ཁྲི་སེམས་དཔའ།
སྐུ་ཞབས་བསོད་ལོ་ལགས་ངོ་ཤེས་ནས་ཧ་ལམ་ལོ་ངོ་བཅུ་ཕྲག་ཅིག་འགོར་སོང་། ཁོ་བོའི་སྣང་ངོར་ཁོང་ནི་སྤོབས་སེམས་ཀྱིས་བརྟས་ཤིང་། གང་དུ་འཕྲད་ཀྱང་གདོང་ལ་འཛུམ་གྱིས་ཁེངས་པའི་མི་སྤྲོ་སྣང་ཅན་ཞིག་རེད། སྐུ་ཞབས་བསོད་ལོས་རང་རེའི་དཔེ་སྐྲུན་ལས་རིགས་ཐད་བཞག་པའི་བྱས་རྗེས་ནི་ཀློག་པ་པོ་ཀུན་གྱིས་རྣ་ཡིས་གོ་ཞིང་མིག་གིས་མཐོང་སྟེ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མཁན་མང་དུ་མཆིས་ལ། ཁོང་ནི་ངེས་པ་དོན་གྱི་དཔེ་སྐྲུན་པའམ་རྩོམ་སྒྲིག་པ་ཕུལ་དུ་བྱུང་བ་ཞིག་ཡིན་པ་མང་མང་གིས་ཁས་འཆེའོ། །རྒྱུ་མཚན་དེའི་ཕྱིར་སྔོན་ནས་ཁོང་ལ་བཅར་འདྲི་ཞུ་འདོད་ཀྱི་འདུན་པ་ཤིན་ཏུ་དྲགས་ནའང་རྐྱེན་དུ་མའི་དབང་གིས་ད་རེག་བར་དུ་ལུས་སོང་། ཉེ་སྔོན་གསར་གླགས་བཙལ་ཏེ་སྐུ་ཞབས་བསོད་ལོར་ཁོའི་གནས་ཚུལ་སྐོར་ཡིག་ངོར་འབེབས་འདོད་ཀྱི་རེ་བ་བཏོན་པ་ན། ཁོང་གིས་ལས་རིགས་དེའི་ཁྲོད་ཀྱི་བློ་མཐུན་རྒན་པ་སྐོར་ཞིག་གི་མིང་བགྲངས་ཏེ་དེ་རྣམས་ཀྱིས་རྩོམ་སྒྲིག་ལས་དོན་ཐད་བྱས་རྗེས་འབུར་ཐོན་བཞག་ཡོད་པས་ཁོང་ཚོར་བཅར་འདྲི་ཞུས་ན་ཡག་རབས་རྒྱན་རབས་བཤད། ཁོ་བོས་ཡང་ཡང་ནན་ཏུར་གྱིས་རེ་བ་བཏོན་པའི་མཐར་ཁོང་གིས་ད་གཟོད་རང་གི་གནས་ཚུལ་མདོར་ཙམ་གླེང་ཞིང་འབྲེལ་ཡོད་རྒྱུ་ཆ་འགའ་རེ་འདོན་སྤྲོད་བྱ་རྒྱུ་དང་ལེན་བྱས།
གཅིག
ཐོག་མར་ང་ཚོས་ཁོང་གི་སྐྱེས་ཡུལ་གླེང་ན། སྐུ་ཞབས་བསོད་ལོ་ལགས་ནི1961ལོར་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། ད་ལྟ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་ཡིན། སྔ་གཞུག་ཏུ་མཚོ་ལྷོ་ཁུལ་མི་རིགས་དགེ་འོས་སློབ་གྲྭ་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ་སོགས་སུ་འགྲིམས། 1986ལོའི་ཟླ7པར་སློབ་ཆེན་ནས་མཐར་ཕྱིན་རྗེས། མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས《གེ་སར》ཞིབ་འཇུག་ཁང་དུ་ལས་བགོ་བྱས་པ་དང་། ཁོང་གིས《གེ་སར་སྒྲུང》དག་སྒྲིག་དང་ཞིབ་འཇུག་གི་བྱ་བ་མང་པོ་བསྒྲུབས་མྱོང་སྟེ། ལྷག་ཏུ་གེ་སར་སྒྲུང་པ་ཁྱབ་བཤེར་བྱ་བའི་ཁྲོད་ལེ་དབར་སྟོང་ཕྲག་བརྒལ་ཅིང་མཚོ་ནུབ་ཀྱི་གདང་ལ་རི་རྒྱུད་སོགས་སུ་ཕྱིན་ཏེ་གེ་སར་སྒྲུང་པ་ཚེ་རིང་དབང་འདུས་བཙལ་པ་དང་། ཕྱིས་སུ་ཚེ་རིང་དབང་འདུས་ནི་མཚན་སྙན་གྱི་བ་དན་དགུང་དུ་སྐྱོད་པའི་གེ་སར་སྒྲུང་པར་གྱུར་པ་དེ་ཡང་ཁོང་དང་འབྲེལ་བ་ངེས་ཅན་ཞིག་ཡོད་ཅེས་བཤད་ཆོག སྐབས་དེར་ཁོང་གིས《མཚོ་སྔོན་གྱི་གེ་སར་བྱ་བའི་གནས་ཚུལ》ཞེས་པར་རྩོམ་འབྲི་དང་རྩོམ་སྒྲིག་གི་བྱ་བ་གཉེར་བཞིན་ཡོད་ལ། ཞོར་ལ《སྦྲང་ཆར》དུས་དེབ་སྟེང་གུ་རུ་རྒྱལ་མཚན་གྱི་གནས་ཚུལ་མཚོན་པའི་སྙན་ཞུའི་རྩོམ་རིག《གེ་སར་སྒྲུང་པ་ཞིག་གི་གཏམ་རྒྱུད》ཅེས་པ་སྤེལ། རྒྱུས་ལོན་བྱུང་བ་ལྟར་ན་དེ་ནི་བོད་ཀྱི་སྙན་ཞུའི་རྩོམ་རིག་དང་པོ་ཡིན་ཏེ། དེའི་སྔོན་ལ་ཕལ་ཆེར་བོད་ཡིག་གི་ལམ་ནས་བྲིས་པའི་སྙན་ཞུའི་རྩོམ་རིག་བྱུང་མེད། ཁོང་གིས་གེ་སར་སྒྲུང་དག་སྒྲིག་དང་ཞིབ་འཇུག་ཐད་རང་ནུས་ཅི་ལྕོགས་ཀྱིས་བྱ་བ་མང་པོ་བསྒྲུབས་ཤིང་གྲུབ་འབྲས་ཀྱང་དེ་བཞིན་འབུར་ཐོན་བླངས་པས། རྒྱལ་ཁབ་རིག་གནས་པུའུ་དང་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་། ཀྲུང་གོའི་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་སོགས་ནས་ཁོང་ལ་དགའ་རྟགས་བསྩལ་མྱོང་།
གཉིས།
སྐུ་ཞབས་བསོད་ལོ་ལགས1989ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གི《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་སྤོ་བྱས་ཏེ་རྩོམ་སྒྲིག་གི་ལས་ཀ་གཉེར། 《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ལས་ཀ་བསྒྲུབས་པ་དེ་ནི་ཁོ་ལ་མཚོན་ན་སློབ་སྦྱོང་གི་གོ་རིམ་གལ་ཆེན་ཞིག་ཀྱང་ཡིན་ཏེ། 《སྦྲང་ཆར》གྱི་གཙོ་སྒྲིག་པ་སྔོན་མ་སྐུ་ཞབས་འགྱུར་མེད་དང་ཕྱི་མ་ཟླ་བ་བློ་གྲོས་གཉིས་ཀྱི་མདུན་ནས་སློབ་གྲྭར་སྦྱོང་མི་ཐུབ་པའི་ཤེས་བྱ་མང་པོ་སྦྱངས་པ་དང་ཁོང་ལ་ཕན་ངེས་ཅན་ཐོགས་པ་རེད། སྐུ་ཞབས་བསོད་ལོ་ལགས་ཀྱིས་བཤད་རྒྱུར། མི་ཚེ་འདིར་སྤྱོད་གྲགས་གཉིས་ལྡན་གྱི་མཁས་པ་ཁོང་གཉིས་དང་མཉམ་དུ་ལས་ཀ་སྒྲུབ་པའི་གོ་སྐབས་བྱུང་ཞིང་། དེར་མ་ཟད་ཁོང་གཉིས་ཀྱི་སློབ་སྟོན་གནང་བ་དེ་ནི་བདག་གི་ལས་བསོད་ཅིག་ཡིན། 1992ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པའི་འགན་ཁུར་ཅིང་། དགེ་རྒན་འགྱུར་མེད་ལགས་ལ་རམ་འདེགས་ཀྱིས་ལས་ཀ་བསྒྲུབས། 1999ལོར《སྦྲང་ཆར》རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གྱི་འགན་ཁུར་ཅིང་རྩོམ་སྒྲིག་ཁང་གི་བྱ་བ་སྤྱི་ལ་མགོ་འཛིན་བྱས། ཁོང་གིས《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྒྱུན་ལས་གཙོ་སྒྲིག་པའི་འགན་ཁུར་པའི་རིང་དུ། ཡང་དག་པའི་གླེང་ཕྱོགས་རྒྱུན་འཁྱོངས་བྱས་ནས་དབྱངས་རྟ་གཙོ་བོ་ཕྱོགས་མཐར་སྒྲོག་པ་དང་། རང་གཤིས་དོད་ནས་རང་གི་ཁྱད་ཆོས་མངོན་གྲུབ་བྱེད་པ། དུས་དེབ་ཀྱི་སྤུས་ཚད་མཐོར་འདེགས་བཏང་ནས་ཕུལ་བྱུང་དུས་དེབ་སྒྲུབ་པའི་འདུ་ཤེས་སློང་བ། རྐང་འཛིན་རྩོམ་པ་པོར་མཐུན་སྒྲིལ་བྱས་ནས་རྩོམ་པ་པོ་གསར་པ་གསོ་སྐྱོང་བྱེད་པ། རྩོམ་སྒྲིག་པའི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་སྟེ་ཁོ་ཚོའི་རྩོམ་སྒྲིག་ལས་ཀའི་སྤུས་ཚད་མཐོར་འདེགས་གཏོང་བ་བཅས་བྱེད་པ་ནི་ལས་ཀའི་དམིགས་འཛུགས་ས་གཙོ་བོར་བཀོད་པས། 《སྦྲང་ཆར》དུས་དེབ་དེ་ཉིད་ནི་པར་གཞི་ལེགས་ཤིང་སྤུས་དག་ལ་དུས་རབས་ཀྱི་ཁྱད་ཆོས་འབུར་དུ་དོད་པ། ཀློག་པ་པོའི་དཔེ་ཀློག་དགོས་མཁོ་དང་མཛེས་དཔྱོད་ལྟ་བར་ཤིན་ཏུ་འཕྲོད་པའི་རྩོམ་རིག་དུས་དེབ་རྩེ་གྲ་ཞིག་ཏུ་གྱུར། ཁོང་གིས《སྦྲང་ཆར》གྱི་སྔར་ཡོད་ཁྱད་ཆོས་གཞིར་བཟུང་ཐོག ད་དུང་སྔོན་གྱི་ཤོག་ངོས120ནས་ད་ལྟའི208ལ་ཇེ་མང་དུ་བཏང་ཞིང་། རྒྱལ་ཁབ་ཀྱི་དུས་དེབ་ཆེ་གྲས་དཔུང་ཁག་ཏུ་ཚུད་པར་བྱས་པ་རེད། ད་དུང《སྦྲང་ཆར》རྩོམ་རིག་བྱ་དགའ་དེ་སྔར་བས་འཐུས་ཚང་དུ་བཏང་ནས། དཔྱད་འདེམས་སྒྲིག་ཁྲིམས་སོགས་ཕན་ནུས་ལྡན་པའི་རྩ་དོན་དང་བྱེད་ཐབས་རབ་དང་རིམ་པ་བཙུགས་ཏེ། བྱ་དགའ་འདེམས་པའི་བྱ་འགུལ་དེ་ཉིད་དྲང་སྙོམས་ཡོང་བར་བརྩོན་པ་རེད། དེ་མིན་རྩོམ་པ་པོ་གསར་པ་སྐྱེད་སྲིང་དང་། རྩོམ་པ་པོའི་དཔུང་སྡེ་འཛུགས་སྐྲུན་ཕྱོགས་ལ་བྱ་བ་མང་པོ་བསྒྲུབས་པར་བརྟེན། དུས་དེབ《སྦྲང་ཆར》དེ་ཉིད་སྲོལ་རྒྱུན་དང་དེང་རབས་ཀྱི་ཁྱད་གཤིས་ལྡན་ཞིང་། དུས་རབས་ཀྱི་དགོངས་དོན་དང་མཐུན་པ། མི་རིགས་ཀྱི་རང་མདངས་མངོན་པ་ཞིག་ཏུ་གྱུར།
2002ལོའི་དུས་དེབ《སྦྲང་ཆར》ལ་རྒྱལ་ཁབ་གསར་འགྱུར་པར་སྐྲུན་སྤྱི་ཁྱབ་ཧྲུའུ་ཡི་དཔྱད་འཇོག་ཁྲོད"ཀྲུང་གོའི་དུས་དེབ་བསྟར་ཕྲེང"དུ་ཚུད་པ་དང་། དེར་མ་ཟད"དཔལ་ཡོན་ཟུང་ལྡན་གྱི་དུས་དེབ"ཏུ་བདམས་པ་རེད། 2003ལོ་དང2005ལོར་བསྟུད་མར་རྒྱལ་ཁབ་དུས་དེབ་བྱ་དགའ་ལས་གནད་ཆེ་དུས་དེབ་བརྒྱ་ཡི་གྲས་སུ་བཀོད་པ་རེད།
དུས་དེབ《སྦྲང་ཆར》དེ་ཉིད་དེ་ལྟ་བུའི་ཆུ་ཚད་མཐོན་པོ་ཞིག་ཏུ་སླེབས་པར་ཁོང་གིས་ནམ་ཡང་རང་གཅིག་པུའི་གྲུབ་འབྲས་སུ་བརྩི་བར་མི་བྱེད་ཀྱང་། དོན་དུ་ཁོང་གིས《སྦྲང་ཆར》དུས་དེབ་ཀྱི་ཆེད་དུ་བྱ་བ་མང་པོ་བསྒྲུབས་པ་ནི་སྨོས་མ་དགོས་ཏེ། ཁོ་བོས《སྦྲང་ཆར》གྱི་ད་ལྟའི་རྒྱུན་ལས་གཙོ་སྒྲིག་གཞོན་པ་བཀྲ་ཤིས་དོན་གྲུབ་ལ་སྐུ་ཞབས་བསོད་ལོ་ལགས་ཀྱི་གནས་ཚུལ་རྒྱུས་ལོན་བྱས་པ་ཡིན། བཀྲ་ཤིས་དོན་གྲུབ་དང་ཁོང་གཉིས་ནི་ལོ་མང་པོར་མཉམ་དུ་བྱ་བ་སྒྲུབ་པའི་ལས་གྲོགས་ཡིན། ཁོས"ང《སྦྲང་ཆར》རྩོམ་སྒྲིག་ཁང་དུ་ཡོང་དུས། རྒན་བསོད་ལོ་ལགས་ནི་སྤྱིར་བཏང་གི་རྩོམ་སྒྲིག་པ་ཞིག་ཡིན། ཁོང་གིས་སྤྱིར་བཏང་གི་ལས་གནས་དེ་རུ་ཁ་ཞེ་གཉིས་མེད་ཀྱི་བྱ་བ་བསྒྲུབས་པས། གོང་མགོ་ཁྲིད་ནས་ཞོལ་ལས་གྲོགས་རྣམས་ཀྱིས་ཁོང་གི་ལས་ཆོད་ལ་སེམས་གཏིང་ནས་ཁས་ལེན་ཐོབ། བྱས་འབྲས་དེར་བརྟེན་ཏེ་ཁོང་ཉིད་སྤྱིར་བཏང་གི་རྩོམ་སྒྲིག་པ་ཞིག་ནས་ཕུལ་དུ་བྱུང་བའི་མགོ་ཁྲིད་པ་ཞིག་ཏུ་གྱུར་པ་དང་། ཁོང་གི་མགོ་ཁྲིད་ལ་བརྟེན་ནས《སྦྲང་ཆར》དུས་དེབ་སྔར་ལས་ལེགས་འགྲུབ་བྱུང་བར་མ་ཟད། ད་ལྟ་དཔེ་དེབ་རྩོམ་སྒྲིག་ཁང་གི་མགོ་ཁྲིད་དུ་ཕྱིན་རྗེས་ཀྱང་དེ་ལས་ལྷག་པའི་གྲུབ་འབྲས་བླངས་ཡོད་པ་ནི་ཀུན་གྱིས་ཤེས་གསལ་ལྟར་རེད"ཟེར།
སྐུ་ཞབས་བསོད་ལོ་ལགས་ཀྱིས་ད་དུང《སྦྲང་ཆར》རྩོམ་སྒྲིག་གི་ལས་ཀ་ལྗིད་མོ་ཕྲག་ཏུ་བཞེས་པའི་ཞོར་དུ་ཧུར་ཐག་གིས་ཀློག་པ་པོའི་དགའ་བསུ་ཐོབ་པའི་དཔེ་ཆ་སྤུས་ལེགས་མང་པོ་འཆར་འགོད་དང་རྩོམ་སྒྲིག་དང་དཔེ་སྐྲུན་བྱས་པ་རེད། དེ་དག་ལས་དཔེར་མཚོན་དུ་རུང་བ་འགའ་ཞིག་བགྲངས་ཚེ། དཔེར་ན། 《གོང་ས་སྐྱབས་མགོན་པཎ་ཆེན་ཐམས་ཅད་མཁྱེན་པ་སྐུ་ཕྲེང་བཅུ་པ་ཆེན་མོའི་གསུང་འབུམ》དང་། 《བོད་ཀྱི་དུས་རབས་ཉེར་གཅིག་པའི་རྩོམ་པ་པོའི་དེབ་ཕྲེང》སོགས་ཡོད་ལ། དེའི་ཁྲོད་ཁོང་གིས་འདེམ་སྒྲིག་དང་འཆར་འགོད་བྱས་པའི་རྒྱལ་ཁབ་ཀྱི་དཔེ་སྐྲུན་ལས་གཞི《དུས་རབས་ཉེར་གཅིག་པའི་བོད་ཀྱི་རྩོམ་པ་པོའི་དེབ་ཕྲེང》(དེབ30ཡོད)ལྟ་བུར་མཚོན་ན། དེ་ནི་རྒྱལ་ཁབ་དབུ་བརྙེས་ཚུན་དུ་ཐེངས་དང་པོར་ཁྱོན་ཡོངས་ནས་བོད་ཀྱི་དེང་རབས་རྩོམ་པ་པོའི་གསར་རྩོམ་གྱི་ཆུ་ཚད་གཞལ་བའི་རྒྱ་མ་ལྟ་བུ་ཡིན་པས། བོད་ཀྱི་རྩོམ་རིག་ལས་རིགས་ཁྲོད་ཚུར་སྣང་ལན་ཆ་དྲག་པོ་འཁོར་ཞིང་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་ཡུལ་དུ་གྱུར། 《སྦྲང་ཆར》དུས་དེབ་ཁང་དུ་བྱ་བ་བསྒྲུབས་པའི་བྱས་རྗེས་དེ་དག་གླེང་དུས། སྐུ་ཞབས་བསོད་ལོས་ཁེངས་སྐྱུང་དང་བཅས"ངས་བྱ་བ་བསྒྲུབས་པ་ཐམས་ཅད་རྩོམ་སྒྲིག་པ་སྔོན་མ་དག་གི་རྨང་གཞིའི་སྟེང་རང་གི་རྩོལ་བ་ཅུང་ཟད་བྱས་པ་ལས། གྲུབ་འབྲས་དེ་དག་བདག་གཅིག་པུའི་གཏན་ནས་མིན། 《སྦྲང་ཆར》གྱི་དེ་རིང་གི་གྲུབ་འབྲས་ནི《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩོམ་སྒྲིག་པ་ཡོངས་ལ་དབང་བ་རེད"ཟེར།
གསུམ།
སྐུ་ཞབས་བསོད་ལོ་ལགས2011ལོར་བྱ་བའི་དགོས་དབང་གིས་དཔེ་དེབ་རྩོམ་སྒྲིག་ཁང་དུ་ལས་གནས་སྤར་ཞིང་། དཔེ་དེབ་རྩོམ་སྒྲིག་ཁང་དུ་བྱ་བ་སྒྲུབ་དུས་ཁོང་གིས་སྔར་བཞིན་ཧུར་ཐག་འབད་ཐག་གིས་གནད་སའི་ལས་གཞི་མང་པོ་ཕྲག་ཏུ་ཁུར་ཅིང་། དཔེ་དེབ་ཀྱི་ནང་དོན་དང་སྤྱི་ཚོགས་ཀྱི་ཕན་འབྲས། དཔལ་འབྱོར་གྱི་ཡོང་སྒོ་སོགས་ཕྱོགས་གང་ཐད་ནས་འབུར་ཐོན་ཡིན་པའི་དཔེ་དེབ་ལེགས་པོ་མང་པོ་འཆར་འགོད་དང་རྩོམ་སྒྲིག་བྱས་པ་རེད། ཁོང་གིས་འཆར་འགོད་ཀྱི་ལས་ཀ་གཙོ་བོ་ཁུར་པའི་དཔེ་དེབ་ལས་ཁག་ཅིག་དཔེར་དྲངས་ན། 《རྗེ་བཙུན་ཤེས་རབ་རྒྱ་མཚོ་འཇམ་དཔལ་དགྱེས་པའི་བློ་གྲོས་ཀྱི་གསུང་རྩོམ》དང《ཆོས་རྒྱལ་ནམ་མཁའི་ནོར་བུའི་གསུང་འབུམ》《དག་ཡིག་གསར་བསྒྲིགས》དག་བཅོས་མ། 《དམངས་ཕན་རིག་མཛོད》《བྱང་འབྲོག་ཤེས་རིག་དཔེ་ཚོགས》《བོད་ཀྱི་རྩོམ་རིག་ཞིབ་འཇུག་དཔེ་ཚོགས》 སོགས་ཡོད་ལ། ད་ལོའིཟླ4པའི་ཚེས27ཉིན《དམངས་ཕན་རིག་མཛོད》ཅེས་པའི་དཔེ་ཚོགས་དྲུག་གི་བདག་ཉིད་ཅན་དེ་ལེགས་འགྲུབ་བྱུང་བའི་པར་སྐྲུན་འགྲེམ་སྤེལ་གྱི་བཞུགས་མོལ་ཚོགས་འདུའི་སྟེང་། བོད་ཀྱི་རྩོམ་པ་པོ་གྲགས་ཅན་འཇུ་སྐལ་བཟང་དང་མཚོ་སྐྱེས། རང་སྒྲ་སོགས་ཀྱིས་དཔེ་དེབ་དེ་དག་དང་འབྲེལ་ཏེ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་བོད་ཡིག་དཔེ་དེབ་རྩོམ་སྒྲིག་ཁང་གི་ཉེ་བའི་ལོ་འདི་འགའི་རིང་དུ་པར་སྐྲུན་བྱས་པའི་དཔེ་དེབ་དག་ལ་གདེང་འཇོག་མཐོན་པོ་གནང་བྱུང་། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ལོ་འདི་དག་རིང་དུས་རབས་ཀྱི་འགྲོས་དང་མཐུན་ཞིང་། མང་ཚོགས་ལ་ཤིན་ཏུ་སྨན་པའི་དཔེ་དེབ་མང་པོ་བསྐྲུན་པ་དང་། དེས་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྔོན་གྱི་གནའ་དཔེ་ཁོ་ན་གཙིགས་ཆེན་བྱེད་པའི་ལོ་རྒྱུས་ལ་སྡོམ་ཚིག་བཀོད་པ་དང་། དཔེ་དེབ་གསར་པ་མང་པོ་ཞིག་ལས་རྒྱལ་ཁབ་ཕྱི་ནང་གི་སྔོན་ཐོན་རིག་གནས་དང་འགྲོ་བ་མིའི་རིགས་ཀྱི་ཤེས་རིག་གྲུབ་འབྲས་ནང་འདྲེན་བྱས་ཤིང་། མི་རྣམས་བསམ་བློ་དང་འདུ་ཤེས་རྙིང་པ་ལས་འགྲོལ་བར་བྱེད་པར་སྣེ་འདྲེན་པ། ཚན་རིག་ལ་ཡིད་ཆེས་པ་དང་ཚན་རིག་སློབ་པ། མི་དམངས་བདེ་སྐྱིད་ལ་ཕན་པའི་བློ་སྟོབས་བསྐྱེད་པ་སོགས་ཀྱི་ཕན་ནུས་ཆེན་པོ་ལྡན་པར་བརྗོད། ལྷག་པར《དམངས་ཕན་རིག་མཛོད》ལས《བུད་མེད་རྩོམ་པ་པོའི་དཔེ་ཚོགས》དང《སྒྲུང་རིང་དཔེ་ཚོགས》གཉིས་ནི་བོད་ཀྱི་རྩོམ་རིག་ལོ་རྒྱུས་སྟེང་གི་བུད་མེད་རྩོམ་པ་པོའི་དཔེ་ཚོགས་དང་སྒྲུང་རིང་དཔེ་ཚོགས་ཐོག་མར་གྱུར་པས་ཀུན་གྱི་དོ་སྣང་ཆེན་པོ་བྱུང་། ཁོང་གི་དཀའ་སྤྱད་འབད་བརྩོན་གྱི་གྲུབ་འབྲས་ནི་དེ་ལྟར་མིག་མཐོང་ལག་ཟིན་ཡིན་པས། ཁོང་གིས་འཆར་འགོད་དང་རྩོམ་སྒྲིག་བྱས་པའི་དཔེ་དེབ་མང་པོར་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་སྣ་ཚོགས་ཐོབ་པ་རེད། དཔེར་ན། 《སྒྲུང་རིང་དཔེ་ཚོགས》ལས《ཁ་སང་གི་རྨི་ལམ》ཞེས་པར་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྐབས་བཅུ་གཅིག་པའི་རྟ་མཆོག་བྱ་དགའ་ཐོབ་པ་དང་། 《ཆུ་མིག་དགུ་སྒྲིལ》 ཞེས་པར་ཀྲུང་གོའི་རིག་རྩལ་གསར་རྩོམ་སྤུས་ལེགས་པར་སྐྲུན་ལས་གཞིར་བདམས་པ་དང་། 《མར་ངོའི་ཟླ་བ》སོགས་ལ་གངས་ཅན་རྟགས་མའི་རྩོམ་རིག་བྱ་དགའ་ཐོབ། གཞན་ཡང《དྲེལ་ལུང》ལ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི"འབྲོང་རྩོམ་རིག་བྱ་དགའ"ཐོབ་བོ།།
མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གཞོན་པ་སྒྲོལ་མ་རྒྱ་མཚོ་ལགས་ཀྱིས་སྐུ་ཞབས་བསོད་ལོ་ལ་འདི་ལྟར་གདེང་འཇོག་བྱེད་དེ། སྐུ་ཞབས་བསོད་ལོ་ལགས་ནི2011ལོར《སྦྲང་ཆར》རྩོམ་སྒྲིག་ཁང་ནས་ངེད་དཔེ་དེབ་རྩོམ་སྒྲིག་ཁང་དུ་ལས་གནས་སྤར། ཁོང་གིས་དཔེ་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་པའི་ལོ་འདི་འགའི་རིང་ལ་དཔེ་དེབ་པར་སྐྲུན་གྱི་རྣམ་གྲངས་དང་སྤུས་ཀ་གང་ཐད་ནས་འཕེལ་རྒྱས་བྱུང་ཡོད་པར་མ་ཟད། དཔེ་དེབ་པར་སྐྲུན་གྱི་ངོ་བོ་ཡང་དང་མའི་གནའ་དཔེ་གཙོར་འཛིན་པ་ལས་དེང་རབས་ཀྱི་དཔེ་དེབ་པར་སྐྲུན་བྱེད་པར་ཁ་ཕྱོགས་པ་ནི་དུས་རབས་ཀྱི་ཐོད་རྒལ་ཞིག་རེད་ཅེས་བཤད་ནའང་མི་ཆོག་པ་མེད་ཟེར།
སྐུ་ཞབས་བསོད་ལོ་ལགས་ལ2004ལོར"རྒྱལ་ཡོངས་གསར་འགྱུར་པར་སྐྲུན་ལས་རིགས་ཁྲོད་བྱས་རྗེས་འབུར་ཐོན་གྱི་གཞོན་དར་ཆེད་མཁས་པའི"མཚན་སྙན་གནང་བ་དང་། 2005ལོར་མཚོ་སྔོན་ཞིང་ཆེན་གྱི་དྲིལ་སྒྲོག་དང་རིག་གནས་སྡེ་ཁག་གི"སྐོར་གཅིག་ཅན་བཞིའི"ཕུལ་བྱུང་འཇོན་མིའི་མཚན་སྙན་གནང་བ་རེད། རྩོམ་སྒྲིག་གི་ལས་ཀ་དེ་དག་གི་ཞོར་ལ་ཁོང་གིས《བོད་ལྗོངས་ཞིབ་འཇུག》སྟེང《གེ་སར་སྒྲུང་པའི་སྐོར་རགས་ཙམ་གླེང་བ》སོགས་དང་། 《ཀྲུང་གོའི་དཔེ་སྐྲུན》སྟེང་རྒྱ་ཡིག་གི《བོད་ཡིག་དཔེ་སྐྲུན་ལས་དོན་ཐད་ཀྱི་བསམ་གཞིག》སོགས། 《མི་རིགས་ཀྱི་རྩོམ་རིག》སྟེང《མཚོ་སྔོན་གྱི་ལོ་ངོ་ལྔ་བཅུའི་རིང་གི་བོད་ཀྱི་དེང་རབས་རྩོམ་རིག་ལ་དཔྱད་པ》སོགས། དེ་མིན《སྦྲང་ཆར》གྱི་སྟེང་དུ《གེ་སར་སྒྲུང་པ་ཞིག་གི་གཏམ་རྒྱུད》སོགས་བཅས་ཚགས་དེབ་སྣ་ཚོགས་སྟེང་རྒྱ་བོད་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་བཅུ་ཕྲག་འགའ་སྤེལ་མྱོང་ངོ་། །
མདོར་ན། སྐུ་ཞབས་བསོད་ལོ་ལགས་ཀྱིས་བོད་ཀྱི་ཀློག་མཁན་ཡོངས་ལ་གང་ལ་གང་བསྟུན་གྱི་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་བསྐྲུན་ཡོད་པ་དང་། ཁོང་གི་མི་ཚེ་ཕྱེད་ཀྱི་དུས་ཚོད་མང་པོ་རྩོམ་སྒྲིག་གི་ལས་ཀར་བསྟིམས་ཤིང་། དེ་བཞིན་གྱི་གྲུབ་འབྲས་ཀྱང་མི་དམན་པ་བླངས་ཡོད་པས། ཁོང་ནི་དཔེ་སྐྲུན་ལས་རིགས་སྟེང་གི་རྩོམ་སྒྲིག་པ་འཇོན་ཐང་ཅན་ནམ་སྣེ་ཁྲིད་པ་བཟང་པོ་ཞིག་ཡིན་ལ། ཁོང་གིས་ད་དུང་ཡང་རྩོམ་སྒྲིག་གི་ལས་ཀའི་སྟེང་རང་ནུས་ཅི་ལྕོགས་ཀྱིས་འབད་འབུངས་བྱེད་བཞིན་ཡོད་པས། ཁོང་ནི་ང་ཚོ་བོད་ཀྱི་དཔེ་སྐྲུན་ལོ་རྒྱུས་སྟེང་གི་གཞན་དྲིང་མི་འཇོག་པའི་མི་སྣ་གལ་ཆེན་ཞིག་ཏུ་འགྱུར་བར་གདོན་མི་ཟའོ། །
རྩོམ་སྒྲིག་འགན་འཁུར་བ། རྒྱལ་ལོ།