོང་ལ་མཚོན་ན་བཀྲ་ཤིས་དོན་བཟང་ཞིག་ཅི་ལ་མིན།   མཚོ་སྔོན་པོའི་གད་སྙིགས་ཀྱི་གནད་དོན་དེ་མྱུར་བ་མྱུར་དུ་ཐག་གཅོད་བྱེད་མི་ཐུབ་རུང་།   མ་མཐའ་ཡང་ཆེས་ཉུང་ཚད་ཅིག་ཏུ་ཚོད་འཛིན་བྱེད་པར་ཡིད་ཆེས་བརྟན་པོ་མཆིས།   གལ་སྲིད་ཨ་ཁུ་རྣམ་རྒྱལ་དང་འབྲོག་པ་མང་ཚོགས་ཀྱི་ལྷག་བསམ་དང་འབད་བརྩོན་མ་ཉམས་ཚེ།   མཚོ་སྔོན་པོའང་ཉིན་བཞིན་ཇེ་ལེགས་ཇེ་གཙང་དུ་འགྲོ་ཐུབ་པར་ལྟ་སྨོས་ཅི་དགོས།

 

        སྨྲས་པ། སུ་དང་གང་ཡང་བཙོག་པ་འདོར། །བཙོག་པའི་ལས་ལ་ཐམས་ཅད་སྡང་། །དེའི་དོན་སེམས་སུ་ངེས་པས་ན། །ཐམས་ཅད་ཀུན་ཀྱང་ལས་འདིར་སྤྲོ། །ཚན་ཚན་རིག་པའི་ལག་ལེན་བཞིན། །གད་སྙིགས་བྱེ་བ་རྡུལ་དུ་བརླགས། །གནད་དོན་གཅིག་འཕྲོར་གཅིག་ལྷགས་ཀྱང་། །ལྷག་བསམ་ལྡན་པས་འགྲུབ་པར་འགྱུར། །

 

 

 

བྱེ་མཁན་གྱི་དྲི་ཞིམ་གང་སར་འཐུལ།

 

 

 

        རྩྭ་ཐང་གི་དོན་དག་ཐད་འབྲོག་པ་རྣམས་ལ་ཐབས་ཤེས་ཆེ།   ཁྱོད་ཀྱིས་ལྟོས་དང་།   བྱེ་མཁན་རྙེད་པ་དེས་བྱེ་ཐང་ལྗང་མདོག་ཏུ་བསྒྱུར་ཅིང་།   ནོར་ལུད་དང་ཐེད་རོ་བསྲེས་ཏེ་ཚྭ་ས་བཅོས་སྐྱོང་ལའང་རེ་བ་ཡོད་པར་གྱུར།  ལྗོན་ཤིང་ལ་སྲུང་སྐོར་བཏགས་ཏེ་སྔར་བས་མི་མང་བོ་ཞིག་ཁོར་སྲུང་གི་ལས་སུ་ཞུགས་པ་རེད།

 

        -ཨ་ཁུ་རྣམ་རྒྱལ་གྱིས་བཤད་པའི་སྐད་ཆ།

 

 

        མཚོ་ཆུང་ནོར་བུ་དེ་གཡུ་ཡི་མེ་ལོང་ཞིག་དང་འདྲ་བར་བྱེ་མ་ལ་བདུན་གྱི་གྲུ་ཁུགས་སུ་བསྙེས་འདུག  མཚོ་སྔོན་པོའི་རླུང་བུ་དེ་སྟོན་མཇུག་ནས་གཡུག་མགོ་བརྩམས་ཏེ།   ཕྱི་ལོའི་ལྕང་ལོ་འབུས་རེག་བར་དུ་མཚམས་ཚིགས་ཅི་ཡང་མ་མཆིས།   རླུང་ནང་དུ་རྒྱང་རིང་ནས་ཁུར་འོངས་པའི་འགྱིག་སྣོད་དང་ཉེ་གནས་ནས་སྤུར་པའི་བྱེ་རྡུལ་གྱིས་ཁེངས་ཏེ།  འཛེམ་བག་ཅི་ཡང་མེད་པར་གཞུང་ལམ་གཡས་གཡོན་དུ་མཆེད་ཅིང་།   ཚྭ་སར་གྱུར་པའི་རི་དེའུ་ཆེ་ཆུང་དུ་མ་བརྒྱུད། ནམ་ནམ་ཞར་ཞར་མཚོ་སྔོན་པོའི་བདེ་ཐང་ལ་གནོད་པ་སྐྱེལ་བཞིན་མཆིས།  ཁ་བ་བབས་བྱུང་།   ཁ་བ་དཀར་པོས་ཕྱོགས་བཞིའི་ཡུལ་གྲུ་དཀར་བོང་བོང་དུ་བསྒྱུར།   ཨ་ཁུ་རྣམ་རྒྱལ་གྱིས་རེ་ཞིག་ངལ་གསོའི་དབུགས་དབྱུང་བསྟེན་པའི་ཚེ།   སླར་ཡང་མཚན་ཞག་འགའི་རིང་གི་རྨི་ལམ་ངན་པ་དེས་ལུས་སེམས་གཞི་ནས་བསྣད་ཅིང་མནར།   རྨི་ལམ་དུ།   བྱེ་མ་ལ་བདུན་གྱི་བྱེ་རྡུལ་ཀུན་ནས་གཡོས་ཏེ་སྐད་ཅིག་ཉིད་དུ་ཁྲུང་ཁྲུང་སྐེ་ནག་ཁྱུར་མིད་དུ་བཏང་ཞིང་།   གད་སྙིགས་ནི་སྟོན་ལོ་བྲུལ་བ་བཞིན་བརླན་སའི་ཕྱོགས་ཀུན་ཏུ་ཁྱབ།  ཨ་ཁུ་རྣམ་རྒྱལ་གློ་བུར་རྨི་ལམ་ངན་པ་དེ་ལས་སད་དེ། གལ་སྲིད་ཁོར་ཡུག་བཅོས་སྐྱོང་བྱ་དགོས་ཚེ།   འཕྲལ་གྱི་རྒྱལ་ཁ་ཙམ་ལ་མགོ་མི་གཡེང་བར་ཕུགས་ཀྱི་ཇུས་འགོད་ལེགས་པོ་ཞིག་དགོས་པར་འདུག   གལ་སྲིད་བརླན་སར་སྲུང་སྐྱོང་བྱེད་དགོས་ཚེ།  ཐོག་མར་བྱེ་འགྱུར་གྱི་གནད་དོན་ལ་བསམ་བློ་ཡག་པོ་གཏོང་དགོས་པའི་གོ་རྟོགས་རྙེད།

 

        སེམས་གཅིག་བློ་གཅིག་སྒོས་མཚོ་ཆུང་ནོར་བུའི་བྱེ་མ་འདུལ་བ་དང་ཚྭ་ས་བཅོས་སྐྱོང་བྱེད་པའི་ཐད།    ཨ་ཁུ་རྣམ་རྒྱལ་གྱིས་རང་ཁྱིམ་གྱི་སྒོ་ཟོག་ཕལ་ཆེར་བཙོངས་ཤིང་།  བརླན་སར་ལྕགས་ར་བསྐོར་ཏེ་ལྕང་མ་དང་སྦྱར་པ་སོགས་བཙུགས་པར་མ་ཟད།    ཚེར་ནག་དང་ཐར་ཆེན།   ཅེ་རྩྭ་སོགས་སྐྱེ་དངོས་སྣ་མང་གི་ས་བོན་མཚོ་ཆུང་ནོར་བུའི་རྩྭ་སར་བཏབ།

 

        མུའུ1000ལྷག་གི་མཚོ་ཆུང་ནོར་བུའི་བརླན་ས་དེར་འདབ་ཆགས་དང་གཅན་གཟན་ལས་གཞན།   ཨ་ཁུ་རྣམ་རྒྱལ་ཚང་གི་བཞོན་མ་གསུམ་དང་ལུག་དགུ་བཅུ་ལྷག་མཆིས་པ་རེད།  དེས་རྩྭ་ས་སླར་གསོ་བྱུང་བར་མཐུན་རྐྱེན་གང་མང་བསྐྲུན་ཅིང་།   བྱེ་མའི་དགྲ་བོ་དག་བཙན་གྱིས་ལྕགས་རའི་ཕྱི་རོལ་ཏུ་བཀག   ཞིང་ཆེན་ནགས་ལས་ཐིང་དང་གུང་ཧོ་རྫོང་སྲིད་གཞུང་གིས་ཀྱང་ཁོང་གི་བྱེ་འདུལ་ལས་སྒོ་དེར་མཐོང་ཆེན་དང་རྒྱབ་སྐྱོར་གནང་སྟེ།   ལག་རྩལ་པ་ཆེད་མངགས་དང་ས་བོན་ཅི་འདོད་དུ་བསྩལ།  དེ་བས་ཨ་ཁུ་རྣམ་རྒྱལ་གྱི་སྤྲོ་སེམས་སྔར་བས་བརྟས་པར་གྱུར།  ཁོང་དང་ཡུལ་མི་རྣམ་པས་འཇོར་དང་ལྕགས་ཁེམ་ཐོགས།   ས་བརྐོས་བྱེ་བསྙིལ། ཆུ་དྲངས་ལུད་སྤུངས།  དེ་ལྟར་རྡུལ་འཚུབ་ལང་ལོང་གི་ཁྲོད་དུ་རེ་བ་དང་ས་བོན་མཉམ་དུ་གཏོར།  ཡིན་ནའང་།  མཚོ་སྔོན་པོའི་ནམ་ཟླ་དང་ས་གཤིས།   གཞན་ཡང་ཉིན་བཞིན་ཉམས་ཞན་དུ་འགྲོ་བཞིན་པའི་སྐྱེ་ཁམས་ཁོར་ཡུག་དེས་ཁོང་ཚོའི་རྔུལ་ཁྲག་ལ་ཇི་མི་སྙམ་པའི་རྣམ་འགྱུར་བསྟན།  ས་མུའུ་སྟོང་ཕྲག་ལྷག་གི་བྱེ་ཐང་དུ།  ཁོང་ཚོས་བཙུགས་པའི་སྔོ་ལྗང་ཐར་ཐོར་དེ་དག་ཟླ་དྲུག་པའི་ཙད་པ་ཐེངས་གཅིག་གིས་ཀྱང་གར་སོང་ཆ་མེད་དུ་བཏང་ཞིང་།   ཡུལ་ལྗོངས་སྔར་བཞིན་སྐྱ་ཐོར་ཐོར་དུ་སྣང་།

 

        བྱེ་ཐང་གི་སྐྱེ་དངོས་ཡིན་ཚེ་ཐན་པ་དང་ཙད་པ་བཟོད་ཐུབ་པ་ལས་གཞན།  མདོ་དབུས་མཐོ་སྒང་གི་གྲང་ངར་ཡང་བཟོད་ཐུབ་པ་ཞིག་ཡིན་དགོས།  འོན་ཀྱང་། ཕྱི་ཡོང་གི་སྐྱེ་དངོས་ཀྱིས་མཚོ་སྔོན་པོའི་ནམ་ཟླ་བཟོད་ཐུབ་པར་མི་འདུག   དེ་བས།  ཨ་ཁུ་རྣམ་རྒྱལ་གྱིས་སྐྱེ་དངོས་རིག་པ་སྨྲ་བར་བཀའ་འདྲི་ཞུས་ཤིང་།   འབྲོག་པ་ཉམས་མྱོང་ཅན་ལས་བློ་རིག་བསླབས།   མདའ་བཞི་རྫོང་གི་འབྲོག་པ་རྒན་པོ་ཞིག་གིས་ཁོང་ལ་སྨྲས་དོན།   "བྱེ་མ་འདུལ་ཚེ་ཐོག་མར་ཁྱོད་ཀྱིས་བྱེ་མའི་ནང་ནས་ཐབས་བཀོད་རྙེད་དགོས"ཟེར།   སྐད་ཆ་ཚིག་རྐང་གཅིག་དེས་ཨ་ཁུ་རྣམ་རྒྱལ་ལ་ནམ་ལངས་པ་ལྟ་བུའི་བློ་སྐྱེད་མི་དམན་པ་བསྩལ་ཅིང་།   ནམ་ཟླ་ཤིན་ཏུ་ཚ་བའི་དུས་ཤིག་ལ།   རང་ཉིད་གཅིག་པུ་རྐང་ཐང་དུ་ཟླ་ཕྱེད་ལྷག་ལ་བསྐྱོད་དེ་བྱེ་འདུལ་གྱི་ལས་ཀར་སྨན་པའི་སྐྱེ་དངོས་འཚོལ་བར་ཕྱིན།   མཇུག་མཐར་སྐྱེ་སྟོབས་ཆེས་ལྡན་པའི་རྩྭ་རིགས་གཉིས་རྙེད་པ་ནི།  གཅིག་གི་མིང་ལ་བྱི་བ་ཟེར་ཞིང་རྩ་བ་རྩད་པ་ཤིན་ཏུ་རྒྱས་པ་ཞིག་རེད།   བྱེ་ཐང་དུ་བཙུགས་ཚེ་རིང་རྒྱུ་མེད་ཅིང་མིག་རྒྱགས་ཆུང་ནའང་།   བྱེ་མ་བསལ་ཏེ་ཞིབ་ཏུ་བལྟས་པ་ན།  དེའི་རྩད་པ་ཕྱོགས་མཐར་ཟུག་ཅིང་རིང་ཚད་ལ་སྨི་བཅུའི་གཡས་གཡོན་མཆིས་པས།  བྱེ་འགོག་གི་ནུས་པ་ཤིན་ཏུ་ཆེ་བར་མཐོང་།   གཞན་གཅིག་དེའི་མིང་ལ་བྱེ་འཁན་ཟེར་ཞིང་།   ཕྱི་བལྟས་རྩྭ་དང་འདྲ་ལ་ལྗོན་ཤིང་དང་ཡང་མཚུངས།   སྐྱེ་ཚད་ལ་མིའི་རྐེད་པའི་མཚམས་སུ་སླེབས་པ་དང་།   གཞུང་རྟ་དཀར་པོ་དང་ལོ་མ་ལྗང་གུར་སྣང་།  རྩེ་མོ་ནི་ལྗང་ནག་ཏུ་མཆིས་ཏེ།   དེའི་ཐན་འགོག་གི་ནུས་པ་དང་གཟུགས་གཞིའི་སྐྱེ་ཚད་ནི་མིའི་བློ་ཡུལ་ལས་འགོངས་པ་ཞིག་རེད།   ཉིན་འགར་ཐན་པ་བྱུང་ཡང་ཐ་ན་ཁ་དོག་ཙམ་ཡང་འགྱུར་དཀོན་པར་མ་ཟད།   བྱེ་འཁན་སྐྱེས་པའི་མཐའ་སྐོར་དུ།  དེ་དང་རྟེན་འབྲེལ་གྱིས་རྩ་རྒྱུ་བཟང་པོ་གཞན་དག་འབུ་ངེས་པའི་ཡོན་ཏན་དང་ལྡན།   བྱེ་མ་ལ་བདུན་གྱི་ལྷོ་ངོས་སུ་ཆགས་པའི་བྱེ་སྒང་དུ་གོས་ལྭ་ལྗང་གུ་གྱོན་པ་ལྟ་བུའི་སྔོ་ལྗང་ལྗང་གི་ཡུལ་གྲུ་ཞིག་སྣང་བ་ནི།  ཏག་ཏག་ལ་བྱེ་འཁན་གྱིས་བསྐྱེད་པའི་འབྲས་བུ་ཉག་ཅིག་སྟེ།  བལྟས་ཚོད་ཀྱིས་མཚོ་ཆུང་ནོར་བུའི་སྲུང་དམག་ཏུ་འགྲེང་བ་དང་ཀུན་ནས་མཚུངས།

 

        གལ་སྲིད་སྐྱེ་དངོས་བདམས་པ་ནོར་མེད་པ་དང་དེའི་ཁར་བདག་སྐྱོང་བྱས་པ་བཟང་ཚེ།   བྱེ་མ་འདུལ་བའི་ལས་ཀའང་གཏན་ནས་དཀའ་ཁག་ཅན་ཞིག་མ་རེད།  དེ་དང་བསྡུར་ཚེ་ཚྭ་ས་བཅོས་སྐྱོང་བྱེད་པ་དེ་དཀའ་ལས་ཆེ་བར་མངོན།  ས་གཤིས་མཁས་པ་ཞིག་གིས་ཨ་ཁུ་རྣམ་རྒྱལ་ལ་བརྗོད་དོན།  ཚྭ་ས་བཅོས་སྐྱོང་བྱེད་པ་ནི་ཧ་ཅང་དཀའ་བའི་གནས་ཤིག་ཡིན་པ་དང་།   ཐབས་ཀྱི་མཆོག་ནི་ས་གཤིས་ཡོངས་སུ་བརྗེ་རྒྱུ་དེ་རེད།   གལ་སྲིད་རྫས་འགྱུར་གྱི་ནུས་པར་བརྟེན་ཚེ་ཕན་ཐོགས་ངེས་ཅན་འབྱུང་སྲིད་མོད།  འོན་ཀྱང་མཐོ་སྒང་གི་གནས་འདིར་རྩི་ཤིང་སྐྱེ་ཁག་པོ་ཡིན་ཟེར།   ཨ་ཁུ་རྣམ་རྒྱལ་གྱིས་ས་བོངས་རྒྱ་ཆེན་པོ་དེ་འདྲ་ཞིག་གནས་གང་ནས་གང་དུ་བརྗེ་ཐུབ་པ་བློ་ལ་འཁོར་དཀའ་ཞིང་། དེ་ལྟར་བརྗེས་པའི་དབང་དུ་བཏང་ཡང་། རྒྱུ་ཤུགས་གཉིས་ཀ་བརླགས་པས་མི་ཚད་མི་གཞན་ལའང་གནོད་པ་བསྐྱལ་འགྲོ་ངེས་རེད།   རྫས་ལུད་བཀོལ་ན་དེ་བས་ཀྱང་མི་འགྲིག་སྟེ།   ཆུ་མགོ་རྙོག་པར་མ་ཟད་ཉ་རིགས་ལའང་གནོད་པ་ཐེབས་སླ་བར་ངེས། ཨ་ཁུ་རྣམ་རྒྱལ་ཚང་ནི་ཚྭ་སའི་གནས་ཤིག་ཏུ་ཆགས་ཡོད་ལ།   ཁོང་གིས་སྒོ་རའི་ཕྱི་ནང་ཐམས་ཅད་ཚོད་ལྟའི་ར་བར་བསྒྱུར་ཏེ།   ཕྱོགས་གཅིག་ནས་ཆུ་འདྲེན་པ་དང་ཕྱོགས་གཅིག་ནས་ལུད་བཞག་སྟེ་རྩི་ཤིང་གི་ས་བོན་མང་དུ་གཏོར།  རེབ་ཅིག་ལ།  ཁོང་གིས་གསར་བུ་ཁ་ཤས་ཀྱིས་དེ་གར་ཆང་འཐུང་ཞོར་དུ་ཁ་བརྡ་བྱེད་པར་བླགས་ཚེ།   ནོར་ལུག་གི་ཐེད་འབོར་སའི་ཚྭ་སའི་ཁ་ཁུག་དེར་རྩྭ་དང་རྩི་ཤིང་སྐྱེས་པ་ཤིན་ཏུ་ལེགས་པའི་གཏམ་ཐོར་བུ་ཞིག་དར་ལུང་རྣ་བར་ཐོས།  དེས་ཁོང་ལ་བློ་སྐྱེད་མི་དམན་པ་བྱིན་པ་རེད།   ཕྱི་ལོའི་དཔྱིད་དུས་སུ།   ཨ་ཁུ་རྣམ་རྒྱལ་ཁོང་གིས་ཡུལ་མི་ཁྱིམ་མཚེས་རྣམས་ཀྱིས་བོར་པའི་ནོར་ལུག་གི་རུས་པ་རྣམས་ཕྱོགས་གཅིག་ཏུ་བསྒྲུགས་ཏེ་ཞིབ་བུར་འཐགས་རྗེས་ཚྭ་སའི་ཕྱོགས་སུ་གཏོར།   

 

        རྒྱབ་རི་མདུན་སྒང་མ་ལུས་ཐེངས་ག་ཚོད་ལ་བསློགས་པ་མི་དྲན་ཞིང་།   ལས་ཀ་བྱེད་མཁན་གང་མང་གླས་ཏེ་ཐ་ན་བུ་མོའི་སློབ་གྲྭར་འགྲོ་སྤྱད་ཀྱང་ཟད།   ད་ནི་ལེགས་འགྲུབ་མ་བྱུང་ཚེ་ཁྱིམ་མི་དག་ལ་ཇི་ལྟར་རྩིས་སྤྲོད་བྱ་ཨང་།

 

        ཡིད་སྤྲོ་བ་ཞིག་ལ། ཐོག་མར་རྒྱབ་རིའི་ངོས་སུ་བྱེ་འཁན་ཁ་ཤས་སྐྱེས་པ་དང་དེའི་འཕྲོར་བྱི་བ་སོགས་སྐྱེ་དངོས་གཞན་དག་ཀྱང་གཅིག་ལ་གཅིག་འགྲན་གྱི་ཚུལ་དུ་བཞད།   ཨ་ཁུ་རྣམ་རྒྱལ་གྱིས་ཆུ་མགོ་སླར་ཡང་གསོས་པ་དང་།  སྐྱ་ཐེར་དུ་སྣང་བའི་ཚྭ་སར་རྩྭ་སོན་བཏབ།   མཚོ་ཆུང་ནོར་བུའི་གཡས་གཡོན་ཀུན་ཏུ་སྟག་མའི་མེ་ཏོག་དང་ཚེར་མ།    གསོམ་ཤིང་།   ལྕང་མ་སོགས་ཚང་ཚིང་ཕང་ཕུང་དུ་སྐྱེས་པར་མ་ཟད།  ཐ་ན་སྐྱེ་རྒྱུན་ཆད་པའི་སྤེན་དཀར་ཡང་བཞད་པར་གྱུར།   སྐབས་དེ་ཤེད་ཅིག་ཏུ། ཨ་ཁུ་རྣམ་རྒྱལ་གྱིས་བྱེ་འགྲམ་དུ་མཆོད་རྟེན་ཞིག་བཞེངས་པ་དང་བསང་ཁྲི་ཁ་ཤས་བརྩིགས།   དེར་ལུག་བལ་དང་ཁ་བཏགས་དཀྲིས་ཏེ་ལྗོན་ཤིང་དེ་དག་ཚེ་ཐར་དུ་བཏང་།   དེ་བས།  མཚོ་ཁ་པ་དང་མཚོ་སྐོར་པ་མང་ཤས་ཀྱང་རང་འགུལ་སྒོས་ལྗོན་ཤིང་སྲུང་སྐྱོང་གི་གྲས་སུ་ཞུགས་པ་རེད།   ལོ་ངོ་ཉི་ཤུ་ལྷག་གི་རིང་ལ།   ཨ་ཁུ་རྣམ་རྒྱལ་གྱིས་སྔ་ཕྱིར་མུའུ2000ལྷག་གི་བྱེ་ཐང་དང་ཚྭ་ས་འདུལ་སྦྱོང་བྱས་མོད།  འོན་ཀྱང་ཁོང་གིས་དཀའ་ཁག་དང་འཁང་ཚིག་གཅིག་ཀྱང་སྨྲས་མ་མྱོང་། 

  

        "རྩྭ་ཐང་གི་དོན་དག་ཐད་འབྲོག་པ་རྣམས་ལ་ཐབས་ཤེས་ཆེ།   ཁྱོད་ཀྱིས་ལྟོས་དང་།   བྱེ་འཁན་རྙེད་པ་དེས་བྱེ་ཐང་ལྗང་མདོག་ཏུ་བསྒྱུར་ཅིང་།   ནོར་ལུད་དང་ཐེད་རོ་བསྲེས་ཏེ་ཚྭ་ས་བཅོས་སྐྱོང་ལའང་རེ་བ་ཡོད་པར་གྱུར།  ལྗོན་ཤིང་ལ་སྲུང་སྐོར་བཏགས་ཏེ་སྔར་བས་མི་མང་བོ་ཞིག་ཁོར་སྲུང་གི་ལས་སུ་ཞུགས་པ་རེད།" དེ་སྐད་དུ།   ཨ་ཁུ་རྣམ་རྒྱལ་གྱིས་ཧ་ཅང་ཁེངས་སྐྱུང་ངང་སྨྲས་བྱུང་།

 

སྨྲས་པ། རང་གི་གནས་དང་མཐུན་པ་ཡི། །

 

རྩི་ཤིང་དེ་ནི་བྱེ་འདུལ་མཆོག །

 

ཚྭ་ས་བཅོས་སྐྱོང་བྱེད་པ་ལ། །

 

རང་གི་བློ་གྲོས་གཞན་ལས་སྨན། །

 

ཕྱུགས་ཟོག་འཚོ་སྐྱོང་རན་པ་ཡིས། །

 

རྩྭ་ས་ཡིད་དུ་འོང་བ་བསྐྱེད། །

 

རིགས་གཅིག་མཁས་པའི་བསླབ་བྱ་ནི། །

 

ངེས་པར་དང་དུ་བླང་བྱ་འོ། །

 

 

 

གསེར་ཉ་བདག་སྐྱོང་གི་ལམ་བུ་རིང་མོ།

 

 

 

        མཚོ་སྔོན་པོའི་བྱ་བ་མ་ལུས་བདག་ཅག་གི་བྱ་བ་ཡིན་ལ།  ཆུ་དང་བྱ།   ཉ།  རྩྭ་ཐམས་ཅད་ཀྱང་ཧ་ཅང་གལ་ཆེན་པོ་རེད།   སྔོན་ཆད་ཅི་ཞིག་ཡོད་པ་མ་འོངས་པར་ཡང་དེ་བཞིན་དུ་ཡོད་དགོས་ཤིང་།   མཚོ་སྔོན་པོའི་ནང་དུ་གསེར་ཉ་ཇི་ལྟར་མང་ན་མཚོ་ཁའི་འབྲོག་དམངས་ཀྱི་འཚོ་བ་དེ་ལྟར་བདེ་ཞིང་སྐྱིད།

 

        -ཨ་ཁུ་རྣམ་རྒྱལ་གྱིས་བཤད་པའི་སྐད་ཆ།

 

        མཚོ་ཆུང་ནོར་བུའི་བརླན་ས་སྲུང་སྐྱོང་ས་ཚིགས་ཀྱི་ཡིད་དུ་འོང་བའི་ཁོར་སྲུང་གཏམ་རྒྱུད་དེ་རིམ་གྱིས་གང་སར་མཆེད་པ་ན།   ཕྱོགས་སོ་སོའི་ཁོར་སྲུང་མི་སྣ་དང་སློབ་ཆེན་པ་དག་གནས་འདིར་མ་བོས་ངང་གིས་འདུས་ཤིང་།   ཆུ་མགོ་སླར་གསོ་དང་བྱེ་འདུལ་ལས་ཀ་དེ་གོ་རིམ་ལྡན་པའི་ངང་སྤེལ།   ཡིན་ནའང་།   དེ་ལས་ཀྱང་ཉེན་ཚབས་ཆེ་བའི་དོན་དག་ཅིག་གིས་མི་སེམས་བློང་བློང་པོར་བྱེད་པ་རེད།   ཨ་ཁུ་རྣམ་རྒྱལ་གྱིས་མཚོ་ཁར་གད་སྙིགས་སྒྲུག་པའི་གནས་སྐབས་དག་ཏུ།   མི་ཁ་ཤས་ཀྱིས་འཛེམ་བག་མེད་པར་རླངས་འཁོར་བསྐོར་ཏེ་མཚོ་སྔོན་པོའི་གསེར་ཉ་ལྐོག་རྔོན་བྱེད་པ་མཐོང་།   སྲིད་གཞུང་གིས་དུས་སྔ་མོ་ནས་མཚོ་རྒྱ་བསྡམས་ཏེ་གསེར་ཉ་གསོ་སྐྱོང་གི་བྱ་བ་མགོ་བརྩམས་ནའང་།   ལྐོག་རྔོན་ཧམ་འཛིན་བྱེད་པའི་སྤྱོད་ངན་གྱི་རིགས་རྒྱུན་ཆད་པ་ལྟ་ཅི།   སྔར་བས་ཀྱང་ཚབས་ཆེན་པོར་གྱུར།   ལྐོག་རྔོན་མི་སྣ་དག་དང་ཕྲད་པའི་ཚེ།  མཚམས་མཚམས་སུ་ཀི་རིང་བཏབ་པས་རྒྱང་རིང་དུ་བྲོས་འགྲོ་མོད།    འོན་ཀྱང་སྐབས་སྐབས་སུ་བཤོལ་བཏབ་པས་ཕན་པ་ལྟ་ཅི།   ཕྱིར་འཁོར་ཏེ་འཛེམ་བག་མེད་པར་སྐྲག་སྔངས་སློང་བ་རེད།   དེ་བས་མི་གཅིག་གི་ནུས་པར་བརྟེན་ནས་མཚོ་སྔོན་པོའི་གསེར་ཉར་བདག་སྐྱོང་བྱེད་པ་ནི་ཤིན་ཏུ་དཀའ་བའི་ལས་ཤིག་རེད་ལ་ཕན་འབྲས་ཀྱང་ཤིན་ཏུ་ཆུང་།  སྤྱི་ལོ2010ལོར།   ཨ་ཁུ་རྣམ་རྒྱལ་གྱིས་མཚོ་སྔོན་པོའི་གསེར་ཉ་བདག་སྐྱོང་ཚོགས་པ་བཙུགས་ཤིང་།   དེ་མ་ཉིད་དུ་ལས་དེར་སྤྲོ་བས་བརྟས་པའི་སློབ་གྲྭ་ཆེན་མོ་པ30དང་འབྲོག་པ200ལྷག་མ་བསྐུལ་དང་བླངས་སྒོས་ཚོགས་པ་དེར་ཞུགས།   བདག་སྐྱོང་ཚོགས་པས་ས་གནས་འབྲེལ་ཡོད་སྡེ་ཁག་དང་མཉམ་དུ་རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོང་བྱེད་པའི་ཤེས་བྱ་དྲིལ་སྒྲོག་དང་། གཞན་ཡང་མ་རུངས་ཁྲིམས་འགལ་གྱི་རྔོན་ལས་ལ་བཀག་འགོག་ཅི་ཐུབ་གང་ནུས་གནང་།

 

        གསེར་ཉ་ནི་མཚོ་སྔོན་པོའི་རིན་ཆེན་ནོར་བུ་ལྟ་བུ་རེད།  དེའི་འཚར་ལོངས་ཀྱི་གོ་རིམ་ཤིན་ཏུ་དལ་ཤིང་།   ལོ་རེར་ལྗིད་ཚད་སྲང་གང་རེ་མ་གཏོགས་སྐྱེ་ཐུབ་ཀྱིན་མེད།   སྤྱི་ལོ2003ལོར།   མཚོ་སྔོན་པོའི་གསེར་ཉ་དེ་མཚོ་སྔོན་ཞིང་ཆེན་གྱི་ཆུ་སྐྱེས་སྲོག་ཆགས་གཙོ་གནད་སྲུང་སྐྱོབ་ཀྱི་མིང་ཐོ་ཐེངས་དང་པོའི་གྲས་སུ་འཁོད།   སྤྱི་ལོ2004ལོར།   ཀྲུང་གོའི་ཚར་ཉེན་དུ་སླེབས་པའི་སྲོག་ཆགས་ཀྱི་གྲས་སུ་བདམས།   བོད་ཀྱི་དམངས་གླུ་ཞིག་ཏུ།   མཚོ་སྔོན་པོའི་ནང་དུ་གསེར་ཉ་མང་། །འབྲོག་མང་ཚོགས་སེམས་པ་དགའ་ཞིང་སྐྱིད། །ཅེས་བླངས་པ་ལྟར།   མཚོ་སྔོན་པོའི་གསེར་ཉ་ནི་མཚོ་ཁའི་འབྲོག་པ་མང་ཚོགས་དང་ལས་དབང་གཅིག་ཏུ་སྦྲེལ་ཡོད། ཡིན་ནའང་།   དུས་རབས་གོང་མའི་ལོ་རབས50པ་ནས་ལོ་རབས70པའི་བར་དུ།    ཚད་ལས་འགོངས་པའི་གསེར་ཉ་འཛིན་བཟུང་བྱས་པ་དེས་གསེར་ཉའི་ཐོན་ཁུངས་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར་མཐར།    མཚམས་ཤིག་ལ་གསེར་ཉ་བསྡོམས་པས་ཏུན་ཆིག་སྟོང་ལས་ལྷག་མེད་པའི་ཚད་དུ་སླེབས།

 

        ཨ་ཁུ་རྣམ་རྒྱལ་གྱིས་རླངས་འཁོར་གཞུག་སྒམ་ཅན་ཞིག་བསྐོར་ཏེ་ཉུང་ན་ཉིན་ལྔ་དང་མང་ན་ཉིན་བཅུའི་རིང་མཚོ་སྔོན་པོ་ཡོངས་སུ་བསྐོར།   མཚོ་སྔོན་པོའི་མཐའ་འཁོར་གྱི་རིང་ཚད་ལ་སྤྱི་ལེ360ལྷག་མཆིས་ཤིང་། ཁུལ་གསུམ་རྫོང་བཞི་དང་འདབས་འབྲེལ་ནས་མཆིས།   སྐོར་སྲུང་མྱུལ་ཞིབ་ཀྱི་གོ་རིམ་རིང་མོའི་ཁྲོད།  ཨ་ཁུ་རྣམ་རྒྱལ་གྱིས་ས་གང་དུ་རུབ་ཚེ་དེ་གར་གནས་ཚང་གཡོར་བའམ་ཡང་ན་?ག་སྒྲིལ་བརྒྱབ་པའི་རས་གུར་ཕུབ་སྟེ་ཉལ་བ་རེད།   ལོ་མཇུག་ལ་སླེབས་ཚེ་ནམ་ཟླ་ཤིན་ཏུ་འཁྱགས་ཤིང་།   ལྐོག་རྔོན་མི་སྣ་ཚོས་ནམ་གུང་གི་དུས་སུ་དོལ་རྒྱ་འཕེན་པར་བྱེད།   དེ་བས།  མིག་ཟུང་བཙུམས་མ་ཁད་དུ་སླར་ཡང་རུས་རྐང་གཟེར་བར་བྱེད་པའི་གྲང་ལྷགས་ཁྲོད་ཡུལ་དངོས་སུ་ལྟ་རྟོག་བྱེད་པར་བསྐྱོད་དགོས་པ་ཐེངས་གཅིག་ག་ལ་ཡིན།  ཨ་ཁུ་རྣམ་རྒྱལ་གྱིས་ཕྱོགས་གཅིག་ནས་ཉ་ལས་སྤྱི་ཁྱབ་ས་ཚིགས་ལ་སྙན་ཞུ་འབུལ་བ་དང་།  ཕྱོགས་གཅིག་ནས་ཉེ་འཁོར་གྱི་འབྲོག་པ་མང་ཚོགས་དང་དང་བླངས་པ་རྣམས་སྐུལ་སློང་སྒོས་གསེར་ཉ་ལྐོག་རྔོན་གྱི་སྤྱོད་ངན་དེའི་རིགས་བཀག་འགོག་བྱེད་པའི་ལམ་བུར་འགྲིམས།   ཉ་རྒྱ་མ་བཙུགས་པའི་སྔོན་དུ་འབྱོར་ཚེ་ཤིན་ཏུ་བཟང་མོད།   འོན་ཀྱང་ཉ་རྒྱ་བཙུགས་པའི་རྗེས་སུ་སླེབས་ཚེ།   སླར་ཡང་འཁྱགས་དར་བརྐོས་ནས་ཉ་རྒྱ་དེ་དག་ཕྱིར་འཐེན་བྱེད་དགོས་ཤིང་།   འཁྱགས་དར་གྱི་ཀོང་བུ་ནས་ཉ་རྒྱ་ཕྱིར་འཐེན་པའི་གནས་སྐབས་སུ།   དེར་ཚུད་པའི་གསེར་ཉ་མང་བོ་འཆི་བའི་ཉེན་ཁ་ཤིན་ཏུ་ཆེ།

 

        ལྐོག་རྔོན་པ་དེ་ཚོས་གསེར་ཉ་མང་བོ་འཛིན་པའི་ཆེད་དུ་ལག་ཐབས་སྣ་ཚོགས་དང་ཅ་ལག་ཅི་རིགས་བཀོལ་སྤྱོད་བྱེད་པ་རེད།    ཨ་ཁུ་རྣམ་རྒྱལ་གྱིས་སྒྱོགས་མདེལ་ལྟ་བུའི་དངོས་པོ་ཞིག་བསྟན་ཏེ་སྨྲས་དོན།   འདི་ནི་རང་འགུལ་རྙི་འཛུགས་འཕྲུལ་ཆས་རེད་ཟེར།  དེའི་ནང་དུ་གློག་ཞུ་ཨང་རིམ་གཅིག་ཅན9བསྒྲིགས་ཡོད་དེ།  ལྐོག་རྔོན་པ་དེ་དག་གིས་དར་ཁུང་བརྐོས་རྗེས་རང་འགུལ་འཕྲུལ་ཆས་དེ་མཚོ་ནང་དུ་གཏོང་བ་རེད་ལ།   རྒྱང་རིང་ནས་ཁ་ལོ་བསྒྱུར་ཏེ་ཞག་མ་གཅིག་ལ་ཉུང་མཐའ་ཡང་ཉ་རྒྱ་བཅུ་གྲངས་ལྷག་འཐེན་ཐུབ་པར་བཤད།   དེ་ལས་ཀྱང་ཚབས་ཆེ་བ་ནི་མ་རུངས་པ་དེ་ཚོས་བེད་སྤྱོད་བྱས་ཚར་པའི་གློག་ཞུ་རྙིང་བའི་རིགས་ཐད་ཀར་གང་སར་གཡུག་པའམ་ཡང་ན་མཚོ་ནང་དུ་འདོར་བར་བྱེད་ཅིང་། སྦགས་བཙོག་ཚད་མེད་བཟོ་བ་རེད།   

 

        ཨ་ཁུ་རྣམ་རྒྱལ་ཚང་གི་ཐབས་ཆག་གི་ཁོར་སྲུང་འགྲེམ་སྟོན་ཁང་དུ།  མི་རྣམས་ཀྱིས་སྐྱེ་རྒྱུན་གཅོད་པའི་ཉ་རྒྱ་ཞེས་འབོད་པའི་རྙི་སྐུད་ཕྲ་མོ་དེ་དག་མིག་ལ་གཟན་ཞིང་།    བེད་མེད་ཀྱི་འཕྲུལ་ཆས་དང་གློག་ཞུ་དེ་དག་གིས་མ་རུངས་གཏེ་བོ་ཚོའི་གདུག་རྩུབ་དང་བརྐམ་ཆགས་མ་ལུས་དམར་རྗེན་དུ་ལྷང་ལ་ཕུད་འདུག

 

        སྤྱི་ལོ2011ལོའི་ཡས་མས་སུ།   ཁྲིམས་འགལ་གྱི་རྩིང་སྤྱོད་དེ་སྔར་བས་སྨྱོ་ཧམ་གྱི་ཚད་དུ་སླེབས།   ལྐོག་རྔོན་གྱི་ཚོགས་པ་མང་བོ་མཚོ་སྔོན་པོའི་གང་ས་ཀུན་ཏུ་ཁྱབ་ཅིང་།  ཁོ་ཚོས་ཐད་ཀར་དུ་མཚོ་དར་གྱི་ངོས་སུ་རས་གུར་ཕུབ་སྟེ་གཏན་འཇགས་ཀྱིས་གསེར་ཉ་འཛིན་པའི་སྦྱོར་ངན་བརྩམས་པར་མ་ཟད།   ཉ་ལས་སྡེ་ཁག་དང་སྲིད་འཛིན་ལས་ཁུངས།   ཐ་ན་སྤྱི་བདེ་མི་སྣ་བཅས་ཀྱང་མིག་ནང་དུ་འཇོག་པར་མི་བྱེད།  ཨ་ཁུ་རྣམ་རྒྱལ་གྱིས་དང་བླངས་པ200ལྷག་དང་སྐོར་སྲུང་ཚོགས་པའི་ཚོགས་མི་ཁྲིད་དེ་གནས་རེ་རེར་བསྐྱོད་ཅིང་རེ་རེ་ནས་ཁ་ཏ་སློབ་གསོ་བཏང་།  འགའ་ཞིག་ནི་བསྒོས་པའི་ངག་བཞིན་ཁ་འབྲལ་བར་བྱེད་མོད།   འོན་ཀྱང་མཚམས་མཚམས་སུ་དེ་དག་གིས་ཕྱིར་སྐོར་སྲུང་མི་སྣར་རྒོལ་བའམ་ཡང་ན་འཕྱ་དམོད་དང་འཇིགས་སྐྲག་སྣ་ཚོགས་སློང་བ་རེད།  ཐ་ན་ལྐོག་རྔོན་ཚོགས་པ་དང་འབྲེལ་ཡོད་ཉ་ཚོང་དག་གིས་ཨ་ཁུ་རྣམ་རྒྱལ་ལ་དགྲ་ལན་རྩོད་རྒྱུ་ཡིན་པའི་གཏམ་ངན་ཅི་རིགས་ཀྱང་བསྒྲགས་མྱོང་།   དེའི་དོན་དུ་སྐོར་སྲུང་པ་རེ་གཉིས་ལ་རྨས་ཀྱང་ཕོག་པ་རེད།   གང་ལྟར།   གནད་དོན་དང་དཀའ་ཁག་ག་འདྲར་ཕྲད་ཀྱང་རུང་།   ཨ་ཁུ་རྣམ་རྒྱལ་གྱིས་དུས་ནམ་ཡང་རྩ་ཁྲིམས་སྒྲིག་ཁྲིམས་ནང་བཞིན་དྲིལ་སྒྲོག་གོ་བསྐོན་དང་བསྲན་ཚུགས་ནན་ཏན་སྒོས་སློབ་གསོ་གཏོང་བ་བྱེད་ཐབས་གཙོ་བོར་བཟུང་བ་ལས།  ཧོལ་རྒྱུག་དང་ཚིག་མཚོན།  ཡང་ན་ཕན་ཚུན་དགྲ་ཟླར་ལང་བའམ་ཁ་རྡུང་ལག་འཛིང་བྱེད་པའི་རིགས་ཚར་གཅོད་ཅི་ཐུབ་དང་ཚོད་འཛིན་གང་ནུས་བྱས།

 

        དར་ཁུང་བརྐོས་ཏེ་གསེར་ཉ་ལྐོག་རྔོན་བྱེད་པའི་སྒྲུབ་བྱེད་དང་ཁུངས་ལུང་བདེན་སྐྱེལ་ཡོང་ཆེད།   ཨ་ཁུ་རྣམ་རྒྱལ་དང་གསར་འགོད་པ་གྲགས་ཆེན་གཉིས་མཚོ་སྙིང་དུ་འགྲོ་བའི་མཇལ་སྐོར་པའི་ཟོལ་དུ་བརྫུས་ཏེ་འཕྲུལ་རྟར་བཞོན་ཅིང་།   མཚོ་སྔོན་པོའི་དར་ངོས་སུ་ཉིན་བཞིའི་རིང་མྱུལ་ཞིབ་ཏུ་ཆས་པར་མ་ཟད།   ཐེངས་དང་པོར་ལྐོག་རྔོན་པ་དེ་དག་གི་བྱ་བྱེད་སྦྱོར་ངན་མ་ལུས་གཟུགས་དང་བརྙན་དུ་ཕབ།   མི་གྲངས་མང་བ་དང་ས་རྒྱ་ཆེ་བ།  སྤྱོད་པ་རྩུབ་པ་བཅས་ནི་དངོས་གནས་ཁོང་གཉིས་ཀྱི་བློ་ཡུལ་ལས་འགོངས། མཇུག་མཐར། དྲིལ་སྒྲོག་ཤུགས་ཆེན་དང་ཕྱོགས་ཡོངས་ཀྱིས་ཐེར་འདོན་བྱས་པ་བརྒྱུད།   སྲིད་གཞུང་ཉ་ལས་སྡེ་ཁག་དང་སྤྱི་བདེ་ལས་ཁུངས།   གཞན་ཡང་ས་གནས་མང་ཚོགས་ཀྱི་རྒྱབ་སྐྱོར་རམ་འདེགས་འོག   མ་རུངས་ཚད་བརྒལ་གྱི་གཏེ་བོ་དེ་དག་ཆམ་ལ་ཕབ་ཅིང་།  ཁྲིམས་འགལ་གྱི་རྔོན་ལས་དེའི་རིགས་རེ་ཞིག་ཞོད་འཇགས་ཚུལ་ལྡན་དུ་འཆུན་པར་བྱས།   སྤྱི་ལོ2014ལོ་ནས་སྤྱི་ལོ2015ལོའི་ཟླ་དང་པོའི་བར།   སྐོར་སྲུང་ཚོགས་པའི་ཧུར་ཐག་མཉམ་འབྲེལ་ཁྲོད།   ཞིང་ཆེན་ཉ་ལས་སྤྱི་ཁྱབ་ས་ཚིགས་ཀྱིས་ཁྲིམས་འགལ་ཉེས་དོན76ཡུལ་དངོས་ནས་ཐག་གཅོད་བྱས་པ་དང་།  ཉེས་ཅན་མི་སྣ100ལ་ཚ་གཅུན་ནན་མོ་སྤྲད།  མིག་སྔར།  མཚོ་སྔོན་ཞིང་ཆེན་ཞིང་ཕྱུགས་ཐིང་གི་མཚོ་སྔོན་པོའི་གསེར་ཉ་སྲུང་སྐྱོང་ལྟེ་གནས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན།   མཚོ་སྔོན་པོའི་གསེར་ཉའི་གྲངས་ཚད་ཏུན་ཁྲི4.5ལ་ཉེ་ཞིང་།   སྤྱི་ལོ2010ལོ་དང་བསྡུར་ན་ལྡབ་གཅིག་གིས་འཕར་འདུག

 

        ཨ་ཁུ་རྣམ་རྒྱལ་གྱིས་རྒྱུན་དུ་བཤད་རྒྱུར།   "མཚོ་སྔོན་པོའི་བྱ་བ་མ་ལུས་བདག་ཅག་གི་བྱ་བ་ཡིན་ལ།  ཆུ་དང་བྱ།   ཉ།  རྩྭ་ཐམས་ཅད་ཀྱང་ཤིན་ཏུ་གལ་ཆེན་པོ་རེད།   སྔོན་ཆད་ཅི་ཞིག་ཡོད་པ་མ་འོངས་པར་ཡང་དེ་བཞིན་དུ་ཡོད་དགོས་ཤིང་།   མཚོ་སྔོན་པོའི་ནང་དུ་གསེར་ཉ་ཇི་ལྟར་མང་ན་མཚོ་ཁའི་འབྲོག་དམངས་ཀྱི་འཚོ་བ་དེ་ལྟར་བདེ་ཞིང་སྐྱིད།  ད་ལྟ།  མཚོ་ཁའི་རུ་སྡེ་སོ་སོར་སྐོར་སྲུང་ཚོགས་པ་བཙུགས་ཡོད་ཅིང་།  དུས་རྒྱུན་བྱ་འགུལ་དེའི་ཁྲོད་ཞུགས་པའི་མི་སྣ400ལྷག་མཆིས།   སྐོར་སྲུང་དང་བླངས་པའི་ཁྲོད་དུ་འབྲོག་པ་དང་སྨན་པ།  དགེ་རྒན།  གཞན་བླ་སྤྲུལ་དང་ཁེ་ལས་པ།   སྲིད་གྲོས་ཨུ་ཡོན་དང་དམངས་ཆེན་འཐུས་མི་བཅས་འདུ་བར་མ་ཟད།   ཁོང་ཚོས་རང་ཉིད་ཀྱི་སྙན་གྲགས་དང་ནུས་པ་གང་ཡོད་བཏོན་ཏེ། མཚོ་སྔོན་པོའི་གསེར་ཉར་བདག་སྐྱོང་བྱེད་པའི་ཕྱི་ནང་གི་ཁོར་ཡུག་ལེགས་པོ་ཞིག་ཆགས་གདའ།"

 

སྨྲས་པ། མཚོ་སྔོན་པོའི་ནང་དུ་གསེར་ཉ་མང་། །

 

ཉ་རྐྱལ་རྩལ་རྒྱས་པ་ཆུ་ཡི་དྲིན། །

 

མཚོ་སྔོན་པོ་ཕ་མའི་ཕ་མ་རེད། །

 

འབྲོག་མང་ཚོགས་ཕ་མའི་བུ་རྒྱུད་རེད། །

 

ཆོས་བྱིན་རླབས་ཅན་གྱི་བླ་མ་གཅིག །

 

མཐོ་གོ་ས་ཅན་གྱི་དཔོན་པོ་གཉིས། །

 

ལས་ལྷག་བསམ་ཅན་གྱི་མང་ཚོགས་གསུམ། །

 

མཚོ་སྔོན་པོ་སྐྱོང་བའི་གཞི་མ་རེད། །

 

 

 

དགོ་དམར་གྱི་ཕ་ཡུལ།

 

 

 

        ཨ་ཙི་ཨ་ཙི།  ཅི་འདྲའི་སྙིང་རྗེ་བ་ལ་ཨང་།    གནམ་གྱིས་བསྐོས་པ་བཟློག་ཏུ་མེད་མོད།  འོན་ཀྱང་དགོ་དམར་དེ་དག་ཤི་གསོན་བྱེ་མའི་འཕྲང་ལམ་དུ་རྫོང་མཁན་ནི་མགོ་ནག་མི་རེད་འདུག   དེ་ཚོར་བདག་སྐྱོང་བྱེད་པ་དེ་དྲིན་གཟོ་བ་མ་ཡིན་པར་འགྱོད་ཚངས་འབུལ་བ་ལས་མ་འདས།

 

        -ཨ་ཁུ་རྣམ་རྒྱལ་གྱིས་བཤད་པའི་སྐད་ཆ།

 

 

        གསེར་ཉའི་གནས་བབ་ལས་ཀྱང་ཡིད་སྐྱོ་བ་ནི་དགོ་དམར་རེད།  ཏག་ཏག་ལོ་ངོ་བརྒྱ་ཙམ་གྱི་རིང་ལ།   དགོ་དམར་གྱི་ཁྱུ་ཚོགས་ཀྱིས་མཐོང་དཀའ་ཞིང་ཐོས་དཀོན་པའི་དམར་གསོད་ཐེངས་ཁ་ཤས་མྱངས།  ལྟ་ན་སྡུག་ཅིང་ཡིད་དུ་འོང་བའི་དགོ་དམར་ནི་འཛམ་གླིང་གི་རྒྱུན་ཆད་ལ་ཉེ་བའི་སྲོག་ཆགས་ཀྱི་གྲས་སུ་ཐེ་ཞིང་།   གཙོ་བོ་མཚོ་སྔོན་པོའི་མཐའ་འཁོར་དུ་གནས་བཅས་ཡོད།   རེ་འགའ་ཞིག་གིས།   དགོ་དམར་ནི་དོམ་ཁྲ་ལས་ཀྱང་རྩ་ཆེ་ཞིང་དཀོན་ཆེ་བར་བཤད།   མཚོ་ཆུང་ནོར་བུའི་གཡས་གཡོན་དུ།  དགོ་དམར་གྱི་ཁྱུ་ཚོགས་གཉིས་དང་གསུམ་སྟེ།  བསྡོམས་པས་བརྒྱ་ཕྲག་ལོངས་པ་ཞིག་མཆིས་ཤིང་།   ཨ་ཁུ་རྣམ་རྒྱལ་ཚང་གིས་དཔྲལ་བའི་མིག་དང་ཁོང་གི་སྙིང་ལྟར་གཅེས་སྤྲས་བདག་སྐྱོང་བྱེད་ཀྱིན་ཡོད།   དེ་ལས་དགོ་ཕྲུག་ཅིག་ནི་ཁོང་གི་བུ་ཆུང་སངས་རྒྱས་དང་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་འདྲིས་ནས་ཡོད་པར་མ་ཟད།   ཉིན་གྱི་རྩེད་གྲོགས་དང་མཚན་གྱི་ཉལ་རོགས་སུ་གྱུར།   ཐ་ན་ཅོག་ཙེ་གཅིག་ཏུ་མཉམ་ཟ་མཉམ་འཐུང་བྱེད་ཅིང་མཆིས།   དགོ་ཕྲུག་ནི་ཨ་ཁུ་རྣམ་རྒྱལ་གྱིས་སྲོག་བསྐྱབས་པའི་དགོ་དམར11གྲས་ཀྱི་གཅིག་ཡིན་པ་དང་།   གཞན་བྱིངས་རྨ་ཁ་དྲག་ཅིང་ཟུངས་སྟོབས་རྒྱས་ཏེ་ཕྱིར་རི་རྒྱག་ཏུ་བཏང་མོད།   འོན་ཀྱང་དགོ་ཕྲུག་དེ་དུས་རྟག་པར་ཕྱིར་འཁོར་རྒྱག་ཅིང་རྗེས་སུ་གཏན་ནས་སླར་ལྡོག་པའི་སྟ་གོན་ཙམ་ཡང་མི་འདུག   དེ་བས།  དགོ་ཕྲུག་དེ་ཨ་ཁུ་རྣམ་རྒྱལ་ཚང་གི་ཁྱིམ་མི་ལྟ་བུར་གྱུར་ཅིང་།   ད་ལྟའི་བར་དུ་བུ་ཆུང་ལ་ཅི་ཞིག་ཉོ་སྒྲུབ་བྱེད་པ་དེ་ཙམ་གྱིས་དགོ་ཕྲུག་ལའང་ཟ་སྐལ་གཅིག་ཀྱང་ཆད་མ་མྱོང་སྐད།

 

        དགོ་དམར་གྱི་ལས་དབང་ཆེས་སྐྱོ་བོ་དེ་ནི་བཅིངས་འགྲོལ་སྔོན་དུ་མགོ་བརྩམས་པ་ཞིག་རེད།  ལོ་དེར་མ་ཇག་གི་ཧྲག་དམག་སྐོར་ཞིག་མཚོ་སྔོན་པོའི་ཉེ་འགྲམ་དུ་སླེབས་ཏེ།  མཚོ་སྔོན་པོའི་ལྷ་སྐལ་དུ་ཕོག་པའི་དགོ་དམར་དེ་དག་འཛེམ་བག་མེད་པར་དམར་གསོད་གཏོང་མགོ་བརྩམས།  ཚུལ་དེར་ས་གནས་མང་ཚོགས་ཀྱིས་སེམས་གཏིང་ནས་མ་བཟོད་པས་མདའ་མདུང་གྲི་གསུམ་ཐོགས་ཤིང་། སྐོར་གཡུག་འཕེན་གསུམ་དང་དཔའ་སྙིང་སྟོབས་གསུམ་བསྐྱེད་ཐོག ཇག་དམག་དེ་དག་དང་འཐབ་འཛིང་དཔྱིས་ཕྱིན་པ་བཀྱེས་ནས་དགོ་དམར་སྲུང་བའི་འཛིང་རགས་དང་པོ་བཙུགས།   ཇག་དམག་དེ་དག་གིས་རྟོགས་དཀའ་བ་ནི།   འབྲོག་པ་མང་ཚོགས་ཀྱིས་རང་ཉིད་ཀྱི་སྲོག་དམར་པོ་འབེན་ལ་བཞག་སྟེ་དགོ་དམར་གྱི་སྲོག་སྐྱོབ་པའི་ངང་ཚུལ་དེ་རེད།   རྒན་པ་དག་གིས་སྨྲས་པ་ལྟར་ན།   ཇག་དམག་གིས་དམར་གསོད་བཏང་རྗེས།   དགོ་དམར་གྱི་གྲངས་ཀ་ལྡབ་འགྱུར་གྱིས་ཉུང་ངུར་གྱུར་ནའང་།  རིགས་ཀྱི་རྒྱུན་ཐག་དྲུངས་ནས་གཅོད་མ་ཐུབ་པས་ཚེ་རབས་སུ་བསྲིངས་ཤིང་འོངས་པ་རེད་དོ། །

 

 

        དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་སུ།  མཚོ་སྔོན་པོའི་མཐའ་འཁོར་དུ་དགོ་དམར་སྟོང་ཕྲག་ལྷག་མཆིས།   སྐབས་དེར་རླངས་འཁོར་ཉུང་ཞིང་མཚོ་ཤར་གྱི་གཞུང་ལམ་ཡང་ལས་མེད།   འོན་ཀྱང་མཚན་དུས་སུ་རླངས་འཁོར་བསྐོར་ཏེ་དགོ་དམར་རྔོན་པའི་རྣམ་པ་ཚུལ་བཞིན་དུ་མཐོང་ཐུབ།   དེ་ཚོས་རླངས་འཁོར་གྱི་མདུན་དུ་ལྕགས་མདུང་རིང་བོ་བཀྱིགས་ནས་དགོ་ཁྱུའི་གྲས་སུ་ཅི་དྲན་གང་འདོད་དུ་བརྒྱུགས་ཀྱང་།  ཐེངས་རེར་དགོ་དམར་གསུམ་བཞི་རེར་བརྡུངས་ནས་གསོད་འགྲོ་བ་རེད།   འབྲོག་པ་རྣམས་ཀྱིས་དོན་དེ་མིག་ལ་བརྣགས་ཀྱང་སེམས་སུ་བསྣད་ནའང་། ཅི་བྱ་གཏོལ་མེད་དུ་ལུས་པ་ལས་ཐབས་བཀོད་ཟད།   ཐབས་བཀོད་ཉག་གཅིག་ཡོད་པ་ནི་རྟར་བཞོན་ནས་དགོ་ཁྱུ་བྱེ་མའི་ཕུ་དང་རི་བོའི་སྒང་དག་ཏུ་ཞོགས་སུ་བཅུག་སྟེ།   རྔོན་པའི་གཏུམ་སྤྱོད་ཀྱི་རབ་ཁ་ལས་བརྒལ་ཏུ་འཇུག་རྒྱུ་དེའོ།།

 

        དགོ་དམར་ནི་གཙོད་དང་རྐྱང་སོགས་མུ་མེད་ཐང་སྟོང་དུ་འཚོ་བ་ལས་ལོགས་པ་ཞིག་སྟེ།  དེ་ཚོ་རྫ་མགོ་རི་མགོ་མི་མྱུལ་ཞིང་ས་བདེ་ཐང་བདེར་བབས་ཏེ་སྒོ་ཟོག་གི་མཐའ་ནས་རྩྭ་ཆུར་རོལ་བར་མོས།   གཤིས་རྒྱུད་དེའི་དབང་གིས།    ལོ་རབས་དགུ་བཅུ་པའི་མཚམས་ནས་བཟུང་།   དགོ་ཁྱུའི་ལས་དབང་ལ་བཟློག་ཏུ་མེད་པའི་ཆག་སྒོ་ཐེངས་གཅིག་བྱུང་།   རྩྭ་ས་འབྲོག་ཁྱིམ་རེ་རེར་བགོས་རྗེས།  རང་ས་རང་བདག་གི་ཚུལ་དུ་ཐོག་མར་སྤང་ལེབ་དང་པོ་ཐོ་བརྩིགས་ཤིང་།  ཕྱིས་སུ་ལྕགས་ཀྱི་དྲ་བས་གང་སར་བསྐོར།   ལྕགས་ར་བསྐོར་པ་དེས་མཐའ་ཡས་པའི་རྩྭ་ཐང་བཞི་བཤགས་ལྔ་བགོས་བྱས་པ་དང་།   འབྲོག་ཁྱིམ་ཕན་ཚུན་གྱི་རྩྭ་ས་རྩོད་གླེང་དང་ལས་ཚེགས་སེམས་ངལ་ཇེ་ཉུང་ཇེ་ཡང་དུ་བཏང་བའི་མཚུངས་སུ།   དགོ་དམར་གྱི་ཆུ་འཐུང་ས་དང་གཟན་ལ་གྲམ་སའི་ཁོད་རྒྱ་ཇེ་ཆུང་དུ་ཕྱིན་པར་མ་ཟད།   རང་དབང་བག་ཡངས་སུ་རྒྱུ་བའི་རྒྱུ་ལམ་ཡང་རྨང་ནས་བཅད་པ་རེད།  ལོ་རེའི་ཟླ་དང་པོ་ནས་བཞི་པའི་བར་དུ།   རྩྭ་ཆུ་དཀོན་ཞིང་དགོ་དམར་གྱི་ཤ་ཤེད་ཤིན་ཏུ་ཞན།  དེ་ཚོས་རང་གི་ལྟོ་བ་འབྱིད་པའི་ཐབས་སུ་ལྕགས་རར་འགོས་ཏེ་རྩྭ་ཆུ་འཚོལ་དུ་འགྲོ་དགོས།   དགོ་དམར་གྱི་ལྡིང་ཚད་ནི་སྨི1.2ཡིན་ལ།   མཚོ་སྔོན་པོའི་ལྕགས་རའི་མཐོ་ཚད་ནི་སྨི1.5རེད།   གཞན་གྱིས་སྐྲག་སྔངས་ཕུད་པའམ་ཡང་ན་གཅན་གཟན་གཏུམ་པོ་དག་གིས་བདའ་འདེད་གཏོང་བའི་དགོ་ཁྱུ་འདྲོགས་ཤིང་ཞོགས་ཚེ།   དེའི་ཁྲོད་ཤ་ཤེད་ཅན་རེ་གཉིས་མ་གཏོགས་ལྕགས་ར་ཡེ་ནས་འགོམ་མི་ཐུབ།  གལ་སྲིད་ལྕགས་རའི་སྟེང་ནས་ཐར་མ་ཐུབ་ཚེ།  ལྕགས་རའི་སྟེང་དུ་སྤྱངས་ཤིང་ཇི་ལྟར་འཕག་འཚག་བརྒྱབ་པ་དེ་ཙམ་གྱིས་རྨ་ཤུལ་སྣ་ཚོགས་བཏོད་ནས་ཐ་ན་གཅེས་པའི་སྲོག་ཀྱང་ཤོར་འགྲོ་བ་རེད།   ཐེངས་ཤིག་ལ།  མཚོ་ཤར་ལུག་རའི་ཉེ་འཁོར་དུ།    དགོ་མ་ཞིག་ལྕགས་རར་བཟེད་དེ་རྐང་གཡས་བསྣད་པར་གྱུར་ཅིང་།  ཁྲག་དྲོན་གྱིས་དྭངས་གཙང་གི་སྐྱི་ལྤགས་ཡོངས་སུ་སྦགས་པར་མ་ཟད། རུས་ཚིགས་དཀར་པོའང་ཕྱི་རུ་མངོན་ལ།   ཤ་རྒྱུས་དང་འབྲེལ་ཏེ་སར་མ་ལྷུང་ཙམ་དུ་གང་སར་གཡུག་གཡུག་བྱེད།   དང་བླངས་པ་དག་གིས་མཐོང་སྟེ་ཚིགས་རུས་ཕྱིར་སྤྲད་པ་དང་རྨ་ཤུལ་བཙེམས་རྗེས།    མཚོ་སྔོན་པོ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལྟེ་གནས་སུ་བསྐྱལ།   ཟོག་སྨན་གྱིས་དེ་མ་ཐག་བེད་མེད་ཀྱི་ཡན་ལག་བཅད་ཅིང་སྨན་བཅོས་གང་ལེགས་བྱས།   ཡིན་ནའང་། ཉིན་དེ་ནས་བཟུང་དགོ་མ་དེས་ཟ་འཐུང་ཅི་ཡང་མི་བྱེད་ལ།  མཐར་ཉིན་ལྔ་པར་སླེབས་ཚེ་མི་འདོད་རྐྱེན་ལམ་དུ་གྱུར།   ལྕགས་ར་ལས་གཞན་ཡང་གཞུང་ལམ་དང་ལྕགས་ལམ་སོགས་ཀྱང་དགོ་དམར་གྱི་སྲོག་འཕྲོག་གཤེད་མར་གཏོགས་ཏེ།   དགོ་དམར་དེ་དག་གཞུང་ལམ་དང་ལྕགས་ལམ་བརྒྱུད་པའི་ཚེ་འབྲོ་དབང་བསམ་དབང་མེད་པར་རླངས་འཁོར་དང་མེ་འཁོར་གྱི་ཁ་ཟས་སུ་གྱུར་པ་ཤིན་ཏུ་མང་།  

 

        གནས་ཚུལ་དེར་གཞིགས་ཏེ།  ཨ་ཁུ་རྣམ་རྒྱལ་གྱིས་ཐོག་མར་རང་ཚང་གི་ལྕགས་ར་བཤིག་ཅིང་དེ་ནས་རུ་ཁ་ཁྱིམ་མཚེས་དག་གི་ལྕགས་ར་བཤིག་པའི་གོ་བསྐོན་བློ་འགུགས་བྱས།  ཁོང་གིས་བཤད་རྒྱུར།   "ང་ཚོའི་ཕ་མེས་ཡང་མེས་དག་གིས་མི་ཚེ་གང་བོའི་བབ་ཆགས་དང་དཀའ་སྤྱད།   ཐ་ན་རང་ཉིད་ཀྱི་ཚེ་སྲོག་ལ་བརྟེན་ནས་དགོ་དམར་སྲུང་སྐྱོབ་བྱས་པ་རེད།   ད་ལྟ་ནོར་ལུག་འཚོ་སྐྱོང་གི་ཚེགས་ལས་འདི་ཙམ་ལ་བསམས་ཏེ།  དགོ་དམར་གྱི་ཤི་གསོན་ལ་མི་ལྟ་ཞིང་དེའི་སྐྱེ་རྒྱུན་གཅོད་པ་ནི་གཏན་ནས་མི་རུང"ཟེར།   དཔྱིད་རླུང་བསིལ་བུའི་ཁྲོད།   ཨ་ཁུ་རྣམ་རྒྱལ་གྱིས་རླངས་འཁོར་གཞུག་སྒམ་ཅན་དེར་སྟོན་མཇུག་ཏུ་ཉོས་པའི་གཟན་རྩྭ་དྲུད་དེ་དཀར་བོང་བོང་གི་གངས་ཐང་དུ་བསྐྱོད་ཅིང་།   ཕྱོགས་གཅིག་ནས་སྐོར་སྲུང་བྱེད་པ་དང་ཕྱོགས་གཞན་ནས་དགོ་དམར་ཡོད་མེད་ལ་མཉམ་བཞག   གལ་སྲིད་དགོ་དམར་གཅིག་མཐོང་བར་གྱུར་ཚེ་དེ་གར་གཟན་རྩྭ་བཀྲམ་སྟེ་འགྲོ།  དེའི་དུས་ནི་དགོ་མར་དགོ་ཕྲུག་སྦྲུམ་པའི་དུས་ཏེ།   གལ་སྲིད་ལྟོ་བ་མ་འགྲངས་ཚེ་འགྱིག་ཤོག་སོགས་གད་སྙིགས་ཅི་རིགས་ཟོས་ཏེ་ཉི་མ་འཕུད་ཐབས་བྱས་ཀྱང་རུང་།  ནུས་མེད་ཟུངས་ཟད་ངང་ལྕགས་ར་བརྒལ་མ་ཐུབ་པར།   ལྟོགས་གྲིར་ཤི་བའམ་ཡང་ན་མངལ་ཤོར་དུ་གྱུར་ཏེ་མི་སེམས་སྡུག་ལ་བསྐུར་བར་བྱེད།

 

        ཨ་ཙི་ཨ་ཙི།  ཅི་འདྲའི་སྙིང་རྗེ་བ་ལ་ཨང་།    གནམ་གྱིས་བསྐོས་པ་བཟློག་ཏུ་མེད་མོད།  དགོ་དམར་དེ་དག་ཤི་གསོན་བྱེ་མའི་འཕྲང་ལམ་དུ་རྫོང་མཁན་ནི་མགོ་ནག་མི་རེད་འདུག   དེ་ཚོར་བདག་སྐྱོང་བྱེད་པ་ནི་དྲིན་གཟོ་བ་མ་ཡིན་པར་འགྱོད་ཚངས་འབུལ་བ་ལས་མ་འདས།  ཨ་ཁུ་རྣམ་རྒྱལ་གྱིས་དེ་སྐད་སྨྲ་བའི་ཚེ་སྐད་གདངས་ཀྱི་ཁྲོད་དུ་ངུ་ངག་འདྲེས་ཤིང་།   ལོ་ཟླའི་ཁུར་གྱིས་དུབ་པའི་མིག་ཟུང་རྒྱང་རིང་གི་རྩྭ་ཐང་དུ་ཕྱོགས། 

 

        ད་ལྟ།  སྲིད་གཞུང་གིས་མ་དངུལ་བཏང་སྟེ་ཁོང་ཚང་གི་མདུན་ཐད་དུ་དགོ་དམར་རོགས་སྐྱོར་ལྟེ་གནས་བཙུགས་ཤིང་།   སྤྱི་ཕན་ཚོགས་པ་དང་དང་བླངས་པ་རྣམས་ཀྱི་རོགས་རེས་ཁྲོད།   ཨ་ཁུ་རྣམ་རྒྱལ་གྱིས་རང་སྟེང་ནས་མ་དངུལ་བསགས་ཐོག    ཁྱིམ་མཚེས་?་རྗེ་ཚང་གི་རྩྭ་ས་མུའུ100ལྷག་གླས་ཏེ།   ཆེད་དུ་དགོ་དམར་སྐྱེ་འཕེལ་གྱི་གནས་སུ་བཀར།   དེར་དགོ་དམར100ལྷག་བཏང་ཆོག་ལ།  ཨ་ཁུ་རྣམ་རྒྱལ་གྱི་སྐད་ཆ་ལྟར་ན།    དགོ་དམར་ལ་རྨ་ཁ་གསོ་བའི་ཁྱིམ་ཚང་ཞིག་ཡོད་པར་གྱུར་པ་རེད།

 

        ཡིན་ནའང་།   ལྕགས་ར་མེད་པར་གཏོང་བའམ་ཡང་ན་ལྕགས་རའི་མཐོ་ཚད་ཇེ་དམའ་རུ་གཏོང་བ་ནི་དཀའ་ལས་ཅན་ཞིག་རེད་དེ།   རྒན་པ་དག་ནི་ཐུགས་དཀྱེལ་ཆེ་བ་བདེན་མོད་ཀྱི།  འོན་ཀྱང་གསར་བུ་དག་གི་རྣམ་འགྱུར་ལ་ཟློག་ཐབས་མི་འདུག   དཔལ་འབྱོར་གྱི་ཡོང་སྒོ་ལས་གཞན་ཡང་ཕྱུགས་ཟོག་འཚོ་སྐྱོང་བྱེད་ཐབས་གཞན་དུ་བསྒྱུར་མི་འདོད་པས་རེད།  དེ་བས།   ཨ་ཁུ་རྣམ་རྒྱལ་གྱིས་འབྲེལ་ཡོད་སྡེ་ཁག་དང་སྤྱི་ཚོགས་ཀྱི་ཕྱོགས་སོ་སོར་འབོད་སྐུལ་བྱེད་པ་ལས་ཐབས་གཞན་ཟད།   ད་ལོའི་ཟླ2པའི་ཚེས20ཉིན།  ཨ་ཁུ་རྣམ་རྒྱལ་གྱིས་དགོ་དམར་ལྕགས་རར་བཟེད་པའི་འདྲ་པར་བདུན་པོད་ཕྲན་དུ་སྤེལ་ཅིང་།   གཤམ་དུ་ཉིན་གཅིག་གི་རིང་ལ་དགོ་ཐེད་བདུན་རྙེད་ཅེས་གསལ་བཤད་ཡི་གེ་ཞིག་ཀྱང་བྲིས། ཕྱིས་སུ་གནས་ཚུལ་དེ་གསར་ཤོག་དང་དྲ་ཚིགས་ཆེ་གྲས་གང་མང་གིས་བརྒྱུད་འགོད་བྱས།   མཚོ་སྔོན་ཞིང་ཆེན་རི་སྐྱེས་སྲོག་ཆགས་དང་རང་བྱུང་སྲུང་སྐྱོང་དོ་དམ་ཅུས་ནས་དེ་མ་མྱུར་དུ་ཐག་གཅོད་རང་བཞིན་གྱི་ལན་ལྡོན་པ་ནི།   འབྲོག་པ་མང་ཚོགས་ཡིད་འཐད་བྱུང་བའི་རྨང་གཞིའི་སྟེང་།  མདའ་བཞི་རྫོང་ཁོངས་ཀྱི་དགོ་དམར་གནས་ཁུལ་དུ་སྤྱི་ལེ98ལྷག་གི་ལྕགས་རའི་མཐོ་ཚད་སྨི1.1མན་དུ་དབབ་རྒྱུ་དང་།   སྤྱི་ལེ150ལྷག་གི་ལྕགས་ར་མེད་པར་བཟོ་རྒྱུ་གཏན་དུ་ཁེལ།   རྐང་ཚ་རྫོང་ནགས་ཚལ་སྤྱི་བདེ་ཅུས་ཀྱིས་གུན་གསབ་གན་ཆིངས་འཇོག་པའི་རྣམ་པའི་སྟེང་།    སྤྱི་ལེ60ལྷག་གི་ལྕགས་ར་མེད་པར་གཏོང་བ་དང་།   མཐོ་ཚད་སྨི1.2མན་དུ་གཏང་རྒྱུ་བྱས།   དེ་བས།  མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་ལ་གུ་ཡངས་པའི་འཚོ་གནས་ཀྱི་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཐུབ་པ་བྱུང་།

 

ཨ        ་ཁུ་རྣམ་རྒྱལ་གྱིས་བསྒྲུབས་པའི་ཁོར་སྲུང་གི་བྱ་འགུལ་རེ་རེ་ཡང་མི་གཞན་དག་ལ་མཚོན་ན་བློ་ཡུལ་ལས་འགོངས་ཤིང་དཔེ་མི་སྲིད་པ་ཞིག་ཏུ་སྣང་།   མི་གཞན་གྱི་བསྟོད་པ་དང་བསྔགས་བརྗོད་ཀྱི་མདུན་དུ།   ཁོང་གིས་བོད་པའི་ཕོ་རྒོད་ཅིག་གི་བརྗིད་ཉམས་དོར་ཏེ་ཧ་ཅང་ཁེངས་སྐྱུང་དང་བཅས།   "མཚོ་ཆུང་ནོར་བུའི་མཐའ་སྐོར་གྱི་སྐྱེ་ཁམས་གསོས་ཤིང་སོས་པ་འདི་ནི།   གནས་འདིར་དུངས་པའི་མི་གཞན་དང་ཁྱད་པར་ཅི་ཡང་མ་མཆིས།  དེ་ནི་འབྲོག་པ་མང་ཚོགས་དང་དང་བླངས་པ།   ཆེད་མཁས་པ།   སྤྱི་ཚོགས་ལས་རིགས་སོ་སོའི་ལྷག་བསམ་ཅན་དག་གིས་ཐུན་མོང་དུ་བསྒྲུབས་པའི་འབྲས་བུ་རེད།"ཅེས་སྨྲས།

 

སྨྲས་པ། བོད་མི་ཐམས་ཅད་ཆོས་ལ་དད། །

 

སེམས་ཅན་ཐམས་ཅད་མ་རུ་སྒོམ། །

 

རི་སྐྱེས་སྲོག་ཆགས་སྐྱོབ་པ་ལ། །

 

ཁྲིམས་དང་ལུགས་ཀྱི་གཞི་འཛིན་ཡོད། །

 

ཁོར་སྲུང་དང་ནི་རི་དྭགས་སྐྱོང་། །

 

འདི་དག་སྤྱི་ཚོགས་འཕེལ་ཕྱོགས་ཡིན། །

 

སྲིད་གཞུང་དང་ནི་དམངས་ཁྲོད་ཀྱི། །

 

ནུས་པ་མ་ལུས་ཕྱོགས་གཅིག་སྡུད། །

 

སྒེར་གཞུང་གང་ལའང་མི་གནོད་པའི། །

 

ལམ་དང་སྲོལ་ནི་འཛུགས་པར་བྱ། །

 

 

 

མཇུག་གི་གཏམ།

 

 

        ཞོགས་པའི་ཉི་རྩེ་ཤར་མ་ཐག་ཏུ།  ཨ་ཁུ་རྣམ་རྒྱལ་དང་བུ་ཆུང་སངས་རྒྱས་གཉིས་སླར་ཡང་ཁང་རྒྱབ་ཀྱི་དེའུ་འབུར་ཆུང་ཆུང་སྟེང་དུ་འགོས།   གོམས་ལོབས་ཀྱིས་ལག་པ་ཐོད་པར་ཀེར་ནས་རྒྱང་རིང་དུ་བལྟས།   ནང་ལོགས་ནས་སླེབས་པའི་སློབ་ཆེན་པ་ཞིག་གིས།   "ཨ་ཁུ་རྣམ་རྒྱལ་ལགས།   ཁྱེད་ཀྱིས་ལོ་ངོ་བཅུ་ཕྲག་ལྷག་ལ་ཁོར་སྲུང་གི་ལས་འདིར་ཤི་འཐམ་རོ་འཐམ་བྱེད།   ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་ནམ།" ཞེས་དྲིས།

 

        བུ་ཆུང་སངས་རྒྱས་ཀྱིས་སྔ་གཞུག་བརྩད་དེ་ལན་དུ་སྨྲས་དོན།  ཡང་སྙིང་ཅི་ཞིག་གི་ཆེད་དུ་ཡིན་ནམ།  འདི་ནི་ངའི་ཕ་ས་ཕ་ཡུལ་རེད།

 

        ཨ་ཁུ་རྣམ་རྒྱལ་གྱི་སྨུག་ནག་གི་ངོ་གདོང་དུ་འཛུམ་མདངས་ཙམ་ཕྱུང་ཞིང་།   མར་བསྒུར་ཏེ་བྱེ་འཁན་ཚོམ་བུ་ཞིག་འཕུར་འཕུར་བྱེད་ཞོར།  "ལྟོས་དང་།   བྱེ་འཁན་གནས་འདིར་སྐྱེས་སོང་།   དེ་བས་གནས་འདི་ནི་བྱེ་འཁན་གྱི་ཕ་ཡུལ་རེད།   ང་ཚོ་གནས་འདིར་འཚོ་བ་རོལ་ནས་ཡོད།   དེ་བས།  གནས་འདི་ནི་ང་ཚོའི་ཕ་ཡུལ་རེད། ནམ་ཞིག་གི་ཚེ།   ངས་གནས་འདི་བུ་ཆུང་སངས་རྒྱས་ཀྱི་ལག་ཏུ་སྤྲོད་པའི་ཚེ་ན།   ཕྱི་རབས་པ་དག་གི་སྡང་མིག་དང་ཁྲོ་ཚིག་མ་བཟེད་ཚེ་ང་རང་ཤིན་ཏུ་དགའ་ངེས་ཡིན།  ཧ་ཧ་ཧ།" ཞེས་དགོད་སྒྲ་ལྷང་ལྷང་གིས་སྨྲས།

 

        རྒྱང་རིང་དུ།   དྭངས་གསལ་གྱི་མཚོ་མོའི་ནང་དུ་གསེར་ཉ་རང་དབང་གིས་རྐྱལ་རྩལ་ངོམ།   ལྗང་ལྡེམ་ལྡེམ་གྱི་རྩྭ་ཐང་དུ་དགོ་དམར་ཁྱུ་དང་ཁྱུ་བྱས་ཏེ་བག་ཡངས་ཀྱིས་རྩྭ་ཆུར་རོལ།   མཐིང་མདོག་གི་གནམ་སའི་མཚམས་སུ་གེ་སར་རྟ་རྫིས་མགྲིན་པའི་རྫ་རྔ་ཡང་ཡང་རྡུང་།  སྐབས་དེར་སྣང་བ་ཞིག་ལ།  མདུན་ཕྱོགས་ཀྱི་བྱེ་མ་ལ་བདུན་ཡང་ཞེད་སྣང་དང་བཅས་ཕྱི་ནུར་སྟེག་བཞིན་པ་དང་ཀུན་ནས་མཚུངས།  འབྲོག་པ་དཀྱུས་མ་ཞིག་སྟེ།   ཨ་ཁུ་རྣམ་རྒྱལ་ཁོང་གིས་ཁུ་སིམ་དང་ལྷིང་འཇགས་ངང་དེ་དག་ཡོད་ཚད་མིག་དབང་དུ་བསྡུས།

 

 

རྩོམ་འདི་འབྲི་བར་མཐུན་རྐྱེན་ཅི་ནུས་སྦྱོར་མཁན་བདག་གི་དགེ་རྒན་དམ་པ་?་སྦིས་ཚེ་དབང་?་རྗེ་དང་?་སྦིས་སྐལ་བཟང་ནོར་བུ་གཉིས་ལ་ཆེད་དུ་བཀའ་དྲིན་ཞུས་པ་ཡིན

 

རྩོམ་སྒྲིག་འགན་འཁུར་བ།  རྒྱལ་ལོ།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1