གོད་ཆག་ཁྲོད་ཀྱི་བརྩེ་བ། -4·25ཡི་ས་ཡོམ་གཞིས་རྩེའི་ཡོམ་འགོག་གེགས་སེལ་དང་གེགས་ཁུལ་བསྐྱར་བསྐྲུན་སྐོར་གྱི་ཟིན་བྲིས་གནད་བསྡུས།

ཀྲང་ཆི་ཡིས་བརྩམས། ལྷ་གཡང་ནོར་བུས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


གླེང་གཞི།

 

 

        བོད་ལྗོངས་གཞིས་ཀ་རྩེ་གཉའ་ལམ་རྫོང་འགྲམ་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ནུབ་ངོས་སུ་ཆགས་ཤིང་།  ཤར་དང་།  ལྷོ།  ནུབ་གསུམ་ག་བལ་ཡུལ་གྱི་ས་མཚམས་དང་སྦྲེལ་ཡོད།  དེ་ནས་བལ་པོའི་རྒྱལ་ས་ཀ་ཏ་མ་ཊུ་བར་ལམ་ཐག་སྤྱི་ལེ120ལས་མེད།  འགྲམ་གྱི་འགག་སྒོ་ནི་ཀྲུང་གོ་དང་བལ་པོའི་དབར་གྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་སྤེལ་རེས་ཀྱི་ལམ་ཆེན་གཙོ་བོ་དེ་ཡིན་པས་རྒྱལ་ཁབ་གཉིས་ཀྱི་ཚོང་དོན་བརྒྱ་ཆའི90ཙམ་འདི་ནས་བརྒྱུད་དགོས།  མཐའ་བཞིར་རི་བོ་དང་།  ནགས་ཚལ།  གཙང་ཆུས་བསྐོར་ཞིང་།  དར་རྒྱས་ཆེ་ལ་འཁྲུག་ཆ་དོད་པའི་གྲོང་རྡལ་ཆུང་ཆུང་དེར་དམངས་ཁྲོད་དུ་མཐོ་སྒང་གི་ཧང་ཀང་ཆུང་ཆུང་ཞེས་ཟེར།  འགྲམ་གྱི་འགག་སྒོ་དང་རི་རྒྱུད་སྦྲེལ་བའི་སྐྱིད་རོང་རྫོང་སྐྱིད་རོང་གྲོང་རྡལ་ཡང2014ལོར་དངོས་སུ་སྒོ་མོ་ཕྱེས་ནས་ཀྲུང་གོའི་བོད་ལྗོངས་དང་བལ་ཡུལ་དབར་གྱི་སྐམ་སའི་ཚོང་དོན་འགག་སྒོར་གྱུར། 

 

        2015ལོའི་ཟླ་བ4པའི་ཚེས15ཉིན་གྱི་ཆུ་ཚོད14དང་སྐར་མ11ཐོག  བལ་ཡུལ་གྱི་བྱང་ཐིག28.2དང་།  ཤར་ཐིག84.7ཡི་སར་ས་ཡོམ་རིམ་པ8.1བརྒྱབ་ནས་ཡོམ་གནས་ཀྱི་གཏིང་ཚད་སྟོང་རྨིད20ཟིན།  ས་ཡོམ་རྒྱག་ཡུལ་དང་རང་རྒྱལ་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གཉའ་ལམ་རྫོང་གི་མཐའ་མཚམས་དབར་སྤྱི་ལེ42དང་།  སྐྱིད་རོང་རྫོང་གི་མཐའ་མཚམས་དབར་སྤྱི་ལེ43ལས་མེད།  དྲག་གཡོ་དང་འཕྲོ་ཡོམ་ཐེངས་བརྒྱ་ཕྲག་འགུལ་རྐྱེན་མཐའ་མཚམས་ཀྱི་རྫོང་དེ་གཉིས་ལ་གནོད་འཚེ་ཚབ་ཆེན་བཟོས་ཤིང་།  དེའི་ནང་གཉའ་ལམ་རྫོང་གི་འགྲམ་འགག་སྒོར་གནོད་འཚེ་ཚབས་ཆེ་ཤོས་ཕོག་པ་དང་།  སྐྱིད་རོང་རྫོང་གི་སྐྱིད་རོང་གྲོང་རྡལ་དང་། དིང་རི་རྫོང་གི་རོང་ཤར་ཤང་གཉིས་ལ་ཡང་ཆེ་ཆུང་མ་ལྟོས་པར་གནོད་འཚེ་ཕོག་ཅིང་།  ལྷག་པར་དུ་འགྲམ་གྱི་འགག་སྒོར་བསྐྱོད་སའི་གཞུང་ལམ་གང་སར་ས་?་ཉིལ་ནས་འགག་པ་དང་།  གློག་དང་འཕྲིན་གཏོང་ཆད་དེ་སྐབས་ཤིག་རིང་།  འགྲམ་གྲོང་རྡལ་ནི་ཕྱི་འབྲེལ་བྱེད་ཐབས་བྲལ་བའི་ཁེར་རྐྱང་གི་གླིང་ཕྲན་ལྟ་བུར་གྱུར།  བསྡོམས་རྩིས་བྱས་པར་གཞིགས་ན།  ས་ཡོམ་དེས་བོད་དུ་ཁྱོན་མི་གྲངས26རྐྱེན་ལམ་དུ་ཤོར་བ་དང་།  མི3བོར་བརླགས་སོང་བ།  མི856ལ་རྨས་སྐྱོན་ཕོག་པ།  མི་ཁྲི30ཙམ་ལ་གནོད་འཚེ་ཕོག་པ།  ཁང་པ2699དང་དགོན་སྡེ1ཐོར་ཞིག་ཏུ་སོང་བ།  དམངས་ཁང39943དང་།  དགོན་སྡེ་དང་རིག་དངོས་སྲུང་སྐྱོབ་ཚན་པ242བཅས་ལ་གནོད་སྐྱོན་ཕོག 

 

        གནོད་འཚེ་བྱུང་འཕྲལ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཐོང་ཧ་ཅང་ཆེན་པོ་གནང་ཞིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཐབས་ཤེས་ཡོད་རྒུས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་དགོས་པའི་གལ་ཆེའི་མཛུབ་སྟོན་གནང་ཞིང་།  ཙུང་ལི་ལི་ཁེ་ཆང་གིས་ཀྲུང་དབྱང་དང་རྒྱལ་ཁབ་པུའུ་ཨུད་ཁག་གིས་དུས་ཐོག་ཏུ་གཞོགས་འདེགས་དང་རོགས་སྐྱོབ་གང་ཡོད་བྱ་དགོས་པ་དང་།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མྱུར་དུ་ཞིབ་ཕྲའི་འཆར་གཞི་བཀོད་སྒྲིག་བཟོ་དགོས་ལ།  དྲག་ཆས་དམག་དཔུང་དང་།  སྤྱི་བདེ།  མེ་ཟོན།  བཅིངས་འགྲོལ་དམག་དཔུང་སོགས་རྒྱ་ཆེའི་མི་དམངས་ཀྱི་བུ་ཕྲུག་དམག་མགྱོགས་མྱུར་གནོད་འཚེ་ཕོག་ཡུལ་གྱི་འཐབ་སར་བསྐྱོད་དེ།  མི་རིགས་ཁག་གི་མི་དམངས་དང་དཔུང་ཤུགས་གཅིག་སྒྲིལ་ངང་།  ཏང་སྲིད་དམག་དམངས་ཡོངས་ཀྱིས་ཕྱར་བ་གྲུ་འདེགས་ཀྱི་སྒོ་ནས་ཡོམ་འགོག་གེགས་སེལ་ལས་དོན་ཡག་པོ་བསྒྲུབ་དགོས།  ཞེས་གཅིག་གྱུར་བཀོད་སྒྲིག་གནང་།  དེ་མུར་འགྲམ་གྲོང་རྡལ་གྱི་སྲིད་འཛིན་གྲོང་ཚོ་བཞིའི་མང་ཚོགས63989ཉེན་ཁུལ་ནས་ཉེན་གཡོལ་ཁུལ་དུ་གཅིག་གྱུར་གནས་སྤོ་བྱས་ཤིང་།  ཁོ་ཚོའི་འགྲོ་འདུག་སྤྱོད་གསུམ་གྱི་མཁོ་ཆས་ཡོད་ཚད་མཁོ་སྤྲོད་བྱས་པར་མ་ཟད།  རྨས་མར་དུས་ཐོག་ཏུ་སྨན་བཅོས་ཐུབ་པ་དང་།  གནོད་འཚེ་ཕོག་པའི་ས་ཆ་གཞན་ལ་ཡང་གང་མགྱོགས་གློག་དང་།  ཆུ།  འཕྲིན་གཏོང་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་བསྐྱར་བསྐྲུན་བྱས་ནས་རྒྱུན་ལྡན་གྱི་སྤྱི་ཚོགས་བདེ་འཇགས་དང་སྒྲིག་ལམ་རྒྱུན་འཁྱོངས་ཐུབ་པ་བྱུང་།  དེ་ལྟར་བོད་རང་སྐྱོང་ལྗོངས་རིམ་ཁག་ཏང་ཡོན་ལས་བྱེད་ལས་བཟོའི་ཐུན་མོང་འབད་བརྩོན་དང་འབྲེལ་ཡོད་ཚན་པ་ཁག་གི་ཤུགས་ཆེའི་རོགས་སྐྱོར་འོག  ས་ཡོམ་གྱི་གནོད་འཚེ་ཕོག་ཚད་དམའ་ཤོས་སུ་ཚོད་འཛིན་ཐུབ་ཅིང་ཞོར་སྐྱོན་གྱི་རང་བྱུང་གནོད་འཚེ་ཐོན་རྒྱུར་སྔོན་འགོག་གང་ལེགས་ཐུབ་པ་བྱུང་ཡོད།

 

        འོན་ཀྱང་ས་བབ་ཁྱད་ཆོས་དམིགས་བསལ་ཆེ་བར་ས་ཡོམ་གྱི་གནོད་འཚེ་ཤུགས་ཆེན་ཕོག་ན།  ཡོམ་འགོག་གེགས་སེལ་དང་སྐབས་འཕྲལ་གྱི་ཉེན་གཡོལ་ཁུལ་དུ་བཀོད་སྒྲིག་བྱེད་པ་ནི་གོམ་པ་དང་པོ་ཙམ་ཡིན།  ཏང་དང་རྒྱལ་ཁབ་ཀྱིས་མང་ཚོགས་ལ་འགན་འཁྲི་མཐའ་འཁྱོལ་བ་འཁུར་ནས་ཕུགས་ཕན་གྱི་གེགས་སྐྱོབ་འཆར་གཞི་བཏིངས་རྗེས།  གཉའ་ལམ་རྫོང་གི་ཁང་པ་ཚར་མར་གས་ཆག་ཤོར་བའི་ཛ་དྲག་གནས་ཚུལ་ལ་གཞིགས་ཏེ་རྒྱལ་ཁབ་ནོར་སྲིད་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་རྫོང་མཁར་ཁྱོན་རྦད་དེ་བསྐྱར་བསྐྲུན་བྱ་རྒྱུའི་འཆར་འགོད་གཏན་འཁེལ་བྱས་པ་ནི་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ལས་གྲྭ་རྒྱ་ཆེན་ཞིག་ཡིན།  ལས་གྲྭ་དེ་འཛུགས་སྐྲུན་བྱེད་སྐབས་ཏང་ཀྲུང་དབྱང་གིས་གཅིག་གྱུར་བཀོད་འདོམས་གནང་ཞིང་།  རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་གལ་ཆེའི་མཛུབ་སྟོན་གནང་བ་དང་།  རིམ་པ་ཁག་གི་འགོ་ཁྲིད་དང་འབྲེལ་ཡོད་འགན་ནུས་ཚན་པས་ཧུར་བརྩོན་འབད་འཐབ་བྱས་ཐོག  གཞིས་རྩེ་གྲོང་ཁྱེར་གྱིས་འབྲེལ་ཡོད་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ནས་ཆེད་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་པ་དང་།  གྲོང་ཨུད་ཀྱི་གཙོ་བོའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་བྱས་པའི་གེགས་ཁུལ་བསྐྱར་བསྐྲུན་གཞུང་ལས་ཁང་བཙུགས་པ།  དེའི་འོག་སེམས་རྩ་འཁོལ་ཞིང་བྱམས་སེམས་ཆེ་ལ་ཐབས་དང་ཤེས་རབ་ཅན་ལྡན་པའི་གཞོན་ནུའི་དཔུང་ཁག་གཅིག་གིས་ལོ་གཅིག་རིང་ལས་དོན་ཁག་གོ་རིམ་ལྡན་ཞིང་ཚན་རིག་དང་མཐུན་པའི་སྒོ་ནས་སྤེལ་སྟབས།  ད་ཆ་སྐྱེ་བོ་ཚོའི་མིག་ལམ་དུ་དེང་རབས་ཅན་གྱི་ཁྱད་འཕགས་གྲོང་རྡལ་ཆུང་ཆུང་ཞིག་གཞི་ནས་ཤར་བྱུང་།  

 

        ཆག་སྒོའི་དཀྱིལ་དུ་བྱམས་བརྩེ་དེ་བས་ཆེ་ཞེས་པ་ལྟར།  ཡོམ་འགོག་གེགས་སེལ་དང་གེགས་ཁུལ་བསྐྱར་བསྐྲུན་ལས་དོན་སྤེལ་རིང་།  མི་སེམས་ལ་གཡོ་འགུལ་ཐེབས་པའི་སྣང་ཚུལ་མང་པོ་ཐོན་ཞིང་།  བསྔགས་བརྗོད་ཀྱི་བསྟོད་དབྱངས་འབུལ་འོས་པའི་མི་སྣའི་མཛད་རྗེས་དེ་བས་ཀྱང་མང་།  སྤྱིར་བཏང་མིན་པའི་དུས་སུ་འོད་མདངས་ལམ་ལམ་འཚེར་བའི་མི་སྣའི་མཛད་རྗེས་དང་སྙིང་སྟོབས་དག་ལ་བསྟོད་གླུ་འབུལ་འོས་ལ།  འགན་འཁྲི་ལྕི་བའི་རྒྱུན་ལྡན་གྱི་འཛུགས་སྐྲུན་ཆེན་མོའི་ཁྲོད།  དེ་ལས་མང་བའི་ལས་རིགས་མི་གཅིག་པའི་མི་ཚོས་ངང་རྒྱུད་རིང་བའི་དཀའ་སྤྱད་སྡུག་རུས་ཀྱི་དད་སེམས་དང་།  རང་ལས་གཞན་གཅེས་ཀྱི་སྙིང་སྟོབས་མེད་ན་དེ་བས་ཀྱང་ག་ལ་འགྲུབ་སྲིད།  ལོ་ངོ་གཉིས་འདས་རྗེས།  གཞིས་རྩེའི་གསོན་ཉམས་རྒྱས་ཤིང་།  ཚ་ཚ་འུར་འུར་ངང་སྤེལ་བཞིན་པའི་གེགས་ཁུལ་བསྐྱར་བསྐྲུན་གྱི་རྣམ་པ་མཐོང་རྒྱུ་ཡོད་ལ།  རྩིག་རུལ་གྱང་རུལ་དུ་གྱུར་པའི་འགྲམ་གྱི་འགག་སྒོ་མཐོང་སྐབས་བཟོད་གླགས་བྲལ་བའི་སྐྱོ་སྣང་སྐྱེ་འོང་།  ད་དུང་ཧ་ལས་ཤིང་ཧང་སངས་དགོས་པའི་འཇིགས་སྣང་དངངས་སྐྲག་གང་འདྲ་བྱུང་མིན་དང་།  མིག་ཟུང་ལས་མཆི་མ་འཐོར་བའི་བྱུང་རིམ་དག་ཀྱང་ཐོས་ཐུབ།  དེ་དག་ལས་ཆེས་བག་ཆགས་ཟབ་ཤོས་ནི་རྒྱ་ཆེའི་མི་དམངས་མང་ཚོགས་ཚོས་མེས་རྒྱལ་ལ་བཅངས་པའི་བརྩེ་སེམས་དེ་རེད།  གནོད་འཚེ་ཕོག་པའི་མང་ཚོགས་དང་།  ལས་རིགས་ཁག་གི་གེགས་སྐྱོབ་མི་སྣ།  གེགས་ཁུལ་བསྐྱར་བསྐྲུན་བྱེད་མཁན་གྱི་ཨར་པོ་བ་སོགས་སུ་འདྲ་ཞིག་ཡིན་རུང་།  འདི་ལྟ་བུའི་རང་བྱུང་ཁམས་ཀྱི་ཆག་འཇིག་ཆེན་པོ་ཕྲད་སྐབས་གཞི་ནས་མེས་རྒྱལ་གྱི་སྟོབས་ཤུགས་དང་གུང་ཁྲན་ཏང་གི་བླ་ན་མེད་པའི་སྤྱོད་བཟང་ཚོར་ཐུབ་ལ།  གཞི་ནས་མ་ཡུམ་མེས་རྒྱལ་གྱི་བྱམས་བརྩེའི་ཐུགས་འཁུར་དང་སྲ་ཞིང་བརྟན་པའི་རྒྱབ་རྟེན་མྱོང་ཐུབ།  སྨྱུག་འཛིན་པས་སྤྱོད་བཟང་དེ་དག་ཐོས་སྐབས་ཡིད་སེམས་ལ་གཡོ་འགུལ་ཡང་ཡང་ཐེབས་ཡོང་།  ད་ཆ་དྲང་ནུས་ཀྱིས་ཕྱུག་པའི་དོན་དངོས་དེ་དག་རེ་རེ་བཞིན་ཡི་གེས་མཚོན་པར་བྱ་རྒྱུ་ནི་ངའི་འདོར་ཐབས་མེད་པའི་འགན་འཁྲི་ཡིན།  འོན་ཀྱང་ནང་དོན་རྒྱ་ཆེ་ཞིང་།  འགོ་མཇུག་རྙོག་འཛིང་ཆེ་ལ།  སྨྱུག་རྩལ་ཞན་པས་དེ་དག་གི་དབུས་སུ་ཐོན་པའི་བྱ་བ་ཙག་ཙིག་གི་རྣམ་པ་རེ་ཟུང་ཞིག་བྲིས་ཏེ་གུང་ཁྲན་ཏང་མིའི་གོད་ཆག་ཁྲོད་ཀྱི་སྙིང་སྟོབས་དང་།  ཏང་དང་རྒྱལ་ཁབ་ཀྱིས་མི་དམངས་ལ་བཅངས་པའི་ལྷག་བསམ་ཟོལ་མེད་ཀྱི་བརྩེ་བ་དང་ནུས་ལྡན་གྱི་སྲུང་སྐྱོབ་ཇི་ལྟར་བྱེད་ཚུལ་ཁྲོན་པའི་ནང་ལས་ནམ་མཁར་བལྟས་པ་ཇི་བཞིན་ཆ་ཤས་ཙམ་ཞིག་གླེང་བར་འདོད།  

 

གཅིག  ས་གཞི་ཡམ་ཡོམ་དུ་འཁྱོམ་ཡང་།  མི་ཡུལ་ལ་བྱམས་བརྩེས་ཁེངས།

 

        རྒྱལ་ལམ318གྱི་སྣེ་རུ་ཆགས་པའི་འགྲམ་གྲོང་རྡལ་ནི་ཕྱོགས་བཞིའི་རི་བོ་གཅིག་ལ་གཅིག་བརྟེན་གྱི་ཕྲེང་?ག་དང་འདྲ་བར་ལྷུང་ལྷུང་དུ་འབབ་པའི་དལ་འགྲོའི་རྒྱུན་ལ་བརྒྱུས་ཤིང་།  ལྡེམ་ལྡེམ་གཡོ་བའི་ཚང་ཚིང་དབུས་རི་དྭགས་སྣ་ཚོགས་སོས་དལ་བག་ཕེབས་ངང་འཚོ་བཞིན་མཆིས།  གནས་འདིའི་དམིགས་བསལ་གྱི་ས་བབ་ཁྱད་ཆོས་དང་ཁོར་ར་ཁོར་ཡུག་ལས་འབྲི་ཆུའི་ལྷོ་རྒྱུད་ཀྱི་གནའ་གྲོང་ཞིག་དང་འདྲ་བའི་མཛེས་སྡུག་ཅིག་ངང་གིས་མངོན།  ད་དུང་བལ་ཡུལ་གྱི་མཐའ་མཚམས་སུ་ཆགས་པའི་རྒྱལ་ཁབ་རིམ་པ་དང་པོའི་སྐམ་སའི་ཚོང་དོན་འགག་སྒོ་དེ་གར་ཆགས་སྟབས།  གཞན་དང་མི་འདྲ་བའི་དེང་རབས་ཅན་གྱི་གསོན་ཤུགས་གསར་པ་ཞིག་རྒྱས་བཞིན་ཡོད།  ལོ་གཅིག་དུས་བཞིར།  འགྲམ་གྱི་ཁྲོམ་ལམ་སྟེང་ཕར་འགྲོ་ཚུར་ཡོང་གི་འགྲུལ་པ་ཚོ་ཆུ་མོའི་རྒྱུན་བཞིན་ཆད་དུས་མེད་ལ།  རྫིག་ཉམས་དོད་པའི་ཚོང་ཁང་རྣམས་རིམ་པ་ལྟར་ཆགས་ཤིང་། ཚོང་ཟོག་དབོར་འདྲེན་གྱི་རླངས་འཁོར་གཅིག་རྗེས་གཉིས་མཐུད་དུ་བྲེལ་བའི་སྣང་ཚུལ་གྱིས་དར་རྒྱས་འགྲོ་བཞིན་པའི་གྲོང་རྡལ་ཆུང་ཆུང་འདི་ཉིད་ཉིན་རེ་བཞིན་གོང་འཕེལ་གཏོང་རྒྱུར་ཅུང་གུ་དོག་པའི་སྣང་བ་ཞིག་སྟེར་མོད།  ཞིབ་པར་བལྟས་ཚེ་རང་གནས་རང་སྡོད་དང་རང་ལམ་རང་སྐྱོད་ཀྱི་ཁུ་སིམ་ཞིང་གོ་རིམ་ལྡན་པ་ནི་གྲོང་རྡལ་ཆུང་ཆུང་དེའི་རྒྱུན་ལྡན་གྱི་ཐོན་སྐྱེད་འཚོ་བའི་རྣམ་པ་ཞིག་ཅི་ལ་མིན།    

 

        འགྲམ་གྱི་ཡུལ་སྐོར་ཅུད་གནས་ཡུལ་ནི་ཁྲོམ་ལམ་ཟུར་གྱི་ཐོག་བརྩེགས་གསུམ་ཅན་ཞིག་རེད།  དེའི་གཡས་གཡོན་གཉིས་ཀར་ཚོང་ཁང་ཡིན་ལ།  ལམ་གྱི་ཁ་གཏད་དུ་ཉེན་དོན་ཁང་ཨང་བཞི་པ་གནས།  ལམ་སྟེང་འཁོར་རིགས་ཀྱི་དུང་སྒྲ་བར་མཚམས་མེད་པར་རྣ་བར་གྲགས་འོང་ཞིང་།  རྒྱབ་ངོས་སུ་ཉིན་མཚན་མཐུད་དེ་དལ་ཁོམ་མེད་པར་རྒྱུག་བཞིན་པའི་སྤོ་ཆུའི་རྦ་རླབས་བྲག་ལ་བརྡབས་པའི་ཆིལ་སྒྲས་ཀྱང་མཚན་མོའི་ལྷིང་འཇགས་དཀྲོགས།  དེ་གར་འཚོ་བཞིན་པའི་སྐྱེ་བོ་ཚོ་ནི་གཡས་གཡོན་གྱི་མཉམ་སྒྲོག་རོལ་དབྱངས་ལྟ་བུའི་སྒྲ་དག་ལ་སྔ་ས་ནས་གོམས་ལོབས་སུ་གྱུར་ཏེ་སུན་སྣང་དང་འཁང་ར་ཡེ་ནས་མེད་པར་རང་རང་གི་ལས་གནས་ཐོག  རང་གི་འཚོ་བའི་གོམ་འགྲོས་དང་མཐུན་པའི་མི་ཚེ་སྐྱེལ་བཞིན་བདེ་བར་གནས།  

 

        2015ལོའི་ཟླ་བ4པའི་ཚེས25ཉིན་གྱི་ཉིན་གུང་རྒྱུན་ལྡན་ལྟར་ཡིན།  ཡུལ་སྐོར་ཅུད་ཀྱི་ལས་མི་ཚེ་བརྟན་གུང་ཟས་ཚར་དུས་ཆུ་ཚོད་གཉིས་པ་ཟིན་མེད།  མོས་གོམས་ཕྱོགས་ལྟར་ཐོག་བརྩེགས་གཉིས་པའི་སྟེང་འཛེགས་ཏེ།  སྒེའུ་ཁུང་ནས་ཕྱི་ངོས་སུ་རྒྱང་ལྟ་ཞིག་བྱས།  གཤམ་འོག་གི་ཁྲོམ་ལམ་སྔར་བཞིན་འཁྲུག་ཆ་དོད་ལ།  ཕ་རོལ་གྱི་ཉེན་དོན་ཁང་ནང་ཉེན་རྟོག་པས་བསྡོད་བྱ་སྲུང་བཞིན་འདུག  སྒེའུ་ཁུང་འོག་ཏུ་ཁྱིམ་མཚེས་ཀྱི་ཨར་སྐྲུན་བྱེ་མ་ཕུང་པོ་ཞིག་ཁུ་སིམ་མེར་སྤུངས་འདུག……ཡུད་ཙམ་ལས་མ་སོང་བར་གཉིད་ལྕོག་བརྒྱབ་བྱུང་བས་ཁྱིམ་དུ་ལོག་ནས་མལ་ཁྲིའི་སྟེང་གུང་གཉིད་ལ་རོལ།  གཉིད་དལ་བུར་ཁུག་ཡོང་བའི་སྐབས།  གློ་བུར་དུ་ལུས་འོག་གི་ཉལ་ཁྲིས་འཕག་ཙམ་བྱས་བྱུང་།  སྣང་བ་བན་བུན་དཀྱིལ་དུ་དེ་ནི་རྨི་ལམ་ཡིན་ངེས་སྙམ་མོད།  དེ་མུར་སླར་ཡང་སྔར་ལས་ཤུགས་ཆེ་བའི་འཕག་ཡོམ་ཞིག་བརྒྱབ་བྱུང་བས་ཞེད་མ་དངངས་ཀྱིས་མིག་གདངས་ནས་ལྟ་སྐབས།  མགོ་སྟེང་གི་ཤེལ་ཏོག་ཡམ་ཡོམ་དུ་གཡུག་བཞིན་འདུག  མ་རེད།  ཁང་པ་ཁྱོན་ཡམ་ཡོམ་དུ་གཡོ་བཞིན་འདུག  གཞི་ནས་སྐད་ཤུགས་ཆེན་པོས།  ས་ཡོམ།  ས་ཡོམ་བརྒྱབ་སོང་ཞེས་འབོད་བཞིན་མཆོང་མ་རྒྱུག་གིས་སྒོ་ཕྱོགས་སུ་བརྒྱུགས་མོད།  ཉལ་ཁྲི་དང་སྒོའི་བར་ཐག་ཅུང་རིང་བས་ལམ་སེང་སྒེའུ་ཁུང་འགྲམ་དུ་ཁ་བསྒྱུར།  སྒེའུ་ཁུང་འོག་ཏུ་མ་སླེབས་མཚམས་སླར་ཡང་དེ་ལས་ཤུགས་ཆེ་བའི་ཡོམ་འཁྱོམ་ཞིག་བརྒྱབ་བྱུང་བ་ན།  མོ་ཉལ་ཁྲིའི་འགབ་ཏུ་འགྱེལ།  རང་སར་སྡོད་མ་ཕོད་པར་ཁྱར་རེ་ཁྱོར་རེའི་ངང་སྒེའུ་ཁུང་འགྲམ་དུ་འཁྱོལ་ཙམ་བྱུང་།  དེ་མ་ཐག་སླར་ཡང་དེ་ལས་ཤུགས་དྲག་ཆེ་བའི་ཡོ་འཁྱོམ་ཞིག་བརྒྱབ་བྱུང་བས་གོང་ལས་ཀྱང་ཤུགས་ཆེ་བ་ཞིག་བརྡབས་ནས་ཡར་ཙམ་འཕར། མོས་ཨུ་ཚུགས་མཐར་སྐྱེལ་གྱིས་སྒེའུ་ཁུང་ཕྱོགས་སུ་གོམ་པ་སྤོས་པ་ན།  གཞི་ནས་ལྕགས་དྲར་ལག་པ་སྙོབས་ཙམ་བྱུང་།  ཡིད་ལ་སྒེའུ་ཁུང་འོག་ཏུ་བྱེ་ཕུང་ཞིག་ཡོད་ཨང་སྙམ་ནས་ཐེ་ཚོམ་སྤུ་ཙམ་མེད་པར་སྒེའུ་ཁུང་ལས་ཕྱི་རུ་མཆོངས།  ས་སྟེང་དུ་ལྷུང་དུས་ཁང་ཐོག་གི་རྫ་གཡམ་དང་།  ས་?་མོ་དང་མཉམ་དུ་ལྷུང་ཡོང་།  རྣོ་ངར་ཆེ་བའི་རྫ་གཡམ་ཞིག་མོའི་མགོ་ཐོག་ཏུ་ཕོག་ནས་ཟུངས་ཁྲག་དམར་ཆིལ་ཆིལ་ངང་བ?ལ་ཏེ་རིམ་བཞིན་མིག་ཟུང་རབ་རིབ་ཏུ་གྱུར་ཅིང་རང་གི་ལུས་པོ་ཡོངས་དམར་བྱིང་བྱིང་ཞིག་མངོན་ལ།  ལུས་འོག་གི་བྱེ་མའི་ཚོས་གཞི་ཡང་དམར་མདོག་ཏུ་གྱུར་པ་འདྲ།  ད་ལྟ་འདི་ཚོར་ལྟ་ལོང་ག་ནས་ཡོང་།  ལམ་སེང་ས་རྒྱ་ཡངས་སར་འབྲོ་དགོས་སྙམ་ནས་ཡར་ལངས་ཏེ་གོམ་པ་རེ་གཉིས་ཤིག་སྤོས་མ་ཐག  རྒྱབ་ངོས་ནས་ས་གཞི་གད་སོང་སྙམ་པའི་ལྡིར་སྒྲ་ཆེན་པོ་ཞིག་གྲགས་བྱུང་བས་ཕྱིར་མིག་ལྟ་ཙམ་བྱེད་དུས།  ད་ལྟ་རང་ཉིད་མཆོང་ཡོང་སའི་ཁང་པ་ཐོག་བརྩེགས་གསུམ་ཅན་དེར་ཕ་བོང་ཆེན་པོ་ཞིག་གི་རྦབ་?་ཕོག་སྟེ་རྦད་དེ་འགྱེལ་ནས་རྒྱབ་ངོས་ཀྱི་ཡུར་བུའི་ནང་ཉིལ་སོང་།  མོ་སྒེའུ་ཁུང་ནས་མཆོངས་ནས་ད་བར་དུས་ཚོད་མང་ཤོས་ལ་ཡང་སྐར་ཆ་བཞི་ལྔ་ཙམ་ལས་ཡོལ་མེད།   ཚེ་བརྟན་ཞེད་ནས་ཁ་ལས་མིག་ཆེ་བ་གདངས་ཏེ་སྐར་ཆ་གཅིག་ཙམ་རིང་རྦད་དེ་ཧོན་ཐོར།  དེ་ནས་སླར་ཡང་ཧ་རེ་ཧུར་རེའི་ངང་མདུན་དུ་བརྒྱུགས་མོད།  མི་འགྱང་བའི་ས་ནས་སྲོག་སྐྱོབ་རོགས་ཞེས་འབོད་མཁན་ཞིག་ཐོས་པ་ན་དེའི་ཕྱོགས་སུ་བརྒྱུགས།  དེ་གར་གསལ་ལ་མི་གསལ་ངང་བུད་མེད་ཅིག་ལུས་པོ་ཕྱེད་ཀ་ཙམ་ས་?་ཞིག་རོའི་འོག་ཏུ་ཚུད་ནས་འགུལ་སྐྱོད་མི་འཕེར་བར།  སྲོག་སྐྱོབ་རོགས་ཞེས་འབོད་བཞིན་འདུག  ཚེ་བརྟན་གྱིས་གོམས་ཕྱོགས་ལྟར་ལག་པ་གཡས་པ་བརྐྱངས་ནས་འཐེན་རྩིས་བྱེད་སྐབས་བཟོད་གླགས་བྲལ་བའི་ན་ཟུག་བཏང་ནས་སྨྲེ་ངག་ཤོར་དུས།  ད་གཟོད་རང་གི་ལག་པ་སྔ་ས་ནས་རྨས་ཏེ་འགྱོགས་ཐབས་བྲལ་ཞིང་།  ཨུ་ཚུགས་ཀྱིས་ཡར་བཀྱག་ན་དེ་བས་ཀྱང་ན་ཟུག་ཆེན་པོ་གཏང་ཡོང་བ་གཞི་ནས་ཚོར།  མིག་མདུན་གྱི་?་རོའི་འོག  ངོ་རིས་རབ་རིབ་ལས་མི་གསལ་བའི་བུད་མེད་དེས་སྐད་ཤུགས་ཆུང་ངུས།  ཨ་ཅག  ངའི་སྲོག་སྐྱོབ་དང་།  ཨ་ཅག  ངའི་སྲོག་སྐྱོབ་དང་ཞེས་བོས།  ཚེ་བརྟན་གྱིས་གཞོགས་གཡས་གཡོན་བརྗེས་ཏེ་ལག་པ་གཡོན་མ་ཕར་བསྲིངས་ནས་གཟུངས་ནུས་ཡོད་རྒུས་བུ་མོ་དེ་ཕྱིར་འདོན་ཐུབ་ཙམ་བྱུང་རུང་རང་ཉིད་དེ་གར་འགྱེལ།  གང་མགྱོགས་ཉེན་རྟོག་པས་ཁོང་མཐོང་སྟེ་རྐང་པར་ལྷམ་ཆ་གཅིག་གཡོག་བཞིན་པའི་སྐབས།  གཞི་ནས་རང་ཉིད་རྐང་རྗེན་མར་ལུས་ལ་ཉིན་གུང་གཉིད་ཉལ་དུས་གྱོན་པའི་ནང་འཇམ་དེ་མ་གཏོགས་གཞན་ཅི་ཡང་གྱོན་མེད་པ་ཚོར།  སྐབས་དེར་འགྲམ་དུ་ལངས་པའི་བལ་ཡུལ་གྱི་ཨ་ཅག་དེས་དཔུང་རྒྱན་ཞིག་སྟེར་བྱུང་བ་དེས་ལུས་པོ་བཏུམས།  མགོ་དང་དཔུང་པའི་རྨ་ཁ་ལས་ད་དུང་ཁྲག་འཛག་བཞིན་འདུག་ལ།  ན་ཟུག་ནི་དེ་བས་ཀྱང་བཟོད་གླགས་བྲལ།  གློ་བུར་དུ་མོའི་སེམས་ནང་ལས་རོགས་ཕོ་གསར་ཞིག་ཀྱང་སྐབས་དེར་ཁང་པའི་ནང་ངལ་གསོ་རྒྱག་བཞིན་ཡོད་པ་དྲན་ནས།  ཁོང་ཕྱིར་མཆོང་མིན་མཐོང་མ་བྱུང་ངམ་ཞེས་དྲིས་པར་ཚང་མས་མཐོང་མ་བྱུང་ཟེར་བ་ན།  ཚེ་བརྟན་སླར་ཡང་དངངས་སྐྲག་དང་བཅས་ཏེ་དྲན་པ་ཐོར་སོང་།……

 

        རི་སྐེད་དུ་ཆགས་པའི་འགྲམ་གྲོང་རྡལ་བཀྲ་ཤིས་དོན་གྲུབ་གླིང་དགོན་པར་དེ་རིང་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཔལ་ཆོས་དང་བཙུན་མ་བཞི་ལས་སྡོད་མཁན་མེད།  ཉིན་གུང་ཟ་མ་ཟོས་ཚར་རྗེས་བཙུན་མ་གཉིས་ཆུ་འགྲམ་དུ་ཕོར་པ་བཀྲུས་བར་བསྐྱོད་པ་དང་།  དཔལ་ཆོས་དང་།  ཟླ་བ།  བསམ་གཏན་ལྷ་མོ་བཅས་ཀྱིས་ཐབ་ཚང་གི་གཙང་སྦྲ་བྱེད་བཞིན་ཡོད།  གློ་བུར་དུ་ས་གདན་འདར་འགུལ་བྱེད་བཞིན་པའི་ཚོར་སྣང་ཞིག་བྱུང་།  དེ་གའི་མུར་སྒོ་དང་སྒེའུ་ཁུང་།  ཁང་པ་ཁྱོན་ཡམ་ཡོམ་དུ་འཁྱོམ་བྱུང་ལ།  ཕྱོགས་གང་ས་ནས་ཁག་སྒྲ་ཁོག་སྒྲ་ཆེན་པོ་ཞིག་གྲགས་བྱུང་བས།  གསུམ་ག་ཞེད་ཐག་ཆོད་དེ་རེ་ཞིག་ཧད་དེ་ལུས།  དཔལ་ཆོས་ཀྱིས་ཅི་ཞིག་དྲན་པ་ལྟར།  ས་ཡོམ།  ས་ཡོམ་བརྒྱབ་བྱུང་།  མགྱོགས་པོ་ཕྲོས་ཞེས་བརྗོད་པ་དང་།  ཟླ་བ་དང་བསམ་གཏན་ལྷ་མོ་གཉིས་ཞེད་དྲགས་ནས་རྐང་པའང་འདར་བཞིན་གོམ་པ་གཉིས་ཙམ་མ་སོང་གོང་ཁ་སྦྲིབ་ལོག  དཔལ་ཆོས་ཀྱིས་ལག་གཅིག་གིས་ཟླ་བ་ཕྱིར་འཐེན་པ་དང་སྦྲགས།  ལག་གཞན་དེས་ཧོན་ཐོར་ནས་རང་སར་ལངས་པའི་བསམ་གཏན་ལྷ་མོའི་དཔུང་པར་འཇུས་ཏེ་འཕུད་མ་དྲུད་དུ་གསུམ་ཀ་ཐབ་ཚང་གི་སྒོ་འགྲམ་དུ་སླེབས་རུང་།  སྒོའི་ཕྱི་ན་ས་?ས་མནན་ཡོད་པས་འབྱེད་མ་ཐུབ།  ཁང་པ་ནི་སྔར་བཞིན་ཡམ་ཡམ་ཡོམ་ཡོམ་ངང་འགུལ་བཞིན་འདུག་ལ་ཀླད་ཐོག་གི་དངོས་པོ་ཡང་ས་མཐིལ་དུ་ལྷུང་ཡོང་། དཔལ་ཆོས་ཀྱིས་ཨ་ནེ་གཉིས་ལ།  ཕྱིར་ཐར་ཐབས་མི་འདུག  མགྱོགས་པོ་རྩིག་ཁུག་ཏུ་སྦྱོར་ཟེར་བཞིན་གཡས་རྒྱབ་ཀྱི་བསམ་གཏན་ལྷ་མོ་ཤུགས་ཀྱིས་རྩིག་པའི་གྲུ་ཁུག་ཏུ་འཕུད་རྒྱག་བརྒྱབ་པའི་མཚམས།  ཐོག་གི་གདུང་མ་ལྷུང་ཡོང་བ་མཐོང་ཞིང་།  དུས་མཉམ་དུ་ཟླ་བ་རྩིག་ཁུག་གཞན་དེར་ཕུད་པས་རང་ཉིད་གཡོལ་ཁོམ་མ་བྱུང་བར་ལྷན་སྐྱེས་བྱེད་ནུས་དབང་གིས་ལག་གཉིས་པོས་ཐོག་ནས་ལྷུང་ཡོང་བའི་གདུང་མ་ཡར་བཀར་རྩིས་བྱས་མོད།  སྦོམ་ཞིང་ལྗིད་པའི་གདུང་མ་ནི་ཤ་ཁྲག་ཕུང་པོའི་ཁ་གཏད་མིན་པས་ཐད་ཀར་ཁོང་གི་མགོ་ཐོག་ཏུ་ལྷུང་ནས་རང་སར་འགྱེལ།  དེ་མ་ཉིད་བསམ་གཏན་ལྷ་མོའི་རྐང་འོག་ནས་སེར་ག་ཆེན་པོ་ཞིག་བརྒྱུགས་ཏེ་མོ་རང་སེར་གའི་སྲུབས་ནས་ཐོག་སོ་འོག་མར་ལྷུང་བས་རྐང་པ་གཡས་པ་ས་?ས་བསྣན་ནས་འགུལ་ཐབས་བྲལ།  གློ་བུར་དུ་ཐོག་ཁའི་ཟླ་བ་ལྷ་མོས་ཨ་ཅག་དཔལ་ཆོས།  ཨ་ཅག་དཔལ་ཆོས་ཞེས་འཇིགས་ཡེར་བའི་ངུ་འབོད་ཅིག་ས་རྡུལ་བརྟོལ་ནས་མོའི་རྣ་བར་ཐོས་ཡོང་།  གདུང་མ་མགོ་བོར་ཐེབས་ནས་དྲན་པ་ཐོར་སོང་སྙམ་པའི་ཨ་ཅག་དཔལ་ཆོས་ད་ཆ་མིད་པ་ཚ་ཚ་སྐད་འབོད་བྱས་རུང་ཨ་ལན་སྟེར་མཁན་ཡེ་ནས་མེད་ལ།  རྣམ་ཀུན་བརྩེ་སེམས་ཟབ་ཅིང་ལྷག་བསམ་དག་པའི་ཨ་ཅག་ཁོང་དེ་རིང་གློ་བུར་དུ་འདི་ལྟར་གྱེས་ཡོང་བསམ་པ་སྣང་བའི་ཡིད་ལའང་མེད།……

 

        དེ་རིང་ཞོགས་པར་ཞོལ་ཕུ་གྲོང་ཚོའི་གྲོང་ལྷན་རྣམས་དབྱར་རྩྭ་དགུན་འབུ་འཐུ་བར་འགྲོ་མཁན་གྱི་ལག་ཁྱེར་སྤྲོད་ཕྱོགས་དང་།  མཚེར་སའི་རི་ལམ་ཉམས་བཟོ་ག་ཚོད་བྱ་དགོས་མིན་ལྟ་བར་འགྲོ་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་བྱེད་བཞིན་ཡོད།  ད་ཐེངས་གྲོང་ཚོའི་ཀྲུའུ་རེན་ཤེས་རབ་རྒྱལ་མཚན་རི་ལམ་ལྟ་བར་འགྲོ་མཁན་དེ་ཡིན།  ཁོང་རི་ལམ་ཕྲ་མོ་བརྒྱུད་དེ་འགྲོ་སྐབས།  གློ་བུར་དུ་རྐང་འོག་གི་ས་གཞི་ཡམ་ཡོམ་དུ་འཁྱོམ།  ཞེད་མ་རྔམ་དུ་མགོ་བོ་དགྱེ་ནས་བལྟ་དུས།  རི་རྒྱལ་ལྷུན་པོ་ཡམ་ཡོམ་དུ་འཕག་ཅིང་།  རི་མགོ་ནས་ཕ་བོང་ཆེ་ཆུང་སྣ་ཚོགས་གྲིལ་བྱུང་།  ད་དཔེ་བསགས་སོང་།  ས་ཡོམ་བརྒྱབ་བྱུང་ཞེས་ཆིག་ལབ་ཤོར་ཏེ་རི་གཤམ་དུ་མར་བྲོས།  གཡས་གཡོན་ནས་ཁོང་ལ་བང་རྩལ་འགྲན་པ་ལྟ་བུའི་རྦབ་?་འགའ་རེ་དཔུང་ཟུར་ནས་ཟིར་སྒྲ་ལྡིར་བཞིན་མདུན་དུ་གྲིལ་འགྲོ་བ་སོགས་ཀྱི་ཉེན་ཁ་གཅིག་རྗེས་གཉིས་མཐུད་དུ་ཕྲད་རྐྱེན་རྐང་པར་རྨས་སྐྱོན་ཇི་ལྟར་ཕོག་མིན་ཡང་ཤོད་རྒྱུ་མེད།  ཁོང་གྲོང་ཚོའི་ནང་འཁོར་དུས།  སྲང་ལམ་ཕལ་ཆེ་བ་ཁང་པ་ཞིག་རོས་བརྒྱངས་ཤིང་།  གང་ས་གང་དུ་ས་རོ་?་རོས་ཁེངས་པར་མ་ཟད།  ས་གཞི་འདར་བའི་ཚག་སྒྲ་ཁོག་སྒྲའི་ཁྲོད་དུ་མི་རྣམས་ཀྱིས་སྲོག་སྐྱོབ་རོགས་ཟེར་བ་སོགས་སྐྱི་གཡའ་བའི་སྨྲེ་ངག་དང་ངུ་འབོད་འུར་ཆིལ་ལེར་གྲགས་ཡོང་།  ཁོས་ལྡིང་ལྡིང་དུ་མཆོང་བཞིན་པའི་སྙིང་ཁམས་ཨུ་ཚུགས་ཀྱིས་མར་མནན་ཏེ་བྲེལ་འཚུབ་ཀྱི་གོམ་ཁ་རང་ཁྱིམ་ཕྱོགས་སུ་བསྒྱུར།  སྐབས་དེར་མིག་མདུན་དུ་སྔར་བས་ཞེ་སྨྲེང་ཞིང་ཡིད་སྐྱོ་བའི་རྣམ་པ་ཞིག་མཐོང་།  རང་ཁྱིམ་ཐོག་བརྩེགས་གསུམ་ལྡན་མ་ས་?་ཞིག་རོའི་ཕུང་པོར་གྱུར་འདུག  ཆུང་མའི་ཁོག་སྨད་?འི་འོག་ཏུ་མནན་ནས་འཇིགས་སྐྲག་དང་ན་ཟུག་གིས་ཁེངས་པའི་ངོ་གདོང་སྐྱ་བོར་གྱུར་བ་མཐོང་།  མཆོང་མ་འདུར་གྱིས་འཁྲིས་སུ་བསྐྱོད་དེ་ཕྱིར་འདོན་རྩིས་བྱེད་དུས་བཟའ་ཟླའི་དབུགས་རྒྱུན་སྔ་ས་ནས་ཆད་ཟིན།  དེ་མུར་ཕར་ཕྱོགས་ཀྱི་ས་?་ཞིག་རོའི་འོག་ཏུ་ཤིན་ཏུ་ཕྲ་བའི་སྲོག་སྐྱོབ་ཀྱི་འོ་དོད་ཅིག་ཐོས་ཡོང་།  དེའི་ཕྱོགས་སུ་སླེབས་སྐབས་སྙིང་ནས་གཅེས་པའི་བུ་མོ་ས་?འི་གསེང་དུ་བཙིར་ནས་སྨྲེ་ངག་འདོན་བཞིན་འདུག  ཁོས་དེ་མ་ཉིད་སྨྱོ་བ་ལྟར་བུ་མོའི་གཟུགས་ཐོག་གི་ས་?་རྣམས་སེལ་བཞིན།  ཁྱིམ་མི་གཞན་ཚོ་ག་རེ་བྱས་སོང་ཞེས་དྲིས།  བུ་མོས་ཚ་མོ་དང་།  སྤུན་མཆེད་ཀྱི་ཕྲུ་གུ་གཅིག  ད་དུང་བལ་ཡུལ་གྱི་བུ་རྫི་རྣམས་ཁང་རོའི་འོག་ཏུ་མནན་སོང་ཞེས་ལན་བཏབ།  ?་ཆེན་ཁ་ཤས་བླངས་ཚར་དུས་བུ་མོའི་ཁོག་སྟོད་ཕྱིར་ཐོན་ཀྱང་རྐང་པའི་སྟེང་གི་?་ཆེན་དེ་འགྱོག་མ་ཐུབ་རྐྱེན་ཨུ་ཚུགས་བརྒྱབ་ནས་ཡར་འཐེན་པས་མོའི་རྐེད་པ་མན་ཆད་ལ་རྨས་སྐྱོན་ཚབ་ཆེན་ཕོག  དུས་ཚོད་ཐུང་ཐུང་འདི་འདྲར་ཡོམ་འཕྲོ་ལྷག་མ་རེ་འགའ་ཆད་མེད་དུ་བརྒྱབ་པས་མུ་མཐུད་ཕ་བོང་ཆེན་པོ་འགའ་གྲིལ་ཡོང་།  བུ་མོས་ན་ཟུག་སྒོམ་བཞིན།  ང་ཤི་མ་གསོན་དུ་ཆགས་ཚར་བས་ང་ལ་ཁ་ཡ་བྱ་མི་དགོས།  པཱ་ལགས་ཁྱེད་རང་མགྱོགས་པོ་ཕྲོས་དང་།  སྲོག་འགོ་ཐོན་པ་མི་འདུག་ཅེས་བརྗོད།  ཤེས་རབ་རྒྱལ་མཚན་གྱིས་བཟོད་གླགས་བྲལ་བའི་སྡུག་བསྔལ་ཨུ་ཚུགས་ཀྱིས་སྐུམ་བཞིན་བུ་མོ་རྒྱབ་ཏུ་ཁུར་ནས་ཉེན་ཁ་ཆུང་བའི་ས་ཆར་བསྐྱོད།  དགུང་ལོ་ལྔ་བཅུ་ང་ལྔར་སླེབས་པའི་ཤེས་རབ་རྒྱལ་མཚན་ཉེན་རྟོག་པའི་འགྲམ་དུ་འབྱོར་མཚམས།  འཇིགས་སྣང་དངངས་སྐྲག་དང་།  གློ་བུར་ཐོག་རྒྱག་གི་ཆག་སྒོ་མགོ་ཐོག་ཏུ་ལྷུང་བའི་སྐྱོ་གདུང་བཟོད་བསྲན་མ་ཐུབ་པར་ལུས་སྒྲོམ་ཞིག་པ་ལྟར་གྱུར།  འོན་ཀྱང་ཉེན་རྟོག་པ་གཉིས་ཀྱིས་ཁོང་གི་བུ་མོ་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་སྐྱེལ་རོགས་བྱེད་དུས།  མང་ཚོགས་བརྒྱ་ཕྲག་གཉིས་གསུམ་ཞིག་དང་རྨས་མ་འགའ་ཞིག་དེ་གར་ཡ་ང་ཞིང་ཡིད་སྐྱོ་ངང་འ་ཆད་འུ་ཐུག་ཏུ་གྱུར་ཡོད་པ་མཐོང་།  སྐབས་དེར་གྲོང་ཚོའི་ཏང་ཡོན་ལས་བྱེད་པ་རྒན་གྲས་ཤིག་གི་ཕྲག་སྟེང་གི་འགན་འཁྲི་ནི་མངགས་གཏོང་ཁང་གི་ཉེན་རྟོག་ཚོ་དང་ལྷན་དུ་དཔུང་པ་མཉམ་གཤིབ་བྱ་རྒྱུ་དེ་ཡིན་པས་གྲོང་ཚོ་ཁྱོན་ཡོངས་ཀྱི་གེགས་སེལ་རོགས་སྐྱོབ་ལས་འགོ་འཛུགས་དགོས་ལ།  རི་སྟེང་གི་དུད་ཁྱིམ་27དང་།  དགོན་སྡེའི་བཙུན་མ་12ཀྱི་གནས་ཚུལ་གང་འདྲ་ཡོད་མེད་ད་ལྟ་ཤེས་མེད་ཅིང་།  ས་?འི་འོག་ཏུ་མནན་པའི་ཁྱིམ་མིའི་རྗེས་འཇུག་ཀྱང་བྱ་དགོས་པ་ཡིད་ལ་ཤར།  ཡོམ་འཕྲོ་ད་དུང་མཚམས་འཇོག་མེད་པར་རྒྱག་བཞིན་འདུག་ལ་སྐབས་སྐབས་སུ་རི་སྟེང་ནས་རྦབ་?་ཆད་མེད་དུ་གྲིལ་ཡོང་།  ཤེས་རབ་རྒྱ་མཚོས་སེམས་ཀྱི་སྡུག་བསྔལ་ཇི་ལྟར་ཆེ་ནའང་བློ་སེམས་རྣལ་དུ་ཕབ་ནས་ཁོར་ར་ཁོར་ཡུག་ཏུ་ཞིབ་ལྟ་ཐེངས་ཤིག་བྱས།  ས་དེར་ཉེན་ཁ་ཆེན་པོ་ཡོད་པ་ཤེས་འཕྲལ་ལམ་སེང་ས་ཁོད་འདི་ལས་ཡངས་ཤིང་།  ས་རྒྱུ་འདི་ལས་མཁྲེགས་པའི་དགོན་གསར་གྲོང་ཚོར་སྤོ་རྒྱུའི་གྲོས་འགོ་བཏོན།  མཐའ་མཚམས་ཞིབ་བཤེར་ས་ཚིགས་འགོ་ཁྲིད་ཀྱིས་གནས་སྤོ་བྱེད་སྐབས་གནོད་འཚེ་ཕོག་མི་ཡོང་ངམ་ཞེས་མོས་མཐུན་བྱ་རྩིས་མེད་པས་ཁོང་གིས་སེམས་ཐག་གཙང་བཅད་ངང་།  མང་ཚོགས་ཉེན་གཡོལ་གནས་སྤོས་ཀྱི་ལམ་སྣེ་ང་ཡིས་ཁྲིད་ཆོག  ལམ་བར་གྱི་བདེ་འཇགས་འགན་འཁྲི་ཡང་ང་ཡིས་འཁུར་ཆོག་ཅེས་ཁས་བླངས་པས་དེ་ལྟར་བྱ་འཐུས་ཀྱི་དགོངས་འཁྲོལ་བྱུང་།  ཁོས་ཉེན་རྟོག་པ་ཚོ་དང་ལྷན་དུ་རྐང་པ་རྨས་མའི་ན་ཟུག་མ་བཟོད་པར་ཡང་ཡང་འཁྱོག་དགོས་བྱུང་རུང་།  དམངས་ཀྱི་ལམ་སྣེ་ཁྲིད་དེ།  ཕྱིར་མིག་ཡང་ཡང་ལྟ་བཞིན་ཁོ་ཚོའི་བདེ་འཇགས་ལ་དོ་སྣང་བྱེད་པ་དང་།  ངག་ལས་བློ་རྩ་བརྟན་ཙམ་བྱོས།  འཚང་ཁ་མ་རྒྱག་ཨ་ཟེར་བཞིན་རྐང་ཐང་དུ་ཆུ་ཚོད་གཉིས་ཙམ་བསྐྱོད་རྗེས་གཞི་ནས་མང་ཚོགས270ཙམ་བདེ་བླག་ངང་དགོན་གསར་གྲོང་ཚོའི་ཉེན་གཡོལ་ཁུལ་དུ་འབྱོར།……

 

        ཤེས་རབ་རྒྱལ་མཚན་དང་བུ་མོ་ཚེ་བརྟན་ལ་རོགས་སྐྱོར་བྱེད་མཁན་གཉིས་ཀ་ཏི་སི་སྒང་གི་ཉེན་དོན་ཁང་གི་ཉེན་རྟོག་པ་ཡིན།  ཁོ་ཚོ་ཡང་ཐོག་མར་ས་ཡོམ་རྒྱག་སྐབས།  དངངས་སྐྲག་ལངས་ནས་ཅི་བྱ་གཏོལ་མེད་དུ་གྱུར་རུང་།  དམིགས་བསལ་ལས་རིགས་ཀྱི་མཁོ་ལག་རྫོགས་སྟབས་ལམ་སེང་བློ་རྩ་བརྟན་དུ་སོང་།  རྒྱ་ཆེའི་མང་ཚོགས་ཚོའི་དངངས་སྐྲག་གི་འོ་དོད་རེ་རེས་མི་དམངས་ཉེན་རྟོག་པ་ཞིག་ལ་དམིགས་བསལ་དུས་བབ་དུ་ཡོད་དགོས་པའི་བླ་ན་མེད་པའི་འགན་ཁྲིའི་འདུ་ཤེས་ཀྱི་མེ་སོན་སྤར་སྟབས།  འཇིགས་སྐྲག་གི་བསམ་བློ་རིམ་བཞིན་ཡལ་ནས་ཚང་མ་ཉེན་འགོག་གེགས་སེལ་བྱ་བར་བྲེལ།  ཁོ་ཚོས་སྲང་ལམ་དཀྱིལ་དུ་ཁ་ཐོར་གུ་ཐོར་དུ་སོང་བའི་མང་ཚོགས་རྣམས་ས་ཁོད་ཅུང་ཡངས་པའི་མཐའ་མཚམས་ཞིབ་བཤེར་ས་ཚུགས་ཀྱི་སྒོ་རའི་ནང་ཁྲིད་པ་དང་།  རྒན་སྐྱོར་བྱིས་ཁྲིད་ཀྱིས་རོགས་རམ་བྱ་དགོས་ངེས་མཐའ་དག་ལ་རང་ནུས་ཡོད་རྒུས་རོགས་སྐྱོར་བྱས་རྗེས།  སླར་ཡང་ཁྱིམ་ཚང་རེ་རེ་བཞིན་སྲོག་ཉེན་ལས་སྐྱོབ་དགོས་པ་ཡོད་མེད་ལྟ་བར་བསྐྱོད།  ཁྱིམ་ནང་ཡིབས་ནས་ཕྱིར་ཐོན་མ་ནུས་པ་རྣམས་ཉེན་ཁ་ཆུང་སར་འགྲོ་དགོས་རྒྱུའི་ཁ་ཏ་བྱེད་པ་དང་།  རྨས་མར་ཐུག་ན་འགའ་རེ་རྒྱབ་ཏུ་ཁུར་བ་དང་འགའ་རེ་ཉིས་འགྱོག་བརྒྱབ་ནས་ཕྱིར་བསྐྱལ།  གལ་ཏེ་བེམ་རོ་མཐོང་ན་ཐེ་ཚོམ་སྤུ་ཙམ་མེད་པར་གནས་གཅིག་ཏུ་ཟླ་སྒྲིལ།  ལྟོས་དང་།  ཉེན་རྟོག་པ་དེ་གཉིས་ཀྱིས་རྐང་པ་རྨས་མ་གཅིག་བསྐྱལ་ནས་ཕྱིར་ཡོང་སྐབས།  ཚོང་པ་སྐྲ་བཟང་གིས་ལག་གཅིག་གིས་བྱིས་པ་གཉིས་ཁྲིད་ཅིང་ལག་གཅིག་གིས་རོགས་གཞན་གཉིས་དང་ལྷན་དུ་རྨོ་བོ་བགྲེས་སོང་སྐྱོར་བཞིན་ཕྱིར་ཐོན་པ་དང་ཕྲད།  ཁོ་གཉིས་སྦར་མ་རྒྱུག་གིས་བགྲེས་སོང་བསྐྱོར་ནས་སླར་ཡང་སྐབས་འཕྲལ་ཉེན་གཡོལ་ས་ཆར་བསྐྱལ།  

 

        སྐྲ་བཟང་བཟའ་ཚོ་གཉིས་འགྲམ་གྲོང་རྡལ་དུ་ཚོང་ལས་གཉེར་ནས་ལོ་བཅུ་ཙམ་འདས་པ་དང་།  ཁོ་གཉིས་ལས་ལ་བརྩོན་ཞིང་ཚོང་ལ་མཁས་སྟབས་ཁྱིམ་གཞིས་བཟང་པོ་ཞིག་འཁྱོངས་ཡོད།  ཉེ་ཆར་ཁྱོ་བོ་བལ་ཡུལ་དུ་ཚོང་ཟོག་འཐེན་པར་བསྐྱོད་དེ་ཁྱིམ་གྱི་ཕྱི་ནང་དང་ཚོང་ཁང་གཉིས་ཀ་སྐྲ་བཟང་གཅིག་པུས་སྐྱོང་བཞིན་ཡོད།  འདི་ལྟ་བུའི་གནས་ཚུལ་ཆེས་རྒྱུན་ལྡན་ཞིག་ཡིན་རུང་།  ད་ཐེངས་དམིགས་བསལ་གྱི་ཆག་སྒོ་ཕྲད་སྐབས་མོའི་ཕྲག་ཐོག་གི་འགན་འཁྲི་སྤྱིར་བཏང་མིན་པའི་ངེས་ཤེས་རྙེད་དེ་རང་གིས་རང་ལའང་ཡིད་ཆེས་དཀའ་བའི་སྟོབས་ཤུགས་ཤིག་གིས་འདས་མ་ཐག་པའི་སྐར་མ་ཁ་ཤས་རིང་ཤི་གསོན་གྱི་འཇིགས་ཉེན་ལས་གྲོལ་ཙམ་བྱུང་།  

 

        ཉིན་དེར་རེས་གཟའ་སྤེན་པ་རེད།  སློབ་གྲྭར་ཞག་སྡོད་བྱས་པའི་བུ་མོ་ཉིན་གུང་གཞི་ནས་ཁྱིམ་དུ་ལོག་པ་དང་།  གུང་ཟས་ཟོས་རྗེས་ཕྲུ་གུ་ཁང་པའི་ནང་སྦྱོང་ཚན་འབྲི་བར་མངགས་ཏེ་རང་ཉིད་གྲོགས་མོ་གཉིས་དང་ལྷན་དུ་ཁ་བརྡ་གློད་བཞིན་ཡོད་ལ་ཕྲུ་གུ་ཆུང་བའང་ཉེ་འགྲམ་དུ་རྩེད་མོ་རྩེ་བཞིན་ཡོད།  སྐར་མ་བཅུ་ཙམ་ལས་མ་འདས་པར་གློ་བུར་དུ་ས་གཞི་ཡམ་ཡོམ་བྱས་ཏེ་བརྟན་པོ་སྡོད་མི་ཐུབ་ཅིང་།  ཚང་མ་ཧོན་ཐོར་ནས་ག་བྱེད་འདི་བྱེད་མེད་པར་གྱུར།  ཕྲུ་གུ་ཆུང་བ་ཞེད་དེ་ངུས་བྱུང་།  སྐྲ་བཟང་གཞི་ནས་དྲན་པ་སོས་པ་ལྟར།  ས་ཡོམ།  ས་ཡོམ་བརྒྱབ་བྱུང་ཞེས་འབོད་བཞིན།  མདའ་མོ་ལྟོང་ཁ་ལས་སྤྲིངས་པ་ལྟར་མིག་ཡུད་ཙམ་གཅིག་ལ་ཐོག་ཁ་ནས་བུ་མོ་ཁྲིད་བྱུང་།  གཞན་གཉིས་ཀྱིས་མོ་ལ་ལྷ་འདྲེ་གང་གི

        ་སྒྱུ་འཕྲུལ་ཞུགས་པ་ལྟ་བུའི་མགྱོགས་ཚད་ལ་ཡ་མཚན་སྐྱེས་ནས་ལྟ་བཞིན་འདུག  ཁང་པ་སྔར་བཞིན་འགུལ་གྱི་འདུག་ལ།  ས་གཞི་སྔར་བཞིན་ཡམ་ཡོམ་དུ་འཁྱོམ་ཞིང་།  ཅ་ལག་དང་?་རིལ་གང་སར་ལྷུང་ཡོང་།  སྐྲ་བཟང་གིས་ཕྲུ་གུ་གཉིས་ཁྲིད་མ་དྲུད་དུ་གྲོགས་མོ་གཞན་དེའི་ལམ་སྣེ་ཁྲིད་དེ་ཟུར་ཁང་དུ་སྒྱུག་མོའི་སར་བསྐྱོད།  ལོ་ན་དགུ་བཅུ་ལོན་པའི་རྨོ་ལགས་ཁོང་རྒྱུན་དུ་འཚོ་བ་རང་འགོ་ཐོན་ཙམ་ཡོད་ཀྱང་།  དམིགས་བསལ་གྱི་གནས་ཚུལ་འདི་འདྲའི་འོག་ཁོང་གཅིག་པུས་འགྲོ་བསྐྱོད་ག་ལ་འཕེར།  སྐྲ་བཟང་དང་གྲོགས་མོ་གཉིས་ཀྱིས་རྨོ་ལགས་བཏེགས་ནས་ཁྱ་ཁྱོར་ངང་སྒོ་ཕྱིར་བུད་ཐུབ།  མཐོང་དཀོན་པའི་གོད་ཆག་ཁྲོད་དུ་རྒྱུས་འདྲེས་ཟབ་པའི་ཉེན་རྟོག་པ་མཐོང་མ་ཐག  ཁོ་ཚོ་ནི་སྐྱབས་མགོན་ཞིག་དང་འདྲ་ལ་སྤུན་མཆེད་ལྟར་མཚུངས་པའི་ཚོར་འདུ་དྲག་པོ་ཞིག་སྐྱེས་ནས་མཆི་མ་ལྷུང་ལྷུང་དུ་འབབ།  ཡོམ་འཕྲོ་ད་དུང་བར་ཆད་མེད་པར་རྒྱག་པ་དང་།  ཉེན་ཁ་སྔར་མུས་སུ་གནས་མོད།  ད་ཆ་ཉེན་རྟོག་པ་འཁྲིས་སུ་ཡོད་པས་རེ་ཞིག་ལྷོད་ལ་བབ།  

 

        གློ་བུར་དུ་ཐོན་པའི་གནས་ཚུལ་འདི་འདྲའི་འོག  མིའི་ལྷན་སྐྱེས་ཀྱི་འགོག་ནུས་དང་འཕྲལ་ཐག་ཆོད་པའི་བློ་སྤོབས་ལྡན་ཚེ།  རང་དང་རང་གི་ཉེ་འགྲམ་གྱི་མི་ཚོའི་ཚེ་སྲོག་སྲུང་རྒྱུར་ཕན་ནུས་ཆེ་མོད།  གཞི་ཁྱོན་ཆེ་བའི་གློ་བུར་གྱི་ཆག་འཇིག་དཀྱིལ་དུ་མི་ཚོགས་ཡོངས་འཇིགས་མ་དངངས་སུ་གྱུར་ནས་ག་བྱེད་འདི་བྱེད་མེད་པར་གྱུར་ཏེ་རང་གིས་རང་སྐྱོབ་པའི་གོ་སྐབས་བཟང་ཤོས་དེ་ཤོར་འགྲོ་བ་ཡིན།  གནས་ཚུལ་དེ་འདྲའི་མདུན་དུ།  འཚབ་འཚུབ་མ་བྱས་པར་གེགས་བར་ལས་གྲོལ་ཐབས་བྱ་དགོས་རྒྱུའི་སྐུལ་སློང་བྱེད་མཁན་ཞིག་ཡོད་ཚེ།  རྣམ་དཔྱོད་ཀྱི་བློ་རིག་ལྡན་པའི་མི་རྣམས་ལམ་སེང་སེམས་པ་རྣལ་ལ་ཕབ་ནས་དེ་བསྟུན་གྱི་འཇོན་ནུས་བློ་ཡུལ་ལས་འདས་པ་ཞིག་སྐྱེ་སྲིད།  སྐབས་དེ་དུས།  འགྲམ་གྲོང་རྡལ་དགོན་གསར་ཁུལ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གིས་འགག་རྩའི་དུས་ཀྱི་ནུས་པ་གལ་ཆེན་དེ་འདྲ་ཞིག་ཐོན་ཡོད། 

 

གཉིས།  གྲོང་ཚོའི་ལས་དོན་རུ་ཁག་གིས་ང་ནི་གུང་ཁྲན་ཏང་ཡོན་ཡིན།  ཚང་མ་ང་ཚོ་དང་མཉམ་དུ་ཤོག་དང་།  

 

          རང་སྐྱོང་ལྗོངས་དྲིལ་བསྒྲགས་པུའུ་ནས་མངགས་གཏོང་བྱས་པའི་བཅའ་སྡོད་ལས་དོན་རུ་ཁག་གི་རུ་དཔོན་ཀྲའོ་ཆིང་ཁེ་ནི་སེམས་རྩ་འཁོལ་ཞིང་འགན་སེམས་ཆེ་ལ་ལས་ཀའི་ཉམས་མྱོང་བཟང་བའི་ཏང་ཡོན་ལས་བྱེད་པ་ཞིག་ཡིན།  ཁོང་དང་ཁོང་གི་ལས་གྲོགས་རྣམས་གྲོང་ཚོར་སླེབས་ནས་ཟླ་ཤས་སོང་ཚུན།  རྨང་བརྟན་དམངས་ཕན་གྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་ཞིང་།  མང་ཚོགས་ལྷན་དུ་མཉམ་བཟའ་མཉམ་འདུག་གིས་ངལ་རྩོལ་བྱས་ཏེ་ཕན་ཚུན་དབར་བརྩེ་སེམས་ཟབ་མོ་ཆགས་ཡོད།  

 

        ཉིན་དེའི་ཞོགས་པར།  བཅའ་སྡོད་ལས་དོན་རུ་ཁག་དང་གྲོང་ཚོའི་དཔུང་ཁག་ཚོགས་འདུ་འཚོགས་ནས་དུས་རིམ་གོང་མའི་ལས་ཀའི་གྲུབ་འབྲས་དང་ལྷགས་པའི་གནས་ཚུལ་ལ་ཕྱོགས་བསྡོམས་བྱས་ཤིང་།  གོམ་སྟབས་རྗེས་མར་མང་ཚོགས་ལ་དབྱར་རྩྭ་དགུན་འབུ་བརྐོ་འཐུ་ཆོག་པའི་ལག་ཁྱེར་སྤྲོད་ཕྱོགས་སོགས་ཀྱི་སྐོར་ལ་གྲོས་ཁ་བསྡུར།  ཚོགས་འདུའི་ཐོག་ཚང་མས་རང་རང་གི་བསམ་འཆར་བཤད་དེ་དུས་ཡུན་རིང་པོ་འགོར་སྟབས།  རྣམ་ཀུན་ཟ་མ་གཡོས་སྦྱོར་བྱས་མྱོང་མེད་པའི་ཁ་ལོ་བ་ཉིན་དེར་རང་འགུལ་ངང་ཐབ་ཚང་དུ་འཛུལ་ནས་ཁོ་ཚོའི་ཟ་མ་གྲ་སྒྲིག་བྱས།  ཉིན་གུང་ཆུ་ཚོད་གཉིས་པ་ཡོལ་མཚམས་ཁོ་ཚོའི་ཚོགས་འདུ་གཞི་ནས་གྲོལ།  ཚང་མས་ཟས་ཅོག་མཐའ་འཁོར་དུ་བསྡད་དེ་ཁ་ལོ་བའི་ལག་བཅུད་གང་འདྲ་ཡོད་མེད་མྱོང་རོལ་བྱ་རྒྱུར་སྒུག  ད་ལྟ་མི་རེའི་ལག་གཡོན་མར་འབྲས་ཕོར་བཏེགས་ཤིང་།  ལག་གཡས་པས་ཟ་ཐུར་འཇུས་ནས་ཚལ་ལེན་རྩིས་བྱེད་སྐབས།  གློ་བུར་དུ་ཟས་ཅོག་འགུལ་བྱུང་།  ཁོ་ཚོས་ཅི་ཡིན་གང་ཡིན་མ་ཤེས་པར་ཡ་མཚན་སྐྱེས་ནས་གཅིག་ངོར་གཅིག་གིས་བལྟས་ཏེ་བསྡད།  དེ་གའི་མུར་ཁང་པ་དང་ས་གཞི་ཡོངས་ཡམ་ཡོམ་དུ་འཁྱོམ་བྱུང་བས་ཁ་ཤས་ཀྱིས་ལག་གི་ཕོར་པའང་ཐང་དུ་ཤོར་བ་དང་།  འགའ་ཤས་རྐུབ་སྟེགས་སྟེང་ནས་ས་མཐིལ་དུ་འགྱེལ།  ཀྲའོ་ཆིང་ཁེ་ཡིས་སྐད་ཤུགས་ཆེན་པོས།  ཡག་རྟགས་མི་འདུག  ས་ཡོམ་བརྒྱབ་བྱུང་།  ཚང་མ་ཕྱི་རུ་ཕྲོས།  ཞེས་བརྗོད་པ་ན།  ཧོན་ཐོར་ནས་ལུས་པའི་ལས་གྲོགས་རྣམས་གཞི་ནས་ཟས་ཕོར་བཞག་ནས་ཕྱིར་འབྲོ་རྒྱུ་དྲན།  དུས་མཚུངས།  གྲོང་མིའི་སྡོད་ཁང་གི་ཕྱོགས་སུ་ཁ་གཏད་དེ་སྐད་ཤུགས་ཆེན་པོས།  ས་ཡོམ་བརྒྱབ་སོང་།  ས་ཡོམ་བརྒྱབ་སོང་།  ཚང་མ་ཕྱིར་དོན་ཤོག  ཅེས་བརྗོད་པ་ན།  གྲོང་མི་རྣམས་རེ་རེ་བཞིན་འཚབ་འཚུབ་ངང་ཕྱིར་དོན་ཡོང་།  ཉེ་འཁོར་ནས་ཁང་པ་བརྡིབས་པ་དང་།  རྦབ་?་གྲིལ་བ།  ཕྲུ་གུའི་ངུ་ཟིང་སོགས་ཀྱི་སྒྲ་ལྡིར་ལྡིར་དུ་གྲགས་ཤིང་།  ཁུ་སིམ་མེར་གནས་པའི་སྡེ་གྲོང་དེ་ཉིད་འཕྲལ་མ་ཉིད་དུ་འཇིགས་སུ་རུང་བའི་དམྱལ་ཁམས་ལྟ་བུར་གྱུར།  

 

        ཁོ་ཚོས་ཐོག་མར་གོང་རིམ་ལ་ཡར་ཞུ་བྱ་དགོས་སྙམ་ནས་ཁ་པར་ལན་མང་བཏང་ཡང་།  འཕྲིན་གཏོང་གི་ཡོ་བྱད་ཡོད་ཚད་ཕན་མེད་དུ་གྱུར་ཟིན་སྟབས་གནས་ཚུལ་ཉེན་ཚབས་ཆེན་པོར་གྱུར་པ་གཞི་ནས་ཚོར།  ད་ཆ་བརྡ་རྟགས་ཡོད་ཚད་ཆད་ཟིན་པས་འགྲམ་གྲོང་རྡལ་སྐབས་ཤིག་རིང་རོགས་མེད་ཁེར་རྐྱང་གི་གླིང་ཕྲན་ལྟ་བུ་ཞིག་ཏུ་གྱུར་རྐྱེན་ངེས་པར་དུ་རང་གིས་རང་སྐྱོབ་ཐབས་བྱ་དགོས།  ཁོས་སྔོན་ལ་ལས་གྲོགས་ཚོར་ཕན་ཚུན་སེམས་གསོ་བཏང་ནས་བསམ་བློ་ལྷོད་ལ་འབབ་ཏུ་བཅུག་པ་དང་།  དེ་རྗེས་ཁག་བགོས་ནས་སྐར་མ20ཙམ་ལས་མ་འགོར་བར་ཉེ་འཁོར་གྱི་མང་ཚོགས་རྣམས་ས་རྒྱ་ཅུང་ཁོད་ཡངས་པའི་མངགས་གཏོང་ཁང་གི་སྒོ་རའི་ནང་བསྐོངས་པ་དང་ཆབས་ཅིག  བཀོལ་སྤྱོད་བྱ་འོས་པའི་ནུས་ཤུགས་ཡོད་རྒུ་སྤྱད་དེ་གེགས་སྐྱོབ་ལས་དོན་སྤེལ་ཞིང་།  ལག་ཁྱེར་སྐད་པར་ནང་དུ་མཐའ་མཚམས་དམག་དཔུང་དང་དགོན་གསར་མངགས་གཏོང་ཁང་གི་དབར་འབྲེལ་བ་བྱས་ནས།  དགོན་གསར་མངགས་གཏོང་ཁང་གིས་ཁུལ་དེ་གའི་མང་ཚོགས་ཉེན་གཡོལ་བྱེད་དུ་འཇུག་རྒྱུ་དང་།  མཐའ་མཚམས་དམག་དཔུང་གིས་ཞོལ་ཕུ་སྒང་དང་།  ཏི་སི་སྒང་གི་གནོད་འཚེ་ཕོག་པའི་མང་ཚོགས་དང་དེ་གར་ལུས་པའི་བལ་པོའི་མི་རྣམས་ཉེན་གཡོལ་བྱེད་དུ་འཇུག་རྒྱུའི་གྲོས་འགོ་བཏོན།  ལོ་ཆུང་གཞོན་ནུ་རྣམས་སུས་ཀྱང་རི་འགུལ་ས་འཁྱོམ་གྱི་འཇིགས་རུང་སྣང་ཚུལ་འདི་འདྲ་བརྒྱུད་མྱོང་མེད་སྟབས།  ས་ཡོམ་ཐོག་མར་བརྒྱབ་དུས་ཚང་མ་ག་བྱེད་འདི་བྱེད་མེད་པར་གྱུར།  གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་གི་ནུས་ལྡན་བྱ་སྤྱོད་ཀྱིས་ཚང་མའི་བློ་སྒོ་ཕྱེ་སྟེ་རྒྱུན་དུ་རྩལ་སྦྱོང་ནན་པོ་བྱས་པའི་དམག་མི་དང་ཉེན་རྟོག་པ་རྣམས་ང་ཤོར་ཁོ་ཤོར་ངང་དཔའ་སྟོབས་ཆེན་པོས་གེགས་འགོག་ལས་དོན་ནང་ཞུགས།  

 

        དེའི་རྗེས་སུ་སླར་ཡང་།  དགེ་སྟག་གླིང་ཞིབ་བཤེར་ས་ཚིགས་དང་མཉམ་འབྲེལ་བྱས་ནས།  ད་ལྟ་ང་ཚོ་ཕྱི་རུ་འབྲེལ་བ་བྱེད་ཐབས་བྲལ་བས་འདི་གར་ཡོད་པའི་ཏང་ཡོན་ལས་བྱེད་དང་སྤྱི་བདེའི་ཉེན་རྟོག་པས་ཏང་ཀྲུང་དབྱང་དང་།  རྒྱལ་ཁབ།  སྲིད་གཞུང་གི་ཚབ་བྱེད་ཐུབ་ཀྱི་ཡོད།  ང་ཚོས་ངེས་པར་དུ་དངངས་སྐྲག་འཇིགས་སྣང་མ་བྱས་པར་འགན་འཁྲི་ཕྲག་པར་ཁུར་ནས་རྒྱ་ཆེའི་མང་ཚོགས་ཀྱི་སྣེ་འཁྲིད་ཐུབ་པ་བྱ་དགོས་ཞེས་བཤད།  སྐད་ཆ་ཚིག་དུམ་གཅིག་གིས་ཏང་ཡོན་ཉེན་རྟོག་ཚོའི་འགན་སེམས་དེ་མུར་ཆེ་རུ་སོང་ནས།  ཚང་མས་དཔའ་སྟོབས་ཆེར་བསྐྱེད་ངང་།  གེགས་སེལ་ལས་དོན་ནང་ཞུགས་ཤིང་།  སྐབས་འཕྲལ་གྱི་མཐུན་སྦྱོར་ཚོགས་ཆུང་བཙུགས་པ་དང་།  ཀྲའོ་ཆིང་ཁེ་ཡིས་ཙུའུ་ཀྲང་གི་འགན་ཁུར་བ་དང་།  སྡེ་ཚན་གཞན་ཚོའི་འགོ་ཁྲིད་ཀྱིས་ཙུའུ་ཀྲང་གཞོན་པའི་འགན་ཁུར།  ཁོངས་མིའི་གྲས་སུ་གྲོང་ཚོའི་བཅའ་སྡོད་རུ་མི་དང་།  མཐའ་མཚམས་དམག་དཔུང་གི་ཉེན་རྟོག་པ་ཕུད།  ད་དུང་གྲོང་ཚོ་ཨུ་ཡོན་ལྷན་ཁང་གི་ཁོངས་མི་དང་གུང་ཁྲན་ཏང་ཡོན་རྣམས་བསྡུས།  དེའི་རིང་ཡོམ་འཕྲོ་ཆད་མེད་དུ་རྒྱུག་པ་དང་།  སྐབས་ལ་ལར་ཁང་པ་བརྡིབས་ཤིང་ས་?་ཉིལ་ནས་ཉེན་ཁ་ཆེན་པོ་ཡོད་རུང་།  ཚོགས་ཆུང་གི་ཁོངས་མི་ཚོས་བློ་རྩ་བརྟན་པོའི་ངང་ཙུའུ་ཀྲང་གི་གཅིག་གྱུར་བཀོད་འདོམས་ལྟར།  ཁ་གྲམ་ནས་མང་ཚོགས་ཉེན་གཡོལ་གནས་སུ་སྐྱེལ་བ་དང་།  རྒྱབ་ཕྱོགས་ཀྱི་ཞབས་ཞུ་སྒྲུབ་པ།  རྨས་མ་འཚོལ་བཤེར་བྱེད་པ།  དུས་ཐོག་སྨན་བཅོས་བྱེད་པ་སོགས་ཀྱི་གེགས་སེལ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ།  

 

        ད་དུང་དགོན་གསར་ཁུལ་དང་།  ཤོལ་པོ་སྒང་གི་གནོད་འཚེ་ཕོག་ཚད་རྟོགས་ཞིབ་བྱེད་པར་མི་སྣ་ཁ་ཤས་མངགས་རྗེས།  ཁྱོན་ཡོངས་ཀྱི་གནས་ཚུལ་རྣམས་འགྲམ་གྲོང་རྡལ་གྱི་ཏང་ཨུད་དང་སྲིད་གཞུང་ལ་སྙན་ཞུ་བྱ་བར་རྐང་ཐང་དུ་བསྐྱོད་དེ་ཡོམ་འགོག་གེགས་སེལ་གྱི་ལས་དོན་སྤེལ་རྒྱུའི་རྨང་གཞི་བཏིང་།  ཉིན་དེ་ནི་གཟའ་མཇུག་གི་ངལ་གསོ་ཡིན་པས་སློབ་ཕྲུག་མང་པོ་ཞིག་ཁྱིམ་དུ་ལོག་པའི་ལམ་ཐོག་ཏུ་ཡོད།  གྲོང་ཚོའི་ཏང་ཀྲི་པུའུ་དང་།  མཐའ་མཚམས་སྲུང་དམག་བཞི།  མང་ཚོགས་ལོ་ཆུང་ཁ་ཤས་མཉམ་དུ་ཕྲུ་གུའི་རྗེས་དེད་དེ་ཁོ་ཚོ་འཚོལ་བར་བསྐྱོད་དེ་ཐོག་མའི་ས་ཡོམ་རྒྱག་སྐབས་སློབ་ཕྲུག་གཉིས་སློབ་གྲྭའི་ནང་དུ་རྐྱེན་ངན་ཕྲད་པ་ཕུད།  གཞན་རྣམས་ཚང་མ་བདེ་ཐང་ངང་ཁྱིམ་དུ་སྐྱེལ་བསུ་ཐུབ།  གཞན་གྱི་གེགས་སྐྱོབ་པ་ཚོས།  ཁྱིམ་དུད་རེ་རེ་བཞིན་སྔོག་བཤེར་བྱས་ནས་གྲོང་མི400ལྷག་ཙམ་སྐབས་འཕྲལ་ཉེན་གཡོལ་ས་ཆར་གནས་སྡོད་བྱེད་དུ་བཅུག་སྟེ།  ཁོ་ཚོར་སྦྲ་གུར་འབུབས་རོགས་བྱེད་པ་དང་།  བློ་རྩ་བརྟན་པོ་བྱ་དགོས་རྒྱུའི་སེམས་གསོ་གཏོང་བ།  འབྲུ་རིགས་ཡོད་ཚད་གཅིག་གྱུར་དུ་ལུགས་མཐུན་གྱི་དོ་དམ་དང་བགོ་འགྲེམ་བྱས་ནས་ཟས་རིགས་ཆད་ནས་མུ་གེ་ཐོན་རྒྱུ་སྔོན་འགོག་བྱས།  གཞན་ཡང་སྨན་བཅོས་ཤེས་མཁན་རྣམས་གཅིག་བསྡུས་ངང་ཉེན་གཡོལ་ཁུལ་དུ་སྐོར་གཡེང་ཀྱིས་རྨས་མར་དུས་ཐོག་ཏུ་དུག་སེལ་དང་།  རྨ་རས་དཀྲི་བ།  དེ་བཞིན་སེམས་ཀྱི་རྨ་ཁ་གསོ་བ་སོགས་ཀྱི་ལས་དོན་རྣམས་བདེ་བླག་ངང་སྤེལ་སྟབས།  དགོན་གསར་ཁུལ་དུ་ས་ཡོམ་བརྒྱབ་རྗེས་མི་སྣ་གཅིག་ཀྱང་མི་རྨས་བྱུང་མེད།  

 

        དགོན་གསར་གྲོང་ཚོ་ཨུ་ལྷན་དུ་གནས་སྐབས་ཉེན་གཡོལ་བྱས་པའི་མང་ཚོགས་ཚོས་ཤོལ་པོ་སྒང་གི་གནོད་འཚེ་ཚབས་ཆེ་ཤོས་ཡིན་པ་ཤེས་འཕྲལ།  སྐབས་འཕྲལ་གྱི་མཐུན་སྦྱོར་ཚོགས་ཆུང་གིས་ཉེན་རྟོག་པ2དང་།  མང་ཚོགས5ཁྲིད་དེ་ཤོལ་པོ་སྒང་གི་གྲོང་མི་ཡོངས་དགོན་གསར་ཁུལ་གྱི་ས་རྒྱ་ཆེ་སར་ཉེན་གཡོལ་གནས་སྤོ་བྱ་རྒྱུར་གཞོགས་འདེགས་བྱ་བར་བསྐྱོད།  མི་སྣ་ཤི་རྨས་མང་བ་དང་།  ཁང་པ་རྡིབ་ཤུགས་ཆེ་སྟབས།  དེ་གར་གནས་སྐབས་ཉེན་གཡོལ་བྱས་པའི་ཤོལ་པོ་སྒང་གི་གྲོང་མི་ཕལ་ཆེ་བ་སྐྱི་གཡའ་ཞིང་ཉམ་ཐག་པའི་གནས་སུ་ལྷུང་ནས་ནུས་ལྡན་གྱི་གེགས་སྐྱོབ་ལས་དོན་སྤེལ་ཐུབ་མེད།  ད་དུང་ས་རོ་?་རོའི་འོག་ཏུ་ཚུད་པའི་རྨས་མ་མང་པོ་སྐྱོབ་དགོས་སྟབས་དུས་ཚོད་སྐར་མ་གཅིག་ཕྱིར་འགྱངས་བྱས་ན་དེ་རྩིས་ཀྱིས་མིའི་ཚེ་སྲོག་ལ་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད།  གནས་ཚུལ་དེ་འདྲའི་འོག  ཀྲའོ་ཆིང་ཁེ་ཡིས་སྐད་ཤུགས་ཡོད་རྒུས།  གུང་ཁྲན་ཏང་ཡོན་རྣམས་ལོངས་ཤོག  རུ་སྒྲིགས།  ཞེས་བརྗོད་པ་ན།  གཞོན་ནུ་ལོ་ཆུང་ཞིག་ཡར་ལངས་བྱུང་།  དེའི་རྗེས་སུ་གཅིག་རེ་གཉིས་རེ་བྱས་ཏེ་གང་མགྱོགས་ཤོལ་པོ་སྒང་གྲོང་ཚོའི་ལོ་ཆུང་ཏང་ཡོན་གྱི་འཕྲལ་སྒྲུབ་གེགས་སེལ་རུ་ཁག་ཅིག་བཙུགས་པ་དང་།  ལམ་སེང་དགོན་གསར་ཁུལ་གྱི་གེགས་སྐྱོབ་པ་ཚོ་དང་ལྷན་དུ་གེགས་སེལ་ལས་ཀར་ཞུགས།  དང་ཐོག་མགོ་རུས་གྲུམ་ནས་སྲོག་ཉེན་ཤིན་ཏུ་ཆེ་བའི་བཙུན་མ་གཅིག་དང་།  རྐང་པ་གཡས་པ་རུས་གས་རྒྱུག་པའི་བྱིས་པ་གཅིག་འགྲམ་མི་དམངས་སྨན་ཁང་དུ་སྨན་བཅོས་བྱེད་པར་སྐྱེལ་བ་དང་།  གཞན་ཚོས་ཏི་སི་སྒང་དུ་བསྐྱོད་སའི་རྐང་ལམ་ཞིག་ཉམས་བཟོ་བྱས་ཏེ།  སྨན་རྫས་དང་།  དུག་སེལ་ཡོ་བྱད།  ཟས་རིགས་སོགས་ཀྱི་མཁོ་ཆས་རྣམས་སྒལ་རྒྱབ་ཏུ་དབོར།  

 

        བྱ་བ་དེ་དག་ཚང་མ་རྒྱུན་ལྡན་ལྟར་གྱི་དཀའ་ངལ་ཆེན་པོ་ཙམ་མ་ཡིན་པར།  ཉེན་ཁར་ག་དུས་འཕྲད་མིན་སུས་ཀྱང་ཚོད་དཔག་བྱེད་དཀའ།  ཉིན་གུང་ཆུ་ཚོད་གཉིས་དང་སྐར་མ་བཅུ་གཅིག་ལ་ས་ཡོམ་ཆེན་པོ་བརྒྱབ་རྗེས།  ཡོམ་འཕྲོ་བར་མཚམས་མེད་པར་རྒྱག་བཞིན་ཡོད་ལ།  དེའི་སྟེང་རི་ཉིལ་བ་དང་།  རྦབ་?་འགྲིལ་བ།  གྱང་?་ཞིག་རོས་འགུལ་ཤིག་ཤིག་བྱས་སྟབས་གེགས་སྐྱོབ་པ་ཚོར་དུས་ཚོད་སྐར་ཆ་རེ་རེ་བཞིན་ཚེ་སྲོག་གི་ཉེན་ཁར་ཕྲད་བཞིན་ཡོད།   ཉེན་ཁ་དང་འགན་འཁྲི་དེ་དག་ལས་ངེས་ཅན་ཞིག་སྒྲིག་འཛུགས་བྱེད་མཁན་གྱིས་

ཁུར་དགོས།  དེར་བརྟེན་ཁོ་ཚོས་རུ་ཁག་ཆུང་ཆུང་གང་འདྲ་ཞིག་མངགས་གཏོང་བྱས་རུང་།  ཀྲའོ་ཆིང་ཁེ་དང་སྐབས་འཕྲལ་མཐུན་སྦྱོར་ཚོགས་ཆུང་གི་འགན་འཁུར་མི་སྣ་ཚོའི་སེམས་ལ་དངངས་སྐྲ་མི་སྐྱེ་བ་ཅི་ལ་སྲིད།  གལ་ཏེ་ཧོལ་རྒྱུག་ཕྲན་ཙམ་ཤོར་ན་གོང་རིམ་གྱི་འགོ་ཁྲིད་དང་དེ་གའི་མང་ཚོགས་ལ་རྩིས་ཇི་ལྟར་སྤྲོད།  ཁོ་ཚོའི་ནང་མི་ཚོར་གདོང་ཇི་ལྟར་སྟོན།  འོན་ཀྱང་དམིགས་བསལ་དུས་བབ་འདི་འདྲའི་འོག  འགན་འཁྲི་འཁུར་ཕོད་པའི་བཀོད་འདོམས་པ་ཞིག་མེད་ན་དེ་བས་ཀྱང་མེད་ཐབས་མེད།  རྒྱལ་ཁབ་ཀྱིས་ལོ་མང་གསོ་སྐྱོང་བྱས་པའི་གུང་ཁྲན་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པ་ཞིག་ལ་མཚོན་ན་བླ་ན་མེད་པའི་འགན་འཁྲིའི་མདུན་དུ་ཕྱིར་འཐེན་བྱས་ན་དེ་བས་མི་འགྲིག  དེས་ན།  ཚང་མ་ཤོག་དང་།  འགན་འཁྲི་ཡོད་ཚད་ངས་འཁུར་ཆོག  ཅེས་ཀྲའོ་ཆིང་ཁེ་ཡིས་བློ་ཐག་རྦད་ཆོད་ངང་དེ་ལྟར་བཤད།  

 

        སྤྱི་ཡོངས་ཀྱི་གེགས་གཡོལ་བྱ་བ་གཞི་རྩའི་ཆ་ནས་ལམ་ལྷོང་བྱུང་ཡང་།  འདི་ནི་ཡོམ་འགོག་གེགས་སེལ་གྱི་ལས་འགོ་བཙུགས་མ་ཐག་ཡིན་ཞིང་།  དེ་བས་ཀྱང་མང་ལ་རྙོག་འཛིང་ཆེ་བའི་གནས་ཚུལ་མང་པོ་ཞིག་ད་དུང་བསྒྲུབ་རྒྱུ་ལུས་ཡོད། 

 

        ས་རུབ་བྱུང་།  ཡོམ་འཕྲོ་སྔར་བཞིན་འགུལ་བཞིན་འདུག་ལ་གོང་གི་སྲ་ཞིང་བརྟན་པའི་རྩིག་གྱང་མང་ཆེ་བ་ད་ཆ་ཞིག་ཆོག་ཆོག་ཏུ་གྱུར་འདུག  ད་དུང་ཆར་པ་ཆེན་པོ་ཞིག་བབ་བྱུང་བས་མི་ལ་དེ་བས་ཀྱང་བཟོད་དཀའ་བའི་སྐྱོ་སྣང་སྟེར་འོང་།  ཁོ་ཚོས་ཛ་དྲག་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཕྱིར་སྐོར་གཡེང་ཚོགས་ཆུང་བཙུགས་ནས་མཚན་གང་རིང་ཁྱོན་ཡོངས་སུ་སྐོར་ཞིབ་བྱེད་བཞིན་བསྡད།  ཕྱི་ཉིན།  གྲོང་མི་རེ་ཟུང་ངུ་བཞིན་དུ་རི་སྟེང་གི་རྫི་བོ་གསུམ་ས་ཡོམ་བརྒྱབ་ནས་ད་བར་གོ་རྒྱུ་ཐོས་རྒྱུ་མེད་པར་འཆི་གསོན་གང་བྱུང་མ་ཤེས་པས་རོགས་སྐྱོབ་བྱ་བར་ཡོང་རོགས་ཞེས་བརྗོད།  ཡོམ་འཕྲོ་སྔར་བཞིན་བར་མཚམས་ཆད་མེད་ལ་རི་སྟེང་གི་ས་རྒྱུ་ཡང་ད་ཆ་ཕལ་ཆེ་བ་བརྟན་པོ་མེད་ཅིང་།  རི་ལམ་ཐོག་དམིགས་བསལ་གྱི་ཉེན་ཁ་ཆེན་པོ་གནས་ཡོད།  དེ་ལྟ་ནའང་མང་ཚོགས་འཚོལ་སྐྱོབ་བྱ་བར་མ་སོང་ན་དེ་བས་ཀྱང་འགྲིག་ཐབས་མེད།  སྐབས་དེར་མངགས་གཏོང་ཁང་གི་ཉེན་རྟོག་པ་མང་པོ་ལྷག་མེད་ལ་ཁོ་ཚོ་རི་ལམ་ལ་རྒྱུས་མངའ་ཕྲན་ཙམ་ཡང་མེད་སྟབས་ཉེན་རྟོག་པ་གསུམ་ལྷན་དུ་གྲོང་མིའི་ལོ་ཆུང་ཏང་ཡོན་ལྔ་མཚེར་སའི་ཕྱོགས་སུ་མངགས།  མྱུར་སྐྱོབ་རུ་ཆུང་ཐོན་ནས་ཆུ་ཚོད་ཁ་ཤས་ཡོལ་རྗེས་ཁོ་ཚོའི་ནང་མི་རྣམས་དུས་ཚོད་ཇེ་འགྱངས་ནས་ཇེ་འགྱངས་སུ་འགྲོ་བ་དང་བསྟུན་སེམས་ཁྲལ་ཇེ་ཆེར་སོང་ནས་མིག་ཆུ་ཡང་ཡང་གཏོང་ཞིང་།  ལན་ཁག་དཀྲི་བ་དང་།  ཐ་ན་ཙུའུ་ཀྲང་ཀྲའོ་ཆིང་ཁེ་ཡི་སར་ཡོང་ནས་ཁོ་ཚོའི་སྲོག་འགན་ཁྱོད་ཀྱིས་ཁུར་དགོས་ཞེས་ཀྱང་བརྗོད།  སྣང་ཚུལ་འདི་ནི་གོང་དུ་འགྲམ་གྲོང་རྡལ་ལ་རྨས་མ་སྐྱེལ་བ་དང་ཏི་སི་སྒང་དུ་ལམ་བཟོར་མངགས་པ་གཉིས་གཅིག་མཚུངས་ཡིན།  སྐབས་དེ་དུས་ཏག་ཏག་བལ་ཡུལ་གྱི་རླུང་འཕྲིན་ལས་དེ་རིང་ཡོམ་འཕྲོ་རིམ་པ་དྲུག་བདུན་རྒྱག་སྲིད་ཅེས་ཐོས།  མི་རྣམས་དེ་བས་གནས་བཟོད་མི་བདེ་བར་འཚབ་འཚུབ་ཏུ་གྱུར་ཅིང་། མཐུན་སྦྱོར་ཚོགས་ཆུང་གི་འགན་འཁུར་སེམས་ལ་ཡང་དངངས་སྐྲག་མི་སྐྱེ་བ་ག་ལ་སྲིད།  འོན་ཀྱང་ཁོ་ཚོས་རང་གིས་རང་ལ་འཚབ་འཚུབ་ཡེ་ནས་བྱ་མི་ཉན་ཞེས་དྲན་སྐུལ་ཡང་ཡང་བྱེད་བཞིན་ཡོད་ལ།  སྐབས་རེར་སྡོད་བཟོད་མ་ཐུབ་པར་དངངས་སྐྲག་བྱེད་མཁན་ཚོར་སེམས་གསོ་གཏོང་བ་དང་།  སྐབས་རེར་ངག་བསྡམས་ནས་སྨོན་ལམ་འདེབས་པ་དང་ཆབས་ཅིག  བློ་སེམས་རྣལ་ལ་ཕབ་ནས་ཉེ་འཁོར་ལས་རོགས་ཚོར་ཡོམ་འགོག་གེགས་སེལ་གྱི་ལས་དོན་ཁག་གོ་རིམ་ལྡན་པའི་ངང་བསྒྲུབས་ཏེ་སྤྱི་ཡོངས་ཀྱི་གནས་བབ་བརྟན་ལྷིང་ཐུབ་རྒྱུར་འགན་ལེན་བྱ་བའི་སྐུལ་མ་གཏོང་བཞིན་ཡོད།  དེ་ལྟར་གནོད་འཚེ་ཕོག་ཚུལ་གྱི་རྟོག་ཞིབ་དང་།  སྨན་བཅོས་དུག་སེལ།  དངོས་ཟོག་བགོ་འགྲེམས།  འཕྲོད་བསྟེན་དང་སྒྲིག་ལམ་སྲུང་སྐྱོང་སོགས་ཀྱི་བྱ་བ་ཙག་ཙིག་ལ་གཡེངས་ནས་དུས་ཚོད་ཅུང་འགྲོ་མགྱོགས་ཙམ་བྱུང་བའི་སྣང་བ་སྐྱེས།  ད་ཆ་ཆུ་ཚོད་བཅུ་གཉིས་ཙམ་གྱི་དཀའ་སྡུག་མྱངས་རྗེས་མྱུར་སྐྱོབ་རུ་མི་དང་ཕྱུགས་རྫི་གསུམ་བདེ་ཐང་ངང་ཕྱིར་འཁོར་བ་དང་།  གཞན་གྱི་མྱུར་སྐྱོབ་རུ་ཁག་ཀྱང་ཉེན་ཁ་ལས་གྲོལ་ནས་ཉེན་གཡོལ་ཁུལ་དུ་འབྱོར་བྱུང་།  མ་གཞིར་ལམ་བར་དུ་ཡོམ་འཕྲོ་དང་།  ས་ཉིལ།  ?་འགྲིལ་སོགས་ཀྱི་ཉེན་ཁའི་ཁྲོད་བླངས་པའི་སྨན་རྫས་རྣམས།  ཕལ་ཆེ་བ་བོར་སྟོར་སོང་ཡང་སྲོག་ཉེན་ལས་ཐར་བ་ནི་གང་ལས་ལྷག་པ་ཞིག་མ་ཡིན་ནམ།

 

        གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་དང་།  རྒྱ་ཆེའི་སྤྱི་བདེའི་ཉེན་རྟོག་པ།  མཐའ་མཚམས་དམག་མི་ཚོས་ཉིན་མཚན་ལྟོས་མེད་ངང་དཀའ་ངལ་དུ་མ་ཁྱད་དུ་བསད་དེ།  ཁུལ་དེ་གའི་མང་ཚོགས་དང་།  ཕྱི་ནས་ཡོང་བའི་ལས་མིའམ་ཡུལ་སྐོར་བ།  དེ་བཞིན་བལ་ཡུལ་གྱི་ཚོང་པ་སོགས་ཚང་མར་མྱུར་སྐྱོབ་བྱ་བའི་གོ་སྐབས་བཟང་ཤོས་དེ་མི་འཆོ་བ་བྱས།  ཁོ་ཚོའི་རྩ་དོན་ནི་མི་སྣ་སུ་འདྲ་གཅིག་ཡིན་རུང་ཁོ་ཚོའི་ཚེ་སྲོག་སྐྱོབ་ཐུབ་པ་བྱ་རྒྱུ་ལས།  རང་གི་བཀྲེས་སྐོམ་ལ་སྣང་བ་གཏོང་ཁོམ་ཡེ་ནས་མེད་ལ་ངལ་གསོ་བརྒྱབ་ནས་ལྷོད་ལྷོད་དུ་འདུག་རྒྱུ་ནི་དེ་བས་ཀྱང་ཉིན་མོའི་སྐར་མ་ལྟར་ཡིན།  འོན་ཀྱང་ཁོ་ཚོ་མང་ཚོགས་ཀྱི་སྡོད་གུར་ནང་སླེབས་ཐེངས་རེར་ཚང་མས་རང་རང་གི་ཟས་རིགས་གང་ཡོད་ཕྱིར་བཏོན་ནས་སྣེ་ལེན་བྱེད་སྐབས་སེམས་ནང་བརྗོད་མི་ཐུབ་པའི་ཚོར་སྣང་དྲག་པོ་ཞིག་སྟེར་གྱི་ཡོད་ལ།  དགོན་གསར་ཁུལ་གྱི་དབུལ་པོའི་དུད་ཁྱིམ་གཅིག་གིས་ཁྱིམ་ཚང་དེ་གའི་འབྲུ་རིགས་དོ་པོ་གཉིས་ལས་མེད་པ་དེ་གཉིས་ཀ་ཁུར་ཡོང་སྟེ་ཀྲའོ་ཆིང་ཁེ་ལ་སྤྲད་ནས་ཚང་མ་གནས་སྐབས་བཀྲེས་ལྟོགས་མི་འབྱུང་བ་བྱ་དགོས་ཞེས་ཨུ་ཚུགས་མཐར་སྐྱེལ་བྱས་པར་ལས་དོན་རུ་མི་སེམས་འགུལ་མི་ཐེབས་པ་ག་ལ་སྲིད།  ད་དུང་སྐབས་འཕྲལ་སྨན་བཅོས་རུ་ཁག་ནང་གི་བྲེལ་བྲེལ་འཚུབ་འཚུབ་དུ་འདུར་བཞིན་པའི་ལས་མི་གཉིས་ཀྱི་བྱ་སྤྱོད་མཐོང་སྐབས།  ཀྲའོ་ཆིང་ཁེ་སེམས་འགུལ་ཐེབས་པ་ཙམ་མིན་པར་དད་གུས་ཤིག་ངང་གིས་སྐྱེས་ཡོང་།  ལོ་ཆུང་གཞོན་ནུ་མ་དེ་གཉིས་སི་ཁྲོན་ནས་ཡིན་པ་དང་།  གཅིག་ནི་མཐའ་མཚམས་དམག་མི་ཞིག་གི་ཆུང་མར་ལེན་རྩིས་ཡོད་ཅིང་།  གཏན་ཁེལ་བྱས་པའི་བག་ཚེས་ཉེ་བར་བཅར་རུང་།  མག་པ་ལས་གནས་ནས་ཁ་འབྲལ་ཐབས་མེད་རྐྱེན་འགྲམ་ལ་གཉེན་སྟོན་བྱ་བར་ཡོང་བ་དང་།  ཅིག་ཤོས་ནི་གཉེན་སྒྲིག་བྱས་ནས་ཡུན་རིང་མ་སོང་བར་འགྲམ་ལ་བཟའ་ཟླར་ཐུག་འཕྲད་བྱ་བར་ཡོང་ཡང་ས་ཡོམ་ཆེན་པོ་འདི་འདྲ་ཞིག་བརྒྱབ་ཡོང་བསམ་པ་སྣང་བའི་ཡིད་ལའང་མེད།  ཁོང་གཉིས་ཀའི་ཆེད་ལས་སྨན་པ་ཡིན།  ས་ཡོམ་བརྒྱབ་རྗེས་མི་སྣ་མང་པོ་ཞིག་ལ་རྨས་སྐྱོན་ཕོག་ནས་སྨན་བཅོས་བྱ་དགོས་སྟབས་ཆེད་ལས་ལག་རྩལ་ལྡན་པའི་ཁོ་གཉིས་རང་བཞིན་དུ་སྨན་དོན་རུ་ཁག་གི་གཙོ་ཤུགས་སུ་གྱུར།  ཁོ་གཉིས་ཀྱིས་རྨས་མར་རྨ་རས་དཀྲི་རྒྱུ་དང་།  གུར་དང་མི་འདུས་ཆེ་སར་དུག་སེལ་དང་རིམས་འགོག་བྱ་རྒྱུ།  ད་དུང་གེགས་ཁུལ་མང་ཚོགས་ཀྱི་སེམས་ཀྱི་རྨ་ཁ་གསོ་རྒྱུ་སོགས་ཀྱི་ལས་འགན་ཁུར།  དེ་ལྟར་མྱུར་སྐྱོབ་གེགས་སེལ་ལས་དོན་པ་གཞན་ཚོ་དང་ལྷན་དུ་བཙོག་སྣང་སྐྱུག་བྲོ་མི་བྱེད་ཅིང་།  ངལ་གསོ་རྒྱག་ཁོམ་མེད་ལ།  ཡུས་དང་ལན་ཁག་ཅི་ཡང་མི་ཤོད་པར་བློ་གཅིག་སེམས་གཅིག་ངང་འགྲམ་གྱི་མང་ཚོགས་གཞིས་ཀ་རྩེར་གནས་སྤོས་མ་བྱས་བར་ཉིན་གཅིག་ལྟར་གྱི་རོགས་རམ་བྱས།  གེགས་ཁུལ་མང་ཚོགས་གནས་སྤོས་བྱེད་མཚམས་ཁོ་གཉིས་ཀྱི་འཁོར་ཞག་དུས་ཚོད་ཀྱང་ཐིམས་ནས་གནམ་གྲུའི་སྤ་སེ་ཉོས་ཏེ་ཁུ་སིམ་སིམ་ངང་དེ་ལས་ཁ་བྲལ།  ཀྲའོ་ཆིང་ཁེ་དང་ལས་རོགས་རྣམས་བུད་མེད་དེ་གཉིས་ཀྱི་སྒེར་སེམས་མེད་པའི་སྙིང་སྟོབས་ལ་སེམས་འགུལ་ཚད་མེད་ཐེབས་ཏེ།  ལྷག་བསམ་ཟོལ་མེད་ཀྱི་དད་གུས་སྐྱེ་བཞིན་ཡོད་ལ།  ཁོ་ཚོས་བརྗོད་འདོད་པའི་སྐད་ཆ་ཡོད་ཚད་ཧྲིལ་གྱིས་བསྒྲིལ་ན།  ངོ་མ།  ཆག་འཇིག་ཆེན་པོའི་ཁྲོད་དུ་གཞི་ནས་བརྩེ་སེམས་ཟམ་མོའི་བྲོ་བ་ཇི་ལྟ་བུ་ཞིག་ཡིན་པ་ཚོར་ཐུབ།  ཅེས་བརྗོད།  

 

        སྐབས་འཕྲལ་མཐུན་སྦྱོར་ཚོགས་ཆུང་གིས་མང་ཚོགས་ཉེན་གཡོལ་གནས་སྡོད་ཁུལ་གྱི་སྤྱིའི་ལས་འགན་འཁུར་རྒྱུ་ཁོ་ན་ཙམ་མ་ཡིན་པར།  ད་དུང་ཁོ་ཚོའི་འཚོ་བ་དང་བདེ་འཇགས་ཀྱི་འགན་ཁུར་ནས་ཞོར་སྐྱོན་གནོད་འཚེ་མི་ཡོང་བ་བྱ་དགོས།  ས་ཡོམ་བརྒྱབ་རྗེས།  ཡོམ་འཕྲོ་ལྷག་མ་དང་ལྷན་དུ་ཆར་པ་བབ་རྐྱེན།  མཁའ་དབུགས་བརླན་གཤེར་ཤིན་ཏུ་ཆེ།  གལ་ཏེ་ཤོལ་པོ་སྒང་དང་ཏི་སི་སྒང་ནས་དབོར་ཡོང་བའི་ཕུང་པོ་གསུམ་གར་དུས་ཐོག་ཏུ་དུར་སེལ་བྱ་མ་ཐུབ་པར་རུལ་སྐྱོན་ཤོར་ན་འདས་པོར་བརྩི་བཀུར་མ་བྱས་པ་ཁོ་ན་མ་ཡིན་པར་ཁོར་ཡུག་ལའང་བཙོག་སྐྱོན་གཏོང་སྲིད།  ད་དུང་མི་རིགས་ས་ཁུལ་ལ་མཚོན་ན་ཕུང་པོ་དུར་འཇུག་ལྟ་བུའི་བྱ་བ་ནི་ཁུལ་དེ་གའི་ཡུལ་གོམས་གཤིས་ལུགས་ལ་བསྟུན་དགོས།  ཀྲའོ་ཁེ་ཆིང་དང་སྐབས་འཕྲལ་མཐུན་སྦྱོར་ཚོགས་ཆུང་གི་འགན་འཁུར་ཚོས་འདས་པོ་ཁྱིམ་མི་དང་གྲོང་ཚོའི་འགོ་ཁྲིད་ཀྱི་བསམ་འཆར་ལྟར།  ཕུང་པོ་རི་སྟེང་དུ་བསྐྱལ་ནས་ཡུལ་དེ་གའི་གཏན་འཇགས་དུར་འཇུག་བྱ་ཡུལ་དུ་སྔར་སྲོལ་བཞིན་པུར་བཞུ་རྒྱུའི་གྲོས་ཐག་བཅད།  འོན་ཀྱང་ད་དུང་ཡོམ་འཕྲོ་ལྷག་མ་རྒྱག་བཞིན་ཡོད་ལ།  ས་གཞི་འཁྱོམ་ནས་སོབ་སྟེ་རྦབ་?་ཡང་ཡང་འགྲིལ་ཡོང་བའི་སྟེང་།  ཆར་པ་བབ་རྐྱེན་རྐང་པ་འདྲེད་དེ་ཤིན་ཏུ་བགྲོད་དཀའ་བའི་གནས་སུ་གྱར།  མང་ཆེ་བའི་སེམས་པ་ད་དུང་འཇིགས་སྐྲག་གི་འཆིང་རྒྱ་ལས་གྲོལ་མེད།  དཀའ་ཚེགས་ཆེ་བའི་ལས་འགན་འདི་སུ་ལ་རྩིས་སྤྲོད་དགོས་སམ།  ཀྲའོ་ཆིང་ཁེ་ཡིས་རྒྱབ་ཕྱོགས་སུ་དཀའ་ལས་ཁག་ནས་མིག་རྩ་དམར་པོར་གྱུར་ཅིང་འ་ཆད་འུ་ཐུག་གི་གནས་སུ་གྱར་པའི་ལས་དོན་རུ་ཁག་གི་བློ་མཐུན་ཚོ་མཐོང་སྐབས།  སླར་ཡང་གཞི་རིམ་གྱི་མང་ཚོགས་སྐུལ་སློང་བྱས་ཏེ་གཞི་རིམ་གྱི་གུང་ཁྲན་ཏང་ཡོན་ཚོའི་ཧུར་སེམས་འདོན་རྒྱུའི་སེམས་ཐག་བཅད།  ལོ་ན་45མན་གྱི་གུང་ཁྲན་ཏང་ཡོན་སྐྱེས་པ་རྣམས་ཀྱིས་ཕུང་པོ་དབོར་ན་འཐུས་སམ་ཞེས་དྲིས་པ་ན།  དགའ་འོས་པ་ཞིག་ལ་འགག་རྩའི་དུས་སུ་གུང་ཁྲན་ཏང་ཡོན་ཞེས་པའི་མིང་དེར་འབོད་སྐུལ་ནུས་པ་ཤུགས་ཆེན་ལྡན་ཞིང་།  ག་དུས་སྐད་བཏང་རུང་ཚང་མས་ཧུར་ཐག་ངང་ལས་འགན་དང་ལེན་བྱེད་ཀྱི་ཡོད།  དེ་དག་དབུས་ཀྱི་སྐུ་ཕུང་གཅིག་ནི་གོང་དུ་བཤད་པའི་རང་སྲོག་བློས་བཏང་གིས་གཞན་སྲོག་སྐྱོབ་མཁན་དགོན་པའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་དཔལ་ཆོས་རེད།  ཁོང་གི་ཕ་ཡུལ་ས་ཆ་གཞན་ནས་ཡིན་སྟབས་འཁྲིས་སུ་སྤུན་མཆེད་གཞན་མེད།  སྐབས་དེར་བཅའ་སྡོད་ལས་དོན་གྱིས་སེམས་པ་བཟང་བའི་དཔའ་མོ་ཁོང་འདི་ལྟར་བདག་མེད་དུ་བཏང་ན་ག་ལ་རུང་།  ང་ཚོ་ཚང་མ་ཁོང་གི་སྤུན་མཆེད་ཡིན་ཞེས་བརྗོད་པ་ན།  ལོ་ཆུང་ཚོས་ང་ཤོར་ཁོ་ཤོར་ངང་ཁོང་གི་སྐུ་ཕུང་སྐྱེལ་རྒྱུར་ཧབ་ཐོབ་རྒྱག་པ་དང་།  མང་ཚོགས་གཞན་རྣམས་ཀྱང་ཁོང་གི་སྙིང་སྟོབས་ལ་དད་གུས་སྐྱེས་ནས་ཚང་མའི་འདོད་བློར་བསྟུན།  དུར་འཇུག་བྱེད་མཁན་རི་སྟེང་དུ་སྐྱོད་སྐབས།  བཅའ་སྡོད་ལས་དོན་གྱི་ཀྲའོ་ཆིང་ཁེ་དང་།  བྱམས་པ་བློ་བཟང་།  མངགས་གཏོང་ཁང་གི་ཉེན་རྟོག་རྣམས་ཉེན་ཁར་མི་འཛེམ་པར་རུ་སྣེ་ཁྲིད་པ་དང་།  པུར་བཞུད་གྲུབ་ནས་ཕྱིར་ལོག་སྐབས་ཁོ་ཚོ་སླར་ཡང་གཞན་ཚོའི་རུ་སྣེ་?ག་མཁན་དུ་བསྡད།  ཉེན་ཁར་ག་ཚོད་ཕྲད་ཀྱང་ཚང་མའི་སེམས་ནང་འདས་པོའི་རྣམ་ཤེས་ལམ་ལ་ཡག་པོ་འགྲོ་ཐུབ་པ་དང་།  སྐུ་ཕུང་སྐྱེལ་མཁན་རྣམས་ཁམས་བདེའི་ངང་ཉེན་གཡོལ་ཁུལ་དུ་འཁོར་ཐུབ་ན་གང་ལས་བཟང་བ་ཡིན་སྙམ་ཞིང་།  ཁོ་ཚོས་དེ་དོན་ལག་ཐོག་ཏུ་སྨིན་ཐུབ་པ་ཡང་བྱུང་།  

 

        དམིགས་བསལ་གྱི་ཉེན་ཁ་ཆེ་བའི་དུས་སྐབས་སུ།  ཏང་དང་རྒྱལ་ཁབ་ཀྱིས་སློབ་གསོ་ལོ་མང་བཏང་བའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ།  གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གི་ཀྲའོ་ཆིང་ཁེ་དང་།  ཁོའི་ལས་རོགས་ཚོས་དཀའ་ངལ་དང་ཉེན་ཁར་འཛེམས་ནས་མ་བསྡད་པར་འགན་འཁྲི་ཕྲག་ཏུ་ཁུར་ཞིང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ནི་ཏང་དང་རྒྱལ་ཁབ་ཀྱིས་དཀའ་ཚེགས་ཆེ་བའི་རི་སྟེང་དུ་བཙུགས་པའི་དར་ཆ་ཞིག་དང་འདྲ་བར།  རང་དཔེ་གཞན་སྟོན་གྱི་ནུས་པ་འདོན་སྤེལ་གང་ལེགས་ཐུབ་ཡོད་ལ།  ཁོ་ཚོས་མཐའ་མཚམས་དམག་དཔུང་དང་མངགས་གཏོང་ཁང་གི་ཉེན་རྟོག་པའི་དབར་མཐུན་སྦྱོར་གྱི་འབྲེལ་བ་དམ་ཟབ་བྱས་ནས།  གཞི་རིམ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཐོག  ཟང་ཟིང་དང་འ་ཆད་འུ་ཐུག་གནས་སུ་གྱུར་པའི་གེགས་ཁུལ་དུ་གང་མགྱོགས་ནུས་ལྡན་གྱི་ཡོམ་འགོག་གེགས་སེལ་ལས་དོན་བདེ་བླག་ངང་སྤེལ་ནས་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་སྲུང་སྐྱོབ་གང་ལེགས་ཐུབ་སྟེ།  དམངས་ཀྱི་སེམས་ནང་དྲོད་འཇམ་ལྡན་པའི་ཉི་མ་ལྟ་བུའི་དྲོ་སྐྱིད་ཚོར་ཐུབ་པ་བྱུང་ཡོད།  དམངས་ཁྲོད་དུ་ཡེ་ཤེས་ཀྱི་སྤྱན་ཡོད་ཅེས་པ་ལྟར།  ས་ཡོམ་གྱི་ཉེན་ཁ་ལས་གྲོལ་ནས་དུས་བདེ་ལྷིང་འཇགས་བྱུང་རྗེས།  དགོན་གསར་ཁུལ་གྱི་གྲོང་མི་ཚོས་རང་འགུལ་ངང་བཀའ་དྲིན་མཚོན་པའི་གཟེངས་དར་ཞིག་བཟོས་ཏེ་གྲོང་ཚོའི་བཅའ་སྡོད་ལས་དོན་རུ་ཁག་ལ་སྤྲད།  གཟེངས་དར་ཐོག  ཡོམ་འགོག་གེགས་སེལ་འགན་འཁྲི་ཕྲག་ཏུ་ཁུར།  ཟོལ་མེད་བརྩེ་བས་དམངས་ཀྱི་བདེ་སྡུག་བསྐྱངས།  ཞེས་པའི་ཡིག་ཕྲེང་ཆེན་པོ་གཉིས་འཁོད་པ་ནི་མིང་དོན་མཚུངས་པ་ཞིག་རེད། 

 

གསུམ།  སྤྱི་བདེའི་འཕྲལ་སྒྲུབ་རུ་ཁག  མི་དམངས་ཀྱི་ཉེན་རྟོག་པ་བཟང་པོ། 

 

        ལམ་ག་ཆད་འདུག  ང་ཚོར་གཤོག་པ་བསྒར་དགོས་བྱུང་ཡང་རོགས་སྐྱོབ་བྱ་བར་བསྐྱོད་དགོས།  ས་ཡོམ་བརྒྱབ་རྗེས་འགྲམ་གྲོང་རྡལ་གྱི་ལམ་དང་།  གློག  གློག་འཕྲིན་སོགས་ཡོད་ཚད་ཆད་དེ་ཕྱི་རུ་འབྲེལ་བ་བྱེད་ཐབས་བྲལ་ནས་ཁེར་རྐྱང་གི་གླིང་ཕྲན་ཞིག་ཏུ་གྱུར་ཡོད།  གེགས་ཁུལ་གྱི་བདེ་འཚམས་ལ་མེས་རྒྱལ་གྱི་མི་དམངས་ཁྲི་སྟོང་མང་པོའི་སེམས་པ་འཕྲེང་ཡོད།  ཏང་ཀྲུང་དབྱང་དང་།  རྒྱལ་སྲིད་སྤྱི་ཁྱབ་ཁང་།  རྒྱལ་ཁབ་པུའུ་ཨུད་ཀྱི་ཚན་པ་ཁག་ནས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་།  རང་སྐྱོང་ལྗོངས་ཀྱི་ཚན་པ་ཁག  གཞིས་རྩེ་གྲོང་ཁྱེར་གྱི་འགོ་ཁྲིད་སོགས་ཚང་མས་ཧབ་རུབ་སྦར་རུབ་ངང་ཡོམ་འགོག་གེགས་སེལ་གྱི་ལས་ཀར་ཞུགས་ནས་གང་མགྱོགས་ཕྱོགས་བཞི་མཚམས་བརྒྱད་ཀྱི་སྟོབས་ཤུགས་མཐའ་མཚམས་ཀྱི་འགྲམ་གྲོང་རྡལ་ཕྱོགས་སུ་སྒྲིལ་བཞིན་ཡོད།  འོན་ཀྱང་གློག་འཕྲིན་དང་གློག་ཤུགས་ཆད་པའི་དབང་གིས་གེགས་སྐྱོབ་འཆར་གཞི་ཡོད་ཚད་གཉའ་ལམ་རྫོང་མཁར་ནས་གཤམ་དུ་བསྐྱོད་ཐབས་བྲལ།  ད་ཆ་ལས་འགན་མཐའ་དག་གི་དབུས་སུ་ལས་འགན་ཨང་དང་པོ་ནི་འགྲམ་གྲོང་རྡལ་དང་གཉའ་ལམ་བར་གྱི་ནུས་ལྡན་འབྲེལ་ལམ་འཛུགས་རྒྱུ་དེ་རེད།  དེ་ལྟའི་འགན་འཁྲི་ལྗིད་ཅིང་གཟི་བརྗིད་ཆེ་བའི་འོས་འགན་དེ་འཁུར་མཁན་གཉའ་ལམ་རྫོང་གི་སྤྱི་བདེའི་ལས་ཁུངས་ཡིན། 

 

        ས་ཡོམ་བརྒྱབ་ནས་སྐར་མ་སུམ་ཅུ་ཙམ་ཡོལ་བ་སྟེ། ཉིན་གུང་ཆུ་ཚོད2:50ཡི་ཐོག་གཉའ་ལམ་རྫོང་སྤྱི་བདེ་ཅུད་ལ་འགྲམ་དུ་བསྐྱོད་དགོས་རྒྱུའི་བཀའ་རྒྱ་འབྱོར།  དེ་མ་ཐག་སྤྱི་བདེའི་ཏང་ཡོན་ཉེན་རྟོག་པ17གྱིས་གྲུབ་པའི་འཕྲལ་སྒྲུབ་རུ་ཁག་ཅིག་ཅུད་ཀྲང་གཞོན་པ་དངོས་གྲུབ་ཚེ་རིང་གིས་རུ་སྣེ་ཁྲིད་དེ་སྐར་མ་བཅུའི་རྗེས་འགྲམ་གྲོང་རྡལ་ཕྱོགས་སུ་ཐོན།  

གཉའ་ལམ་རྫོང་ནས་འགྲམ་གྲོང་རྡལ་གྱི་བར་དུ་ལམ་ཐག་སྤྱི་ལེ30ལས་མེད་ཀྱང་།  ས་བབ་མཐོ་དམན་གྱི་ཧེ་བག་རྨིད་ཉིས་སྟོང་ལྷག་ཙམ་ཡོད་ལ། ལམ་བར་གྱི་ས་བབ་ཉེན་ཁ་ཧ་ཅང་ཆེ་ཞིང་གཞོགས་གཅིག་ལ་བྲག་རི་གཡང་གཟར་ཡིན་པ་དང་གཞོགས་གཞན་དེར་གཏིང་ཚད་རིང་བའི་གྲོག་རོང་མཐིལ་དུ་སྤོ་ཆུ་རྒྱུག་བཞིན་ཡོད།  ལམ་ག་གཟར་བའི་སྟེང་ལྟག་མགོ་བསྟུད་མར་བསྐོར་དགོས་ཤིང་།  ས་གཤིས་གྲུབ་སྟངས་རྙོག་འཛིང་ཆེ་བར་མ་ཟད།  རྣམ་ཀུན་ཡིན་རུང་བློ་སྟོབས་ཆུང་བའི་མི་སྙིང་རྩ་འདར་དགོས་པའི་ལམ་ཞིག་གི་ཐོག་ས་ཡོམ་བརྒྱབ་རྗེས་སུ་བསྐྱོད་རྒྱུ་ནི་དེ་བས་ཀྱང་བརྗོད་མི་དགོས་པ་ཞིག་རེད།  འོན་ཀྱང་ས་སྣ་ལམ་རྒྱུས་ཡོད་པའི་འཕྲལ་སྒྲུབ་རུ་མི17གྱིས་ཕྱིར་བཤོལ་ཡེ་ནས་མེད་པར་ཚང་མའི་སེམས་ནང་མཐར་ཐག་གི་དམིགས་ཡུལ་གཅིག་རང་ཡོད་པ་ནི།  གནོད་འཚེ་ཕོག་ཚད་དེ་བཀའ་རྒྱ་དང་།  དུས་ཚོད་ནི་ཚེ་སྲོག་ཡིན་པས་ང་ཚོས་ཆེས་མྱུར་ཤོས་ཀྱི་དུས་ཚོད་ནང་འགྲམ་གྲོང་རྡལ་དུ་འབྱོར་བ་བྱས་ཏེ་གེགས་སྐྱོབ་ལས་དོན་སྤེལ་རྒྱུ་དེ་རེད།   

 

        རླངས་འཁོར་གཉའ་ལམ་རྫོང་མཁར་ནས་སྤྱི་ལེ་གཉིས་ཙམ་ལས་མ་བསྐྱོད་གོང་རི་བོ་ཉིལ་ནས་འགྲོ་ས་མེད།  ཁོ་ཚོས་སྲུང་སྐར་ཁ་པར་དང་?ག་ཆས་རན་ཚོད་རེ་ཁུར་ནས་རྐང་ཐང་དུ་བསྐྱོད།  ལམ་བར་དུ་རི་བོ་ཉིལ་བ་དང་།  ལམ་ག་ལུག་པའི་རྣམ་པ་བར་མེད་དུ་མཐོང་ཞིང་།  ཡོམ་འཕྲོ་ཡང་ཡང་འགུལ་བས་ཆུ་ཕར་གིའི་རི་རྩེ་ཡམ་ཡོམ་དུ་འཁྱོམ་པ་ལྟར་སྣང་ཞིང་།  རི་སྟེང་གི་ཕ་བོང་ཆེན་པོ་འགའ་གཅིག་རྗེས་གཉིས་མཐུད་ངང་ཐུར་ལ་གྲིལ་ནས་གྲོག་རོང་དུ་སླེབས་སྐབས་གནམ་ས་གད་པ་ལྟ་བུའི་སྒྲ་གྲགས་ཡོང་བས་བླ་སྲོག་ཆད་པ་ལྟར་གྱི་འཇིགས་སྣང་སྟེར།  ལམ་གའི་རྒྱུད་དུ་རི་སྟེང་ནས་གྲིལ་བའི་?་ཆེན་?་ཆུང་གིས་ཁེངས་ཏེ་ཐོག་མའི་ལམ་ག་མ་རྙེད་སྟབས་རི་ཟུར་འགྲིམས་ནས་མདུན་དུ་བསྐྱོད་རྒྱུ་ལས་མེད།  སྐབས་རེ་མགོ་བོ་བསྒུར་ནས་རྐང་པ་འཛུགས་སའི་ལམ་གར་ལྟ་སྐབས་རི་སྟེང་ནས་རྦབ་?་འུར་སྒྲ་སྒྲོག་བཞིན་ལྷུང་ཡོང་བས་ག་དུས་གསོད་ཡོང་ངམ་སྙམ་པ་ལས་མེད།  འོན་ཀྱང་རུ་མི་རྣམས་ཕན་ཚུན་སོ་ལྟ་བྱ་རེས་སམ་མི་མང་བའི་དབང་གིས་དངངས་སྐྲག་ཆུང་དུ་གཏོང་ཕྱིར།  རུ་དཔོན་དངོས་གྲུབ་ཚེ་རིང་གིས་ཁོ་ཚོ་ཚོགས་ཆུང་ཁ་ཤས་ཤིག་ལ་བགོས་ཏེ་སྐད་སྒྲ་ཆུང་ཙམ་ངང་དོགས་ཟོན་ཆེར་བསྐྱེད་བྱས་ཏེ་གོ་རིམ་ལྡན་པའི་མདུན་བསྐྱོད་བྱ་རྒྱུའི་དྲན་སྐུལ་བྱས།  

 

        ཆུ་ཚོད་གཅིག་ཙམ་འདས་རྗེས་སླར་ཡང་ཆར་པ་བབ་ནས་རི་ལམ་སྨུག་པས་བཏུམས།  ཆར་ཤུགས་ཆེ་རུ་འགྲོ་བ་དང་མུན་པ་རུབ་ལ་ཉེ་ཞིང་མདུན་ངོས་ཀྱི་ལམ་བུ་ནི་སྔར་བས་ཀྱང་བགྲོད་པར་དཀའ།  སྐབས་དེར་གལ་ཏེ་ཕྱིར་ལོག་བརྒྱབ་ནས་ཆར་མཚམས་མ་ཆད་བར་བསྒུགས་ན་ཉེན་ཁ་ཅུང་ཆུང་ཡང་།  ཁོ་ཚོ་སྐྱོད་བཞིན་པའི་ལམ་བུ་དེ་ནི་སྤྱིར་བཏང་གི་ལམ་བུ་ཞིག་མིན་པར་གཞན་སྲོག་སྐྱོབ་པའི་སྲོག་སྐྱོབ་ཀྱི་ལམ་བུ་ཞིག་ཡིན།  གལ་ཏེ་ལམ་ག་འདིའི་སྟེང་སྐར་ཆ་གཅིག་ཕྱིར་འགྱང་བྱས་ན་དེ་རྩིས་ཀྱིས་ས་ཆ་གཞན་ཞིག་ནས་མི་གཅིག་གམ་དེ་ལས་མང་བའི་ཚེ་སྲོག་འཚོར་བའི་ཉེན་ཁ་ཆེ་རུ་འགྲོ་བཞིན་ཡོད་པ་ཚང་མའི་སེམས་ནང་ཁྲིག་ཁྲིག་ཡིན།  ཁོ་ཚོས་མུ་མཐུད་གང་སར་ས་?་རིལ་ནས་བགྲོད་དཀའ་བའི་རི་ལམ་ཀྱག་ཀྱོག་དེ་ཉིད་རྐང་འོག་ཏུ་མནན་ནས་ཏན་ཏན་ཏིག་ཏིག་ངང་མདུན་དུ་བསྐྱོད།  

 

        མདུན་གྱི་ལམ་གར་ལྟ་མཁན་ཡོན་ཏན་སྤེན་པས་ཕ་བོང་ཞིག་བརྒལ་ནས་མཆོང་རྩིས་བྱེད་སྐབས་རྐང་པ་འདྲེད་དེ་གཡང་གཟར་ངོས་སུ་འགྱེལ།  གལ་ཏེ་ཁོའི་རྗེས་སུ་ཡོང་བཞིན་པའི་ལས་རོགས་གཉིས་པོས་བདེ་ལྕག་འཁྱུག་པོའི་ངང་ཁོའི་ལག་ནས་འཇུ་མ་ཐུབ་ཚེ།  ད་ཆ་མཇུག་འབྲས་གང་ཞིག་ཡོང་མིན་ཤོད་མི་དགོས།  སྐབས་དེར་ཚང་མའི་གློ་སྙིང་ཁ་ནས་མ་དོན་ཙམ་གྱི་འཇིགས་སྣང་ཆེན་པོ་སྐྱེས་ཤིང་།  ཕན་ཚུན་དབར་ངེས་པར་དུ་གཟབ་གཟབ་བྱ་དགོས་རྒྱུའི་དྲན་སྐུལ་ཡང་ཡང་བྱ་རྒྱུ་ལས་གཞན་གྱི་བྱེད་ཐབས་ཟད། 

 

            ཕྱི་དྲོ་ཆུ་ཚོད་བདུན་པ་ཙམ་ལ་སླེབས་སྐབས།  ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤིག་ཐོག་མའི་བཟོ་དབྱིབས་གང་ཡིན་ངོ་རྟགས་ཆོད་དཀའ་བར་གྱུར་ནས་ལམ་ཟུར་དུ་བསྒྱེལ་འདུག  དེའི་ཕར་ཙམ་ན་རི་ཉིལ་བའི་?་དང་བྱེ་ཧྲུག་གི་ཕུང་པོ་དེའུ་ཙམ་ཞིག་གིས་ལམ་རྦད་དེ་བཅད་ཅིང་གཡང་གཟར་ངོས་ལས་?་ཧྲུག་རྦབ་ཆུ་བཞིན་ཆད་མེད་དུ་བརྒྱུགས་ཡོང་།  འདི་ལྟ་བུའི་ཉེན་ཁ་ཆེ་བའི་ལམ་ཞིག་ཇི་ལྟར་བརྒྱུད་དགོས་སམ།  རེད།  ངེས་པར་དུ་བདེ་འཇགས་ངང་བགྲོད་ཐུབ་པ་བྱ་དགོས་རེད།  ཁོ་ཚོས་བརྟག་ཞིབ་ནན་ཏན་བྱས་རྗེས་མི་སྣ་ཁག་བགོས་ནས་ཁ་ཤས་ཀྱིས་སོ་ལྟ་བྱེད་པ་དང་།  ཁ་ཤས་ཀྱིས་རྦབ་?་མ་གྲིལ་བའི་བར་གསེང་ནས་གང་མགྱོགས་བགྲོད་དགོས་པའི་གྲོས་ཐག་བཅད།  དེ་ལྟར་ཚོ་ཁག་མཐའ་མ་དེ་བརྒྱུད་ཚར་རྗེས་ཚང་མའི་བློ་སེམས་ཕྲན་ཙམ་བདེ་ལ་འཁོད།  རྐང་འོག་གི་ས་གཞི་སླར་ཡང་ཡམ་ཡོམ་དུ་འཁྱོམ་ཞིང་གློ་བུར་དུ་རྣ་ཅོག་བཀད་སོང་སྙམ་པའི་སྒྲ་ཞིག་གྲགས་ཡོང་བ་དང་ལྷན།  ད་ལྟ་བགྲོད་ཡོང་སའི་རི་ལམ་གྱི་ཐོད་ནས་ས་?་ཉིལ་ཏེ་ལམ་ག་རྦད་དེ་བསྣན་སོང་།  གལ་ཏེ་ཡོམ་འཕྲོ་འདི་འདི་ལས་སྐར་མ་ཕྱེད་ཀས་སྔ་བ་བརྒྱབ་ཚེ་འཕྲལ་སྒྲུབ་རུ་མི་ཡོངས་ཀྱི་ཚེ་སྲོག་འབྱུང་བའི་དཀྱིལ་དུ་འཐིམ་རྒྱུ་ཉག་ཅིག་རེད། 

 

        ཁོ་ཚོས་དུས་ཡུན་ཆུ་ཚོད་དྲུག་ཙམ་རིང་ངལ་བ་ཁྱད་དུ་བསད་དེ།  ཉེན་ཁའི་རྗེས་སུ་ཉེན་ཁ་བསྒྲོལ་ནས་འགྲམ་གྲོང་རྡལ་གྱི་ཉེ་འགྲམ་དུ་འབྱོར།  སྐབས་དེར་ཁོ་ཚོའི་མིག་ལམ་དུ་དེ་བས་ཀྱང་ཡིད་སྐྱོ་ཞིང་ཞེ་སྨྲེང་ནས་ཁ་གཏད་འཇལ་དཀའ་བའི་རྣམ་པ་ཞིག་མཐོང་།  རྒྱང་ཐག་ཅུང་རིང་བའི་སར་གང་སར་?་ཕུང་དབུས་སུ་མི་ཞིག་ཁྲག་གིས་ཚོས་ནས་འགྱེལ་འདུག  གང་མགྱོགས་འཁྲིས་སུ་བཅར་ནས་སྐྱོབ་རྩིས་བྱེད་སྐབས་མི་དེའི་དབྱུགས་རྒྱུན་སྔ་ས་ནས་ཆད་ཟིན་ཞིང་།  མགོ་དང་ལུས་པོ་?་ཡིས་ཉོག་འདུག  དེ་གའི་ཕར་ཙམ་གྱི་ལམ་འགྲམ་ན་ཆག་རྡུང་ཉག་རྡུང་བཏང་བའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་ཤིག་ཡོད་པ་དེ་ནི་འདས་པོ་དེའི་ཡིན་པ་ཚོད་དཔག་བྱ་ཐུབ།  གོད་ཆག་བྱུང་བའི་སྐུ་ཕུང་དེ་ལྟར་ས་སྟོང་དཀྱིལ་དུ་བསྐྱུར་ན་ག་ལ་རུང་།  འཕྲལ་དུ་ལ་ལས་རླངས་འཁོར་ནང་ཚལ་ཁྱེར་ནས་ཕུང་པོ་སྒྲིལ་བ་དང་།  ལ་ལས་ཉེ་འགྲམ་གྱི་ནགས་ཚལ་བཅད་དེ་སྟབས་བདེའི་ཤིང་སྒྲོམ་ཞིག་བཟོས་ནས་བཏེགས་ཡོང་།  ད་ཆ་མདུན་སྐྱོད་ཀྱི་དཀའ་ཚེགས་སྔར་བས་ཆེ་རུ་སོང་ཞིང་རི་སྟེང་ནས་ས་?་ཉིལ་མིན་བརྟག་ཐབས་མེད་སྟབས།  ཚང་མས་ཁུ་སིམ་སིམ་ངང་ས་?་ཉིལ་མིན་གྱི་སྒྲ་ལ་ཉན་པ་དང་།  སྔ་ཕྱིའི་དབར་གྱི་བར་ཐག་ཇེ་འགྱངས་སུ་གཏོང་རྒྱུ་ལས་འོས་མེད།

 

        ཁོ་ཚོ་འགྲམ་གྲོང་རྡལ་དུ་འབྱོར་སྐབས་དགོང་མོའི་ཆུ་ཚོད་བརྒྱད་པ་དགུ་པར་ཟིན་པ་དང་།  མིག་ལམ་དུ་ཤར་བའི་རྣམ་པ་ནི་དེ་བས་ཀྱང་ཡིད་སྐྱོ་དགོས་པ་ཞིག་རེད།  རྣམ་ཀུན་འཁྲུག་ཆ་དོད་ཅིང་དར་རྒྱས་འགྲོ་བཞིན་པའི་མཐའ་མཚམས་ཀྱི་འགག་སྒོ་དེ་ཉིད་ད་ཆ་ཁ་ཆག་སྣ་རལ་དུ་གྱུར་པའི་རྨས་མ་ཞིག་དང་འདྲ་བར་ཁུ་སིམ་མེར་ཉལ་འདུག  གང་ས་གང་དུ་ཁང་པ་བརྡིབས་ཤིང་གྱང་འགྱེལ་བ་དང་།  ས་རོ་?་རོས་ཁེངས།  ཚོང་འདུས་གྲོང་ཚོ་བརྒྱུད་སྐབས་གྱང་རོའི་དཀྱིལ་ནས་སྐད་གདངས་ཆེས་དམའ་བའི་སྒྲ་གསལ་ལ་མི་གསལ་ཞིག་ཐོས་ཡོང་།  དངོས་གྲུབ་ཚེ་རིང་དང་ལས་རོགས་ཚོས་ལམ་སེང་ས་རོ་?་རོའི་འོག་ཏུ་མནན་པའི་བུ་མོ་ཆུང་ཆུང་ཞིག་བསྐྱབས།  ཁོ་ཚོས་དང་ཐོག་འགྲམ་གྲོང་རྡལ་གྱི་སྤྱི་བདེའི་མངགས་གཏོང་ཁང་དང་འབྲེལ་བ་བྱས་ནས་ད་ལྟ་ཉེན་གཡོལ་ཁུལ་དུ་སྐྱེལ་མ་ཐུབ་པའི་མང་ཚོགས་རྣམས་ས་ཆ་དེ་གའི་ཉེ་འགྲམ་གྱི་ཉེན་གཡོལ་བྱེད་ཁུལ་ཁག་ལྔ་ལ་བསྐྱལ་རྗེས།  ཁྱིམ་ཚང་རེ་རེ་བཞིན་མི་གྲངས་བཤེར་ཏེ་རྨས་མ་དང་བོར་བརླགས་སོང་བ་ཐོ་བླངས་ནས་སྲུང་སྐར་ཁ་པར་བརྒྱུད་གཉའ་ལམ་རྫོང་ལ་སྙན་སེང་ཞུས། 

 

            མང་ཚོགས་ཚོས་ཉེན་རྟོག་པས་ཚེ་སྲོག་གི་ཉེན་ཁར་མ་འཛེམས་པར་དེར་སླེབས་པ་མཐོང་སྐབས་སེམས་འགུལ་ཚད་མེད་ཐེབས་ནས་གཅིག་གྱུར་ངང་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།  སྣང་ཚུལ་དེས་ཁོ་ཚོའི་ཞེད་སྣང་དང་དངངས་སྐྲག་གི་སེམས་པ་རེ་ཞིག་ལྷོད་ལ་འཇགས་ཏེ་སྤྲོ་སྣང་ཞིག་སྐྱེས་ཞིང་།  འཐབ་འཛིང་པ་རྣམས་དཀའ་ལས་ཁག་དྲགས་པ་ཤེས་ཏེ་ལམ་སེང་རང་ཉིད་ལ་ཕོར་ཐུག་གཅིག་གཅིག་ལས་མེད་པ་དེ་ཉིད་ཟ་རུ་འཇུག་དུས།  འཐབ་འཛིང་པ་ཚོའི་མིག་ཟུང་ལ་ཡང་མཆི་ཞག་འཁོར་ཡོང་།  ཉིན་དེའི་མཚན་མོར་ཆར་པ་ཆད་མེད་དུ་བབ་ཅིང་ཡོམ་འཕྲོ་གཅིག་རྗེས་གཉིས་མཐུད་ངང་འགུལ།  ཉེ་འཁོར་ནས་རི་ཉིལ་བའམ་རྦབ་?་འགྲིལ་བའི་སྦྱིག་སྒྲ་ཡང་ཡང་ཐོས་སྐབས་མི་རྣམས་ཞེད་མ་དངངས་ཀྱི་སྐྱི་གཡའ་བའི་ངུ་འབོད་ཤོར་ཡོང་།  འཕྲལ་སྒྲུབ་རུ་ཁག་གིས་མཚན་གང་རིང་ལམ་ཐོག་ཏུ་སྐོར་གཡེང་བྱེད་པའམ་ཉེན་གཡོལ་གནས་གཞི་ལྔ་ལ་རེས་མོས་སུ་བསྐྱོད་དེ་རི་ཉིལ་བའི་གནས་ཚུལ་ཡོད་མེད་དང་།  མང་ཚོགས་ཀྱི་སེམས་ཁ་གསོ་བ།  ད་དུང་འཚོ་བའི་དགོས་མཁོ་གང་ཡོད་སྐོང་།  འོན་ཀྱང་ཁོ་ཚོ་རང་ཉིད་ལ་སྦྲ་གུར་ཐོལ་པ་མེད་སྟབས་དཀའ་ལས་ཁག་ཐག་ཆོད་དུས་ཆར་པའི་དཀྱིལ་དུ་ལམ་འགྲམ་གྱི་ས་ལམ་མཁྲེགས་པོའི་ཐོག་ངལ་གསོ་ཕྲན་ཙམ་བརྒྱབ་རྗེས་སླར་ཡང་ལས་ཀར་བྲེལ།  

 

        ཚེས26གི་ནམ་སྨད་དུ།  སྲུང་སྐར་ཁ་པར་ནང་གོང་གི་ལམ་རྒྱུས་ཡོད་པའི་འཕྲལ་སྒྲུབ་རུ་ཁག་གི་རུ་མི་རྣམས་མྱུར་དུ་གཉའ་ལམ་རྫོང་དུ་ས་ཡོམ་ཆེད་ལས་མཁས་པའི་སྔོན་སྐྱོད་དམག་དཔུང་བསུ་བར་ཡོང་དགོས་རྒྱུའི་བཀའ་རྒྱ་འབྱོར།  ཁོ་ཚོས་སླར་ཡང་གྲ་སྒྲིག་ཕྲན་བུ་བྱས་རྗེས་ཆུ་ཚོད་དགུ་པའི་ཐོག་ཏུ་ཐོན།  མཚན་གང་རིང་ཡོམ་འཕྲོ་བཅུ་གྲངས་བརྒྱབ་པའི་བགྲོད་ལམ་ནི་ཁ་སང་ལས་ཉེན་ཁ་ཆེ་བར་གྱུར་ཅིང་།  བྲག་?་དང་ཤིང་ནགས་རྣམས་གཏུམ་དྲག་ཆེ་བའི་གཅན་གཟན་གྱི་གདོང་རིས་ལྟར་མཆེ་བ་གཙིགས་ནས་ཁྱུར་མིད་གཏོང་འདོད་ཀྱི་རྣམ་པ་ཞིག་མངོན།  རྣམ་ཀུན་འཇམ་ཞིང་བསིལ་བའི་ཁ་བའི་མེ་ཏོག་དག་ཀྱང་དེ་རིང་རྣོ་ངར་ཆེ་བའི་འཁྱགས་གྲིར་གྱུར་ནས་ཁོ་ཚོའི་དགྲ་རུ་ལངས།  རྩལ་ནུས་སྦྱོང་བརྡར་ཐོབ་པའི་འཕྲལ་སྒྲུབ་རུ་མི་རྣམས་དོགས་ཟོན་ཆེས་ཆེར་བྱེད་བཞིན།  བགྲོད་དཀའ་བའི་ལམ་འཕྲང་རེ་རེ་བཞིན་བརྒལ་ནས་མཐུན་སྒྲིལ་ཕུག་ལམ་གྱི་འགྲམ་དུ་འབྱོར་སྐབས།  ངལ་གསོ་ཕྲན་ཙམ་རྒྱག་དགོས་སྙམ་ནས་ཐང་ལ་བསྡད་མ་ཐག  སླར་ཡང་རིམ་ཚད་དྲུག་ཙམ་སླེབས་པའི་ཡོམ་འཕྲོ་ཞིག་བརྒྱབ་ནས་རྐང་འོག་ས་གཞི་འཁྱོམ་ཞིང་།  ཉེ་འཁོར་གྱི་རི་བོ་འདར་ནས་ས་གཞི་གད་པ་ལྟ་བུའི་སྒྲ་ཡིས་ཁེངས།  ཁོ་ཚོས་ངལ་གསོ་རྒྱག་ཡུལ་ནས་བར་ཐག་སྤྱི་ལེ་གཅིག་ཙམ་ལས་མེད་པའི་མཐུན་སྒྲིལ་སྦྲིག་ལམ་རྫས་མེས་གཏོར་བཏང་བ་ལྟར་རྦད་དེ་བརྡིབས།  དེ་འདྲའི་ཉེན་ཁ་ལ།  ཏོག་ཙམ་མིན་ན་རུ་མི17ཡོངས་རྫོགས་ས་འོག་ཏུ་གླེབས་གྲབས་རེད།  ཉེ་འཁོར་གྱི་རི་བོའི་སྟེང་ནས་ས་?་བསྟུད་མར་ཉིལ་ཏེ་བགྲོད་ལམ་རྦད་དེ་འགག  ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་པུའུ་ལ་སྙན་སེང་ཞུས་རྗེས་ཕྱིར་འགྲམ་གྲོང་རྡལ་དུ་ལོག་དགོས་རྒྱུའི་བཀའ་བཀོད་ལྟར་མུ་མཐུད་སྔར་གྱི་སྐོར་གཡེང་དང་བདེ་འཇགས་ལས་དོན་སྒྲུབ་པར་བྲེལ།  

 

        ཚེས་27ཉིན་གྱི་ནམ་ལངས་དུས།  འཕྲལ་སྒྲུབ་རུ་ཁག་གི་ཉེན་རྟོག་པ་རྣམས་སླར་ཡང་སྙིང་རུས་ཧུར་བསྐྱེད་ངང་གནོད་འཚེ་ཕོག་ཆེ་ཤོས་ཀྱི་ཏི་སི་སྒང་དུ་སྲོག་འགོ་མ་ཐོན་པའི་སྐུ་ཕུང་འཚོལ་བར་བསྐྱོད།  ཁོ་ཚོར་ལག་ཆ་བཟང་བ་མེད་སྟབས་ཉེན་རྟོག་པ་ཁ་ཤས་ཀྱི་ལག་པར་?་ཧྲུག་དང་ཤེལ་ཆག་གིས་རྨས་ནས་ཟུངས་ཁྲག་ཆད་མེད་དུ་འཛགས་ཡོང་ཞིང་།  འདས་པོའི་ཁྱིམ་མིས་གློད་གཏོང་བྱ་དགོས་རྒྱུའི་རེ་བ་ཡང་ཡང་བཏོན་ཡང་།  ཁོ་ཚོས་སྐུ་ཕུང་གཉིས་མ་རྙེད་བར་མཚམས་འཇོག་བྱས་མེད་ལ།  སྐུ་ཕུང་གསུམ་པ་རྙེད་རྗེས་གཞི་ནས་འདས་པོའི་ཁྱིམ་མིའི་ཁ་ལ་ཉན་ནས་རང་སར་པུར་བཞུས།  ཁོ་ཚོ་སླར་ཡར་བྲེལ་བྲེལ་འཚུབ་འཚུབ་ངང་སྤང་ཚོན་དང་།  འགྲམ་གྲོང་རྡལ།  ཏི་སི་སྒང་།  དགོན་གསར།  ཤོལ་པོ་སྒང་སོགས་ཀྱི་སྡོད་ཁང་དང་།  སྣུམ་སྣོན་ས་ཚུགས།  ཁྲོམ་ལམ་གྱི་ཚོང་ཁང་སོགས་ལྟེ་བར་བྱས་ནས་རེ་རེ་བཞིན་ཡོངས་བཤེར་བྱས་ཤིང་།  ཉེན་གཡོལ་མ་ཐུབ་པའི་མང་ཚོགས་ཀྱི་ཉེན་གཡོལ་དང་།  ཉེན་འགོག་ཉེན་སེལ།  མྱུར་སྐྱོབ།  དེ་བཞིན་རྩ་ཆེའི་ཐོན་སྐྱེད་འཚོ་བའི་ཡོ་བྱད་གནས་སྤོ་སོགས་ཀྱི་ལས་དོན་སྤེལ་ནས་ཉིན་མཚན་གསུམ་བསྟུད་མར་མིག་བཙུམས་མྱོང་མེད།  བགྲོད་ལམ་ཤར་གཏོང་ཐུབ་ནས་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་འབྱོར་སྐབས་ཁོ་ཚོ་སླར་ཡང་ཛ་དྲག་གི་དམག་འཐབ་གསར་པ་ཞིག་གི་ལས་འགོ་ཚུགས།  

དེའི་རིང་།  རུ་མི་མང་པོ་ཞིག་ལ་གཤིན་རྗེའི་ཞགས་པ་འཁོན་གྲབས་ཐེངས་མང་བྱས་ཤིང་།  ཚབས་ཆེ་ཆུང་ལ་མ་ལྟོས་པར་ལུས་ལ་རྨས་སྐྱོན་མང་པོ་ཕོག་མོད།  འོན་ཀྱང་ཁོ་ཚོའི་དབུས་སུ་ཁག་དཀྲི་དང་སྡུག་ཡུས་ཤོད་མཁན་གཅིག་ཀྱང་མེད་ལ།  རུ་མི་ཕུར་བུ་ཚེ་རིང་གི་རྐང་མཐིལ་སྐྱི་པགས་བཤུས་ཀྱང་གཞན་ཚོ་ལྷན་དུ་གོམ་པ་མཉམ་བགྲོད་བྱས་སྟབས།  ཁྲག་ཐུམ་གད་དེ་རྐང་སུག་དང་རྨ་ཁ་འབྱར་ནས་མཐར་རྐང་མཐིལ་གྱི་སྐྱི་པགས་གཅིག་རྦད་དེ་བསྐྱུར་ཡང་གོམ་བགྲོད་ཀྱི་དལ་ཁ་གློད་མེད། 

 

        རུ་དཔོན་དངོས་གྲུབ་ཚེ་རིང་ནི་འཐབ་གྲོགས་ཚོའི་སྙིང་སྟོབས་ཀྱིས་སེམས་འགུལ་ཚད་མེད་ཐེབས་པ་དང་།  གེགས་ཁུལ་མང་ཚོགས་ཀྱི་སྐྱིད་སྡུག་མཐོང་ནས་སེམས་ཀྱིས་བཟོད་མ་ཐུབ་པར་ཉིན་ཤས་བསྟུད་མར་ཟས་བཅུད་གཉིད་བྲལ་ངང་།  དཀའ་ཁག་དང་ཉེན་ཁ་ཆེ་ས་གང་ཡོད་དུ་མདུན་དུ་མཆོངས་ནས་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མར་འབད་འབུངས་བྱས་རྐྱེན།  ཡུལ་མི་ཚོའི་ངག་ལས་ཁྱེད་ཚོ་ནི་ངེད་མང་ཚོགས་རྣམས་རང་གི་སྤུན་མཆེད་ལྟར་གྱི་བརྩེ་བ་བཅངས་མཁན་ཞིག་དང་།  རང་དོར་གཞན་གཅེས་དང་།  ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་ལས་དོན་སྤེལ་མཁན་གྱི་མི་དམངས་ཉེན་རྟོག་པ་བཟང་པོ་ཤ་སྟག་རེད་ཅེས་རྗོད་ཀྱི་ཡོད།

 

བཞི།  གློག་འཕྲིན་ལས་མིས་བརྩེ་བ་ཟབ་པའི་མངོན་མེད་གཤོག་པ་བསྒར།  

 

        ས་ཡོམ་བརྒྱབ་རྗེས།  གེགས་ཁུལ་གྱི་ནང་དུ་ཏང་ཡོན་འགོ་ཁྲིད་ལས་བྱེད་དང་སྤྱི་བདེའི་ཉེན་རྟོག་པ་སོགས་སྣེ་ཁྲིད་འོག  ཡོམ་འགོག་གེགས་སེལ་གྱི་ལས་དོན་ཧུར་ཐག་ངང་སྤེལ་བཞིན་ཡོད།  གེགས་ཁུལ་གྱི་ཕྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཅིག་གྱུར་བཀོད་སྒྲིག་འོག  བོད་རང་སྐྱོང་ལྗོངས་རིམ་ཁག་འགོ་ཁྲིད་དང་།  གཞིས་རྩེ་གྲོང་ཁྱེར་གྱི་གྲོང་ཨུད་དང་སྲིད་གཞུང་གིས་འཕྲལ་དུ་ཡོམ་འགོག་གེགས་སེལ་གྱི་བཀོད་འདོམས་པུའུ་བཙུགས་པ་དང་།  ཕྱོགས་གང་ཅིའི་ཐད་ཀྱི་གེགས་སེལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་གེགས་སྐྱོབ་དངོས་ཟོག་སྐོང་འཐེན་བྱས་ཏེ་གནོད་འཚེ་ཕོག་ཤུགས་ཆེ་ཤོས་སུ་གྱུར་པའི་གཉའ་ལམ་རྫོང་འགྲམ་གྲོང་རྡལ་དུ་དབོར་འདྲེན་བྱ་རྒྱུ་དེ་ཡིན་མོད།  གེགས་སེལ་རོགས་སྐྱོར་བྱ་བར་མེད་ཐབས་མེད་པའི་ཆེས་རྨང་གཞིའི་རྨང་གཞི་ནི་ས་ཡོམ་ཁྲོད་གཏོར་བརླག་བཏང་བའི་ལམ་དང་།  གློག  འཕྲིན་གཏོང་སོགས་མངོན་ཡོད་མངོན་མེད་ཀྱི་འབྲེལ་ལམ་དག་ཡིན་པས་བཀོད་འདོམས་པུའུ་ཡིས་རང་སྐྱོང་ལྗོངས་འབྲེལ་ཡོད་ཚན་པར་དེ་དག་མྱུར་དུ་བསྐྱར་བསྐྲུན་བྱ་དགོས་རྒྱུའི་བཀའ་བཏང་། 

 

        དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རུ་ཁག་དང་།  བོད་ལྗོངས་གཞུང་ལམ་ཅུད་སོགས་ཀྱི་ཚན་པའི་མི་སྣ300ལྷག་ཙམ་མྱུར་སྐྲུན་རུ་ཁག་ནང་ཞུགས་ནས་ལམ་ག་གུ་དོག་ཅིང་ས་བབ་དམིགས་བསལ་ཆེ་ལ་ཡོམ་འཕྲོ་ཆད་མེད་འགུལ་བཞིན་པའི་གནས་ཚུལ་ལ་དམིགས་ནས།  ས་འདེད་འཕྲུལ་འཁོར་གྱིས་མདུན་གྱི་ས་བཤང་རྒྱག་པ་དང་།  དེའི་རྒྱབ་ཏུ་ལས་མིས་བཟོ་བ།  ལམ་དུམ་མང་པོ་དུས་གཅིག་ཏུ་མྱུར་བཟོ་བྱ་བ་སོགས་ཀྱི་འབད་འབུངས་བྱེད་ཅིང་བོད་ལྗོངས་གཞུང་ལམ་ཅུད་ཀྱིས་ལམ་གར་གྲིལ་བའི་ཕ་བོང་དང་བྱེ་རུད་སོགས་གཙང་སེལ་བྱེད་བཞིན་ཡོད།  དེ་དང་ཆབས་ཅིག  གློག་འཕྲིན་དང་།  གློག་ཤུགས་སོགས་ཀྱི་ཚན་པས་ཆེས་སྔོན་ཐོན་གྱི་འཕྲུལ་ཆས་དང་ལག་རྩལ་བྱང་ཆུབ་པའི་ཆེད་ལས་མི་སྣ་སྐོང་འཐེན་བྱས་ནས་མྱུར་སྐྱོབ་གེགས་སེལ་གྱི་འཐབ་ས་མདུན་མར་བསྐྱོད་པ་དང་།  གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་བཀོད་འདོམས་པུའུ་རུ་གཏན་སྡོད་བཀོད་འདོམས་བྱེད་ཅིང་།  ལྷག་དོན་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ནས་དཀའ་ངལ་བརྒྱ་ཕྲག་ཁྱད་དུ་བསད་དེ་ས་བརྡིབས་རི་ཉིལ་གྱིས་གནོད་འཚེ་ཚབས་ཆེན་ཕོག་པའི་རྒྱུད་དུ་གང་མགྱོགས་བགྲོད་ལམ་མྱུར་བཟོ་བྱས་ཐོག  ཚང་མས་ཕྱར་བ་གྲུ་འདེགས་དང་དམངས་སེམས་གཅིག་སྒྲིལ་ངང་ཆེས་མྱུར་ཤོས་ཀྱི་དུས་ཚོད་ནང་འགྲམ་གྲོང་རྡལ་ཕྱོགས་སུ་བསྐྱོད་སའི་སྲོག་སྐྱོབ་བགྲོད་ལམ་ཤར་གཏོང་ཐུབ་པ་བྱ་དགོས་རྒྱུའི་སྐུལ་ལྕག་ནན་ཏན་བཏང་།

 

        རང་སྐྱོང་ལྗོངས་གློག་འཕྲིན་དོ་དམ་ཅུད་ཀྱིས་བཀོད་འདོམས་པུའུ་ཡི་བཀའ་རྒྱ་འབྱོར་མ་ཐག  འཕྲལ་དུ་ཀྲུང་གོ་གློག་འཕྲིན་དང་།  དྲ་སྦྲེལ།  སྒུལ་འཕྲིན་སོགས་ཀྱི་འཕྲིན་གཏོང་གཙོ་གནད་སྡེ་ཚན་ཁག་གིས་ཆེས་མྱུར་ཤོས་ཀྱི་སྒོ་ནས་འཕྲིན་གཏོང་སླར་གསོ་བྱ་དགོས་རྒྱུའི་ལས་འགན་སྤྲད་པ་དང་།  ཀྲུང་གོའི་གློག་འཕྲིན་ཚོགས་པ་ཀུང་སིའི་སྤྱི་ཁྱབ་འགན་འཁུར་བ་ང་ཞའོ་ཁྲུའུ་དང་།  དོ་དམ་རིམ་པས་གློག་འཕྲིན་གྱི་ལས་བཟོ་ལས་བྱེད་ཡོངས་ལ།  ང་ཚོས་ངེས་པར་དང་ཏང་ཨུད་དང་སྲིད་གཞུང་གི་གཅིག་གྱུར་བཀོད་སྒྲིག་འོག  ནུས་ཤུགས་ཡོད་རྒུས་ད་ཐེངས་ཀྱི་ཡོམ་འགོག་གེགས་སེལ་ལས་ཀ་ཧུར་ཐག་སྤེལ་ནས་གང་མགྱོགས་འཕྲིན་གཏོང་སླར་གསོ་ཐུབ་པ་བྱ་དགོས་ཞེས་མཛུབ་སྟོན་གནང་།  ཕུལ་བྱུང་གི་སྡེ་ཚན་ཞིག་ཡིན་ཕྱིན་གོང་འོག་བརྩི་བཀུར་ཆེ་ཞིང་བཀའ་རྒྱ་དང་ལེན་བྱེད་མཁན་ཤ་སྟག་ཡིན་ངེས།  ཁོ་ཚོས་བཀའ་རྒྱ་འབྱོར་མ་ཐག  དུས་ཐོག་ཏུ་འཕྲལ་སྒྲུབ་སྔོན་ཇུས་རིམ་པ་དང་པོ་བསྐོལ་ནས་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་རིམ་པ་ལྟར་ལྗོངས་དང་།  གྲོང་ཁྱེར།  རྫོང་རིམ་པ་གསུམ་གྱི་དགོས་ངེས་སྒྲིག་ཆས་དང་མི་སྣ་མངགས།

 

        འགོ་ཁྲིད་ཚོགས་ཆུང་གིས་གནོད་འཚེ་ཕོག་ཁུལ་གྱི་དོན་དངོས་ལ་གཞིགས་ཏེ་འཕྲལ་སྒྲུབ་རུ་ཆུང་ཁག་བཞི་སྒྲིག་འཛུགས་བྱས་ཤིང་།  རུ་ཆུང་དང་པོས་འོད་འཁྲིད་ཚི་སྐུད་དུམ་བུར་ཆད་པ་རྣམས་མཐུད་རྒྱུ་དང་།  རུ་ཆུང་གཉིས་པས་སྒུལ་འཕྲིན་རྟེན་གཞིའི་སྒྲིག་ཆས་ཁྱེར་ནས་འགྲམ་གྲོང་རྡལ་ཕྱོགས་སུ་སྒུལ་འཕྲིན་དྲ་རྒྱ་གཏོང་རྒྱུ།  རུ་ཆུང་གསུམ་པས་སྟབས་བདེའི་སྒུལ་འཕྲིན་གློག་ཆས་ཁུར་ནས་སྔར་གྱི་ལམ་རྙིང་བརྒྱུད་འགྲམ་གྲོང་རྡལ་ཕྱོགས་སུ་བསྐྱོད་རྒྱུ།  རུ་ཆུང་བཞི་པས་སྐྱིད་རོང་གི་རག་ཟོར་མཐུན་སྒྲིལ་ཟམ་པར་བསྐྱོད་དེ།  ཚང་མས་རང་རང་གི་ལས་འགན་དུས་ཐོག་ཏུ་བསྒྲུབས་ནས་གང་མགྱོགས་ཉམས་ཆག་བྱུང་བའི་འཕྲིན་གཏོང་སྒྲིག་ཆས་སླར་གསོ་ཐུབ་རྒྱུའི་བཀོད་སྒྲིག་བྱས།

 

        དོན་དངོས་ཐོག་དྲ་རྒྱ་འཁོར་རྒྱུག་བྱེད་ཚུལ་མཐའ་དག་འཕྲིན་གཏོང་ཚན་པའི་ལག་རྩལ་ཁང་གིས་ལྟ་སྡོམ་བྱ་བཞིན་ཡོད།  ས་ཡོམ་སོགས་རྒྱུན་ལྡན་མིན་པའི་གནས་ཚུལ་ཐོན་མ་ཐག  ཁོ་ཚོའི་ལག་རྩལ་མི་སྣས་ལམ་སེང་ཤེས་རྟོགས་ཐུབ་པ་དང་གནོད་འཚེ་ཕོག་ཚད་ཀྱི་གཞི་རྩའི་གནས་ཚུལ་ཡང་དུས་ཐོག་ཏུ་ཤེས་ཐུབ།  དེའི་དབང་གིས་ལོ་ངོ་བཅུ་གྲངས་རིང་ཀྲུང་གོ་གློག་འཕྲིན་བོད་ལྗོངས་ཡན་ལག་ཀུང་སིས་རང་སྐྱོང་ལྗོངས་ཀྱི་བྱེད་སྒོ་ཆེ་གྲས་དང་གློ་བུར་དོན་རྐྱེན་སོགས་ཀྱི་འཕྲལ་སྒྲུབ་འཕྲིན་གཏོང་གི་ལས་འགན་བསྒྲུབས་མྱོང་།  ཁོ་ཚོར་སྔོན་ཐོན་གྱི་འཕྲལ་སྒྲུབ་འཕྲིན་གཏོང་སྒྲིག་ཆས་དང་འཐུས་སྒོ་ཚང་བའི་མ་ལག་ཡོད་པར་མ་ཟད།  ཆེད་ལས་ཀྱི་ལག་རྩལ་བྱང་ཆུབ་ཅིང་།  འགན་འཁྲིའི་འདུ་ཤེས་ཟབ་ལ་ལས་ལ་བརྩོན་ཞིང་བྱང་ཚད་མཐོ་བའི་རྐང་འཛིན་མི་སྣ་འབོར་ཆེན་ཞིག་གསོ་སྐྱོང་བྱས་ཡོད།  འདི་ལྟ་བུའི་ཕྱི་ནང་གི་མ་ལག་འཐུས་ཚང་ཡོད་རྐྱེན་འགག་རྩའི་དུས་སུ་ནུས་པ་ཆེན་པོ་ཐོན་ཐུབ།  ཀྲུང་གོ་གློག་འཕྲིན་གྱི་འཕྲལ་སྒྲུབ་རུ་ཁག་ནི་ཕྱེད་དམག་དོན་ཅན་གྱི་དོ་དམ་བྱེད་པ་དང་།  ཉིན་མཚན་བསྟུད་མར་ལས་བྱ་སྡོད་མཁན་ཡོད་རྐྱེན་གནས་ཚུལ་ཐོན་འཕྲལ་སྦྱོང་བརྡར་སྤྲད་པའི་རུ་མི་རྣམས་ཀྱིས་གྱོན་གོས་བརྗེ་རྒྱུ་དང་།  དགོས་ངེས་ཀྱི་སྒྲིག་ཆས་དང་མྱུར་སྐྱོབ་དངོས་ཟོག་གི་གྲ་སྒྲིག  རླངས་འཁོར་གྱི་གློག་སྒུལ་བ་སོགས་སྐར་མ་ཉི་ཤུའི་ནང་ཚར།  ཁོ་ཚོ་ནི་ཡུན་རིང་སྦྱོང་བརྡར་སྤྲད་པའི་བྱང་ཚད་ཅན་ཤ་སྟག་ཡིན་སྟབས་འདི་ལྟ་བུའི་ཚན་རིག་དང་མཐུན་པའི་འཕྲལ་སྒྲུབ་ཀྱི་མ་ལག་འཁོར་རྒྱུག་བྱེད་ཕྱོགས་ད་དུང་བྱང་ཆུབ་པར་འགྲོ་བཞིན་ཡོད།

4·25ཡི་ས་ཡོམ་རྗེས།  ཀྲུང་གོ་གློག་འཕྲིན་དྲ་རྒྱའི་ལྟ་སྡོམ་ལྟེ་གནས་ཀྱིས་འགྲམ་གྱི་དྲ་རྒྱ་ཁྱོན་ཡོངས་ནས་ཆད་པ་དང་།  གཉའ་ལམ་རྫོང་དང་།  སྐྱིད་རོང་འགག་སྒོ  དིང་རི་རྫོང་སོགས་ཀྱི་ཆ་འཕྲིན་ལ་གནོད་འཚེ་ཚབས་ཆེན་ཕོག་པའི་ཤེས་རྟོགས་བྱུང་འཕྲལ།  བར་ཐག་ཆེས་ཉེ་བའི་ཀྲུང་གོ་གློག་འཕྲིན་གཞིས་ཀ་རྩེ་ཡན་ལག་ཀུང་སིས་གཉའ་ལམ་དང་སྐྱིད་རོང་རྫོང་གི་གློག་འཕྲིན་ཅུད་ལ་འབྲེལ་བ་བྱེད་པ་དང་དུས་མཚུངས་འཕྲལ་སྒྲུབ་རུ་ཁག་སྐོང་འཐེན་བྱས། 

 

         ཆུ་ཚོད་གཉིས་དང་སྐར་མ་སུམ་ཅུའི་ཐོག  ཀྲུང་གོ་གློག་འཕྲིན་གཞིས་རྩེའི་ཡན་ལག་ཀུང་སིའི་འཕྲལ་སྒྲུབ་རུ་ཆུང་དང་པོ་འཕྲལ་སྒྲུབ་འཕྲིན་གཏོང་གི་རླངས་འཁོར་གཅིག་དང་སྲུང་སྐར་ཁ་པར་གྱི་རླངས་འཁོར་བཞི་འགྲམ་གྲོང་རྡལ་ཕྱོགས་སུ་ཐོན།  དེའི་རྗེས།  ཆུ་ཚོད་གསུམ་དང་སྐར་མ་བཅོ་ལྔའི་ཐོག  ལྷ་སར་བཅའ་སྡོད་ཀྲུང་གོ་གློག་འཕྲིན་ཅུད་བོད་ལྗོངས་འཁོར་རྒྱུག་འཕྲིན་གཏོང་ཅུད་ཀྱིས་དྲ་རྒྱའི་འཕྲལ་སྒྲུབ་འཕྲིན་གཏོང་རླངས་འཁོར་གཅིག་དང་།  སྲུང་སྐར་ཁ་པར་བཞི་ཡི་རླངས་འཁོར་དིང་རི་རྫོང་གི་ཕྱོགས་སུ་ཐོན།  ཆུ་ཚོད་ལྔ་དང་སྐར་མ་སུམ་ཅུའི་ཐོག  སླར་ཡང་འཕྲིན་གཏོང་རླངས་འཁོར་གཅིག་དང་སྲུང་སྐར་གྱི་འཕྲིན་གཏོང་རླངས་འཁོར་བཞི་སྲིད་གཞུང་འགོ་ཁྲིད་ཀྱི་རླངས་འཁོར་རུ་སྟར་མཉམ་དུ་གེགས་ཁུལ་དུ་བསྐྱོད།  དེ་མུར་འཕྲིན་གཏོང་མྱུར་སྐྱོབ་རླངས་འཁོར་དང་།  འཕྲིན་གཏོང་དངོས་ཟོག་རླངས་འཁོར་གྱི་རུ་ཁག་ཀྱང་གང་མགྱོགས་?ག་ཐོན་བྱས།  ས་ཡོམ་བརྒྱབ་པའི་ཉིན་དེའི་ཕྱི་དྲོར།  ཀྲུང་གོ་གློག་འཕྲིན་གྱིས་སྔ་རྗེས་སུ་མྱུར་སྐྱོབ་རླངས་འཁོར་མི་འདྲ་བ་ཁག26དང་།  ལག་རྩལ་མི་སྣ་སོགས་ཀྱི་མི་གྲངས69གཞིས་རྩེའི་འགྲམ་དང་།  སྐྱིད་རོང་གི་འཐབ་ས་མདུན་མར་མངགས་ནས་ཁུལ་དེའི་བཀོད་འདོམས་པུའུ་རུ་འབྱོར།  གཞན་གྱི་འཕྲལ་སྒྲུབ་འཕྲིན་གཏོང་མི་སྣ་དང་།  སྒྲིག་ཆས།  རླངས་འཁོར་སོགས་གོང་རིམ་གྱི་བཀའ་རྒྱ་འབྱོར་འཕྲལ།  ལམ་སེང་?ག་ཐོན་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་བསྡད། 

 

        འོན་ཀྱང་།  སྒྲིག་ཆས་དང་མི་སྣ་ཡོད་ཚད་གཉའ་ལམ་རྫོང་མཁར་དུ་མ་སླེབས་ཙམ་གྱི་སྤྱི་ལེ་བཞིའི་མཚམས་སུ།  རི་ཉིལ་ཆུ་རུད་བརྒྱུགས་ནས་ལམ་ག་འགག་རྐྱེན་བསྐྱོད་མཚམས་མི་འཇོག་ཀ་མེད་བྱུང་ཞིང་ལམ་བུ་མྱུར་བཟོ་ཟིན་རྗེས་མུན་པ་རུབ་ཟིན་པས་ཁོ་ཚོ་གཉའ་ལམ་རྫོང་མཁར་དུ་ཞག་སྡོད་བྱ་དགོས་བྱུང་། 

 

        ས་ཡོམ་བརྒྱབ་པའི་ཉིན་གཉིས་པར།  ཡོམ་འཕྲོ་ཡང་ཡང་འགུལ་བཞིན་འདུག་ལ།  རྫོང་མཁར་ཁྱོན་ལ་འགུལ་ཤུགས་ཅུང་ཆེ་ཞིང་།  ཁང་པ་འགུལ་བ་དང་།  རྦབ་?་འགྲིལ་བཞིན་ཉེན་ཁ་ཚབས་ཆེར་འགྲོ་བཞིན་ཡོད།  གེགས་སྐྱོབ་མི་སྣ་ཚོར་འཇིག་སྣང་དང་དངངས་སྐྲག་ལ་སྣང་བ་གཏོང་ལོང་མེད་པར།  ཞོགས་པ་སྔ་པོ་ནས་རང་རང་གི་མྱུར་སྐྱོབ་ལས་ཀར་འདུར་སྟབས།  ཉིན་གུང་ཆུ་ཚོད་དང་པོ་དང་སྐར་མ་བཅོ་ལྔའི་ཐོག་འོད་འཁྲིད་ཚི་སྐུད་དུམ་ཆད་སོང་བ་གཅིག་སླར་བཟོ་ཐུབ་པ་དང་།  གཉའ་ལམ་རྫོང་གི་ཆུ་ཤང་ལམ་དྲ་རྒྱ་ག་པའི་འཕྲིན་གཏོང་རྟེན་གཞི་སླར་བཟོ་ཐུབ་ནས་མུ་མཐུད་ཆད་དུམ་བཏང་བ་གཞན་རྣམས་ཉམས་བཟོ་བྱ་བར་བྲེལ།  ཉིན་གུང་ཆུ་ཚོད་གཉིས་དང་སྐར་མ་ཉི་ཤུའི་ཐོག  གཉའ་ལམ་རྫོང་མཁར་གྱི་དྲ་རྒྱ་སླར་བཟོ་ཐུབ་དང་།  དེ་གའི་མུར་ཟམ་པ་ཨང་རྟགས707ཡི་འགྲམ་གྲོང་རྡལ་ཕྱོགས་སུ་བསྐྱོད་སའི་འཕྲལ་སྒྲུབ་དྲ་རྒྱ་ག་པའི་སྒུལ་འཕྲིན་ལས་སྒོ་ཕྱེ་ཐུབ།   

 

         ཚེས27ཉིན་གྱི་ཐོ་རེངས་སུ།   ང་ཅིང་ཀུད་དང་།  ཕུན་ཚོགས་ཆོས་འཕེལ།  བུ་ཆུང་།  ཉི་མ་ཚེ་རིང་།  ཚེ་དབང་མགོན་པོ་བཅས་ཁྱོན་མི5ལས་གྲུབ་པའི་ཀྲུང་གོ་གློག་འཕྲིན་གྱི་འཕྲལ་སྒྲུབ་རུ་ཁག་སྒྲིག་ཆས་ཁུར་ནས་འགྲམ་གྲོང་རྡལ་ཕྱོགས་སུ་ཐོན།  ཉིན་གཉིས་རིང་ཡོམ་འཕྲོ་ཐེངས་མང་བརྒྱབ་ནས་གཏོར་སྐྱོན་ཕོག་སྟབས།  བགྲོད་ལམ་གང་ས་གང་དུ་གཅན་གཟན་གྱི་ཁ་དང་འདྲ་བའི་ཕ་བོང་དང་།  ?་ཟོར།  ཆག་གྲུམ་ཤོར་བའི་ཤིང་དུམ།  བྱེ་ཧྲུག་སོགས་ཕར་འཛིང་ཚུར་འཛིང་དུ་གནས་ཤིང་།  ཆུ་རུད་དང་རི་ཉིལ་བའི་ས་?ས་འགག་ནས་ཧ་ལམ་བགྲོད་ཐབས་བྲལ་བའི་ཚད་དུ་སླེབས།  སྐབས་རེར་གྲོག་རོང་གཡས་གཡོན་གྱི་རི་བོ་ཡམ་ཡོམ་དུ་འཁྱོམ་བཞིན་པ་ལྟར་སྣང་བས་གཡས་ཀྱི་གྲོག་རོང་གཏིང་རིང་ལ་གཡང་གཟར་ཆེ་བའི་སྟེང་།  གཡོན་གྱི་བྲག་དམར་མཐོ་བའི་སྐེད་དུ་ཕྲ་ཞིང་འཁྱོག་པའི་རི་ལམ་བརྒྱུད་རྒྱུ་ནི་དམྱལ་བའི་འཕྲང་ལམ་འགྲིམ་པ་ལྟར་གྱི་དངངས་སྐྲག་མི་སྐྱེ་བ་ག་ལ་སྲིད།  འོན་ཀྱང་འཕྲལ་སྒྲུབ་རུ་མི་ཚོས་དཔུང་པ་མཉམ་སྒྲིལ་ངང་ལམ་བཟོ་བཞིན་བཟོ་བཞིན་མདུན་དུ་བསྐྱོད།

 

        འགྲམ་དང་བར་ཐག་སྤྱི་ལེ་ཉི་ཤུའི་མཚམས་ཀྱི་ཤག་ཆུའི་མཐའ་མཚམས་ཞིབ་བཤེར་ས་ཚུགས་སུ་སླེབས་སྐབས།  ས་བརྡིབས་རི་ཉིལ་དེ་བས་ཆེ་བ་ཞིག་ལ་ཕྲད་དེ་ཐང་དུ་ཉིལ་བའི་རི་དེའུ་དེ་ཉིད་ཆུའི་ངོགས་སུ་འགྱུར་ནས་སྔར་གྱི་བགྲོད་ལམ་ག་སོང་ཆ་མེད་དུ་སོང་ཞིང་།  གྲོག་རོང་གི་སྟེང་ལམ་ཉམས་བཟོ་བྱེད་སྟབས་དེ་བས་ཀྱང་མི་བདེ།  ད་ཆ་ས་ཡོམ་བརྒྱབ་ནས་ཉིན་གསུམ་པར་སླེབས་ཟིན།  རིམ་ཁག་འགོ་ཁྲིད་ལས་བྱེད་དང་བྱ་གཞག་ལས་རིགས་ཁག་གི་གེགས་སྐྱོབ་མི་སྣ་ཚང་མའི་གློ་སྙིང་མེ་ལ་བསྲེགས་པ་ལྟར་གྱི་དངངས་འཚབ་སྐྱེ་བཞིན་ཡོད།  འབྲེལ་གཏུགས་ཆད་པའི་འགྲམ་གྱི་ལམ་ག་ཉམས་བཟོ་བྱ་རྒྱུ་ནི་ཡོམ་འགོག་གེགས་སེལ་གྱི་ཆེས་དཀའ་ངལ་ཆེ་ཤོས་སུ་གྱུར་ཡོད།  ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་ཡོད་ཚད་གཅིག་ཏུ་བསྒྲིལ་ནས་ཐབས་བརྒྱ་ཇུས་སྟོང་ངང་གང་མགྱོགས་བགྲོད་ལམ་དེ་ཉིད་ཉམས་བཟོ་ཐུབ་པ་བྱ་རྒྱུའི་མཛུབ་སྟོན་གནང་།  དྲག་ཆས་འགྲིམ་འགྲུལ་དམག་དཔུང་དང་།  གཉའ་ལམ་རྫོང་གཞུང་ལམ་བདག་སྐྱོང་ཚན་པ་སོགས་ཀྱིས་ས་འདེགས་དང་།  ས་བརྐོ།  ས་འདེད་སོགས་ཀྱི་འཕྲུལ་ཆས་སྟོབས་ཆེན་རིགས་མང་པོ་སྤྱད་དེ་གནོད་ཚབས་ཆེ་ཤོས་སུ་གྱུར་བའི་མཐུན་སྒྲིལ་ཕུག་ལམ་གྱི་ལམ་ག་བཤོང་བཞིན་མཆིས། 

 

        ཀྲུང་གོ་གློག་འཕྲིན་གྱི་འཕྲལ་སྒྲུབ་རླངས་འཁོར་རུ་ཁག་བགྲོད་ལམ་ཉམས་བཟོ་བྱེད་མཁན་ཚོའི་རྗེས་སུ་བསྐྱོད་དེ་བསྡད་གཏོང་དང་།  འགུལ་གཏོང་གི་འཕྲལ་སྒྲུབ་འཕྲིན་གཏོང་རླངས་འཁོར་གཉིས་ཀ་དུས་གཅིག་ཏུ་ལས་སྒོ་དབྱེ་ནས།  ཕྱོགས་གཅིག་ནས་བཀོད་འདོམས་པུའུ་དང་ལམ་བཟོ་བའི་འཕྲིན་གཏོང་འགན་ལེན་བྱེད་པ་དང་།  ཁུལ་དེ་གའི་སྒུལ་འཕྲིན་གློག་ཁུངས་ལ་མཐུད་དེ་ཁ་པར་གྱི་གློག་གསོག་པ།  ལས་གྲྭར་གློག་སྒྲོན་སྤར་བ་སོགས་ཀྱི་ཞབས་འདེགས་ཞུ་བ་དང་།   ཕྱོགས་གཞན་ཞིག་ནས་འགྲམ་གྱི་ཕྱོགས་སུ་དྲ་རྒྱ་ག་པ་ཁྱབ་ཐུབ་རྒྱུའི་ཚོད་ལྟ་བྱེད་བཞིན་གང་མགྱོགས་གེགས་ཁུལ་གྱི་གནས་ཚུལ་རྒྱུས་མངའ་ལོན་པའི་བརྩོན་ལེན་བྱས། 

 

        མིག་སྔར།  མདུན་གྱི་བགྲོད་ལམ་གནས་སྐབས་རིང་ཉམས་བཟོ་ཐུབ་ཐབས་བྲལ་བས་ཀྲུང་གོ་གློག་འཕྲིན་གྱི་འཕྲལ་སྒྲུབ་རུ་མི་ཚོས་གཤོག་པ་ཐོགས་པའི་འདབ་ཆགས་ཤིག་དང་འདྲ་བར་འཕུར་རྒྱུ་བྱུང་ན་ཅི་མ་རུང་སྙམ།  ཚེ་དབང་མགོན་པོ་དང་ང་ཅིང་ཀུད་གཉིས་གྲོས་བསྡུར་བྱས་ཏེ་འདི་ལྟར་སྒུག་སྡོད་པ་ལས་ཐབས་ཤེས་གཞན་ཞིག་བཏང་ན་བཟང་སྙམ་སྟེ།  སྒྲིག་ཆས་སྒལ་པར་ཁུར་ནས་ཟུར་གྱི་རི་གདོང་གྱེན་དུ་འཛེགས།  ས་ཡོམ་གྱིས་གཏོར་སྐྱོན་ཕོག་པའི་རི་བོ་ནི་མཆེ་བ་གཙིགས་པའི་གཅན་གཟན་ཞིག་དང་འདྲ་བར་མིའི་སྟེང་དུ་ད་ལྟ་རང་མཆོང་མི་ཡོང་ངམ་སྙམ་པའི་འཇིག་སྣང་སྟེར།  ཁོ་ཚོས་ཨུ་ཚུགས་མཐར་སྐྱེལ་བྱས་ནས་རི་སྟེང་དུ་འབྱོར་ཙམ་བྱུང་རུང་།  དེའི་རྒྱབ་ངོས་ནི་བྲག་དམར་གཡང་གཟར་ཤ་སྟག་ཡིན་པས་ཐུར་ལ་འབབ་ས་ཡེ་ནས་མ་རྙེད་སྟབས་ཁོ་ཚོ་མི་འདོད་བཞིན་དུ་ཕྱིར་ལོག་ནས་གེགས་སྐྱོབ་རུ་མི་གཞན་ཚོ་མཉམ་དུ་བགྲོད་ལམ་ཉམས་བཟོ་མ་ཐུབ་བར་བསྒུགས།

 

        ཕྱི་དྲོའི་ཆུ་ཚོད་ལྔ་པར།  དུས་ཡུན་ཆུ་ཚོད་ལྔ་ཙམ་རིང་ས་བརྐོ་?་སློག་བྱས་མཐར་རི་བོ་ཉིལ་བའི་ལམ་བུ་དེ་གཞི་ནས་ཉམས་བཟོ་ཐུབ་ཙམ་བྱུང་།  བཀོད་འདོམས་པུའུ་ཡིས་དང་ཐོག་མི་སྣ་རེ་ཟུང་ཞིག་སྔོན་ལ་མངགས་ནས་ཉེན་འགོག་གེགས་སེལ་ལས་དོན་སྤེལ་རྒྱུ་དང་།  དེ་རྗེས་མེ་ཟོན་དང་།  དྲག་ཆས།  ཏར་འཕྲིན།  སྨན་དོན་སོགས་ཀྱི་མི་སྣ20ལྷག་རང་རང་གི་རྨང་གཞིའི་སྒྲིག་ཆས་ཁུར་ནས་བསྐྱོད།  ཀྲུང་གོ་གློག་འཕྲིན་མྱུར་སྐྱོབ་ཚོགས་ཆུང་ཡང་ཁོ་ཚོ་དང་ལྷན་དུ་འཕྲིན་གཏོང་གི་སྒྲིག་ཆས་བཏེགས་ནས་ཕན་ཚུན་སྐུལ་ལྕག་གཏོང་རེས་དང་དཀའ་སྤྱད་སྡུག་རུས་ངང་།  གྲོད་པ་ལྟོགས་ན་མེན་པའོ་སྐམ་པོ་ཟ་བ་དང་།  ཁ་སྐོམ་ན་ཆུ་གྲང་མོ་འཐུང་བཞིན་སྔ་རྗེས་སུ་རི་ཉིལ་རུད་རྒྱུག་མི་འདྲ་བ་ཁག་9ཙམ་བརྒྱུད་དེ།  རྦབ་?ར་གཡོལ་ནས་ཚེར་མའི་གསེབ་ཏུ་ཡང་ཡང་ལྷུང་བཞིན།  མི་རེས་སྤྱི་རྒྱ20ཙམ་སྒྲིག་ཆས་ཁུར་ནས་ཆུ་ཚོད་བཞི་ཙམ་བསྐྱོད་མཐར།  ཟླ་བ4ཚེས27ཀྱི་ཆུ་ཚོད8:55སྟེང་འགྲམ་གྲོང་རྡལ་དུ་འབྱོར། 

 

        གེགས་ཁུལ་གྱི་ཁང་པ་རྡིབས་ནས་ས་རོ་?་རོས་ཁེངས་པ་མཐོང་སྐབས་སེམས་ནང་བཟོད་དཀའ་བའི་སྐྱོ་སྣང་སྟེར་འོང་།  འགྲམ་གྲོང་རྡལ་གྱི་གློག་ཤུགས་ཡོད་ཚད་ཐོར་ཞིག་སོང་བ་དེས་འཕྲིན་གཏོང་མྱུར་སྐྱོབ་ལས་ཀར་དཀའ་ངལ་ཐོལ་པ་ཕྲད་ཡོད།  ཁོ་ཚོས་དང་ཐོག་སྲུང་སྐར་ཁ་པར་བཏང་ནས་བཀོད་འདོམས་པུའུ་དང་གོང་རིམ་ཚན་པར་དེ་གའི་གནས་ཚུལ་སྙན་སེང་ཞུ་བཞིན་ས་ཡོམ་བརྒྱབ་རྗེས་འབྲེལ་ཐག་ཆད་པའི་ཁེར་རྐྱང་གི་གླིང་ཕྲན་དེ་ཡི་འཕྲིན་གཏོང་སླར་གསོ་ཐུབ།  ཆུ་ཚོད10:37སྟེང་།  འགྲམ་གྲོང་རྡལ་གྱི་ཞིང་སྤྱོད་གློག་འཕྲིན་ས་ཚུགས་སླར་གསོ་ཐུབ་པ་དང་།  མཚན་གང་རིང་སྲུང་སྐར་གྱི་འཕྲིན་གཏོང་ས་ཚིགས་ཁག་བཞི་བཙུགས་རྗེས་གཞི་ནས་མང་ཚོགས་རྣམས་ཕྱི་ཕྱོགས་ཀྱི་སྤུན་མཆེད་ཚོར་བདེ་འཚམས་ལན་བརྡ་འཕྲོད་ཙམ་བྱུང་།

 

        ད་ཆ་མུ་མཐུད་གཏོར་བརླག་ཕོག་པའི་འཕྲིན་གཏོང་གི་སྒྲིག་ཆས་ཉམས་བཟོ་བྱ་དགོས།  འགྲམ་གྲོང་རྡལ་གློག་འཕྲིན་ཅུད་ཀྱི་སྲུང་སྐར་ས་ཚུགས་ནི་ཐོག་བརྩེགས་བདུན་པའི་སྟེང་དུ་བཙུགས་ཡོད།  ས་ཡོམ་གྱིས་ཁང་ཆེན་དེ་གའི་?་སྐས་དང་གྱང་ངོས་གཉིས་དབར་གད་སྲུབས་སྐར་མ་བཅུ་གྲངས་ཤོར་ནས་ཡམ་ཡོམ་དུ་འཁྱོམ་བཞིན་ཡོད་ལ།  སྐབས་རེ་ཡོམ་འཕྲོ་འགུལ་ནས་ཉེན་ཁ་དེ་བས་ཆེ་བས།  དེའི་ཐོག་ཁར་འཛེག་དགོས་ན་དེ་བས་ཀྱང་བརྗོད་མི་དགོས་པ་ཞིག་རེད།  ལོ་ན་བགྲེས་ཤིང་ཉམས་མྱོང་གིས་ཕྱུག་པའི་ང་ཅིང་ཀུད་ཀྱིས་སྐས་རིམ་རེ་རེ་བཞིན་གོང་དུ་འཛེགས་ཤིང་ལས་གྲོགས་གཞན་རྣམས་སེམས་པ་བཀྱག་ནས་ཁོང་ལ་ལྟ་བཞིན་ཡོད། གློ་བུར་དུ་ཁང་པས་འགུལ་ཙམ་བྱས་པ་ན།  ཚང་མའི་གློ་སྙིང་ཁ་ནས་མ་དོན་ཙམ་གྱི་འཇིག་སྣང་ཞིག་སྐྱེས།  སྐར་མ་ཁ་ཤས་ཡོལ་རྗེས་ཁོང་གིས་སླར་ཡང་སེམས་རྣལ་ལ་ཕབ་ནས་མུ་མཐུད་འཛེགས་རུང་རང་ཉིད་ཡམ་ཡམ་ཡོམ་ཡོམ་གྱི་འཇིག་རྟེན་ཞིག་ཏུ་སླེབས་པའི་ཚོར་སྣང་སྐྱེས་འོང་།  ཐོག་ཁར་སླེབས་རྗེས་གཞི་ནས་སྲུང་སྐར་ས་ཚིགས་ཀྱི་གནམ་སྐུད་དང་།  སྐར་འཕྲོད།  བརྟན་གཏོང་།  དཔྱད་ཞིབ།  སྒྲིག་སྦྱོར་སོགས་གོ་རིམ་ལྟར་བསྒྲུབས།  སྟབས་མ་ལེགས་པར་ཁང་པ་ཁྱོན་སླར་ཡང་ཡམ་ཡོམ་དུ་འཁྱོམ་བྱུང་བས།  ང་ཅིང་ཀུད་ཐོག་ཁའི་གྲུ་ཟུར་དུ་བསྒྱེལ།  ཁོས་གནམ་སྐུད་སྒྲོག་སའི་ལྕགས་ཧྲེང་ལ་ལག་པ་འཐམ་ཐུབ་རྐྱེན་སྲོག་ཉེན་ལས་ཐར་ཙམ་བྱུང་།  གཤམ་འོག་གི་ལས་རོགས་ཚོས་སྣང་ཚུལ་དེ་མཐོང་མ་ཐག  ཧ་ལས་ཤིང་ཧོན་ཐོར་བའི་ངང་ག་རེ་བྱས་སོང་ངམ།  ག་རེ་བྱས་སོང་ཞེས་སྐད་འབོད་བྱེད་བཞིན་ཡོད་མོད།  ཏོག་ཙམ་ཡོལ་རྗེས་གཞི་ནས་སྐད་གདངས་དམའ་བོས།  ང་སྐྱོན་མེད།  ང་སྐྱོན་མེད་ཅེས་ཨ་ལན་སྟེར་ནས་སླར་ཡང་ལྕགས་ཧྲེང་ལ་འཐམས་ཏེ་ཡར་ལངས་རྗེས་མུ་མཐུད་ལས་ཀར་བྲེལ།  ད་ཆ་ལས་ཀ་ཚར་ནས་མར་འབབ་སྐབས་སླར་ཡང་ཡོམ་འཕྲོ་ཞིག་བརྒྱབ་བྱུང་།  ད་ཐེངས་?་སྐས་དང་རྩིག་པའི་དབར་གྱི་གད་སྲུབས་སྔར་བས་ཆེ་རུ་སོང་ཞིང་།  ཐོག་བརྩེགས་ཁང་ཕལ་ཆེར་ད་ལྟ་རང་རྡིབས་མི་ཡོང་ངམ་སྙམ་པའི་སྣང་བ་ཞིག་སྟེར།  ཁོང་གིས་སེམས་ཀྱི་འཇིགས་སྐྲག་བཟོད་བསྲན་བྱས་ཏེ་དལ་བུས་གོམ་པ་རེ་རེ་བཞིན་ཐང་དུ་བབ་པ་ན་ཚང་མའི་སེམས་པ་ལྷོད་ལ་བབ། 

 

        དེ་ལྟར་ཁོ་ཚོས་དཀའ་སྤྱད་སྡུག་རུས་བྱས་པ་བརྒྱུད།  ཚེས28ཉིན་གྱི་ཆུ་ཚོད2:57ཐོག་མྱུར་སྒྲུབIDRསྲུང་སྐར་ས་ཚིགས་ཉམས་བཟོ་ཐུབ་ནས་འགྲམ་གྲོང་རྡལ་གྱི་ཁྱིམ་ནང་བསྒར་བའི་ཁ་པར་དང་དྲ་རྒྱ་ག་པའི་སྒུལ་འཕྲིན་འཕྲིན་གཏོང་གི་བརྡ་རྟགས་ཉམས་བཟོ་ཐུབ་ནས་གེགས་ཁུལ་གྱི་ལག་ཐོག་ཁ་པར་རྒྱུན་ལྡན་ལྟར་སྤྱོད་ཆོག་པར་གྱུར།  དེ་དང་ཆབས་གཅིག  ཚེས28ཉིན་གྱི་ཉིན་གུང་།  ཆུ་ཚོད2:40ཡི་ཐོག  ཀྲུང་གོ་གློག་འཕྲིན་གྱི་མྱུར་སྐྱོབ་འཕྲིན་གཏོང་དང་དངོས་ཟོག་འགན་ལེན་གྱི་རླངས་འཁོར་རུ་ཁག་རང་སྐྱོང་ལྗོངས་ཀྱི་གེགས་སེལ་བཀོད་འདོམས་རུ་ཆེན་དང་མཉམ་དུ་འགྲམ་ལ་འབྱོར་ཞིང་།  ཟླ་བ4པའི་ཚེས30བར་དེ་གར་བསྡད་དེ་མང་ཚོགས་དང་བཀོད་འདོམས་པུའུ་ཡི་མི་སྣ་ཕྱིར་འཐེན་བྱེད་སྐབས་གཞི་ནས་གཞིས་རྩེ་གྲོང་ཁྱེར་གྱི་ཡོམ་འགོག་གེགས་སེལ་འགོ་ཁྲིད་ཚོགས་ཆུང་ལྷན་དུ་ཕྱིར་འཐེན། 

 

        ཀྲུང་གོ་གློག་འཕྲིན་གྱིས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་ལོ་ངོ60ཙམ་ཞབས་འདེགས་ཞུས་ནས་ཕན་ཚུན་བརྩེ་བ་ཟབ་མོ་ཆགས་ཡོད།  ད་ཐེང་ས་ཡོམ་བརྒྱབ་རྗེས་དང་ཐོག་ཡོམ་འགོག་གེགས་སེལ་གྱི་འཐབ་ས་མདུན་མའི་སློབ་གྲྭ་དང་།  ཉེན་གཡོལ་ཁུལ།  ལས་གཉེར་ས་ཚིགས་སོགས་ལ་ཁ་པར50ཙམ་བསྒར་ནས་རིན་མེད་བདེ་འཚམས་ཀྱི་བརྡ་ལན་སྤྲོད་ཐབས་བྱས་པ་དང་།  སྐྱིད་རོང་དང་།  གཉའ་ལམ།  དིང་རི་བཅས་རྫོང་ཁག་གསུམ་ལ་ཁ་པར་མཚམས་འཇོག་བྱ་མི་རུང་བའི་ཞབས་ཞུ་བསྒྲུབས་ཏེ།  དེ་སྔའི་ཁ་པར་གྲོན་དངུལ་རྫོགས་པ་རྣམས་སླར་ཡང་སྒོ་ཕྱེས་ནས་ཡུལ་མི་སྤུན་མཆེད་དབར་མིག་ཆུ་གཏོང་བཞིན་བདེ་འཚམས་ཀྱི་སྐད་ཆ་ཤོད་རེས་བྱ་བ་མཐོང་སྐབས་ཁོ་ཚོའི་སེམས་ནང་དཀའ་བ་སྤྱོད་རིན་ཆོག་འདུག་སྙམ་པའི་བདེ་བ་འབྱུང་།  ད་དུང་ཚེས27ཉིན་གྱི་ཕྱི་དྲོར་གཉའ་ལམ་རྫོང་དང་སྐྱིད་རོང་རྫོང་ལ་ཁྱོན་སྒོར་ཁྲི30ཟིན་པའི་གེགས་འགོག་དངོས་ཟོག་ཕོ་ཁེབས་དང་།  གུར།  ཟས་རིགས་དང་སྨན་རྫས་སོགས་སྤྲད་པ་དང་།  གཞན་གྱི་གཏན་འཇོག་ཁ་པར་དང་།  ལག་ཐོགས་ཁ་པར།  གློག་གསོག་ཡོ་བྱད་སོགས་ཀྱི་འཕྲིན་གཏོང་ཡོ་བྱད400ཙམ་མང་ཚོགས་ཀྱི་ལག་པར་སྤྲད།  གཞན་ཡང་སྒོར་ཁྲི20ཟིན་པའི་གློག་གསོག་ཡོ་བྱད་དང་།  ཆུ་བསྐོལ་བསྐོལ་བྱེད་སོགས་སྤྱོད་པར་བརྩེ་སེམས་མཚོན་བྱེད་དུ་སྤྲད་པ་དང་སྦྲགས།  ཉིན6བསྟུད་མར་ཉིན་རེར་གུང་ཟས་ཕོར་པ500རེ་གེགས་ཁུལ་མང་ཚོགས་ལ་མཁོ་སྤྲོད་བྱས།  གེགས་ཁུལ་མང་ཚོགས་ལྷ་རྩེ་དང་བསམ་གྲུབ་རྩེའི་ཉེན་གཡོལ་ཁུལ་དུ་གནས་སྤོ་བྱེད་སྐབས་སླར་ཡང་ཀྲུང་གོའི་གློག་འཕྲིན་གྱིས་ཉིན་མཚན་བསྟུད་ནས་མི་གྲངས་བརྒྱ་ལྷག་གིས་འབད་བརྩོན་བྱས་ཏེ་དུས་བཀག་ལྟར་མི་སྣ8000ལྷག་གི་འཕྲིན་གཏོང་ཤར་གཏོང་ཐུབ་པའི་འགན་ལེན་བྱས།  

ཡོམ་འགོག་གེགས་སེལ་གྱི་ལས་དོན་མཇུག་བསྒྲིལ་རྗེས།  གཞིས་རྩེ་གྲོང་ཨུད་དང་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་གིས་ཀྲུང་གོའི་གློག་འཕྲིན་ལ་ཐུགས་རྗེ་ལེགས་འབུལ་ཞུ་བའི་ཏར་ཡིག་བཏང་བ་དང་།  རང་སྐྱོང་ལྗོངས་སྲིད་གཞུང་གི་ཀྲུའུ་ཞི་གཞོན་པ་སྐལ་བཟང་ཚེ་རིང་གིས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཚབ་ཞུས་ནས་ཆེད་དམིགས་བོད་ལྗོངས་གློག་འཕྲིན་འཁོར་རྒྱུག་ཅུད་ཀྱི་ཡོམ་འགོག་གེགས་སེལ་འཕྲལ་སྒྲུབ་ཞབས་ཞུའི་མི་སྣ་ཚོར་འཚམས་འདྲི་ཞུས།  

 

        ད་ཆ་ཀྲུང་གོ་གློག་འཕྲིན་ལྟེ་བར་བྱས་པའི་རྒྱལ་ཁབ་ཀྱི་འཕྲིན་གཏོང་འགན་ལེན་ཚན་པ་དང་།  འགྲིམ་འགྲུལ།  གློག་ཤུགས།  སྐྱེལ་འདྲེན་སོགས་ཀྱི་བྱ་གཞག་ལས་རིགས་ཁག་གི་ཚན་པ་དང་།  ལྷག་པར་དུ་སྤྱི་བདེ་དང་།  དྲག་ཆས།  མཐའ་མཚམས་དམག  མི་དམངས་བཅིངས་འགྲོལ་དམག་གི་འཐབ་འཛིང་པ་ཚོས་ཆེས་དགོས་མཁོ་ཆེ་བའི་དུས་སུ་ཕན་པ་ཆེན་པོ་འདོགས་ཐུབ་ལ།  སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་གྱི་ལས་ཆོད་ཆེ་བའི་འཕྲལ་སྒྲུབ་སྒྲིག་གཞི་ཞིག་གྲུབ་ཡོད།  དེ་ནི་འགག་རྩའི་དུས་སུ་མངོན་པའི་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་འཇོན་ཐང་དང་།  མི་རིགས56ཀྱི་མཐུན་སྒྲིལ་?ག་རྩ་སྒྲིལ་ཤུགས་ཤིག་ཀྱང་ཡིན།  ལྷག་པར་དུ་ཏང་དང་སྲིད་གཞུང་གིས་རྒྱལ་དམངས་ཡོངས་ལ་བཅངས་པའི་བརྩེ་སེམས་ཟབ་མོ་དང་ནུས་ལྡན་གྱི་སྲུང་སྐྱོབ་བྱེད་ལུགས་མཚོན་ཐུབ་ལ།  གེགས་བར་ལ་ཕྲད་པའི་མི་ཚོས་ཞེ་བསམ་པའི་གཏིང་རིམ་ནས་རང་ཉིད་ནི་བློས་འགེལ་ཆོག་ཅིང་།  བྱམས་བརྩེས་ཕྱུག་པའི་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་བུ་ཕྲུག་ཅིག་ཡིན་པར་སྤོབས་སེམས་སྐྱེ་བཞིན་ཡོད།

 

ལྔ།  ཚེ་སྲོག་ལ་གཅེས་སྤྲས་བྱས་ནས་ས་གཤིས་བཟང་སར་གཞིས་སྡོད་བྱས། 

 

        གཞུང་ལམ་མྱུར་བཟོ་བྱ་རྒྱུ་དེ་མིའི་སྲོག་རྩར་ཐུག་ཡོད།  གཉའ་ལམ་རྫོང་ནས་འགྲམ་གྲོང་རྡལ་བར་གྱི་བགྲོད་ལམ་དུ་མར་གཏོར་སྐྱོན་ཕོག་ནས་མི་གྲངས300ལྷག་ཙམ་གྱིས་སྟོབས་ལྡན་འཕྲུལ་ཆས་བཀོལ་ཏེ་རི་ཉིལ་བ་དང་།  ཆུ་རུད་རྒྱུགས་པ།  རྦབ་?་འགྲིལ་བ།  བྱེ་ཧྲུག་སྤུང་བ་སོགས་ཀྱི་བཀག་?་རེ་རེ་བཞིན་སེལ་ཞིང་།  དེའི་བར་སེང་དུ་ཡོམ་འཕྲོས་བཟོས་པའི་ཉེན་ཁ་ལས་ཐར་ཐབས་བྱ་དགོས།  འོན་ཀྱང་འཐབ་འཛིང་པ་ཚོའི་ཁྲོད།  ཉེན་ཁ་ཇི་ལྟར་ཆེ་ནའང་དེ་ལས་རྣམ་པར་རྒྱལ་བ་བྱས་ཏེ་དུས་ཚོད་དམ་འཛིན་གྱིས་གང་མགྱོགས་གཞུང་ལམ་ཉམས་བཟོ་བྱ་རྒྱུར་བྲེལ་བ་ལས་ཕྱིར་བཤོལ་བྱེད་མཁན་གཅིག་ཀྱང་མེད། 

 

        ས་ཡོམ་བརྒྱབ་པའི་ཉིན་གསུམ་པ་སྟེ།  ཚེས28ཉིན་གྱི་ཕྱི་དྲོའི་ཆུ་ཚོད་བཞི་པ་ཙམ་ལ།  ཕྱོགས་མཐའ་དག་གིས་འབད་འཐབ་བྱས་པ་བརྒྱུད།  འགྲམ་ཕྱོགས་སུ་བསྐྱོད་སའི་ལམ་གྱི་ཆེས་མཐའ་མཇུག་འགག་གནད་གྲོལ་ནས་ཡོམ་འགོག་གེགས་སེལ་གྱི་དངོས་ཟོག་དང་དགོས་ངེས་སྒྲིག་ཆས་རྣམས་འབྱོར།  སྐབས་དེ་དུས་གཞི་ནས་གཞི་ཁྱོན་ཆེ་བའི་གེགས་སྐྱོབ་ལས་དོན་སྤེལ་འགོ་ཚུགས་པ་དང་སྦྲགས།  ས་གཤིས་ཆེད་ལས་རྟོགས་ཞིབ་ཚོགས་པས་དཔྱད་ཞིབ་བྱས་པ་ལྟར་ན།  ས་ཡོམ་གྱི་ཤུགས་རྐྱེན་དབང་གིས་འགྲམ་གྲོང་རྡལ་གྱི་ས་གཤིས་གྲུབ་ཚུལ་ལ་འགྱུར་ལྡོག་ཆེན་པོ་བྱུང་ཞིང་།  རི་བོའི་གྲུབ་ཚུལ་ལ་འགྱུར་བ་བྱུང་ནས་བརྟན་པོ་མེད་ལ།  དུས་ངེས་མེད་དུ་རི་ཉིལ་བ་དང་ས་རུད་རྒྱུག་པ་སོགས་ཀྱི་ཞོར་སྐྱོན་གནོད་འཚེ་ཐོན་ཉེན་ཤིན་ཏུ་ཆེ།  མ་ཟད་སྲུང་སྐར་པར་གཞིའི་ཐོག་ཏུ་འགྲམ་གྱི་ཉེ་འཁོར་རི་རྣམས་ས་གཤིས་སོབ་པོར་གྱུར་པའི་སྣང་ཚུལ་མངོན་པའི་སྟེང་ཉིན་མཚན་བསྟུད་མར་ཆར་པ་བབ་ནས་ཉེན་ཁ་ཇེ་ཆེ་ནས་ཇེ་ཆེ་རུ་འགྲོ་བཞིན་ཡོད།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་ཛ་དྲག་གི་ཚོགས་འདུ་བསྐོངས་ནས་མང་ཚོགས་ཀྱི་ཚེ་སྲོག་གལ་ཆེ་བས་གང་མགྱོགས་འགྲམ་གྲོང་རྡལ་གྱི་མང་ཚོགས་དང་།  ཚོང་པ།  དེ་བཞིན་ལས་ཁུངས་ཀྱི་ལས་བྱེད་ཡོད་ཚད་གཞིས་རྩེ་གྲོང་རྡལ་གྱི་བསམ་གྲུབ་རྩེ་ཁུལ་དང་ལྷ་རྩེ་རྫོང་གཉིས་སུ་ཉེན་གཡོལ་གནས་སྤོས་བྱ་རྒྱུའི་རྒྱུན་གཏན་ཁེལ་བྱས།  ཉིན་གཅིག་འགྱངས་ན་དེ་རྩིས་ཀྱིས་ཉེན་ཁ་ཆེ་བར་བརྟེན།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གང་མགྱོགས་གནས་སྤོ་བྱེད་དགོས་རྒྱུའི་བཀའ་རྒྱ་བཏང་།  རྫོང་ཨུད་ཀྱི་ཧྲུའུ་ཅི་ང་ཕིང་གིས་ཁ་པར་ནང་གོང་གི་བཀའ་རྒྱ་ཐོས་མ་ཐག  རྐུབ་སྟེགས་སྟེང་ནས་ཡར་ལངས་ཏེ་བློ་ཐག་གཙང་བཅད་ངང་།  ང་ཚོས་ལམ་སེང་ཕྱིར་འཐེན་བྱ་རྒྱུ་ཡིན།  ཞེས་དང་ལེན་བྱས། 

 

        མ་གཞིར་ས་ཡོམ་བརྒྱབ་རྗེས་ཀྱི་རྣམ་པ་ནི་གྱང་རོ་ཞིག་རལ་ཤ་སྟག་ཡིན་ཞིང་།  ཡོམ་འཕྲོ་ད་དུང་བར་ཆད་མེད་པར་འགུལ་བཞིན་ཡོད་ལ།  མི་རྣམས་ཀྱི་སེམས་ཀྱི་རྨ་ཁ་ནས་སྔར་བཞིན་ཁྲག་ཐིགས་འཛག་བཞིན་ཡོད།  འོན་ཀྱང་གྲོང་རྡལ་ཡོངས་ཀྱི་ཡུལ་མི་གནས་སྤོ་བྱ་རྒྱུ་དེ་སྟབས་བདེ་བའི་བྱ་བ་ཆུང་ཆུང་ཞིག་རྩ་བ་ནས་མིན།  ཁོ་ཚོས་མི་རབས་ནས་མི་རབས་བར་འདི་གར་འཚོ་བ་སྐྱེལ་ཞིང་ཚོང་གཉེར་བྱེད་བཞིན་ཡོད་པས་ཁ་ཆེ་དབང་ཐང་ཅི་ཡོད་འདི་གར་ཆགས་ཡོད།  ཁོ་ཚོར་མཚོན་ན་འདི་གའི་རི་ལུང་རེ་རེ་དང་ཁོར་ར་ཁོར་ཡུག  ཐ་ན་བར་སྣང་ཁམས་སུ་རྒྱུ་བཞིན་པའི་མཁའ་རླུང་གི་ཆུ་རྡུལ་རེ་རེའི་ནང་དུའང་རང་གི་རྒྱུས་མངའ་ཟབ་པའི་བག་ཆགས་གནས་ཤིང་།  དཀའ་སྡུག་མྱངས་པའི་རྔུལ་ཆུའི་ཐིགས་པ་ཐོར་ཡོད་ལ།  དགའ་ཞིང་སྐྱིད་པའི་དགོད་སྒྲའང་མི་ཁྱབ་པའང་ག་ལ་སྲིད།  ད་ཆར་འགྲམ་འདི་ཉིད་རྒྱལ་ཁབ་རིམ་པའི་ཚོང་དོན་འགག་སྒོར་གྱུར་ནས་དར་རྒྱས་འགྲོ་བཞིན་པའི་རྣམ་པ་བཟང་པོ་ནི་དེ་བས་ཀྱང་རེ་བས་ཕྱུག་པ་ཞིག་རེད།  འདི་ལྟ་བུའི་ཕ་ཡུལ་ཞིག་སྤོ་དགོས་ཟེར་ན་ལམ་སེང་བློས་ཐོངས་པ་ཞིག་ཡེ་ནས་མིན་ལ།  འདི་ནས་ཁ་འབྲལ་དགོས་བྱུང་ཡོང་བསམ་པ་སུ་གཅིག་གི་ཡིད་ལ་མེད།  དེར་བརྟེན་རང་སྐྱོང་ལྗོངས་ཀྱིས་གཅིག་གྱུར་གནས་སྤོ་བྱ་དགོས་རྒྱུའི་སྤྱི་བསྒྲགས་སྤེལ་མ་ཐག  མི་རྣམས་ཀྱི་བསམ་བློ་སྔར་བས་ལྗིད་ཏིག་གེར་སོང་ཞིང་།  ཁ་ཤས་ཀྱིས་ཁུ་སིམ་མེར་དང་ལེན་བྱ་ཐུབ་མིན་ཚོད་ལྟ་བྱས་ནའང་།  མང་ཆེ་བས་དང་ལེན་བྱེད་ཐབས་མེད་པའི་གནས་སུ་ལྷུང་སྟབས།  ཏང་ཨུད་དང་སྲིད་གཞུང་གི་རིམ་ཁག་འགོ་ཁྲིད་ལས་བྱེད་རྣམས་སླར་ཡང་རེས་འཁོར་གསར་པའི་དམག་འཐབ་ཀྱི་འགོ་བཙུགས།  ཁོ་ཚོས་ཕྱོགས་གཅིག་ནས་མང་ཚོགས་ཀྱིས་དང་ལེན་བྱ་དགོས་རྒྱུའི་སློབ་གསོ་སྤེལ་བ་དང་།  ཕྱོགས་གཞན་ཞིག་ནས་ཕྱོགས་ཁག་གི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་བདེ་བླག་ངང་གནས་སྤོས་བྱ་རྒྱུའི་མཐུན་རྐྱེན་གང་ཐུབ་བསྐྲུན། 

 

        མི་གྲངས་སྟོང་ཕྲག་ཁ་ཤས་གཅིག་གྱུར་གྱི་གནས་སྤོ་དང་།  གནས་གཞིའི་བཀོད་སྒྲིག་བྱ་རྒྱུར་མ་ཟད།  ཆེས་མགྱོགས་ཤོས་ཀྱི་དུས་ཚོད་ནང་སྤོ་ཐུབ་པ་བྱ་རྒྱུ་ནི་ལོ་རྒྱུས་ཐོག་མཐོང་དཀོན་པའི་ལས་གྲྭ་རྒྱ་ཆེན་ཞིག་རེད།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཝུ་དབྱིང་ཅེ་དང་།  དམག་ཁུལ་གྱི་སི་ལིང་གཞོན་པ་ཀྲང་།  གཞིས་རྩེ་གྲོང་ཁྱེར་གྱི་དྲུང་སྤྱི་ཀྲང་པའོ་རྣམས་སྔོན་ལ་ལྷ་རྩེའི་གནས་སྤོས་གཞིས་ཆགས་བྱ་ཡུལ་དུ་རྟོགས་ཞིབ་གནང་ཞིང་།  དེ་གའི་མུར་འགྲམ་དུ་གནས་སྤོས་བྱེད་ཕྱོགས་ཀྱི་ལས་དོན་མཛུབ་སྟོན་གནང་བར་ཕེབས།  གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་བསྟན་འཛིན་རྣམ་རྒྱལ་གྱིས་ལས་ཡུལ་དངོས་ལ་བཀོད་འདོམས་བྱེད་པ་དང་།  གཉའ་ལམ་རྫོང་ཨུད་ཀྱི་ཧྲུའུ་ཅི་ང་ཕིང་གིས་རྫོང་གི་འགོ་ཁྲིད་དཔུང་ཁག་དང་།  འགྲམ་གྲོང་རྡལ་གྱི་ཡོམ་འགོག་གེགས་སེལ་འཐབ་ས་མདུན་མའི་གྲོང་རྡལ་སྲིད་གཞུང་།  འགག་སྒོའི་དོ་དམ་ཨུ་ལྷན་སོགས་ཀྱི་འགོ་ཁྲིད་ལས་བྱེད་སྣེ་ཁྲིད་དེ་རིམ་པ་སོ་སོས་གྲོང་རྡལ་ཁྱོན་ཡོངས་ཀྱི་གནས་སྤོའི་ལས་དོན་ཕྱོགས་ཡོངས་ནས་སྤེལ།  ཁོ་ཚོས་སྔོན་ལ་གྲོང་ཚོ་ཨུ་ཡོན་ལྷན་ཁང་དང་ཏང་ཡོན་ལས་བྱེད་ལ་འབྲེལ་བ་བྱས་ནས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་།  བསམ་བློའི་ཐོག་གི་?ག་ཁྲེས་མེད་པ་བཟོ་རྒྱུའི་བླང་བྱ་བཏོན་ཞིང་།  དེ་རྗེས་གཞི་རིམ་གྱི་ཏང་ཡོན་ལས་བྱེད་ཚོས་དུད་ཁྱིམ་རེ་རེ་བཞིན་རང་འགུལ་ངང་ཉེན་ཁ་ཆེ་བའི་ས་ཆ་འདི་ནས་ངེས་པར་དུ་ཕྱིར་འཐེན་བྱ་དགོས་རྒྱུའི་སློབ་གསོ་སྤེལ།  ལྐུགས་པ་ཨུ་ཚུགས་ཅན་ཁ་ཤས་ལ་གྲོང་རྡལ་དང་གྲོང་ཚོ་སོགས་ཀྱི་འགོ་ཁྲིད་ཐེངས་མང་བསྐྱོད་དགོས་བྱུང་ལ།  ཆེས་ཉུང་ཤས་ལ་ཐེངས་མ་མང་པོར་སློབ་གསོ་བཏང་རྗེས་གཞི་ནས་ཚང་མ་མཉམ་དུ་གནས་སྤོ་བྱ་རྒྱུའི་མོས་མཐུན་ཐོབ་ཙམ་བྱུང་། 

 

        ཁྱིམ་གཞིས་སྤོ་རྒྱུ་ནི་ལས་ཀ་རྙོག་འཛིང་ཆེ་བ་ཞིག་ཡིན་པས་ཕྱོགས་གང་ཅིའི་ཐད་ནས་བསམ་བློ་ཞིབ་ཚགས་གཏོང་དགོས།  ཁང་གཞིས་རྒྱུ་ནོར་ནི་མི་ཚོའི་སེམས་ཆགས་ས་གཙོ་བོ་དེ་ཡིན་པས་གནས་སྤོས་བཀོད་འདོམས་པུའུ་ཡིས་སྔོན་ལ་དེ་དག་རེ་རེ་བཞིན་བཀོད་སྒྲིག་བྱས་པ་སྟེ།  རྫོང་སྤྱི་བདེ་ཅུད་དང་གྲོང་རྡལ་མངགས་གཏོང་ཁང་།  འགག་སྒོའི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་ཉེན་རྟོག་པ་ཚོས་གྲོང་རྡལ་གྱི་ཚོང་ཁང་དང་།  ཡུལ་མི་རྣམས་འཁྲིད་དེ་རེ་རེ་བཞིན་རྒྱུ་ནོར་ངོས་རྟགས་བཅད་ནས་རང་སར་སྒོ་ལྕགས་བརྒྱབ་རྗེས་ཁྱིམ་བདག་གིས་མཐོང་སར་སྒོ་ཐེལ་བརྒྱབ་པ་དང་།  སྲིད་འཛིན་གྲོང་ཚོ་བཞི་ཡི་ཕྱུགས་ཟོག་རྣམས་ཁྲོམ་རའི་གོང་ཚད་ལྟར་དངུལ་ལ་བསྒྱུར་ནས་ཁོ་ཚོའི་ལག་ཏུ་སྤྲད།  གཞན་གྱི་རྒྱུ་ནོར་རྣམས་ཁྱིམ་དུད་རེ་རེ་བཞིན་ཐོ་འགོད་ཁ་གསལ་བྱས།

 

        དེ་ལྟར་སྲིད་གཞུང་གི་ཐབས་ཇུས་དང་བསམ་ཕྱོགས་དེར་གོ་བ་ལོན་ནས་ཕ་ཡུལ་དང་འབྲལ་མི་འདོད་བཞིན་དུ་?ག་ཆས་སྟབས་བདེ་རེ་ཁྱེར་ཏེ་ཁྱིམ་མི་ཡོངས་དང་མཉམ་དུ་རླངས་འཁོར་ནང་ཞུགས་རྩིས་ཀྱིས་བང་བསྒྲིགས་ནས་བསྡད་ཡོད།  ཁོ་ཚོའི་དབུས་ནས་ཚོང་པ་སྐྲ་བཟང་ནི་ལོ་ངོ་བཅུ་གྲངས་ཀྱི་གོང་དུ་འགྲམ་ལ་མནའ་མར་ཡོང་ཞིང་བཟའ་ཚོ་གཉིས་པོས་ཚོང་ཁང་ཞིག་བཙུགས་ནས་ཕན་ཚུན་ལས་འགན་ཁག་བགོས་དང་ཐུ་རུབ་དཔུང་རུབ་བྱས་རྐྱེན་ཁེ་གཙང་བཟང་པོ་ཡོད་ཅིང་།  ཁྱིམ་གཞིས་ལོ་རེ་བཞིན་བཟང་དུ་འགྲོ་བ་དང་སྙིང་ལས་གཅེས་པའི་ཕྲུ་གུ་གཉིས་ཀྱང་ཁམས་བདེའི་ངང་འཚར་ལོངས་འབྱུང་བཞིན་ཡོད།  སྤྱི་ནས་དུས་བདེ་ལྷིང་འཇགས་ཀྱི་འཚོ་བར་བཞིན་མཐའ་དག་བསམ་ཐོག་ལ་རྟ་རྒྱུག་པ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པས་མོའི་སེམས་ནང་ས་ཆ་འདི་ནས་ཁ་འབྲལ་དགོས་སྙམ་པ་བསམ་པའི་ཡིད་ལའང་མེད།  ད་དུང་ཚོང་པ་ལེའུ་ཆའོ་ལན་བཟའ་ཚོ་དང་བཀྲ་ཤིས་སོགས་འགྲམ་གྱི་འགག་སྒོར་ཚོང་ལས་གཉེར་མཁན་མི་བརྒྱད་བརྒྱ་ལྷག་ཙམ་དེ་གར་འཚོ་བ་བསྐྱལ་ནས་ལོ་ངོ་བཅུ་ནས་ཉི་ཤུ་བར་འདས་ཟིན།  ཚང་མས་འབྲལ་མི་འདོད་པའི་ཕྱིར་མིག་ཡང་ཡང་ལྟ་བཞིན་ནང་མི་ཁྲིད་དེ་རླངས་འཁོར་ནང་ཞུགས་རྒྱུའི་གྲབས་གཤོམ་བྱེད།  ད་དུང་མེས་པོའི་གདུང་རྒྱུད་དེ་གར་ཡོད་པའི་མང་ཚོགས་འགའ་ཤས་ནི་དེ་བས་ཀྱང་མིག་ལས་མཆི་མ་ལྷུང་ལྷུང་དུ་བབ་ཡོང་། 

 

        ཞོགས་པ་ནས་བཟུང་ཆུ་ཚོད་ཁ་ཤས་རིང་གནམ་ནས་སྨུག་ལང་ལོང་གི་ཆར་པ་ཆད་མེད་དུ་འབབ་བཞིན་གློ་བུར་གྱི་གེགས་བར་ག་དུས་ཡོང་མིན་ཤོད་ཚོད་དཀའ་བར་སྣང་།  མང་ཚོགས་སྟོང་ཕྲག་ཙམ་གང་མགྱོགས་གནས་སྤོ་བྱ་ཆེད།  བཀོད་འདོམས་པུའུ་ཡིས་མཐའ་མཚམས་དང་།  དྲག་ཆས།  ས་གནས་དེ་གའི་སྟོབས་ཤུགས་ཡོད་རྒུ་བཀོལ་སྤྱོད་བྱས་པ་དང་།  དམག་མིའི་རླངས་འཁོར་འབོར་ཆེན་ཡོད་པ་ཕུད།  འགྲམ་གྲོང་རྡལ་དུ་ཡོད་པའི་གླ་བྱེད་རླངས་འཁོར་དང་།  སྒེར་འཁོར།  ཐ་ན་ཡུལ་སྐོར་བའི་རླངས་འཁོར་ཀྱང་སྤྱོད་དགོས་བྱུང་།  དེ་གར་ལུས་པའི་ཡུལ་སྐོར་བ་རྣམས་སྒེར་གྱི་བདེ་སྡུག་ལ་བསམ་བློ་གཏོང་ཁོམ་མེད་པར་ཚང་མ་ལྷན་དུ་ཡོམ་འགོག་གེགས་སེལ་ནང་ཞུགས་ཏེ་རུ་ཆེན་གནས་སྤོས་བྱེད་སྐབས་རླངས་འཁོར་ཡོད་མཁན་གྱིས་རླངས་འཁོར་གཏོང་བ་དང་།  རླངས་འཁོར་མེད་མཁན་གྱིས་དངོས་ཟོག་ཞལ་འདེབས་བརྒྱབ་ནས་སྲིད་གཞུང་གི་གནས་སྤོས་ལས་ཀར་གཞོགས་འདེགས་ཧུར་ཐག་བྱས།  ལས་ཁུངས་ཚན་པ་ཁག་གི་མི་སྣ་ཚོས་ཀྱང་ཚན་པའི་རླངས་འཁོར་བཏང་ནས་སྔོན་ལ་མང་ཚོགས་གནས་སྤོའི་རླངས་འཁོར་རུ་ཁག་ནང་མངགས།  དེ་ལྟར་བཀོད་འདོམ་པུའུ་ཡི་གཅིག་གྱུར་བཀོད་འདོམས་འོག  རླངས་འཁོར་རྣམས་གོ་རིམ་ལྡན་པའི་ངང་བང་བསྒྲིགས་པ་དང་།  མང་ཚོགས་ཚོ་ཁག་བགོས་ནས་རླངས་འཁོར་ནང་ཞུགས་རྗེས།  ཚེས29ཡི་ཕྱི་དྲོའི་ཆུ་ཚོད་གཉིས་པར།  མང་ཚོགས་བྱུར་བུར་བླུགས་པའི་དམག་མིའི་རླངས་རྣམས་རིམ་བཞིན་འགྲམ་ནས་ཐོན་པ་དང་།  དེ་རྗེས་ས་གནས་ཀྱི་རླངས་འཁོར་ཁག་དེའི་རྗེས་སུ་ཐོན།  ཡུལ་སྐོར་བ་ཏིང་ཁྲེང་ཡང་སྒེར་འཁོར་ནང་མང་ཚོགས་ཁ་ཤས་བླུགས་ནས་ཁོ་ཚོའི་རྗེས་སུ་བསྙེགས།  རླངས་འཁོར་རུ་ཆེན་གྱི་མདུན་སྣེ་ཉེན་རྟོག་པས་ཁྲིད་པ་དང་།  རུ་སྣེ་དམག་མིའི་རླངས་འཁོར་གྱིས་?ག་སྟེ་གོ་རིམ་ལྡན་པའི་ངང་བསྐྱོད། 

 

        རླངས་འཁོར་རུ་ཆེན་?ག་ཐོན་བྱས་མ་ཐག  དེ་གའི་བཀོད་འདོམས་པ་བསྟན་འཛིན་རྣམ་རྒྱལ་གྱིས་གཞིས་ཀ་རྩེ་དང་ལྷ་རྩེར་ཁ་པར་བཏང་ནས་གང་མགྱོགས་འབྲས་ཐུག་བསྐོལ་ཏེ་གནས་སྤོས་མི་སྣའི་ཟ་མ་གྲ་སྒྲིག་བྱ་དགོས་རྒྱུའི་བཀའ་བཏང་།  གཞིས་ཀ་རྩེ་དང་ལྷ་རྩེའི་ཉེན་གཡོལ་ཁུལ་གྱི་རྨང་གཞིའི་སྒྲིག་ཆས་རྣམས་ཀྱང་གཞི་རྩའི་ཆ་ནས་གྲ་སྒྲིག་བྱས་ཟིན།  དོན་དངོས་ཐོག་གོང་རིམ་གྱི་བཀའ་བཀོད་འབྱོར་བའི་ཉིན་དེ་ནས་བཟུང་།  ལས་དོན་མི་སྣ་སྐོང་འཐེན་བྱས་ཏེ་གུར་དང་།  མལ་ཆས།  ཟས་རིགས།  འཐུང་ཆུ་སོགས་ཀྱི་འཚོ་བའི་མཁོ་ཆས་གྲ་སྒྲིག་བྱས་ཤིང་།  ཉིན་མཚན་བསྟུད་མར་ཆུ་དང་གློག  གུར་དབུབ་རྒྱུ་སོགས་ཀྱི་ལས་ཀ་གོ་རིམ་ལྡན་པའི་ངང་སྤེལ་ཏེ་གེགས་ཁུལ་མང་ཚོགས་འབྱོར་མ་ཐག་བདེ་ཞིང་ལྷོད་པའི་སྐབས་འཕྲལ་གནས་སྡོད་བྱ་ཡུལ་ཞིག་མཁོ་འདོན་བྱ་རྒྱུར་འབད་འཐབ་བྱེད་བཞིན་ཡོད། 

 

        རླངས་འཁོར་རུ་ཆེན་ཆོས་ཤང་གི་ཉེ་འགྲམ་དུ་སྐྱོད་སྐབས་སླར་ཡང་རི་ཉིལ་ནས་ལམ་འགག  ཚང་མས་རང་སར་ལྟ་སྲུང་ནན་ཏན་བྱེད་པ་དང་།  དྲག་ཆས་འགྲིམ་འགྲུལ་དམག་མིས་འཕྲལ་དུ་ལམ་བཟོས།  ཆུ་ཚོད་གཉིས་ཙམ་འགོར་རྗེས་མུ་མཐུད་མདུན་དུ་བསྐྱོད།  ལམ་བར་དུ་བཀག་?་ཆུང་གྲས་གྲངས་མེད་ལ་ཕྲད་པ་དག་མི་དམངས་བཅིངས་འགྲོལ་དམག་གིས་རེ་རེ་བཞིན་སེལ།  ཁོར་ལམ་ལྔ་པའི་རྒྱུད་ཀྱི་ལམ་སླར་ཡང་ཆུ་རུད་བརྒྱུགས་ནས་འགག་འདུག  སྔར་བཞིན་འཕྲལ་དུ་ཉམས་བཟོ་བྱས་ཏེ་འགྲོ་ཙམ་འདུག་ཙམ་གྱིས་ལྷ་རྩེའི་ཉེན་གཡོལ་ཁུལ་དུ་འབྱོར་རྗེས་དམག་འཁོར་ཡོངས་ལྟག་ལོག་བརྒྱབ་ནས་མུ་མཐུད་མི་སྣ་གཞན་རྣམས་བསུ་བར་ཐོན།  འཐབ་འཛིང་པ་ཚོར་ངལ་གསོ་རྒྱག་ཁོམ་མེད་ལ།  ཆུ་ཁོལ་ཁ་གང་དང་ཟ་མ་ཁམ་གང་ཡང་ཟ་ཁོམ་མེད་པར་སླར་ཡང་འགྲམ་གྲོང་རྡལ་ཕྱོགས་ཀྱི་དཀའ་ཚེགས་ཆེ་བའི་ལམ་བུ་བརྒྱུད་དེ་ཆེས་མཐའ་མཇུག་གི་མང་ཚོགས་རྣམས་བདེ་བླག་ངང་ཉེན་གཡོལ་ཁུལ་དུ་མ་བསྐྱལ་བར་འདུར།  ཐེངས་འདིའི་གོད་ཆག་ཆེན་པོ་བྱུང་རྗེས།  རྒྱ་ཆེའི་མང་ཚོགས་རྣམས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་བཀའ་དྲིན་སྙིང་དབུས་ནས་ཚོར་བ་དང་།  མི་དམངས་བཅིངས་འགྲོལ་དམག་གི་སྲ་ཞིང་བརྟན་པའི་རྒྱབ་ཤུགས་ཚོར་ཐུབ་ཅིང་།  ཁོ་ཚོས་ལྷག་བསམ་ཟོལ་མེད་ངང་།  མཐའ་སྲུང་དམག་དང་།  དྲག་ཆས་ཉེན་རྟོག  སྤྱི་བདེ་སོགས་ཀྱི་དམག་མི་རྣམས་ནི་ནམ་ཡང་མི་རིགས་ཁག་གི་མི་དམངས་ཚོའི་སེམས་ནང་ཆེས་དད་བཀུར་ཞུ་འོས་པའི་མི་དེ་ཡིན་འདུག་ཅེས་རྗོད་ཀྱི་ཡོད།  

 

        བཀོད་འདོམ་པུའུ་ཡི་ལས་དོན་མི་སྣ་ཚོས་མང་ཚོགས་བླུགས་པའི་རླངས་འཁོར་ཆེ་ཆུང་ཅི་རིགས་འགྲམ་གྲོང་རྡལ་ནས་རིམ་བཞིན་ཁ་བྲལ་བ་མཐོང་སྐབས་གཞི་ནས་ཉེན་ཁ་ཅུང་ཆུང་དུ་སོང་བའི་སེམས་པ་རེ་ཞིག་ལྷོད་ལ་བབ།  ཆུ་ཚོད21:20ཐོག་མཐའ་མཇུག་གི་རླངས་འཁོར་དེ་གཞིས་རྩེའི་ཕྱོགས་སུ་ཐོན་འཕྲལ་གཉའ་ལམ་རྫོང་གི་ཧྲུའུ་ཅི་ང་ཕིང་གཞི་ནས་དབུགས་རིང་ཞིག་ཤོར།  ཆུ་ཚོད་བདུན་ལྷག་ཙམ་གྱི་རིང་།  ཁྱོན་རླངས་འཁོར་ཆེ་འབྲིང་ཆུང་གསུམ800 ལྷག་ཙམ་བཏང་བ་དང་།  དུས་ཐུང་རིང་འགྲམ་གྱི་མང་ཚོགས་མི་གྲངས6000ཙམ་སྤྱི་ལེ400ཡིས་བར་ཐག་ཆོད་པའི་ཉེན་གཡོལ་ཁུལ་དུ་སྤོས།  དེའི་ནང་ཚབས་ཆེའི་རྨས་མ17དང་།  རྒན་རྒོན་དང་བྱིས་པ་སོགས་ཀྱི་ཉམ་ཐག་མི་སྣ1500ཙམ་ཟིན་ཞིང་།  ཁོ་ཚོ་ལམ་བར་དུ་ལས་འཛོལ་གཅིག་ཀྱང་ཐོན་མེད། 

 

        ཚེས30ཉིན་གྱི་ཐོ་རེངས་ཆུ་ཚོད་བཞི་པར་འགྲམ་གྱི་མང་ཚོགས་མཇུག་ཤོས་རྣམས་བདེ་བླག་ངང་ལྷ་རྩེའི་ཉེན་གཡོལ་ཁུལ་དུ་སླེབས།  སྐབས་དེར་ཉེན་གཡོལ་ཁུལ་དུ་གློག་སྒྲོན་གང་སར་སྦར་བ་དང་།  གུར་ཆིག་སྟོང་ཙམ་ཕུབ་ཡོད།  གུར་ཚང་མའི་ནང་ཉལ་ཁྲི་བརྒྱབ་ཟིན་ལ།  མལ་ཆས་དང་།  མལ་གཟན།  ད་དུང་ཕོར་ཐུག  གཏེར་ཆུ།  ཆུ་འཁོལ།  རྒྱུན་མཁོའི་སྨན་རྫས།  ཁྲུས་གཞོང་སོགས་གྲ་སྒྲིག་འཐུས་ཚང་བྱས་ཡོད།  སྐབས་འཕྲལ་སྐོང་འཐེན་བྱས་པའི་ལས་དོན་པ་དང་དང་བླངས་པ་རྣམས་ཀྱི་ཚོགས་ཆུང་ཁག་བགོས་ཏེ་གྲོས་རིམ་ཞིབ་ཚགས་ཤིག་བཟོས་རྗེས་ཁ་ཤས་ཀྱིས་མང་ཚོགས་རྣམས་སྔར་ནས་ཁག་བགོས་བྱས་པའི་རང་རང་གི་གུར་ནང་ཁྲིད་པ་དང་།  ཁ་ཤས་ཀྱིས་རླངས་པ་འཚུབ་འཚུབ་ཀྱི་ལྟོ་ཆས་བཏེགས་ཡོང་བ།  ད་དུང་སྨན་པས་བརྟག་དཔྱད་བྱེད་པ།  ཉེ་འགྲམ་གྱི་མངགས་གཏོང་ཁང་དང་སྨན་ཁང་སོགས་ཀྱང་གོ་རིམ་ལྡན་པའི་ངང་ལས་ཀ་སྒྲུབ་བཞིན་ཡོད།  ས་ཡོམ་གྱི་གོད་ཆག་ཁྲོད་དཀའ་སྡུག་འཇིགས་སྐྲག་མྱངས་པའི་འགྲམ་གྱི་མང་ཚོགས་རྣམས་དེ་གར་འབྱོར་ནས།  སེམས་རྩ་འཁོལ་བའི་སྣེ་ལེན་དང་ཞབས་ཞུ་སྒྲུབ་མཁན་ལས་དོན་མི་སྣ་ཚོའི་བྱ་སྤྱོད་མཐོང་དུས་དགའ་བའི་མིག་ཆུ་ལྷུང་ལྷུང་དུ་བཞུར་ཡོང་། 

 

        མང་ཚོགས་མཉམ་དུ་ཡོད་པའི་འགྲམ་གྱི་གྲོང་ཚོའི་བཅའ་སྡོད་ལས་བྱེད་དང་།  གཉའ་ལམ་རྫོང་དང་འགྲམ་གྲོང་རྡལ།  འགག་སྒོའི་དོ་དམ་ཨུ་ཡོན་ལྷན་ཁང་གི་འགོ་ཁྲིད་ལས་བྱེད།  དེ་བཞིན་གློག་འཕྲིན་དང་སྒུལ་འཕྲིན་སོགས་ཀྱི་འཕྲིན་གཏོང་ཚན་པ་དང་འགན་ནུས་ཚན་པ་གཞན་གྱི་མི་རྣམས་དེ་གར་འབྱོར་རྗེས་སླར་ཡང་གེགས་ཁུལ་མང་ཚོགས་ལ་ཞབས་འདེགས་ཞུ་རྒྱུར་བྲེལ།  ཁོ་ཚོའི་ནང་མང་པོ་ཞིག་ཉིན་ཤས་བསྟུད་མར་གཉིད་དང་ངལ་གསོ་བརྒྱབ་མྱོང་མེད་པས་མིག་ཟུང་དམར་རྐྱང་ཆགས་ཏེ་གནོད་འཚེ་ཕོག་པའི་མང་ཚོགས་ལས་ཀྱང་དཀའ་སྡུག་ཆེ་བ་མྱངས་ཡོད།  བྲེལ་འཚབ་ལངས་ཏེ་ལྟོ་དང་ཟས་ཀྱང་ཟ་ཁོམ་མེད་པར་ཕྱི་ནང་གང་སར་འདུར་བཞིན་ཡོད་པས་སྐབས་རེར་མང་ཚོགས་འགའ་རེས་སེམས་ཀྱིས་མ་བཟོད་པར་རང་གི་ལྟོ་ཆས་ཁོ་ཚོར་ཨུ་ཚུགས་བརྒྱབ་ནས་ཟ་རུ་འཇུག་གི་ཡོད།  འགྲམ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་དང་།  འགག་སྒོའི་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་གཅིག་ལྕོགས་ཡིན་པའི་སྟོབས་ལགས་དེའི་ཁྲོད་ཀྱི་མི་གཅིག་རེད།  ཁོང་གིས་ས་ཡོམ་བརྒྱབ་རྗེས་ཉིན་ཤས་བསྟུད་མར་གཉིད་དང་ངལ་གསོ་མེད་པར་ཡོམ་འགོག་གེགས་སེལ་དང་།  འགྲམ་ནས་འབྲལ་འདོད་མེད་པའི་མང་ཚོགས་ཀྱི་སྐུལ་སློང་།  རུ་ཆེན་གནས་སྤོ་བྱ་རྒྱུར་འདུར་བ་སོགས་ཉིན་ཤས་རིང་དཀའ་ལས་ཁག་དྲགས་ནས་མིག་ཟུང་དམར་པོར་གྱུར་ནས་སྦོས་པར་མ་ཟད།  མིད་པ་འགག་ཅིང་།  ལུས་པོ་ཡང་མངོན་གསལ་དོད་པོས་སྐམ་དུ་སོང་། གཞིས་རྩེའི་ཉེན་གཡོལ་ཁུལ་དུ་འབྱོར་བའི་ཉིན་གཉིས་པར་མང་ཚོགས་ཀྱི་འཚོ་བར་གཞི་རྩའི་ཆ་ནས་སེམས་ཁྲལ་བྱ་མི་དགོས་པ་མཐོང་སྐབས།  ཁོའི་སྡུག་རུས་ཀྱིས་བསྐྱངས་པའི་གཟུགས་པོ་མུ་མཐུད་སྡུག་རུས་མ་འཁྱོགས་པར་རྐུབ་སྟེགས་ཐོག་རང་སར་གཉིད་ལ་ཡུར།  གཉིད་དེ་ཁུག་ཐེངས་གཅིག་ལ་ས་མ་རུབ་བར་ཁུག་པ་དང་སྐབས་དེ་དུས་ས་ཡོམ་བརྒྱབ་ཀྱང་ཁོ་གཉིད་ལས་སད་པར་དཀའ།  ཡོམ་འགོག་གེགས་སེལ་ལས་དོན་སྒྲུབ་རིང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པའི་དབུས་སུ་སྟོབས་ལགས་དང་འདྲ་བའི་གནས་ཚུལ་དུ་མ་ཞིག་ཐོན་ཡོད། 

 

        འགྲམ་གྱི་གེགས་ཁུལ་མང་ཚོགས6000ལྷག་ཙམ་གཞིས་རྩེའི་བསམ་གྲུབ་རྩེ་དང་ལྷ་རྩེའི་ཉེན་གཡོལ་ཁུལ་གཉིས་ལ་བཀོད་སྒྲིག་བྱས་རྗེས།  ཡོམ་འགོག་གེགས་སེལ་བཀོད་འདོམས་པུའུ་ཡི་ལས་ཀ་ད་ལྟ་མཇུག་བསྒྲིལ་མེད།  ཚེས30ཉིན་གྱི་ཞོགས་པར།  གཞིས་རྩེ་གྲོང་ཁྱེར་གྱི་དྲུང་སྤྱི་གཞོན་པ་ཀྲེན་ལེན་ཝུ་ཡིས་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་ཉེན་གཡོལ་གནས་གཞིའི་གནས་སྤོས་མང་ཚོགས་ཀྱི་རྗེས་མའི་ལས་དོན་སྒྲུབ་ཕྱོགས་སྐོར་ཞིབ་འཇུག་བཀོད་སྒྲིག་བྱས།  ཚོགས་འདུའི་ཐོག་གཅིག་ནས་ཉེན་གཡོལ་བྱེད་ཁུལ་གཉིས་ལ་ཆེད་དོན་དོ་དམ་མི་སྣ་མངགས་ནས་འགན་འཁྲི་མི་སྒེར་ཐོག་འཁྱོལ་བ་བྱས་ཏེ་མང་ཚོགས་ཀྱི་འཚོ་སྡོད་སྤྱོད་གསུམ་དང་།  སྨན་བཅོས།  འཕྲོད་བསྟེན།  འཕྲིན་གཏོང་སོགས་རྒྱུན་ལྡན་འཚོ་བའི་དགོས་མཁོ་སྐོང་ཐུབ་པ་དང་ཆབས་ཅིག  གཞི་རིམ་ཏང་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་ལས་ཀར་ཤུགས་སྣོན་རྒྱག་དགོས་པ་དང་།  གཉིས་ནས་གང་མགྱོགས་འགྲམ་གྲོང་རྡལ་གྱི་དུག་སེལ་རིམས་འགོག་ལས་ཀ་ཡག་པོ་སྒྲུབ་དགོས་ལ།  དེ་གའི་འགོག་སྲུང་ལས་དོན་ལ་ནུས་ལྡན་གྱི་སྒྲིག་གཞི་བཙུགས་ནས་དོ་དམ་ཡག་པོ་བྱ་དགོས་རྒྱུ་དེ་རེད།  ཚོགས་འདུ་གྲོལ་རྗེས།  རྒྱ་ཆེའི་ཏང་ཡོན་དང་འགོ་ཁྲིད་ལས་བྱེད་ཚོས་སླར་ཡང་ལས་ཀ་གསར་པ་ཞིག་གི་འགོ་བཙུགས། 

 

དྲུག  རྒྱལ་ཡོངས་ཀྱི་བརྩེ་བས་བསྐྱངས་པའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་བསྐྲུན།

 

        ཀྲུང་གོའི་བོད་ལྗོངས་ཀྱི་ཁྱིམ་མཚེས་བལ་ཡུལ་དུ་ས་ཡོམ་རིམ་པ8.1བརྒྱབ་རྗེས་ཡོམ་འཕྲོ་ལྷག་མ་བསྟུད་མར་བརྒྱ་གྲངས་འགུལ་བ་དང་།  དེའི་དབུས་རིམ་པ7ཡན་གཉིས་དང་།  རིམ་པ6ཡན་མང་པོ་བརྒྱབ།  ས་ཡོམ་དེས་རང་རྒྱལ་གྱི་བོད་ལྗོངས་ས་ཁུལ་དུ་རྫོང་ཁག14ལ་གནོད་འཚེ་ཕོག་པ་དང་།  གེགས་ཕོག་མི་གྲངས་ཁྲི14ཙམ་ཟིན་ནས་ཁྱོན་ཁང་པ2699དང་དགོན་པ1ཞིག་པ་དང་།  དམངས་ཀྱི་སྡོད་ཁང39943དང་།  དགོན་སྡེ་དང་རིག་གནས་སྲུང་སྐྱོབ་སྡེ་ཚན242ལ་གནོད་འཚེ་ཕོག་ཡོད།  འདི་ནི་བོད་ལ་ལོ་ངོ80ཙམ་གྱི་རིང་མཐོང་མ་མྱོང་བའི་ས་ཡོམ་ཤུགས་ཆེན་ཞིག་རེད།   སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་ཚད་ལྟོས་བཅས་ཀྱིས་ཅུང་ཉུང་།  བསྡོམས་རྩིས་བྱས་པར་གཞིགས་ན།  ཐེངས་འདིའི་ས་ཡོམ་ཁྲོད་ཁྱོན་མི་གྲངས26རྐྱེན་ལམ་དུ་ཤོར་བ་དང་།  མི3བོར་བརླག་སོང་བ།  མི856ལ་རྨས་སྐྱོན་ཕོག  དེའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱལ་ཁབ་དབུ་ཁྲིད་ཀྱིས་མཐོང་ཆེན་དང་ཚན་རིག་དང་མཐུན་པའི་མཛུབ་སྟོན་གནང་བ་དང་།  ཀྲུང་དབྱང་དང་ས་གནས་བར་གྱི་རིམ་ཁག་འགོ་ཁྲིད་ཚན་པའི་ཏང་ཡོན་ལས་བྱེད་ཚོས་དུས་ཐོག་ཏུ་འབོད་སྐུལ་དང་ལེན་བྱས་ཏེ་བྱ་སྤྱོད་སྤེལ་བ།  ཚང་མས་མཐུན་སྒྲིལ་?ག་རྩ་གཅིག་སྒྲིལ་ངང་དུས་ཚོད་ནར་འགྱང་མེད་ཅིང་བྱེད་ཐབས་གནད་ལ་སྨིན་པའི་འབད་འཐབ་བྱས་མཐར།  ས་ཐག་འགྱངས་ཤིང་།  རི་མཐོ་ལ་གྲོག་རོང་གཏིང་རིང་བ།  ས་གཤིས་རྙོག་འཛིང་ཆེ་བའི་བོད་ཀྱི་མཐའ་མཚམས་ས་ཁུལ་དུ་གོད་ཆག་ཆེན་པོ་འདི་ལྟ་བུ་བྱུང་རུང་།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་གི་བདེ་འཇགས་ལ་འགན་ལེན་གང་ལེགས་ཐུབ་པ་བྱུང་ཡོད།  

 

        ད་ཆ་ཡོམ་འགོག་གེགས་སེལ་གྱི་ལས་དོན་དུས་རིམ་རང་བཞིན་གྱི་འཕེལ་རིམ་ཞིག་ཏུ་སླེབས་རུང་།  ཁ་ཚ་དགོས་གཏུགས་ཀྱི་ལས་ཀ་ནི་རྒྱ་ཆེའི་གེགས་ཁུལ་མང་ཚོགས་ཀྱི་དམངས་འཚོ་དང་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་ལས་ཀ་གང་མགྱོགས་བསྒྲུབ་རྒྱུ་དེ་རེད།  ལས་ཀ་དེ་ནི་སྤྱིར་བཏང་ཞིག་མིན་པར་ངེས་པར་དུ་རྒྱང་རིང་གི་ཕུགས་ཕན་ཇུས་གཞི་གདིང་དགོས།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁབ་ཁང་གིས་མཐོང་ཆེན་བྱེད་ཅིང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་།  ཙུང་ལི་ལི་ཁེ་ཆང་རྣམ་གཉིས་ཀྱིས་ཁྱིམ་གཞིས་བསྐྱར་བསྐྲུན་ལས་དོན་ངེས་པར་དུ་ཡག་པོ་བསྒྲུབ་དགོས་པའི་གལ་ཆེའི་མཛུབ་སྟོན་ཐེངས་མང་གནང་ཡོད་ལ།  ཀྲུང་དབྱང་འགོ་ཁྲིད་གཞིས་རྩེར་རྟོག་ཞིབ་མཛུབ་སྟོན་གནང་བར་ཡང་ཕེབས་ཡོད།

 

        དོན་དངོས་ཐོག  ས་ཡོམ་བརྒྱབ་རྗེས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་གནས་ཁག་གིས་ངེས་པར་དུ་གནོད་འཚེ་ཕོག་པའི་གནས་ཚུལ་ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་བཤེར་བྱ་དགོས་པའི་བཀའ་བཀོད་གནང་བ་དང་།  གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་ཆེད་དོན་མི་སྣ་སྐོང་འཐེན་བྱས་ནས་གཞུང་ལས་ཁང་བཙུགས་ཤིང་གྱོང་གུན་ཕོག་ཚུལ་གྱི་ཞིབ་དཔྱད་ཐོ་འགོད་དང་ཡར་ཞུ་བྱེད་བཞིན་ཡོད།  ས་གནས་ཁག་ནས་ཡར་ཞུ་བྱས་པའི་གནས་ཚུལ་ལ་གཞིགས་ན།  ཁང་པ་འབོར་ཆེན་ཐོར་ཞིག་སོང་བ་དང་།  ལམ་དང་གློག་སོགས་སྤྱི་པའི་སྒྲིག་ཆས་གཏོར་སྐྱོན་ཚབས་ཆེན་བཏང་ཡོད་སྟབས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཕུགས་རྒྱང་རིང་བའི་ཇུས་གཞི་སྟེ།  ཀྲུང་དབྱང་ལ་ས་ཆ་གཞན་ཞིག་ཏུ་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་བྱ་རྒྱུའི་སྙན་ཞུ་ཕུལ།  སྙན་ཞུའི་ཡིག་ཆ་ཞིབ་ཚགས་ཤིང་།  རྒྱུ་རྐྱེན་ལུགས་དང་མཐུན་རྐྱེན།  ཀྲུང་དབྱང་གིས་གང་མགྱོགས་ཆོག་མཆན་སྤྲད་དེ་ཁྱིམ་གཞིས་གསར་སྐྲུན་གྱི་མ་དངུལ་སྒོར་དུང་ཕྱུར113.48རང་སྐྱོང་ལྗོངས་ལ་སྤྲད།  དེ་ནི་ཡོམ་འགོག་གེགས་སེལ་ལས་ཀྱང་རྒྱ་ཆེ་ཞིང་དུས་ཡུན་རིང་བའི་ལས་གྲྭ་ཞིག་སྟེ།  མཛེས་སྡུག་ལྡན་པའི་ཁྱིམ་གཞིས་གསར་པ་འཛུགས་སྐྲུན་གྱི་ཨར་ལས་གཞིས་རྩེར་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས།

  

        གཞིས་རྩེ་གྲོང་ཁྱེར་ཁྱིམ་གཞིས་བསྐྱར་བསྐྲུན་གཞུང་ལས་ཁང་གིས་གནོད་འཚེ་ཕོག་ཚུལ་ལ་ཁྱོན་ཡོངས་ནས་དཔྱད་དཔོག་བྱས་པའི་རྨང་གཞིའི་སྟེང་།  སླར་ཡང་རྫོང་ཁག་ཏུ་བསྐྱོད་དེ་གནོད་འཚེ་ཕོག་པ་རྣམས་རེ་རེ་བཞིན་ཐོ་འགོད་ཞིབ་ཚགས་བྱས་ཤིང་།  དེ་དག་དག་བཤེར་དང་ཕྱོགས་བསྡུས་ནན་ཏན་བྱས་རྗེས་རང་སྐྱོང་ལྗོངས་ཀྱི་ཁྱིམ་གཞིས་བསྐྱར་བསྐྲུན་འཆར་འགོད་རྩོམ་འབྲིའི་གཞུང་ལས་ཁང་དང་ལྷན་དུ་ཟླ་བ4ཙམ་འབད་བརྩོན་བྱས་རྗེས་གཞི་ནས་ཁྱིམ་གཞིས་བསྐྱར་བསྐྲུན་རྣམ་གྲངས་ཀྱི་སྤྱིའི་འཆར་འགོད་དང་ཞིབ་ཕྲའི་རེའུ་མིག་ཁག་གཏན་འཁེལ་བྱས།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གང་མགྱོགས་འཆར་འགོད་དེར་ཆོག་མཆན་སྤྲད་དེ་ཡིག་ཆ་བཀྲམ།  གཞིས་ཀ་རྩེའི་གེགས་ཁུལ་བསྐྱར་བསྐྲུན་འཆར་འགོད་ནང་།  གཙོ་བོ་གྲོང་མིའི་སྡོད་ཁང་བསྐྱར་བསྐྲུན་བྱ་རྒྱུ་དང་།  གཞི་རྩའི་ཆ་ནས་གྲོང་ཚོ་ཁྱོན་ཡོངས་ལ་ཁྱབ་སྤེལ་གཏོང་རྒྱུ་ཁག163དང་།  ཁྱད་ལྡན་གྲོང་རྡལ་ཆུང་ཆུང་ཁག32འཛུགས་སྐྲུན་བྱ་རྒྱུའི་གྲོང་ཁྱེར་སྤྱིའི་འཛུགས་སྐྲུན་འཆར་འགོད་ལ་བསྟུན་ནས།  རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ལྷུ་སྒྲིག་ཡག་པོ་བསྐྲུན་ཐོག  ཐོན་ལས་སླར་གསོ་བྱས་ནས་འཕེལ་རྒྱས་གཏང་རྒྱུ་དེ་ཡིན།  དེ་ལྟར་གྲོང་ཁྱེར་སྤྱིའི་འཆར་འགོད་དང་བསྟུན་ནས་ཁྱིམ་གཞིས་བསྐྱར་བསྐྲུན་བྱས་ན་འབྱུང་འགྱུར་གྱི་དཔལ་འབྱོར་འཕེལ་རྒྱས་དང་དམངས་ཀྱི་འཚོ་བར་ཕན་འབྲས་ཆེན་པོ་ཐོན་ཐུབ།  སྤྱིའི་འཆར་འགོད་ནང་རྣམ་གྲངས་མི་འདྲ་བ་ཁག468དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར111.48བཏང་།

  

        གཞིས་རྩེའི་ཁྱིམ་གཞིས་བསྐྱར་བསྐྲུན་གཞུང་ལས་ཁང་ནང་དཔྱིད་ཀྱི་དཔལ་ཡོན་རྒྱས་པ་ལྟ་བུའི་སྣང་བ་ཞིག་སྟེར་འོང་།  དེ་ནི་ཕལ་ཆེར་ལས་དོན་མི་སྣ་ཚོའི་སྙིང་སྟོབས་ལས་བསྐྱེད་པའི་གསོན་ཤུགས་སམ་སེམས་རྩ་འཁོལ་བའི་རྣམ་འགྱུར་ལས་བྱུང་བ་ཡིན་ངེས།  ཀྲུའུ་རེན་གཞོན་པ་ཟླ་བཟང་ནི་བལྟས་པ་ཙམ་གྱིས་ལས་ཀ་གང་ཅིར་བྱང་ཆུབ་པ་ལྟར་དུ་སྣང་ཞིང་།  གཞིས་རྩེ་གྲོང་ཁྱེར་གྱི་སྤྱིའི་འཛུགས་སྐྲུན་འཆར་འགོད་ཁག་ཁོང་གི་སེམས་ནང་རི་མོ་བྲིས་པ་ལྟར།  རྫོང་དང་ཤང་ཁག་གི་འཛུགས་སྐྲུན་དམིགས་ཚད་དང་ལས་གྲྭའི་འཕེལ་རིམ་ཁག་ཇི་མ་ཇི་བཞིན་གཅིག་གཅིག་གཉིས་གཉིས་ངང་ཆུ་རྒྱུག་རྒྱུག་ཏུ་ཤོད་ཐུབ།  ད་དུང་སྤྱིའི་བསམ་ཕྱོགས་གསལ་ཞིང་།  གཏན་ཚིགས་ཟབ་ལ།  དྲན་ཤེས་བརྟེན་པས་ཁོང་ནི་སྤྱིར་བཏང་མིན་པའི་འཇོན་ནུས་ཅན་ཞིག་ཡིན་པའི་བག་ཆགས་སྟེར་འོང་།  ཁོང་གིས་ཤེས་ཡོན་ལྡན་ལ་འཇོན་ནུས་ཆེ་ཞིང་དཀའ་སྤྱད་སྡུག་རུས་འཁྱོག་པའི་ལོ་ཆུང་དཔུང་ཁག་ཅིག་གི་སྣེ་ཁྲིད་དེ་བློ་གཅིག་སེམས་གཅིག་ངང་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་ལས་ལ་བྲེལ།  ཁོ་ཚོའི་དབར་རིམ་བཞིན་མཐུན་སྒྲིལ་དང་།  ཛ་དྲག  སྒམ་བརླིང་།  འཁྲུག་ཆ་དོད་པའི་རྣམ་པ་ཞིག་གྲུབ་སྟེ།  འགན་འཁྲི་ལྗིད་ལ་རྙོག་འཛིང་ཆེ་ཞིང་གཞི་ཁྱོན་ཆེ་བའི་བསྐྱར་བསྐྲུན་ལས་གྲྭ་གོ་རིམ་ལྡན་པའི་ངང་རེ་བས་ཁེངས་པའི་སང་ཉིན་གྱི་སྐྱ་རེངས་དང་འདྲ་བར་བསྐྲུན་བཞིན་མཆིས། 

རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱིམ་གཞིས་བསྐྱར་བསྐྲུན་བྱེད་ཕྱོགས་ཐད་བཏོན་པའི་སྤྱིའི་བླང་བྱ་ནི།  ལོ་གཉིས་རིང་འཛུགས་སྐྲུན་ཤུགས་ཆེན་བྱེད་པ་དང་།  ལོ་གསུམ་པར་ཕན་འབྲས་ཐོན་པར་བྱས་ཏེ།  མཛེས་སྡུག་ལྡན་པའི་གཞིས་ཀ་རྩེ་ཞིག་འཛུགས་བསྐྲུན་བྱ་དགོས།  ཞེས་པ་དེ་ཡིན།  གཞིས་རྩེ་གྲོང་ཁྱེར་གྱིས་སྤྱིའི་བླང་བྱ་ལྟར།  དང་ཐོག་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་སྤྱི་འགན་ཁུར་བ་དང་།  རྫོང་ཨུད་དང་རྫོང་སྲིད་གཞུང་གིས་ཞིབ་ཕྲའི་ལག་ལེན་བསྟར་ཞིང་གཙོ་གནད་ལས་འགན་འཁུར་རྒྱུའི་སྒྲིག་གཞི་གཏན་འཁེལ་བྱས་རྗེས།  གྲོང་ཁྱེར་དང་།  རྫོང་།  ཤང་།  གྲོང་ཚོ་བཅས་རིམ་ཁག་གི་འགན་འཁུར་ཚོས་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་དམིགས་ཚད་འགན་འཁྲིར་རིམ་པ་ལྟར་མིང་རྟགས་བཀོད་དེ་ལག་བསྟར་ཇུས་གཞི་ཞིབ་ཚགས་ཤིང་འཐུས་སྒོ་ཚང་ལ།  རིམ་ཁག་འགོ་ཁྲིད་ལས་བྱེད་ཀྱིས་སྤྱིའི་སྟངས་འཛིན་དང་ལྟ་སྐུལ་དོ་དམ་བྱེད་པའི་རྣམ་པ་བཟང་པོ་ཞིག་བཏོད་དེ།  གཞི་ཁྱོན་ཆེ་བའི་ལས་གྲྭ་དེ་ཉིད་བདེ་བླག་ངང་བསྐྲུན་རྒྱུའི་རྨང་གཞི་བརྟན་པོ་ཞིག་བཏིངས།  

 

        ལག་རྩལ་ཐད།  གྲོང་ཁྱེར་སྲིད་གཞུང་གིས་བརྟག་དཔྱད་ཞིབ་འཇུག་ནན་ཏན་བྱས་རྗེས་ཀྲུང་གོའི་འཛུགས་སྐྲུན་ལྷོ་ནུབ་འཆར་འགོད་ཁང་དང་འཐབ་ཇུས་མཉམ་ལས་གན་རྒྱ་བཞག་སྟེ།  རྣམ་གྲངས་ཀྱི་འཆར་འགོད་དང་དོ་དམ།  སྤུས་ཚད་སོགས་ཀྱི་ཚད་གཞིར་འགན་ལེན་བྱས།  སྤྱིའི་དོ་དམ་གྱི་སྒྲིག་གཞི་དང་ལག་རྩལ་ལ་ཁག་ཐེག་བྱུང་རྗེས་ཞིབ་ཕྲའི་དམིགས་ཚད་འོས་འགན་ཁག་རིམ་པ་དབྱེ་ནས་ལས་འགན་བགོས།  དེ་ཡང་།  སྔོན་ལ་རྫོང་དང་ཆུས་ཁག་གི་གཙོ་བོའི་འགོ་ཁྲིད་ཀྱིས་འགན་ཁུར་བའི་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཆེད་དོན་མི་སྣ་བཀོད་སྒྲིག་གིས་མི་སྣ་དང་མ་དངུལ།  སྒྲིག་ཆས་ཁག་བཀོད་སྒྲིག་བྱ་རྒྱུ་དང་།  དེ་རྗེས་རང་རང་གི་དོན་དངོས་གཞིར་བཟུང་ལག་ལེན་བསྟར་འཐུས་ཀྱི་ཞིབ་ཕྲའི་ཇུས་གཞི་གདིང་རྒྱུ།  མཇུག་ཏུ་ལས་གྲྭ་འཛུགས་སྐྲུན་བྱེད་སྐབས་ཁུལ་དེ་གའི་མང་ཚོགས་ཧུར་ཐག་ངང་ཞུགས་རྒྱུའི་སྐུལ་སློང་བྱ་རྒྱུ།  མཐར་འགོ་ཁྲིད་ཚོགས་ཆུང་གིས་ཁྲོམ་རའི་དགོས་མཁོར་བསྟུན་ནས་རྒྱུ་ཆའི་རིན་གོང་འོས་འཚམ་གྱིས་སྙོམས་སྒྲིག་བྱས་རྗེས་ཁྲོམ་རའི་སྒྲིག་ལམ་གྱི་ཁོར་ཡུག་བཟང་པོ་ཞིག་གཏོད་རྒྱུ་བཅས་ཡིན། 

 

        ས་ཡོམ་མ་བརྒྱབ་གོང་།  གཉའ་ལམ་རྫོང་ནི་སྤྲིན་དང་སྨུག་པའི་དཀྱིལ་དུ་ཆགས་པའི་ལྷོ་ཕྱོགས་ཀྱི་རྒྱལ་སྒོ་ལྟ་བུའི་གྲོང་རྡལ་ཡིད་དུ་འོང་བ་ཞིག་རེད།  འོན་ཀྱང་ད་ཆར་ས་ཡོམ་བརྒྱབ་རྗེས།  མཛེས་སྡུག་ལྡན་པའི་གྲོང་ཁྱེར་འདི་ཉིད་གནོད་འཚེ་ཕོག་ཤུགས་ཆེ་ཤོས་སུ་གྱུར་པ་དང་།  གནོད་འཚེ་ཕོག་རྗེས་ཀྱི་བསྐྱར་བསྐྲུན་འཆར་འགོད་ནང་ཡུལ་མིའི་སྡོད་ཁང་3521དང་།  རྫོང་མཁར་ཁྱོན་ཡོངས་ཀྱི་རྨང་གཞིའི་འཛུགས་སྐྲུན་མཐའ་དག་ཚུད་ཡོད།  དེར་བརྟེན།  རྫོང་ཨུད་དང་སྲིད་གཞུང་གིས་ལས་ཁུངས་ཚན་པའི་ལས་བྱེད་ཚོ་བཞི་ལྔ་མཉམ་དུ་ཁང་པ་གཅིག་གི་ནང་བསྡད་དེ་གཞུང་གི་འཁོར་རྒྱུག་ཁང་པའི་ནང་མང་ཚོགས་སྡོད་དུ་བཅུག་ནས་ལོ་གཉིས་ཀྱི་རིང་རྫོང་མཁར་ཡོངས་གསར་རྒྱག་བྱ་དགོས་རྒྱུའི་བཀའ་བཀོད་གནང་།  དེ་ནི་ལོ་རྒྱུས་ཐོག་ཐོན་མྱོང་མེད་པའི་ལས་གྲྭ་རྒྱ་ཆེན་ཞིག་དང་།  ཆེས་འགན་འཁྲི་ལྕི་བའི་ལས་འགན་ཞིག་རེད།  དེར་མི་དང་ནོར།  དངོས་ཟོག་འབོར་ཆེན་ཙམ་མ་ཟད།  ཁྱད་དུ་འཕགས་པའི་ཚན་རྩལ་གྱི་འཇོན་ནུས་དང་།  ལུགས་དང་མཐུན་པའི་དོ་དམ་བྱེད་ཐབས།  ད་དུང་སྒེར་སེམས་བྲལ་བའི་ལས་བརྩོན་དང་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་སོགས་མེད་ཐབས་མེད།  

        གཉའ་ལམ་རྫོང་གིས་ཆེད་ལས་འཇོན་ཐང་ཆེ་ཞིང་ཕྱོགས་བསྡུས་བྱང་ཚད་མཐོ་བའི་ཕུལ་བྱུང་མི་སྣ་སྐོང་འཐེན་བྱས་ཏེ་ཁྱིམ་གཞིས་བསྐྱར་བསྐྲུན་འགོ་ཁྲིད་ཚོགས་ཆུང་གི་གཞུང་ལས་ཁང་བཙུགས་ཤིང་།  སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་དོ་དམ་བྱེད་མཁན་གྱི་རྫོང་དཔོན་གཞོན་པ་སུའུ་ཡི་ལིས་གཙོ་འགན་འཁུར་མཁན་ལ་བསྐོས་པ་དང་།  རྫོང་འཕེལ་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསྟན་འཛིན་ཕུན་ཚོགས་གཞུང་ལས་ཁང་གི་ཀྲུའུ་རེན་དུ་བསྐོས།  རྫོང་དཔོན་གཞོན་པ་སུའུ་ཡི་ལིས་ཡི་ཆེད་ལས་ནི་ཨར་སྐྲུན་ལས་གྲྭ་དང་གྲོང་ཁྱེར་འཆར་འགོད་ཡིན་པ་དང་།  ཁོང་ཉིད་ལས་ཀར་དོ་ནན་ཞིང་དྲང་པོ་དྲང་གཞག་བྱེད་མཁན་ཞིག་ཡིན།  གཉའ་ལམ་རྫོང་འཕེལ་བསྒྱུར་ཨུ་ལྷན་དུ་ལོ་མང་ལས་ཀ་བྱས་མྱོང་བའི་བསྟན་འཛིན་ཕུན་ཚོགས་ཀྱང་དཔལ་འབྱོར་གྱི་འདུ་ཤེས་དང་བཅོས་སྐྱོང་གི་འཇོན་ཐང་ཅན་ཞིག་རེད།  ཁོང་གིས་དེ་སྔར་ཡོམ་འགོག་གེགས་སེལ་ཁྲོད་ཏང་དང་རྒྱལ་ཁབ་ཀྱིས་གནང་བའི་བྱམས་བརྩེའི་ཐུགས་ཁུར་དག་ཆད་ལུས་མེད་པར་གེགས་ཁུལ་མང་ཚོགས་ཀྱི་སྙིང་གར་བསྐྱལ་བ་དང་།  རང་ཉིད་ཀྱང་རྒྱ་ཆེའི་གེགས་ཁུལ་མང་ཚོགས་དང་འདྲ་བར་གོད་ཆག་ཆེན་པོའི་ཁྲོད་དུ་མི་སེམས་གཡོ་འགུལ་ཐེབས་པའི་སྣང་ཚུལ་མང་པོ་མིག་མཐོང་ལག་ཟིན་བྱུང་མཁན་ཞིག་རེད།  མ་ཟད་ཁོང་ལ་མང་ཚོགས་དབར་ཕན་ཚུན་གོ་བརྡ་མི་འཕྲོད་པའི་འགལ་བ་མེད་ལ་དམངས་ཀྱི་ཡུལ་གོམས་གཤིས་ལུགས་སྦར་མཐིལ་ནང་བླུགས་པ་ལྟར་ཡོད།  ཁོང་གཉིས་དཔུང་པ་བསྒྲིལ་ནས་གཉའ་ལམ་རྫོང་གི་བསྐྱར་བསྐྲུན་ལས་ཀའི་སྤྱིའི་འགན་ཁུར་ཞིང་ལས་རོགས་བཅུ་གྲངས་ཀྱིས་དེ་ལ་གཞོགས་འདེགས་བྱས་ཏེ་དཔུང་པ་མཉམ་གཤིབ་ངང་ལས་འགོ་བཙུགས།  

 

        དང་ཐོག  རྫོང་ཡོངས་ཀྱི་གནོད་འཚེ་ཕོག་པའི་འཛུགས་སྐྲུན་དངོས་པོ་ཡོངས་ལ་བརྟག་ཞིབ་ནན་ཏན་བྱས་ཤིང་།  ཁང་པའི་བདེ་འཇགས་རིམ་ཚད་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་པའི་རྨང་གཞིའི་ཐོག  གཞི་ནས་རྫོང་ཡོངས་ཀྱི་བསྐྱར་བསྐྲུན་འཆར་འགོད་བྱེད་འགོ་ཚུགས།  རྫོང་དཔོན་གཞོན་པ་སུའུ་ཡི་ལིས་ཀྱིས་ལས་འགོ་མ་ཚུགས་གོང་ནས།  བསྐྱར་བསྐྲུན་གྱི་འཆར་འགོད་ཁྱོན་ཡོངས་ནང་།  མང་ཚོགས་ཀྱི་འབྱུང་འགྱུར་ཁེ་ཕན་དང་འཚོ་སྟབས་བདེ་མིན།  དེ་བཞིན་མ་འོངས་པའི་འཕེལ་རྒྱས་གཏོང་ཕྱོགས་སོགས་ངེས་པར་དུ་ཚུད་དགོས་རྒྱུའི་བསམ་ཕྱོགས་བཏོན།  སྤྱིའི་འཆར་འགོད་ནང་རྫོང་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ40ཚུད་པའི་ཆུས་གཅིག་དང་གཞུང་གསུམ་ཡིན་ཞིང་།  དེ་ཡང་སྡོད་ཁུལ་དང་།  སྲིད་འཛིན།  ཐོན་ལས་བཅས་ཕྱོགས་གསུམ་ལྟེ་བར་བྱས་ཏེ་མི་རིགས་ཀྱི་རིག་གནས་ཁྱད་ཆོས་མངོན་པའི་འཛུགས་སྐྲུན་བྱ་རྒྱུ་དང་།  རྫོང་ཡོངས་སུ་དམིགས་བསལ་ཁྱད་ཆོས་ལྡན་པའི་དམངས་ཁང་གཉིས་གསུམ་ཞིག་བཞག་པ་དང་།  ཁང་པ་གཅིག་གི་ནང་ནས་ཇོ་མོ་གླང་མའི་ཡུལ་ལྗོངས་གསལ་པོར་མཐོང་ཐུབ།

 

        གཅིག་གྱུར་གྱི་འཆར་འགོད་རི་མོ2015ལོའི་ལོ་མཇུག་ཏུ་གྲུབ་རྗེས།  གོམ་སྟབས་རྗེས་མའི་ལས་ཀ་ནི་སྤྱིའི་འཆར་འགོད་དེ་ཉིད་ཁྱིམ་དུད་དང་མི་སྒེར་བར་ཞིབ་ཚགས་བཟོས་ཏེ་རྒྱལ་ཁབ་ཀྱི་ཁ་གསབ་རོགས་དངུལ་དང་བསྐྱར་བསྐྲུན་མ་དངུལ་རྣམས་གང་འདྲ་བྱས་ནས་འདྲ་མཉམ་དང་དྲང་གཞག  ལུགས་མཐུན།  ཚན་རིག་དང་མཐུན་ཞིང་གནད་ལ་སྨིན་པའི་སྒོ་ནས་ཚང་མར་ཁྱབ་ཐུབ་པ་བྱ་རྒྱུ་དེ་རེད།  2016ལོ་ཧྲིལ་པོའི་དུས་ཚོད་རྩ་བའི་ཆ་ནས་ལས་ཀ་དེར་འགོར་ཞིང་།  ཁོ་ཚོས་ཞོགས་པ་ཆུ་ཚོད་བརྒྱད་པ་ནས་ཐོན་རྗེས་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པར་གཞི་ནས་ཕྱིར་སླེབས་ཀྱི་ཡོད།  ཆུ་ཚོད་ལྔ་དྲུག་ཅིག་ལ་ངལ་གསོ་བརྒྱབ་རྗེས་སླར་ཡང་ཉིན་གཉིས་པར་གཤམ་སྐྱོད་བྱ་དགོས།  གྲོང་ཚོ་ཁག་གི་འཛུགས་སྐྲུན་ས་གནས་འདེམས་རྒྱུ་དང་།  དུད་ཁྱིམ་རེའི་ཆ་སྙོམས་འཛུགས་སྐྲུན་རྒྱ་ཁྱོན།  ཁང་པའི་ནང་གི་སྒྲིག་བཀོད་སོགས་ཀྱི་དོན་དག་ཙག་ཙིག་མང་པོ་ཞིག་གྲོང་མི་ཚོ་དང་ལྷན་དུ་གྲོས་ཁ་ཡང་ཡང་བསྡུར་བའམ་གསལ་བཤད་ཐེངས་མང་རྒྱག་དགོས་ཀྱི་ཡོད།  མང་ཚོགས་ཀྱི་བསམ་ཚུལ་ལ་རྒྱུས་མངའ་ལོན་རྗེས་སླར་ཡང་འཆར་འགོད་ཇུས་གཞིར་ལེགས་བཅོས་བྱ་དགོས།  རྫོང་དཔོན་གཞོན་པ་སུའུ་ཡི་ལིས་ཀྱིས་མང་ཚོགས་ཁྲོད་གསལ་བཤད་རྒྱག་སྐབས།  གཙོ་བོ་ལག་རྩལ་དང་སྲིད་ཇུས་ཀྱི་ཐོག་ནས་དབྱེ་ཞིབ་དང་ཁྲིད་སྟོན་བྱ་རྒྱུ་དེ་ཡིན་ཞིང་།  མང་ཚོགས་ཕལ་ཆེ་བས་རྒྱ་སྐད་ཀྱི་གོ་བརྡ་མ་འཕྲོད་སྟབས་ཁོང་གིས་དུད་ཁྱིམ་རེ་རེ་བཞིན་འཆར་འགོད་རི་མོའི་ནང་དོན་འགྲེལ་བཤད་རྒྱག་པ་དང་།  དོན་དངོས་གནས་བབ་དང་བསྟུན་ནས་མང་ཚོགས་ཚོས་བསམ་བློ་རྒྱང་རིང་ཙམ་གཏོང་དགོས་རྒྱུར་སྐུལ་སློང་བྱེད།  བསྟན་འཛིན་ཕུན་ཚོགས་ལ་ལྐུགས་པ་ཨུ་ཚུགས་བྱས་ཏེ་ཁ་ལ་མི་ཉན་པའི་མང་ཚོགས་ལ་ཕྲད་སྐབས།  ཁོང་གིས་རང་ཉིད་དངོས་སུ་བརྒྱུད་མྱོང་བ4·25ཡི་ས་ཡོམ་ལ་དཔེ་བླངས་ནས་མིག་མཐོང་ལག་ཟིན་བྱུང་བའི་ལྟ་སྣང་མཐོང་ཚུལ་ཁག་བཤད་དེ།  རྒྱལ་ཁབ་ཀྱིས་སྔར་བས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཞིག་བསྐྲུན་རྒྱུར་ཡིད་ཆེས་བྱ་དགོས་ཞེས་བརྗོད་པ་ན།  རིམ་བཞིན་མང་ཚོགས་ཕལ་ཆེ་བ་ཁོང་གི་ལྷག་བསམ་དག་པའི་བྱ་སྤྱོད་ལ་དད་གུས་སྐྱེས་ནས་སྒེར་གྱི་ཁེ་ཕན་ཏིལ་འབྲུ་ཙམ་གྱི་ཆེད་དུ་སྤྱིའི་ལས་ཀར་འཐུས་ཤོར་མི་ཡོང་བའི་མོས་མཐུན་བྱས།  སྐབས་དེའི་རིང་དཀའ་ཚེགས་ཆེ་ཞིང་འགོག་རྐྱེན་མི་ཉུང་བ་ཞིག་ལ་ཕྲད་ནའང་མཐར་མང་ཚོགས་ཡོངས་ཀྱིས་བསམ་གཞིག་དང་རྒྱབ་སྐྱོར་ཐོབ་པར་མ་ཟད།  ལྷག་པར་དུ་གྲོང་ཚོའི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་ཚོས་མང་ཚོགས་ལ་བསམ་བློའི་སློབ་གསོ་རྒྱག་པ་དང་སྦྲགས།  སྔོན་ལ་རང་གི་ཁང་པ་བཤིག་ནས་བསྐྱར་བསྐྲུན་ལས་ཀར་གཞོགས་འདེགས་ཧུར་ཐག་བྱེད་ཅིང་།  རྫོང་མཐའ་གྲོང་ཚོའི་འགོ་ཁྲིད་དཔུང་ཁག་གིས་གནས་སྤོ་བྱེད་རྒྱུར་མོས་མཐུན་མེད་པའི་མང་ཚོགས་རྣམས་ལ་གོ་བསྐོན་བློ་འགུག་བྱེད་ཆེད།  གཅིག་གྱུར་དུ་སྒེར་ལ་དབང་བའི་ས་ཆ་བཟང་བ་རྣམས་ཁོ་ཚོར་བརྗེས། 

 

        རང་སྐྱོང་ལྗོངས་ཀྱིས་གཤམ་སྤྲོད་བྱས་པའི་གཉའ་ལམ་རྫོང་གི་བསྐྱར་བསྐྲུན་མ་དངུལ་ནི་ཁྱིམ་དུད་རེར་སྡོད་ཁང་རྨིད་གྲུ་བཞི་མ80ཡི་ཚད་གཞིར་བཟུང་ནས་ཆ་སྙོམས་སྒོར་ཁྲི15རེ་སྤྲད་པ་དེ་སྔོན་ཆད་ཀྱི་ཁ་གསབ་ལས་ལྡབ་གཅིག་གིས་མང་བ་ཡོད་ཀྱང་།  མང་ཚོགས་ཀྱི་རེ་བ་དང་བསྡུར་ན་ད་དུང་ཧེ་བག་ངེས་ཅན་ཡོད།  ད་ནི་རྒྱལ་ཁབ་ལ་ལག་པ་གཟེད་ན་མི་འགྲིག་ལ།  རྫོང་ནོར་སྲིད་ཀྱིས་འཆར་འགོད་དང་།  ཁོད་སྙོམས།  འཕྲིན་གཏོང་།  གནས་སྐབས་ཉེན་གཡོལ་སོགས་ཀྱི་འགྲོ་གྲོན་འབོར་ཆེན་བཏོན་ཟིན་པས་མུ་མཐུད་རོགས་སྐྱོར་བྱེད་ཐབས་བྲལ་བ་ཧ་གོ་དོན་གསལ་ཡིན།  ཁོ་ཚོས་བསམ་བློ་དྲུག་གསུམ་བཅོ་བརྒྱད་བཏང་མཐར།  ཐབས་ཤེས་གཅིག་རང་ཡོད་པ་ནི་རྒྱལ་ཁབ་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་རྣམས་གཅིག་གྱུར་བསྡུ་སྒྲིག་བྱས་ཏེ་བེད་སྤྱོད་གང་ལེགས་བྱ་རྒྱུ་དེ་ཡིན།  དཔེར་ན། བདེ་སྡོད་ལས་གྲྭའི་རྣམས་གྲངས་ཀྱི་བོད་སྐྱོར་མ་དངུལ་དང་།  འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན།  དྲོད་ཁང་ལེགས་བཅོས།  མཐའ་མཚམས་ཀྱི་ཁ་གསབ།  སྐྱེ་ཁམས་ཀྱི་ཁ་གསབ་སོགས་རེད།  དེ་དག་རེ་རེ་བཞིན་ཕན་ཚུན་གསབ་སྣོན་བྱས་རྗེས་སླར་ཡང་དུད་ཁྱིམ་རེར་སྡོད་ཁང་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི5ནས7བར་འཕར་བ་དང་སྦྲགས།  ས་གོང་དེ་སྔའི་རྨིད་ངོས་སྙོམས་གྲུ་བཞི་མ་རེར་སྒོ45ནས་སྒོར25ནས30བར་བཅག་མཐར།  དུད་ཁྱིམ་རེར་སྡོད་ཁང་རྨིད་ངོས་སྙོམས་གྲུ་བཞི་མ100ནས110བར་ཟིན་ཐུབ་པ་བྱུང་།  

 

        ས་གནས་དེ་གའི་སྲོལ་རྒྱུན་ཨར་སྐྲུན་རུ་ཁག་གི་ཆུ་ཚད་ཀྱིས་མང་ཚོགས་ཀྱི་དགོས་མཁོ་སྐོང་མི་ཐུབ་པས་བསྐྱར་བསྐྲུན་གཞུང་ལས་ཁང་དང་མང་ཚོགས་དབར་གྲོས་ཁ་བསྡུར་རྗེས།  ཆེད་མངགས་གཞིས་ཀ་རྩེར་ཨར་སྐྲུན་ཚན་པ་གདན་ཞུ་བྱ་བར་བསྐྱོད།  མདོར་ན་ཐོག་མའི་ས་ཆ་འདེམ་རྒྱུ་ནས་ཨར་སྐྲུན་བྱ་བའི་བརྒྱུད་རིམ་ཁྲོད།  བདེ་འཇགས་འགན་ལེན་ཡོང་རྒྱུར་ལྟེ་བ་བྱས་ཐོག  ལས་གྲྭའི་སྤུས་ཚད་དང་ཕན་ནུས་ལ་ཡང་ལྷོད་གཡེང་ཡེ་ནས་བཏང་མེད།  གསར་དུ་བསྐྲུན་པའི་ཁང་པ་ཡོད་ཚད་ལྕགས་འདམ་ཡིན་པ་དང་།  གྲོང་ཚོ་ཚང་མར་སྣུམ་ལམ་བསྐྲུན་པར་མ་ཟད་གྲོང་ཚོའི་གསེང་དུ་ཡང་སྣུམ་ལམ་བསྐྲུན་ཡོད།  ལྷོ་བྱང་གཉིས་སུ་རི་བོ་དོམ་ལྷ་མཚམས་ཐིག་ཏུ་བྱས་ཏེ་བྱང་ངོས་དང་ལྷོ་ངོས་ཀྱི་འཛུགས་སྐྲུན་ཐད་ས་བབ་ཀྱི་ཁྱད་ཆོས་ལ་དམིགས་ནས་ཧེ་བག་ཕྲན་བུ་ཡོད་ཀྱང་།  བསྐྱར་བསྐྲུན་བྱེད་པའི་བརྒྱུད་རིམ་ཁྲོད་བྱ་བ་ཆེ་ཆུང་ཚང་མར་མང་ཚོགས་ཀྱི་འདོད་བློར་བསྟུན་གང་ཐུབ་བྱས་ཏེ།  རིམ་ཁག་འགོ་ཁྲིད་ཐུགས་བློ་བདེ་ཞིང་རྒྱལ་ཁབ་ཀྱི་མ་དངུལ་ཕན་འབྲས་བཟང་པོ་ཐོན་ཐུབ་པ་བྱུང་ཡོད། 

 

        གཉའ་ལམ་རྫོང་གི་བསྐྱར་བསྐྲུན་ལས་གྲ་བདེ་བླག་ངང་སྤེལ་བཞིན་ཡོད་མོད།  རྫོང་དེ་གའི་གལ་ཆེའི་གྲུབ་ཆར་གྱུར་པའི་འགྲམ་གྲོང་རྡལ་གྱི་བསྐྱར་བསྐྲུན་འཆར་འགོད་དེའི་ནང་ཚུད་མེད།  4·25ཡི་ས་ཡོམ་ཁྲོད།  ཡོམ་ལྟིག་དང་བར་ཐག་ཆེས་ཉེ་བའི་འགྲམ་གྲོང་རྡལ་ནི་གནོད་འཚེ་ཕོག་ཆེ་ཤོས་ཡིན་པ་དང་།  ཁྱོན་མི14རྐྱེན་ལམ་དུ་ཤོར་ཞིང་།  མི80ལྷག་ཙམ་རྨས་པ་དང་།  སྡོད་ཁང་མང་ཆེ་བ་ཆེ་ཆུང་མི་གཅིག་པའི་གད་ཆག་བྱུང་ཡོད་ལ།  ཚོང་གཉེར་བྱེད་མཁན་ཚུད་པའི་མི་གྲངས6000ལྷག་ཙམ་ཛ་དྲག་གི་གནས་སྤོས་བྱ་དགོས་བྱུང་།  དེ་ལས་ཀྱང་ཉེན་ཚབས་ཆེ་བ་ནི་ས་ཡོམ་གྱིས་འགྲམ་གྱི་ས་གཤིས་གྲུབ་ཚུལ་ལ་གཏོར་སྐྱོན་ཤུགས་ཆེན་བཏང་ཞིང་།  ཞོར་སྐྱོན་གནོད་འཚེ་འབྱུང་ཉེན་ཆེ་རུ་སོང་བར་མ་ཟད།  སྔོན་ཆད་མི་རྣམས་འཚོ་སྡོད་བྱ་ཡུལ་གྱི་རི་བོ་དང་ནགས་ཚལ་རྣམས་ད་ཆ་རྒྱ་ཆེའི་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་ཉེན་ཁ་བཟོ་མཁན་ཞིག་ཏུ་གྱུར་ཡོད།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྔ་ཕྱི་བར་གསུམ་དུ་མི་ལྟེ་བར་འཛིན་རྒྱུ་རྒྱུན་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་འགན་ལེན་ཐུབ་ཆེད།  འགྲམ་གྲོང་རྡལ་སྤྱི་ཡོངས་གནས་སྤོ་བྱས་ནས་ས་ཆ་གཞན་ལ་བསྐྱར་བསྐྲུན་བྱ་རྒྱུའི་གལ་ཆེའི་འཐབ་ཇུས་བཏོན་ཞིང་།  ཁྱོན་ཡོངས་ཀྱི་གནས་བབ་ཐོག་ནས་ཞིབ་འཇུག་ནན་ཏན་བྱས་རྗེས།  བསམ་གྲུབ་རྩེའི་ཁུལ་དུ་དེང་རབས་ཅན་གྱི་སྡེ་ཁུལ་འགྲམ་གྲོང་གསར་ཁུལ་གསར་སྐྲུན་བྱས་ཏེ།  འགྲམ་གྱི་གེགས་ཁུལ་མང་ཚོགས་སྡོད་གནས་བཀོད་སྒྲིག་ཡག་པོ་བྱུང་བའི་རྨང་གཞིའི་སྟེང་།  ས་ཆ་གཞན་ནས་གནས་སྤོས་བྱས་པའི་བསྐྱར་བསྐྲུན་གོ་སྐབས་དམ་འཛིན་གྱིས་འགྲམ་གྲོང་རྡལ་འདི་ཉིད་རྣམ་པ་གསར་རྐྱང་གི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་ཐུབ་པ་བྱུང་།  

 

        འགྲམ་གྲོང་རྡལ་གྱི་དེ་སྔའི་མཐའ་མཚམས་ཞིང་འབྲོག་མང་ཚོགས་རྣམས་ད་ཆ་གྲོང་ཁྱེར་གྱི་གྲོང་མིར་གྱུར་ནས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་འགོ་ཚུགས་ལ་ཉེ་དུས།  སྔོན་ཆད་ཀྱི་འཚོ་བའི་བག་ཆགས་ཟབ་པའི་མི་རྣམས་ལ་མཚོན་ན་བསམ་བློ་འགྱུར་ལྡོག་གཏོང་བར་བརྒྱུད་རིམ་ངེས་ཅན་ཞིག་དགོས།  ཕ་ཡུལ་ལ་བཅངས་པའི་བརྩེ་སེམས་འདོར་དཀའ་ཞིང་དར་རྒྱས་འགྲོ་བཞིན་པའི་མཐའ་མཚམས་ཀྱི་གྲོང་རྡལ་ཆུང་ཆུང་དེའི་འཚོ་བ་བློས་མ་ཐོངས་སྟབས།  གཞན་ས་གཞན་ཡུལ་དུ་འཚོ་བ་གསར་པ་སྐྱེལ་རྒྱུར་དེ་བས་ཀྱང་སེམས་ཁྲལ་མི་ཡོང་ཅི་ལ་སྲིད།  ཁོ་ཚོའི་ཐུགས་ཁྲལ་སེལ་ཆེད་གཞིས་རྩེ་གྲོང་ཁྱེར་གྲོང་ཨུད་ཧྲུའུ་ཅི་ཀྲང་ཡན་ཆིང་གིས་ཙུའུ་ཀྲང་གནང་བ་དང་།  གྲོང་ཁྱེར་རིམ་པའི་ལས་བྱེད15ཡིས་བཙུགས་ཀྲང་གཞོན་པ་གནང་བའི་འགྲམ་གྲོང་རྡལ་གནས་སྤོས་རྟེན་གཞིའི་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ་ཁྱབ་རྒྱ་ཆེ་ཞིང་ཞིབ་ཚགས་པའི་ཇུས་གཞི་གཏན་འཁེལ་བྱས་པ་དང་།  མང་ཚོགས་ཀྱི་བསམ་འཆར་བསམ་གྲོས་ནན་ཏན་ངང་གསན་པའི་རྨང་གཞིའི་སྟེང་།  འགྲམ་གྲོང་རྡལ་གྱི་གེགས་ཁུལ་མང་ཚོགས་གནས་སྤོས་རྟེན་གཞིའི་སྲིད་ཇུས་གསར་པ་གཏན་འཁེལ་བྱས།  དེའི་ནང་རྒྱུན་ལྡན་གྱི་འཚོ་བར་འབྲེལ་བ་ཟབ་པའི་སྡོད་ཁང་དང་།  སྤྱི་ཚོགས་འགན་བཅོལ།  སྨན་བཅོས།  ལས་ཞུགས།  བྱ་གཞག་གསར་གཏོད།  སློབ་ཞུགས་སོགས་ཀྱི་འགན་ལེན་སྲིད་ཇུས་རབ་དང་རིམ་པ་ཚུད་ཡོད།  དེ་ལྟར་གོམ་པ་རེ་རེར་རྐང་རྗེས་རེ་རེ་བཞིན་དམངས་ཀྱི་བློ་སེམས་བདེ་ལ་འཁོད་པ་དང་།  རྨང་གཞི་བརྟན་དུ་སོང་མཐར་གེགས་ཁུལ་གྱི་དུད་ཁྱིམ514ཡིས་གྲོང་ཁྱེར་སྲིད་གཞུང་དབར་གནས་སྤོས་རྟེན་གཞིར་གཞིས་སྡོད་བྱ་རྒྱུའི་གྲོས་མཐུན་ཡི་གེ་ལ་མིང་རྟགས་བཀོད།

 

        འགྲམ་གྲོང་གསར་ནི2016ལོའི་ཟླ་བ5པར་འཛུགས་སྐྲུན་བྱེད་འགོ་བཙུགས་པ་དང་།  འཆར་གཞི་ལྟར་ན2017ལོའི་ལོ་མཇུག་ཏུ་ཐོན་ལས་ཁག་ཆེས་ཐོག་མའི་གཞི་ཁྱོན་འགྲུབ་ཐུབ་པ་བྱ་རྒྱུ་ཡིན།  དེ་དང་ཆབས་ཅིག  ཞིང་ཁ་མེད་ཅིང་ལས་ཀ་ཤོར་བའི་མང་ཚོགས་ཀྱི་ལག་རྩལ་སྦྱོང་བརྡར་ཡང་བྱེད་འགོ་ཚུགས་པ་དང་།  གྲོང་མི་རྣམས་ཀྱིས་རང་མོས་ལྟར་ཁ་ལོ་བ་དང་།  ཨར་སྐྲུན་ལག་ཤེས་སོགས་ཅི་རིགས་བདམས་ནས་འབྱུང་འགྱུར་གྱི་ལས་ཞུགས་བདེ་བླག་ཡོང་རྒྱུའི་རྨང་གཞི་བཏིངས།  འགྲམ་འགག་སྒོའི་ཚོང་པ་རྣམས་ཀྱི་ཐོན་སྐྱེད་རང་གསོ་ཡོང་ཆེད།  ཇོ་མོ་གླང་མའི་ཚོང་རའི་ཐོག་བརྩེགས་གཉིས་པར་འགྲམ་གྱི་ཚོང་ར་ཞིག་འཛུགས་རྒྱུ་དང་།  ཁྱོན་ཚོང་ཁང156ཡོད་ཅིང་།  2015ལོའི་ཟླ་བ6དང9པར་དུས་རིམ་གཉིས་སུ་དབྱེ་ནས་བེད་སྤྱོད་གཏོང་དུ་བཅུག་ཡོད།  ཚོང་ཁང་དེ་དག་གི་ཁང་གླ་དང་ཆུ།  གློག  ཁྲལ།  བཟོ་ཚོང་སོགས་ཀྱི་འགྲོ་གྲོན་བསྡུ་དགོས་མེད་ལ།  གྲོང་ཁྱེར་སྲིད་གཞུང་གི་སྤྱི་སྤྱོད་རླངས་འཁོར་གྱིས་ཚོང་པ་རྣམས་སྔ་དགོང་རིན་མེད་སྐྱེལ་བསུ་ཐེངས་རེ་བྱེད་ཀྱི་ཡོད།  འགྲམ་གྱི་ཚོང་གྲོང་ལས་འགོ་བཙུགས་ནས་ད་བར་ཚོང་གཉེར་རིན་འབབ་སྒོར་ཁྲི་ཉིས་སྟོང་ནས་གསུམ་སྟོང་བར་ཟིན་ཞིང་།  སྤྱིའི་ཆ་ནས་དེ་སྔའི་འགྲམ་གྲོང་རྡལ་གྱི་འགག་སྒོའི་བྲིན་ཚོང་དང་བསྡུར་ཐབས་མེད་རུང་།  ཁོང་རྣམས་གཞིས་རྩེར་ལྷིང་འཇགས་ཀྱི་འཚོ་བར་རོལ་ཞིང་ཐོན་སྐྱེད་སླར་གསོ་ཡོང་རྒྱུའི་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། 

 

        མེས་རྒྱལ་ཁྱིམ་ཚང་ཆེན་མོའི་པང་དུ།  རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་།  གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ཤུགས་ཆེའི་རྒྱབ་སྐྱོར་དང་བྱམས་བརྩེའི་ཐུགས་ཁུར་འོག  དེང་རབས་ཅན་གྱི་སྡེ་ཁུལ་གསར་པའི་ནང་གནས་སྡོད་བྱས་པའི་འགྲམ་གྱི་མང་ཚོགས་རྣམས་རིམ་བཞིན་གོད་ཆག་ཆེན་པོས་མནར་བའི་སྡུག་བསྔལ་ལས་གྲོལ་ནས་ཁོ་ཚོའི་ལས་ལ་བརྩོན་ཞིང་བློ་གྲོས་ལྡན་པའི་རང་སྟོབས་རང་སྤེལ་གྱི་སྙིང་སྟོབས་དར་སྤེལ་དང་།  ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གསར་པར་གོམས་ལོབས་བྱུང་ནས་ཆ་ལག་ཚང་བའི་འཚོ་བའི་གོམས་གཤིས་དང་ཐོན་སྐྱེད་སྒྲིག་ལམ་གསར་རྐྱང་ཞིག་འགྲུབ་བཞིན་རྣམ་པ་གསར་རྐྱང་ཞིག་གི་ཐོག་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྱོང་ཐུབ་རྒྱུར་གྲོང་ཁྱེར་ཡོངས་ཀྱི་མདུན་གྲས་སུ་སྐྱོད་བཞིན་ཡོད། 

 

        གཙང་ཁུལ་གྱི་ཆབ་སྲིད་དང་།  དཔལ་འབྱོར།  རིག་གནས་ཀྱི་ལྟེ་བར་གྱུར་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་འདི་ཉིད།  ལོ་རྒྱུས་ཀྱི་རིག་གནས་གཏིང་ཟབ་ཅིང་།  མི་རིགས་ས་ཁོངས་ཀྱི་ཁྱད་ཆོས་མངོན་གསལ་དོད་ལ།  ལྗོངས་ཡོངས་ཀྱི་མཐའ་མཚམས་རིང་ཤོས་སུ་གྱུར་པའི་ས་ཆ་ཞིག་ཡིན།  ཡུལ་འདིར་སྣ་མང་ཕུན་སུམ་ཚོགས་པའི་མཐའ་མཚམས་དང་།  དམངས་སྲོལ།  སྐྱེ་ཁམས།  ཆོས་ལུགས་སོགས་རིག་གནས་དར་རྒྱས་ཆེན་པོ་ཡོད་ལ།  རིག་གནས་འདི་དག་ལྷན་དུ་དམངས་ཡོངས་ཀྱི་རྒྱལ་གཅེས་མཐའ་སྲུང་གི་གསར་བརྗེའི་སྲོལ་རྒྱུན་ཡང་མ་ཉམས་པར་གནས་ཡོད།  4·25ཡི་ས་ཡོམ་ཁྲོད།  གྲོང་ཁྱེར་འདིར་གོད་ཆག་བྱུང་རུང་།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བྱམས་བརྩེའི་ཐུགས་ཁུར་དང་།  རང་སྐྱོང་ལྗོངས་ཏང་ཨུད་དང་མི་དམངས་སྲིད་གཞུང་གི་ཚན་རིག་དང་མཐུན་པའི་ཐབས་ཇུས་བཀོད་སྒྲིག་དང་ཞིབ་ཕྲའི་མཛུབ་སྟོན་འོག  དཔའ་ངར་ལྡན་པའི་གཞིས་རྩེའི་མི་དམངས་རྣམས་དཔའ་མ་ཞུམ།  སེམས་མ་ཕམ་པར་གོང་འོག་གཅིག་མཐུན་དང་།  དམངས་སེམས་གཅིག་སྒྲིལ་ངང་ཁྱིམ་གཞིས་བསྐྱར་བསྐྲུན་བྱ་བའི་གོ་སྐབས་བཟང་པོ་འདིར་དམ་འཛིན་གྱིས།  རིག་གནས་ལྟེ་བར་བྱས་པའི་ཡུལ་བསྐོར་གྱི་གྲོང་ཁྱེར་གསར་པ་ཞིག་བསྐྲུན་ཐོག  འབྱུང་འགྱུར་རྒྱལ་ཁབ་རིམ་པའི་རིག་གནས་ཡུལ་སྐོར་གསར་སྤེལ་ཁུལ་ཞིག་གཏོད་རྒྱུར་འབད་འཐབ་བྱེད་བཞིན་ཡོད།  ལོ་རྒྱུས་ཡུན་རིང་ལྡན་ཞིང་གསར་བརྗེའི་སྲོལ་རྒྱུན་བཟང་བའི་གཞིས་རྩེའི་མི་དམངས་ཚོས་རླབས་ཆེན་གྱི་ཕུགས་འདུན་འདི་ཉིད་མངོན་འགྱུར་ཐུབ་རྒྱུར་ཡིད་ཆེས་བརྟན་པོ་བཅང་བཞིན་ཡོད་ལ།  གྲོང་ཁྱེར་འདི་ཉིད་གོད་ཆག་ཆེན་པོ་བྱུང་རྗེས་སླར་ཡང་དར་རྒྱས་འགྲོ་བཞིན་པའི་གསོན་ཤུགས་གསར་པ་ཞིག་རྒྱས་རྒྱུར་ང་ཚོས་རེ་སྒུག་འཆང་བཞིན་ཡོད། 

 

བོད་ལྗོངས་རྩོམ་རིག2017ལོའི་དུས་དེབ་5པ་ལས་བདམས་ཏེ་བསྒྱུར།  

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1