ས་ཡོམ་གནོད་འཚེ་ཆེ་ན་ཡང་། ང་ཚོ་དེ་ལ་ཞེད་མི་དགོས། 2015ལོའི་ཟླ་བ་4པའི་ཚེས་25ཉིན་སྐྱིད་གྲོང་རྫོང་དུ་ས་ཡོམ་བྱུང་ཚུལ་སྐོར།

ལྷ་ཤར་ཕུར་བུ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        དེ་ཡང་འདས་ཟིན་པའི་སྤྱི་ལོ་2015ལོའི་ཟླ་4ཚེས་25ཉིན།  རི་ཀླུང་གང་སར་དཔྱིད་རླུང་དལ་བུར་ལྡང་ཞིང་ས་གཞི་ཆེན་མོས་སྔོ་ལྗང་གོས་བཟང་བཀླུབས་པའི་དུས་བཟང་ཞིག་ལ།  ས་བབ་དམའ་བའི་རོང་ཁུལ་གྱི་མི་ཚོས་རང་རང་སོ་སོའི་ཞིང་ས་གཤིན་པོར་ཡུར་མ་རྒྱག་པ་དང་རྩྭ་ངན་འགོག་པའི་ལས་ལ་བྲེལ་བ་དང་།  ས་བབ་ཅུང་མཐོ་བའི་སོ་ནམ་པ་ཚོ་ནི་ཞིང་ལུད་དབོར་བཞིན་དཔྱིད་འདེབས་ཀྱི་ལས་ལ་བྲེལ།  ཉིན་དེར་ངེད་ཚོ་རྫོང་སྲིད་གཞུང་གི་འགོ་ཁྲིད་དང་ལས་བྱེད་མང་ཆེ་བ་ཞིག་ཞོགས་པ་ནས་འགོ་འཚུགས་ཏེ་གཞུང་དོན་ཁང་རྙིང་པའི་སྒྲིག་ཆས་རྣམས་གཞུང་ལས་ཁང་གསར་པར་དབོར་སྐྱེལ་བྱེད་བཞིན་ཉིན་དགུང་གི་ཟ་མ་ཡང་ཟོས་མེད།  འོན་ཀྱང་ཉིན་གུང་ཆུ་ཚོད་2དང་སྐར་མ་11ཐོག  ནེ་པ་ལེའི་ས་ཡོམ་རིམ་པ་8.1གློ་བུར་དུ་དབྱར་གྱི་འབྲུག་སྒྲ་ལྡིར་བ་བཞིན་ཕྱོགས་བཞི་མཚམས་བརྒྱད་ནས་འུར་སྒྲ་སྒྲོག་པ་དང་ལྷན།  སྡོད་ཁང་དང་ས་གཞི་ཆེན་མོ་རིམ་བཞིན་མཐའ་ཡས་རྒྱ་མཚོ་ཆེན་མོར་དྲི་བཞོན་རླུང་གི་རྦ་རླབས་གཡོས་པ་ལྟར་ཡམ་ཡོམ་དུ་གཡོ་བ་དང་།  སྲང་ལམ་གཡས་གཡོན་གྱི་གློག་སྐུད་སོགས་ཕར་གཡོ་ཚུར་གཡོ་བྱ་བཞིན་ཐག་ཐག་ཁོབ་ཁོབ་ཀྱི་སྐད་སྒྲ་བར་མེད་དུ་སྒྲོགས་ཡོང་བ་ན།  སྲང་ལམ་དང་ཁྱིམ་སྒོ་གང་ས་ནས་མི་རྣམས་ཀྱིས་ས་ཡོམ་བརྒྱབ་སོང་།  ས་ཡོམ་བརྒྱབ་སོང་།  ཞེས་གྲོག་ཚང་?ལ་བ་ལྟར་སྨྲེ་ངག་དང་ངུ་སྒྲ་སྒྲོག་བཞིན་ཕྱིར་ཐོན་ནས།  ས་རྒྱ་ཆེ་ལ་ས་འཁོད་ཡངས་པའི་ཕྱོགས་སུ་འཚབ་འཚུབ་ངང་རྒྱུག་བཞིན་འདུག  ཞིང་ལས་བྱ་བཞིན་པ་རྣམས།  ངའི་ཕ་མ་རྒན་ཁོག་དང་ཕྲུ་གུ་རྣམས་ག་རེ་བྱས་སོང་ངམ་ཟེར་བཞིན་ཁྱར་ཁྱོར་ངང་རླུང་གཤོག་རྟ་ཕོས་བང་རྩལ་འགྲན་པ་ལྟར་རྒྱུག་ཡོང་།  དེ་གར་ཡོད་པའི་མི་ཚོས་ཁྱེད་ཚོ་སེམས་ཁྲལ་མ་གནང་།  ནང་མི་བུ་ཕྲུག་ཚང་མ་ང་ཚོ་མཉམ་དུ་ཐང་ཆེན་སྟེང་བསྡད་ཡོད་ཅེས་བརྗོད་པ་ཐོས་རྗེས།  ཁོ་ཚོའི་མིག་ལས་གཞི་ནས་རེ་བའི་འོད་མདངས་ཅུང་ཟད་ཤར་ནས་རེ་ཞིག་དལ་ལ་འཁོད།  

        ས་ཡོམ་ཐེངས་དང་པོ་དེར་དུས་ཡུན་སྐར་ཆ་བཅུ་ཙམ་གཡོས་པ་དང་།  དེའི་རིང་ས་ཕྱོགས་གང་ས་གང་ནས་རྡུལ་རླུང་སེར་པོ་ཞིག་བར་སྣང་དུ་འཕྱུར་ཞིང་།  ཁང་པ་སློག་པའི་ཚགས་སྒྲ་ཁོག་སྒྲ་ཡང་བར་མཚམས་མེད་པར་སྒྲོགས་པ་མ་ཟད་ས་གཞི་ཆེན་མོ་དེ་ཉིད་ཐབ་ཆུ་འཁོལ་བ་ལྟར་གྱུར།  མི་རྣམས་ཀྱིས་ལོ་རྒྱུས་ཐོག་མཐོང་དཀའ་བའི་ས་ཡོམ་ཆེན་མོ་འདི་མིག་ལམ་དུ་འཆར་དུས་ཕན་ཚུན་གཅིག་གིས་གཅིག་ལ་འཐམ་བཞིན་ད་རེས་ང་ཚོ་ཚང་མ་དངོས་གནས་ཤི་རྒྱུ་རེད་ཅེས་ངུ་སྒྲ་ལྷང་ལྷང་དུ་སྒྲོག་ཡོང་།  སླར་ཡང་སྐར་ཆ་ལྔ་དྲུག་ཙམ་ཞིག་ལྷིང་ལ་འཇགས་པས་མི་ཚོགས་ཁྲོད་ཀྱི་རྒན་རབས་ཤེས་པ་ཅན་རེ་འགས་རང་གི་ཡིད་ལ་དངངས་འཚབ་ཆེན་པོ་སྐྱེས་རུང་།  ཕྱི་ནས་སྒམ་ཚུགས་ཤིག་འདོན་བཞིན།  ཁྱེད་ཚོ་ཚང་མ་འཇིགས་མི་དགོས།  དེ་གར་བློ་བདེ་མོ་བྱས་ནས་སྡོད་ཅིག  ཕར་འགྲོ་ཚུར་འོང་མ་བྱེད།  ཁང་ཁྱིམ་ནང་དུ་མ་ལོག  ཁང་པ་ཞིག་པར་སྐྱོན་མེད།  མིའི་སྲོག་གལ་ཆེ་ཞེས་སེམས་གསོ་གཏོང་བཞིན་མཆིས།  

 

        དེ་ནས་སླར་ཡང་ས་གཞི་ཆེན་མོའི་ཡོམ་སྒྲ་ལྡིར་བས་མི་རྣམས་ཀྱི་སེམས་ལ་གནས་སོས་བདེ་པོ་ཞིག་ག་ནས་ཡོང་།  ད་དུང་ཕྱོགས་གང་ས་གང་ནས་སྡོད་ཁང་ཉིལ་བ་དང་།  རྐྱེན་ཆག་བྱུང་བའི་ཁ་པར་བར་མཚམས་མེད་པར་འབྱོར་བས་འགའ་ཞིག་གིས་ངའི་སྤུན་མཆེད་ཅེས་འབོད་དེ་ངུ་བ་དང་།  ཡང་འགའ་ཞིག་གིས་ད་ནི་ཡོད་ཚད་ཚར་སོང་ཞེས་ཁ་ལས་མིག་ཆེ་བ་སྡང་ནས་སྡོད་པ་ལས་གཞན་གྱི་བྱ་ཐབས་དབུལ།   སླར་ཡང་སྐར་ཆ་ཁ་ཤས་སོང་རྗེས་འཕྲིན་གཏོང་གི་བརྡ་རྟགས་ཡང་མེད་པར་གྱུར་ནས་ཕྱི་ཕྱོགས་སུ་འབྲེལ་བ་བྱེད་ཐབས་བྲལ་ཞིང་།  ཕྱོགས་བཞིའི་རི་མགོ་ནས་རྦབ་?་དང་རྡུལ་རླུང་ཉིལ་ནས་སྣང་ཡོངས་སྨུག་པས་གཡོག་པ་ལྟར་ཁེབས་ཡོང་།  ས་གཞི་ཆེན་མོ་བར་མཚམས་མེད་པར་འགུལ་བཞིན་འདུག་ལ།  མི་རྣམས་ཀྱི་གྲོད་པ་ནི་སྔ་ས་ནས་སྟོང་ལྷང་ལྷང་དུ་གྱུར་ཡོད།   རྣམ་ཀུན་དེའི་ཉེ་འཁོར་དུ་ཡོད་པའི་ཟ་ཁང་དང་ཚོང་ཁང་དག་ཀྱང་གཅིག་གྱུར་དུ་གནོད་འཚེ་ཕོག་སྟབས་ལུང་པ་ཆུས་འཁུར་ན་?་ལེབ་སྐམ་པོར་ལུས་པ་ག་ལ་ཡོད།   གཅིག་བྱས་ན་ཁོ་ཚོའི་སེམས་ནང་ད་དུང་ས་འགུལ་རྒྱུག་ཤུགས་ཆེ་ཆུང་གང་འདྲ་ཡོང་ངམ་སྙམ་པའི་འཇིགས་སྐྲག་དབང་གིས་གྲོད་པར་ཁ་ཡ་བྱ་ཁོམ་ཡོད་མི་སྲིད་མོད།  གང་ལྟར་ཚང་མ་བྱེའུ་ཁྲ་ཡིས་བཟུང་བ་བཞིན་འདར་ཕིག་ཕིག་ཏུ་གནས་ཤིང་།  སྐབས་འཕྲལ་གྱི་བབ་བསྟུན་བྱ་ཐབས་བཟང་བ་ཡང་ཅི་ཤེས་འདི་ཤེས་མེད་པར་ཡ་ང་ཞིང་ཡིད་སྐྱོ་བའི་གནས་སུ་ལྷུང་།  སྐབས་དེར་སྐྱིད་གྲོང་གྲོང་རྡལ་ཁུལ་དང་ས་སླེ་ཤང་གི་མང་ཚོགས་རྒན་གྲས་འགའ་ཞིག་ཁང་པ་ཞིག་རོའི་ནང་ལུས་ཡོད་པ་ཐོས་རྗེས།  དེ་གར་ཡོད་པའི་ལས་བྱེད་དང་།  གྲོང་ཚོའི་འགོ་ཁྲིད་སོགས་ཀྱིས་སྲོག་ཉེན་ལ་མ་འཛེམས་པར་དུས་ཐོག་ཏུ་གེགས་སྐྱོབ་ཀྱི་ལས་དོན་ཧུར་ཐག་སྤེལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གནོད་འཚེ་ཕོག་ཚད་ཚད་གཞི་དམའ་ཤོས་སུ་སླེབས་རྒྱུའི་འབད་འཐབ་བྱས།

 

        དེ་ནས་དུས་ཚོད་སྐར་མ་20ཙམ་ཡོལ་མཚམས།  རྫོང་ཡོངས་ཀྱི་ལས་ཁུངས་འགན་འཁུར་མི་སྣ་ཚོས་གཅིག་གིས་གཅིག་ལ་ལན་བཏང་ནས་རྫོང་གཞུང་ལས་ཁང་གསར་པའི་སྒོ་མདུན་དུ་ལས་ཐོག་གི་འགོ་ཁྲིད་རིམ་གྲས་དང་།  ཚན་པ་ཁག་གི་འགན་འཁུར་མི་སྣ།  བཅའ་སྡོད་དམག་དཔུང་བཅས་འཛོམས་ཏེ་རྫོང་ཨུད་ཀྱི་ཧྲུའུ་ཅི་བག་བྲོ་ལགས་ཀྱི་གཅིག་གྱུར་བཀོད་འདོམས་འོག  རང་རང་ཚན་པའི་གྲོང་ཚོར་བཅའ་སྡོད་ལས་དོན་ཚོགས་ཆུང་གིས་མང་ཚོགས་སྐུལ་སློང་དང་སྒྲིག་འཛུགས་བྱས་ནས་ཁོ་ཚོའི་ཚེ་སྲོག་ལ་གནོད་སྐྱོན་མི་ཡོང་བ་དང་།  ཚང་མ་ས་ཆ་འཁོད་ཡངས་སར་སྡོད་དགོས་རྒྱུའི་བླངས་བྱ་ནན་ཏན་བཏོན་པ་དང་།  རྫོང་གི་འགོ་ཁྲིད་རྣམས་ཚོ་ཁག་བགོས་ནས་ཤང་གྲོང་རྡལ་ཁག་ལ་བསྐྱོད་དེ་གནོད་འགོག་གེགས་སེལ་གྱི་ལས་ཀ་བསྒྲུབ་དགོས་པ།  རྫོང་འགྲིམ་འགྲུལ་ཅུད་ཀྱིས་གཞུང་ལམ་གག་ཤར་གཏོང་ཐུབ་རྒྱུའི་འགན་ལེན་བྱ་དགོས་པ།  རྫོང་དམངས་སྲིད་ཅུད་ཀྱི་གེགས་ཁུལ་མང་ཚོགས་ལ་སྦྲ་གུར་དང་།  ཟས་རིགས།  འཐུང་ཆུའི་རིགས།  གྱོན་ཆས་སོགས་ལམ་སེང་གྲ་སྒྲིག་བྱ་དགོས་ཤིང་རྫོང་ཡོངས་ཀྱི་ལས་བྱེད་དང་དམག་དཔུང་།  སྤྱི་བདེའི་མི་སྣ་སོགས་གོང་འོག་ཚང་མས་ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་?ག་རྩ་གཅིག་སྒྲིལ་ངང་།   གེགས་ཁུལ་གྱི་མང་ཚོགས་ཚོའི་ཚེ་སྲོག་དང་རྒྱུ་ནོར་གྱི་གྱོང་གུད་ཚད་དམའ་ཤོས་སུ་ཚོད་འཛིན་ཐུབ་པ་དང་།  གནོད་འཚེ་ལས་རྣམ་པར་རྒྱལ་ཐུབ་པའི་སྐུལ་སློང་བྱས་མ་ཐག  ཚང་མས་ཉེན་ཁར་མ་འཛེམས་པར་ང་ཤོར་ཁོ་ཤོར་ངང་གནོད་འཚེ་ཕོག་ཁུལ་གྱི་ས་ཆར་ཐོན།  

 

        ཤང་གྲོང་གཞན་ཚོའི་གཞུང་ལམ་གནོད་སྐྱོན་ཆེར་ཕོག་མེད་སྟབས་བདེ་བགྲོད་ཐུབ་ཙམ་ཡོད་ཀྱང་།  སྐྱིད་གྲོང་གྲོང་རྡལ་དང་ས་སླེ་ཤང་གཉིས་ཀྱི་གཞུང་ལམ་གང་སར་ས་?་ཉིལ་ནས་འགྲོ་བསྐྱོད་མི་ཐུབ་པ་མ་ཟད།  རྫོང་དགའ་དང་སྐྱིད་གྲོང་གྲོང་རྡལ་བར་གྱི་གཞུང་ལམ་དུ་རྦབ་?་བར་མེད་དུ་ཉིལ་ནས་མིའི་ཚེ་སྲོག་ལ་ཉེན་ཁ་ཆེན་པོ་འཕྲད།  སྐབས་དེར་གེགས་སེལ་མི་སྣ་ཚོས་སྲོག་ཉེན་ལ་མ་འཛེམས་པར་ཕྱོགས་གཅིག་ནས་གཞུང་ལམ་ཤངས་པ་དང་།  ཕྱོགས་གཞན་ཞིག་ནས་?་ཆེན་རྣམས་རྫས་མེས་གཏོར་ནས་ཐབས་ཤེས་ཅི་དྲག་བྱས་མཐར་མཚན་མོའི་ཆུ་ཚོད་བཅུ་གཉིས་གཡས་གཡོན་དུ་རོང་ཁུལ་གྱི་གནོད་འཚེ་ཕོག་ཡུལ་ལ་འབྱོར།  འཕྲལ་དུ་མང་ཚོགས་ལྷན་དུ་ཚ་ཚ་འུར་འུར་ངང་སྦྲ་གུར་ཕུབ་ནས་ཚང་མ་མགོ་རྗེན་དུ་མཚན་སྐྱེལ་མི་དགོས་ཙམ་བྱུང་བ་དང་སྦྲགས།  སྟབས་བདེའི་ཟས་རིགས་དང་འཐུང་ཆུའི་རིགས་སོགས་ལག་ཏུ་འབྱོར།  འོན་ཀྱང་སྲིད་གཞུང་གི་འགོ་ཁྲིད་དང་ལས་བྱེད།  གྲོང་ཚོའི་འགོ་ཁྲིད།  ཏང་ཡོན་བློ་མཐུན་རྣམས་ལ་ལྷོད་ལྷོད་ངང་ངལ་གསོ་རྒྱག་པའི་གོ་སྐབས་མེད་པར་མཚན་མོ་སྦྲ་གུར་ནང་།  ཕྱི་ཉིན་གེགས་སེལ་ལས་དོན་སྒྲུབ་ཕྱོགས་སྐོར་ལ་གྲོས་བསྡུར་གླེང་མོལ་བྱེད་བཞིན་འདུག་ལ།  མང་ཚོགས་ལོ་ན་རྒན་པ་དང་།  རྨས་མ།  ཕྲུ་གུ་རྣམས་ལ་དམིགས་བསལ་གྱིས་ལྟ་རྟོགས་བྱ་མཁན་ཡང་བཀོད་སྒྲིག་བྱས། 

   

        སྤྱི་ལོ་2015ལོའི་སྤྱི་ཟླ་4ཚེས་25ཉིན། ནེ་པ་ལེར་བར་བརྒྱབ་པའི་ས་ཡོམ་རིམ་པ་8.1དེ་མེས་རྒྱལ་ལྷོ་ནུབ་ཁུལ་དུ་ལོ་རྒྱུས་ཐོག་མཐོང་དཀོན་པའི་ས་ཡོམ་ཞིག་ཡིན་ཞིང་།  དེས་མང་ཚོགས་ཀྱི་སྡོད་ཁང་དང་།  མིའི་ཚེ་སྲོག་ལ་གནོད་འཚེ་ཤུགས་ཆེན་བཏང་ཡོད་མོད།  འོན་ཀྱང་སྟབས་ལེགས་པ་ཞིག་ལ་ས་ཡོམ་རྒྱག་པའི་དུས་ཚོད་མཚན་མོ་མ་ཡིན་པར་ཉིན་མོའི་གུང་ལ་ཡིན་སྟབས་ཤི་རྨས་ཆེན་པོ་བྱུང་མེད།  གལ་སྲིད་མཚན་མོ་ཆུ་ཚོད་གཉིས་པའི་ཐོག་ཏུ་རྒྱབ་ཚེ།  མི་མང་པོའི་ཚེ་སྲོག་ཤོར་རྒྱུར་ཧ་ཅ་བརྗོད་མེད་ཡིན་ལ།  ད་དུང་རྐང་ཆག་ལག་ཆག་བྱུང་བའི་མི་ག་ཚོད་ཡོད་མེད་སུས་ཀྱང་བརྗོད་པར་དཀའ། 

 

        ཏང་ཀྲུང་དབྱང་དང་།  རང་སྐྱོང་ལྗོངས།  ས་གནས་ཀྱིས་ས་ཡོམ་བརྒྱབ་པའི་གནས་ཚུལ་མཁྱེན་རྟོགས་བྱུང་མ་ཐག  དུས་ཐོག་ཏུ་ཉིན་མཚན་མ་ལྟོས་པར་གེགས་ཁུལ་མང་ཚོགས་ལ་སྡོད་གུར་དང་།  ཟས་རིགས།  སྨན་བཅོས་མི་སྣ།  སྲོག་སྐྱོབ་དམག་དཔུང།  གསར་འགོད་པ་བཅས་མངགས་པས་ཉིན་དེའི་མཚན་མོའི་ཆུ་ཚོད་དང་པོ་ནས་ཉིན་གཉིས་པའི་ཆུ་ཚོད་གསུམ་པའི་གཡས་གཡོན་དུ།  གེགས་སེལ་མི་སྣ་དང་།  གསར་འགོད་པ།  དེ་མིན་དངོས་ཟོག་སྐྱེལ་རླངས་འཁོར་རྣམས་རིམ་བཞིན་གནོད་འཚེ་བྱུང་ཡུལ་དུ་འབྱོར་ནས་གེགས་ཁུལ་མང་ཚོགས་རྣམས་ཉིན་གཉིས་པ་དེར་ཁྱིམ་ཚང་རེར་སྦྲ་གུར་རེ་སྤྲད་དེ་གནས་སྐབས་ཉེན་གཡོལ་གྱི་འདུག་གནས་གཏན་འཁེལ་བྱུང་ཞིང་།  ཉིན་ཤས་རིང་སྲིད་གཞུང་དང་།  སྤུན་ཟླ་མི་རིགས་ཁག་གིས་བཏང་གནང་བའི་གེགས་སེལ་དངོས་ཟོག་དབོར་འདྲེན་རླངས་འཁོར་ཆེ་གྲས་ཆུང་གསུམ་བགྲང་ལས་འདས་པ་གནོད་འཚེ་ཕོག་ཁུལ་གྱི་རོགས་སྐྱོབ་སུ་སླེབས་པ་མ་ཟད།  རིམ་ཁག་དབུ་ཁྲིད་རྣམས་ཀྱང་དེ་གར་ཕེབས་ནས་གེགས་ཁུལ་མི་དམངས་ལ་བྱམས་བརྩེའི་སློབ་གསོ་དལ་འགྲོའི་ཆུ་རྒྱུན་བཞིན་གནང་སྟབས།  ཁོ་ཚོས་གོང་རིམ་གྱི་བཀའ་སློབ་དང་།  བཀའ་དྲིན་སེམས་ལ་བརྟན་པོར་བཅངས་ནས་སྐྱོ་སེམས་ཀྱི་གདུང་བས་མ་བཟུང་བར་རང་རང་གི་ཞིང་འབྲོག་ལས་ལ་ཐུད་ཤོར་མེད་པར་འབད་འབུངས་བྱ་བཞིན་ཡོད།

        དེ་ནས་དུས་ཡུན་ཉིན་བདུན་ཙམ་འདས་ལ་ཉེ་བའི་ཚེ།  སྐྱིད་གྲོང་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གེགས་ཁུལ་མང་ཚོགས་ཀྱི་འཚོ་བར་སྔར་བས་འགན་ལེན་ཡོང་ཆེད།  ཤང་གྲོང་རྡལ་སོ་སོར་ཆེད་དམིགས་སྤྱི་ཁྱབ་བཀོད་འདོམས་པུའུ་དང་།  དྲིལ་བསྒྲགས་ཚོགས་ཆུང་།  གྲོང་ཚོ་སོ་སོའི་བདེ་འཇགས་བཀོད་འདོམས་པུའུ་རེ་དབུ་བརྙེས་པ་དང་།  ཉེན་གཡོལ་གནས་སྡོད་ཁུལ་དུ་ཐུན་མོང་དུ་གཟུགས་མཐོང་བརྙན་འཕྲིན་དང་།  རྒྱང་བསྒྲགས།  སྤྱི་པའི་གསང་སྤྱོད།  སྨན་བཅོས་ས་ཚིགས།  དུག་སེལ་སྨན་བཅོས་ས་ཚིགས།  ཆུ་འདྲེན་སྦྲིག་ལམ།  དེ་བཞིན་སྐབས་འཕྲལ་གྱི་དངུལ་ཁང་དང་།  དེབ་ཁང་།  འཁྲུས་ཁང་།  ཚལ་ཁང་།  ཚོང་ཁང་།  ལུས་སྦྱོང་ཁང་།  རོལ་རྩེད་ཁང་སོགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཁག་གསར་རྒྱག་འཛུགས་སྐྲུན་བྱས་ཤིང་།  སྦྲ་གུར་ཕྱི་ནང་གི་གཙང་སྦྲ་བྱེད་མཁན་མི་སྣ་བཀོད་སྒྲིག་བྱས་པ་དང་།  ལྟོ་རིན་མི་དགོས་པར་སྤྱི་པའི་ཟ་ཁང་འཛུགས་པ་སོགས་ཀྱི་ལས་དོན་རྣམས་ཚ་ཚ་འུར་འུར་ངང་སྤེལ་བཞིན་མཆིས།  སྐབས་དེར་གེགས་ཁུལ་མང་ཚོགས་རྣམས་ཀྱིས་རང་ཉིད་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་སྐབས།  བྱམས་བརྩེའི་ཐུགས་འཁུར་རོགས་རམ་གནང་མཁན་གྱི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་ཟབ་མོ་མཚོན་ཕྱིར།  ཁྱིམ་ཚང་སོ་སོའི་སྦྲ་གུར་རྩེ་རུ་དམར་མདངས་རྒྱས་པའི་ཏང་དར་རེ་བཙུགས་ནས་དྲི་བཞོན་རླུང་གིས་ལྷབ་ལྷུབ་ཏུ་གཡོ་བ་དང་།  སྦྲ་གུར་ནང་དུ་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་སྐུ་པར་ཁྲ་ཆེམ་ཆེམ་ངང་བསྐལ་བ་མ་ཟད།  ཁོ་ཚོའི་བཞིན་ལས་དགའ་བའི་མཛུམ་མདངས་དབང་མེད་དུ་འཕྱུར་བཞིན་ཡོད།

 

        དེ་ལྟར་རིམ་བཞིན་གེགས་ཁུལ་མང་ཚོགས་ཡོངས་ཀྱི་དེ་སྔའི་བསམ་བློའི་སྐྱོ་སྣང་དང་དངངས་འཇིག་དེ་ནམ་མཁའི་འཇའ་ལྟར་ཡལ་ཞིང་ཀུན་གྱི་སེམས་པ་ཞི་ལྷོད་དུ་གྱུར་ནས་ཞིང་འབྲོག་ཞོར་གསུམ་ལས་ལ་རང་འགུལ་གྱིས་འབད་འབུངས་བྱེད་པ་དང་།  སྲིད་གཞུང་གིས་བཀོད་སྒྲིག་བྱས་པའི་ལས་ཀ་ཁག་རང་འགུལ་ངང་ཧུར་ཐག་གིས་བསྒྲུབ་པ།  ད་དུང་ངལ་ནུས་མེད་པའི་ཁྱིམ་ཚང་ཁག་གི་ས་ཞིང་འདེབས་སྐྱོང་བྱེད་སྐབས་གྲོང་མི་གཞན་ཚོས་ཕན་ཚུན་རོགས་རམ་བྱེད་པ་རྣམ་པ་བཟང་པོ་ཞིག་ཏུ་སླར་གསོ་བྱུང་ཞིང་།  སྐབས་རེ་ཕན་ཚུན་བགྲོ་གླེང་བྱེད་སྐབས།  ཁོ་ཚོས་གལ་ཏེ་ང་ཚོར་བྱུང་བའི་རང་བྱུང་གནོད་འཚེ་འདི་འདྲ་སྤྱི་ཚོགས་རྙིང་པའི་སྐབས་སུ་ཡིན་ཚེ།  ཚང་མ་འཁྱགས་ལྟོགས་ཀྱིས་མནར་ནས་ཤི་ཡོད་ངེས་རེད།  ད་ཆ་སྤྱི་ཚོགས་གསར་པའི་ནང་དེ་ལྟར་མིན་པར།  རྒྱལ་ཁབ་ཀྱིས་སྦྲ་གུར་དང་བཟའ་ཆ།  འཐུང་ཆ།  གྱོན་ཆས།  ཐབ།  གདན་ཆས།  ཕོར་པ།  ཁོའོ་ཙེ།   ཁྱིམ་ཚང་གི་ཐབ་ཆས་སོགས་ཀྱི་དངོས་པོ་གྲངས་ཀྱིས་མི་ལངས་པ་ཞིག་སྐྱེལ་གནང་བ་མ་ཟད་ད་དུང་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་ལས་གྲྭ་ཡང་འཛུགས་སྐྲུན་བྱ་རྒྱུ་ཡིན་པས་འཛམ་བུ་གླིང་གི་རྒྱལ་ཁབ་ཆེ་ཆུང་གང་འདྲ་ཞིག་ཡིན་རུང་རང་གི་མང་ཚགས་ལ་འདི་ལས་ལྷག་པའི་བྱམས་སྐྱོང་སུ་ཞིག་གིས་བྱ་སྲིད་ཅེས་བརྗོད་ཀྱི་ཡོད།

 

        དུས་ཚོད་ནི་ཆུ་མོའི་རྒྱུན་བཞིན་ཁོམ་པ་ཏིལ་འབྲུ་ཙམ་ཡང་མེད་པར་མདུན་ནས་མདུན་དུ་རྒྱུགས།  མིག་ཡུད་ཙམ་ཞིག་ལ་ལོ་འཁོར་གཅིག་འདས་ཟིན།  གེགས་ཁུལ་གི་མང་ཚོགས་རྣམས་ས་ཡོམ་བརྒྱབ་པ་ནས་ད་བར།  དགའ་སྐྱོ་ཟུང་འབྲེལ་གྱི་ལོ་གཅིག་འདི་ལྟར་འདས་ཟིན།   སླར་ཡང་དཔྱིད་ཀྱི་སྦྲང་ཆར་བསིལ་མ་སིམ་སིམ་དུ་བབ་ཅིང་།  ནོར་འཛིན་སྒེག་མོའི་ལུས་ལ་སྔར་ན་མེད་པའི་གསོན་ཤུགས་ཤིག་རྒྱས་ཡོང་།  སྐྱིད་གྲོང་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་གིས་ཏང་ཀྲུང་དབྱང་དང་རང་ལྗོངས་ལྗོངས།  གཞིས་རྩེ་ས་ཨུད་དང་སྲིད་འཛིན་ཀུང་ཧྲུའུ་ཡིས་གནང་བའི་གལ་ཆེའི་བཀའ་སློབ་གཞིར་བཟུང་།  གེགས་ཁུལ་དམངས་ཀྱི་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་ལས་འགོ་བརྩམས།  ད་ཐེངས་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་རྫོང་དཔོན་གཉིས་ཀྱིས་གཙོ་བོའི་འགན་བཞེས་ནས་ས་ཡོམ་བྱུང་ཡུལ་གྱི་ས་གནས་ས་ཐོག་ཏུ་ཚན་རྩལ་མི་སྣ་མངགས་ཏེ་ཡང་འབད་བསྐྱར་འབད་ཀྱི་བརྟག་དཔྱད་ཞིབ་འཇུག་བྱས་མཐར།  ཡོམ་འགོག་གི་ཚད་གཞི་ངེས་ཅན་སླེབས་པ་དང་།  མི་རིགས་ཀྱི་སྲོལ་རྒྱུན་ལུགས་སྲོལ་དང་འཚམས་ཤིང་།  མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་དགོས་མཁོ་དང་མཐུན་པའི་སྤྱིའི་བཟོ་དབྱིབས་ཀྱི་འཆར་འགོད་གཏན་འཁེལ་གནང་ཞིང་།  སྐྱིད་གྲོང་རྫོང་ཨུད་དང་སྲིད་གཞུང་གིས་གེགས་ཁུལ་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་མ་དངུལ་ཐོག་ཕངས་སེམས་དང་གྲོན་ཆུང་བསྲི་ཚགས་རྩ་བ་ནས་མ་བྱས་པར་ཚན་རྩལ་མི་སྣས་གཏན་འཁེལ་བྱས་པའི་བཟོ་བསྐྲུན་གྱི་དཔེ་རིས་གཞིར་བཟུང་།  ཚན་རིག་དང་མཐུན་པའི་སྒོ་ནས་གྲོང་ཚོའི་བཀོད་གཙང་དང་།  འབག་བཙོག་ཆུ་ཉོག་འགོག་རྐྱེན་མེད་པར་ཤར་གཏོང་ཐུབ་པ།  དེ་བཞིན་ཁྱིམ་གཞིས་བསྐྱར་བསྐྲུན་གྱི་འགོ་ཁྲིད་ཚོགས་ཆུང་།  ལྟ་སྐུལ་མི་སྣ།  སྤུས་ཚད་ཞིབ་དཔྱད་པ་སོགས་ཀྱི་སྒྲིག་གཞི་ཁག་ཞིབ་ཚགས་གཏན་འཁེལ་བྱས།  སྤྱི་ལོ་2016ལོའི་སྤྱི་ཟླ་5ཚེས་1ཉིན་ནས་བཟུང་གེགས་ཁུལ་མང་ཚོགས་ཀྱི་ཁྱིམ་གཞིས་བསྐྱར་བསྐྲུན་ལས་གྲྭ་དངོས་སུ་འགོ་འཚུགས་པ་དང་།  སྐབས་དེའི་ཁྱིམ་གཞིས་བསྐྱར་བསྐྲུན་ལས་ཀའི་ཐད།  རྫོང་ཨུད་དང་སྲིད་གཞུང་གིས་ཨར་སྐྲུན་རྒྱུ་ཆ་ཨར་འདམ་དང་།  ལྕགས་རིགས་སོགས་ཆེད་མངགས་སྤུས་ཚད་རྩེར་སོན་ཅན་གྱི་ཀུང་སི་ཁག་ནས་མཁོ་སྒྲུབ་བྱ་དགོས་པ་ལས་སྤུས་ཚད་མ་ལོན་པའི་རྒྱུ་ཆ་ཐོན་ཚེ།  ཨར་སྐྲུན་འགན་གཙང་ལེན་མཁན་ཚན་པ་དེ་གས་བསྐྱར་བསྐྲུན་བྱ་དགོས་པ་མ་ཟད།  གྱོང་གུན་ཚང་མ་དེ་རང་གིས་འགན་འཁུར་རྒྱུའི་གཏན་འཁེལ་གནང་།  ད་དུང་ལས་གྲ་དེ་ཉིད་གཏན་འཁེལ་བྱས་པའི་དུས་ཚོད་ནང་འཛུགས་སྐྲུན་བྱ་ཐུབ་པ་བྱས་ཏེ།  གྲང་ངར་ཆེ་བའི་དགུན་ཁ་མ་ཤར་གོང་།  གེགས་ཁུལ་མང་ཚོགས་རྣམས་དྲོད་སྐྱིད་ལྡན་པའི་སྡོད་ཁང་གསར་པའི་ནང་གནས་སྤོས་བྱེད་ཐུབ་པའི་འབད་འབུངས་བརྩོན་ལེན་བྱ་དགོས་རྒྱུའི་གཏན་འབེབས་བྱས་སྟབས།  2016ལོའི་ལོ་མཇུག་ཏུ་ཁོང་རྣམས་དུས་བཀག་ལྟར་ཁང་པ་གསར་པའི་ནང་དུ་གནས་སྤོས་ཐུབ་པ་བྱུང་ཡོད།  

 

        སྤྱི་ལོ་2017ལོའི་ནང་།  གེགས་ཁུལ་མང་ཚོགས་ཁྱོན་ཡོངས་ལ་བཀྲ་ཤིས་ཁང་བཟང་གི་སྡོད་ཁང་ཡོད་པ་དང་།  དེའི་ནང་སྤྱོད་ཁང་དང་།  འཁྲུས་ཁང་།  རང་འབབ་ཆུ་སོགས་གྲོང་ཁྱེར་ཅན་གྱི་སྒྲིག་བཀོད་ཕུན་སུམ་ཚོགས་ལ།  དེ་སྔའི་བགྲོད་དཀའ་བའི་བྱེ་ཧྲུག་དང་འདམ་བག་གིས་ཁེངས་པའི་སྲང་ལམ་དག་ནི་ད་ཆ་ཨར་འདམ་ལས་བསྒྲུབ་པའི་ཡངས་ཞིང་རྒྱ་ཆེ་བའི་སྲ་མཁྲེགས་ཀྱི་གཞུང་ལམ་དུ་འགྱུར་བ་དང་།  དེའི་གཡས་གཡོན་ཚང་མར་དཀར་གསལ་ཉི་གློག་གིས་མཛེས་བརྒྱན་སྤྲས་ཏེ།  འབྱུང་བའི་ཆག་འཇིག་ལ་འགོག་ཐབས་མེད་ཀྱང་།  རླབས་ཆེན་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་མོའི་ནང་།  ང་ཚོ་འབྱུང་བའི་གནོད་འཚེར་འཇིག་ནས་འཁུམས་མི་དགོས་པར།  སླར་ཡང་བདེ་ཞིང་སྐྱིད་པའི་འཚོ་བ་གསར་པ་ཞིག་ལ་རོལ་རྒྱུ་བྱུང་བའི་དགའ་བ་ནི།  འབྱུང་བའི་ཆག་འཇིག་ཐེབས་ཡུལ་གྱི་ཡུལ་མི་ཚོའི་སེམས་ནང་གསལ་ཤོས་ཤེས་ཐུབ་བོ།

 

རྩོམ་སྒྲིག་འགན་འཁུར་བ།  ལྷ་གཡང་ནོར་བུ།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1