ད་གཟོད་ཕྱི་རོལ་དུ་གྲང་རླུང་བུ་ཡུག་ཇེ་ཆུང་དུ་སོང་བས། རུ་གསར་སྡེ་བའི་བྱིས་པ་དག་སླར་སྲང་མདོར་འདུས་ཏེ་ཨ་ཅུག་རྩེད་འགོ་ཚུགས། ཡས་མཆུ་ཕལ་ཆེར་སྣབས་ལུད་ཀྱིས་ཁེངས་པའི་བྱིས་པ་དེས་སེར་དྲེག་གིས་ཁེབས་པའི་ལག་ཆུང་ནག་རིལ་དེའི་རྒྱབ་ངོགས་ཀྱིས་ཡས་མཆུའི་སྣབས་དག་ཕྱིད་ཙམ་བྱས་རྗེས། ཨམ་ཕྲག་ལས་ཨ་ཅུག་ཁྱིས་མུར་བ་ལྟ་བུ་ཞིག་བཏོན་ནས"མགྱོགས་པོ་བྱོས། ད་ངེད་ཚོ་ཨ་ཅུག་འགོ་འཛུགས་དོ། མགྱོགས་ཙམ་མ་བྱས་ན་ཁ་བ་དབབ་རྒྱུ་རེད"ཅེས་འུར་བརྒྱབ་པ་ན། སྲང་ལམ་གྱི་ཁུགས་སོ་ཁག་ནས་བྱིས་པ་འགའ་ཞིག་འདུར་མ་རྒྱུགས་ཀྱིས་གནས་དེ་གར་འདུས་ཏེ་ཨ་ཅུག་རྩེད་འགོ་ཚུགས། ཐལ་རྡུལ་དང་གྲང་ངར་གྱིས་ཀུན་ནས་བཟས་པའི་སྲང་ལམ་དེར། བྱིས་པ་རྣམས་རྩེད་མོའི་དབྱིངས་སུ་ཚུད་དེ། ལྷགས་རླུང་གི་གྲང་ངད་དང་། ཐལ་འཚུབ་ཀྱི་མི་གཙང་བའང་རེ་ཞིག་སེམས་གཏིང་ནས་ཡོངས་སུ་བརྗེད།
གློ་བུར་དུ་རླངས་འཁོར་ཞིག་གི་དུང་བརྡ་གྲགས་པ་དང་བྱིས་པ་ཚོས་ཨ་ཅུག་རྩེད་མཚམས་བཞག་སྟེ་རླངས་འཁོར་གྱི་དུང་བརྡ་གྲགས་སའི་ཕྱོགས་སུ་བརྒྱུགས། རླངས་འཁོར་དེ་ནི་ཁོ་ཚོའི་ཤང་ནས་ལྷ་སའི་བར་གྱི་འགྲུལ་སྐྱེལ་རླངས་འཁོར་ཞིག་ཡིན་ཞིང་། རྒྱུན་པར་ཡུལ་དེའི་གྲོང་མི་ལྷ་ས་ནས་ཕྱིར་ཡུལ་དུ་ལྡོག་སྐབས་རླངས་འཁོར་མདུན་ན་སྒུག་པའི་བྱིས་པ་ཚོར་ཀ་ར་དང་སིལ་ཏོག་གི་རྔན་པ་སྟེར་མྱོང་བས། སྡེ་བའི་བྱིས་པ་རྣམས་རླངས་འཁོར་སླེབས་རིམ་བཞིན་དེའི་མདུན་དུ་རྒྱུགས་ནས་འགྲོ་རྒྱུ་རྦད་དེ་གོམས་ལོབས་སུ་སོང་ཡོད།
མདུན་ངོས་སུ་རྒྱུགས་འགྲོ་བའི་བྱིས་པ་སྣབས་ལུགས་ཅན་དེ་སྲང་མདོར་སླེབས་རྗེས། གོམ་པ་གཉིས་གསུམ་ཞིག་ཕྱི་ནུར་བྱས་ནས"བླ་མ་སྨྱོན་པ་ཡོང་གི་འདུག བླ་མ་སྨྱོན་པ་ཡོང་གི་འདུག"ཅེས་ཁ་ཕྱིར་འཁོར་ནས་བྲོས་སོང་། ཕྲུ་གུ་སྣབས་ལུགས་དེ་ནི་ཡུལ་མི་ཚོས་བླ་མ་སྨྱོན་པར་འབོད་པའི་སྐྱེ་བོ་དེའི་ཚ་བོ་ཡིན་ནའང་། ཁོ་པས་རང་གི་ཨ་མྱེས་དེར་དགའ་སྣང་གི་བསམ་པ་འཆང་རྒྱུ་ལྟ་ཅི། དེ་ལས་ལྡོག་སྟེ་ཁོ་པར་སྐྱུག་བྲོ་དང་ཞེད་སྣང་ཆེན་པོ་བྱེད་པ་ནི་གྲོང་ཚོའི་ནང་གི་བྱིས་པ་ཀུན་དང་དབྱེར་མ་མཆིས། ཁོ་པས་དེ་སྐད་སྨྲས་པ་དང་། མི་རིང་བར་ལག་ཏུ་ཨ་རག་དཀར་པོའི་ཤེལ་དམ་ཐོགས་པའི་སྐྱེས་པ་ཞིག་གོམ་པ་ཁྱར་ཁྱོར་ངང་མདུན་དུ་སྤོ་བཞིན་སྲང་ལམ་དེ་བསྙེགས་ནས་འོང་། སྐྱེས་པ་དེའི་མགོ་སྐྱེས་སྐྲ་ལོ་རིང་ཞིང་འཕྱིངས་ལ་རལ་པར་གྱུར་ནས་ཡོད་པ་ནི་གཡག་རྒན་སྨྱང་བཤལ་ཅན་ཞིག་གི་རྔ་མ་དང་ཨ་ན་མ་ན་རེད། ཚ་རུ་རྫུན་མའི་ལྭ་བ་ཧྲལ་ཧྲུལ་ཞིག་འཇོལ་ལེར་ཉྭ་འདབ་བར་འཁྲིལ་ནས་བཅིངས་ཡོད་པས། ཕྱི་ཚུལ་ནས་བལྟས་པ་ཙམ་གྱིས་སྨྱོན་པ་ལྟ་བུ་ཞིག་ཡིན་པར་རྟོགས་ནུས་མོད། ཁོ་པའི་ཕྲག་གོང་ན་འཁུར་བའི་ལྟོ་ཕད་ཀྱི་ཁ་ལས་དཔེ་ཆ་སྣ་རིང་ཁ་ཤས་ཕྱིར་མངོན་ཞིང་། སྐེ་ལ་བྷོ་དྷིའི་ཕྲེང་བ་རྙིང་གོག་ཅིག་གྱོན་ནས་ཡོད་པས། ཁོ་པ་ཨ་མཆོད་ཅིག་དང་ཡང་ཧ་ཅང་འདྲ། སྐྱེས་པ་དེ་མཐོང་བ་དང་དེར་འདུས་པའི་བྱིས་པའི་ཚོགས་ཀྱིས"བླ་མ་སྨྱོན་པ་སླེབས་བྱུང་། བླ་མ་སྨྱོན་པ་སླེབས་བྱུང"ཞེས་འུར་ཆིལ་ལེར་ལུག་གིས་སྤྱང་ཀི་མཐོང་བ་ལྟར་རང་མགོ་སུ་ཐོན་གྱིས་བྲོས་པ་དང་། བྲོས་ན་འདེད་མཁན་མང་བའི་དཔེ་བཞིན་སྐྱེ་བོ་དེས་ཀྱང་ད་གཟོད་རལ་པ་ཕྲག་སྟེང་དུ་གཡོ་བཞིན་ཁོང་ཚོ་ཡར་ཙམ་དེད། བྱིས་པ་རྣམས་མིག་གི་མཐོང་ལམ་ལས་ཡལ་རྗེས། ད་གཟོད་ཁོས་སྲང་ལམ་དེའི་སྦྲིག་ཤོས་ན་ཡོད་པའི་གཟན་ཁང་ཆུང་ཆུང་དེའི་ནང་དུ་འཛུལ། གཟན་ཁང་དེའི་སྦྲིགས་ན་གཟན་པ་མི་ཉུང་བ་ཞིག་སྤུངས་ནས་ཡོད་ལ། དེའི་གཞོགས་གཡོན་གྱི་སྟོང་ཆའི་སར་དྲེག་པས་ཟིན་པའི་མལ་ཆས་དང་མལ་གདན་ཞིག་བཀྲམ་ནས་ཡོད། ཁོ་པས་ཕྲག་གོང་གི་ལྟོ་ཕད་ལས་དཔེ་ཆ་སྣ་རིང་དེ་བཏོན་རྗེས་ཞལ་ཕྱེ་ནས་ཁ་མུག་མུག་གིས་ཡུད་ཙམ་བཟློས་པ་དང་ཅུང་ཟད་འདང་བརྒྱབ་རྗེས། ཨམ་ཕྲག་ལས་ཞ་སྨྱུག་ཟད་པོ་གཅིག་དང་ཤོག་ཧྲུལ་ཞིག་བཏོན་ནས་ཡི་གེ་འགའ་བྲིས། དེ་རྗེས་དཔེ་ཆ་དག་སླར་རང་གནས་སུ་བླུགས་རྗེས། དྲི་ངན་གྱིས་འཚོས་པའི་མལ་གོས་དང་གདན་རྣམས་ཡར་འགྱོག་མར་དྲུད་བྱས་ཏེ་ཅི་ཞིག་བཙལ་ཡང་གཏན་ནས་མ་རྙེད། དེ་ནི་ཁོ་པས་ཁ་སང་བྲིས་པའི་ཤོག་ལྷེབ་དག་འཚོལ་བ་ཡིན་ཞིང་། ཁ་སང་བྲིས་པའི་ཤོག་ལྷེབ་རྣམས་ནི་སྡེ་བ་དེའི་བྱིས་པས་ཤོག་བུའི་གནམ་གྲུ་བཟོ་བྱེད་དུ་ཁྱེར་སོང་བའམ། ཡང་ན་ལྷགས་རླུང་གིས་འཁུར་སོང་བ་ཡིན་ངེས། ཡང་ན་གཟན་ཁང་གི་བདག་པོས་མེ་ཁ་གསོ་བྱེད་དུ་སྤྱད་པ་ཡིན་སྲིད། ཁོ་པས་འཚོལ་བཞིན་པའི་ཤོག་ལྷེབ་དག་གཏན་ནས་མ་རྙེད། ཁོ་པས་སླར་ཡང་དཔེ་ཆ་ཁ་ཕྱེ་སྟེ་གང་ཙམ་བལྟས་རྗེས། ཤོག་བུ་གཞན་ཞིག་གི་ཐོག་ཡི་གེ་མི་ཉུང་བ་ཞིག་བྲིས་པ་དང་། ད་གཟོད་ཡི་གེ་བྲིས་པའི་ཤོག་ལྷེབས་རྣམས་དང་དཔེ་ཆ་བླུགས་པའི་ལྟོ་ཕད་དེ་ཆར་ཆུ་དང་ལྷགས་རླུང་གིས་གནོད་དཀའ་བའི་གཟན་ཁང་གི་སྦྲིབས་ཤོས་སུ་བཞག ཁོའི་བྱ་བ་རྣམས་གོ་རིམ་ལྡན་ཞིང་ཞིབ་ཆ་ཆེ་བས་ཡུལ་མི་ཚོས་ཁོ་པར་བླ་མ་སྨྱོན་པ་ཟེར་བ་དེའང་ཅུང་སོམ་ཉིར་གྱུར་མོད། ཡུལ་མི་ཚོས་དེ་ལྟར་མ་གྲོས་གཅིག་མཐུན་གྱིས་སྨྱོན་པར་ངོས་བཟུང་བར་རྒྱུ་མཚན་ཞིག་ངེས་པར་དུ་ཡོད་ངེས་ཡིན།
ཁོ་པས་དཔེ་ཆ་དང་ཤོག་སྙིགས་རྣམས་བསྡུ་གསོག་བརྒྱབ་ཟིན་རྗེས། ཨམ་ཕྲག་ཏུ་སྦར་སྙོབས་གཅིག་བྱས་ནས་དུ་བ་འཐེན་འཕྲོ་རིང་ཐུང་དང་ཚོང་རྟགས་མི་གཅིག་པ་མང་པོ་བཏོན་ཏེ་?་ལེབ་ཐོག་བཞག་པ་དང་། སླར་སྦར་སྙོབས་གཅིག་བྱས་རྗེས་ཨ་རག་དཀར་པོ་ཤེལ་དམ་ཆུང་ཆུང་གཉིས་བཏོན་ནས་སྔས་འགྲམ་གྱི་?་ལེབ་སྟེང་དུ་བཞག ཁོ་པས་རྒྱ་ཚར་
དེའི་སྐ་རགས་དཀྲོལ་ཏེ་མལ་ཟན་གྱི་ཚབ་ཏུ་གྱོན་ཅིང་། དེའི་སྟེང་དྲེག་པས་ཁ་དོག་ཀྱང་ངོས་བཟུང་དཀའ་བའི་མལ་ཆས་ལུས་ལ་གྱོན་ཏེ་ཉལ་བར་བརྩམས།
ཁོ་པ་ཉལ་རྗེས། ལག་པ་བསྲིངས་ཏེ་དུ་བ་འཐེན་འཕྲོ་དག་ལ་མེ་སྦྱར་ནས་གཅིག་རྗེས་གཉིས་མཐུད་ཀྱིས་རྔུབ་འཐེན་བྱེད་བཞིན་མཆིས། ཇ་ཡུན་ཙམ་ལས་མ་འདས་པར་བུད་མེད་དར་མ་ཞིག་དེ་གར་ལྷགས། ཁོ་མོས་སྐྱེས་པ་དེ་མཐོང་འཕྲལ་མིག་ལོག་ཅིག་སྤྲད་ནས"སྨྱོན་པ། ཡང་ངེད་ཚང་གི་གཟན་ཁང་དུ་ཐ་མག་འཐེན་གྱིན་ཨེ་ཡོད། གཟན་ཁང་ལ་མེ་མཆེད་ན་ཅི་བྱེད"ཅེས་དམོད་ཞོར་དུ་ཁོ་པའི་མལ་ཆས་དག་ཕྱི་རོལ་གྱི་གངས་ཁྲོད་དུ་བསྐྱུར།
མཐོ་སྒང་དགུན་གཞུང་གི་གྲང་ངར་ཆེ་པའི་མཁའ་དབུགས་ཁྲོད་ན། སྒྱེད་བུ་པང་དུ་མ་བཟུང་ཙམ་དུ་འདུག་པའི་མི་རྣམས་ཀྱང་མདུན་དྲོད་ན་རྒྱབ་གྲང་འགྲོ་བའི་ཚད་དུ་ཐོན་ལ། ལྷག་པར་དུ་བར་ཤུར་ལས་གྲུབ་པའི་གཟན་ཁང་འདིར་སྒོ་ཡོལ་ལྷེབ་ཙམ་ཞིག་ཀྱང་མེད་པས་ཁ་བ་དང་། ལྷགས་རླུང་ཕྱེད་ཀ་ཙམ་ནང་ངོས་སུ་འཚང་འོང་ཁར། འདི་གར་དྲོད་ཁོལ་སྦྱིན་མཁན་གྱི་མེ་?ག་སེན་མོ་ཙམ་ཡང་མེད་པས། བླ་མ་སྨྱོན་པ་མལ་ཆས་ངན་ངོན་དེའི་སྦྲིགས་སུ་ཉལ་ནའང་ལུས་སེམས་གྲང་རེག་གིས་ཡོངས་སུ་གཙེས་ཏེ་གྲང་འདར་སིག་སིག་ཏུ་བྱེད་ཀྱིན་གདའ། ཁོ་མོས་འདི་ལྟར་མལ་གོས་རྣམས་ཕྱིར་གཡུག་པས་ཁོ་པ་ནི་ཆར་ཆུས་སྦངས་པའི་བྱེའུ་ཆུང་ལྟར་ལུས་པོ་ཡོངས་འཁུམས་ནས་རེ་ཞིག་འགྲོ་སྡོད་ཀྱི་རང་ཚུགས་མ་རྙེད། ཡུད་ཙམ་ན་ཁོ་པ་དལ་གྱིས་ཡར་ལངས་ཏེ་གོས་ལྷམ་རྣམས་གྱོན་ནས་གཟན་ཁང་གི་ཕྱིར་ཐོན། ད་ཐེངས་ནི་ཁོ་པ་འདི་ནས་ཕྱིར་ཕུད་ཐེངས་གསུམ་པ་ཡིན་པས། ཁོ་པའི་མིག་ཟུང་ལས་མཆི་མ་མུ་ཏིག་གི་?ག་པོ་འདྲ་བ་འགའ་མཁུར་འགོ་བརྒྱུད་དེ་ས་ཐོག་ཏུ་འཐོར་ཅིང་། ངུ་སྐད་སྦོམ་པོ་ཞིག་འདོན་གྱིན་ཕྱི་རོལ་དུ་བཞུད། དེ་ནི་བླ་མ་སྨྱོན་པ་བསམ་ཤེས་ཐུབ་པ་ནས་ད་བར་དུ་ངུ་ངག་འདོན་པ་ཐེངས་དང་པོ་ཡིན་པས། བུད་མེད་དེའི་ངོ་གདོང་ལས་སྙིང་རྗེའི་རང་མདངས་ཅུང་ཟད་འཕྲོས་ཡོད་ནའང་། ཁོ་པ་ཡུལ་མི་ཚོའི་མཐོང་ཆུང་དང་བརྙས་དམོད་བྱ་ཡུལ་ཡིན་ཁར། ཟླ་བོ་དང་བུ་ཕྲུག་ཚང་མས་སྐྱུག་བྲོ་དང་སུན་སྣང་བྱེད་ཅིང་། དེ་བས་རང་ཉིད་ཀྱི་ངོ་སོ་སྨད་བྱེད་དང་ཁྱིམ་གྱི་?ག་ཁྲེས་འབའ་ཞིག་ཏུ་གྱུར་བས། ཁོ་མོའི་སྙིང་རྗེ་ཆུང་ངུ་དེའང་དོན་དངོས་ཀྱི་འཚོ་བར་བསྟིམས་པའི་ཁེ་གྲགས་ཀྱི་རླུང་ཆེན་ཁྲོད། གཟིམ་ལ་ཁད་ཀྱི་མར་མེའི་འོད་མདངས་ཙམ་ལས་མ་མཆིས།
དོ་ནུབ་གྲང་ལྷགས་དང་བུ་ཡུག་གིས་ནམ་བསྐྱལ་བས། ཞོགས་པར་རི་ལུང་ཀུན་ཁ་བས་གཡོགས་ཏེ་སྐྱ་ཐེར་ཐེར་དུ་བཏང་ཡོད་པ་མ་ཟད། ཁ་བའི་འབབ་མཚམས་ད་དུང་ཡང་ཆད་མེད། གྲང་རླུང་དང་འུར་པོའི་གཏིང་རིམ་ན་ལུས་པའི་གྲོང་གསར་སྡེ་པ་དངུལ་དཀར་གྱི་གཞོང་པ་ཞིག་དང་ཀུན་ནས་མཚུངས། ཉི་འོད་མོག་པོ་ཞིག་གི་དབུ་ཁྱུད་འོག་སྤྲིན་གྱི་སྒོ་མོ་རིམ་གྱིས་ཕྱེ་བས་ཀུན་གསལ་མའི་ཞལ་ངོ་མི་ཡུལ་ལ་ཡུད་ཙམ་སྟོན། སྡེ་པའི་དབུས་ན་སྐྱེ་བོ་རེ་གཉིས་ཕར་འགྲོ་ཚུར་འོང་བྱེད་པ་དང་། གཞུང་ལམ་སྟེང་རྟ་བོང་དང་འཁོར་རིགས་རེ་གཉིས་འགྲུལ་བཞུད་ཀྱི་འགོ་ཚུགས། ལམ་འགྲམ་ན་ཁྱི་ལྡོམ་རྣམས་རུབ་ནས་ཡོད་པ་ལ་གཞོན་པ་ཞིག་བྲེལ་འཚུབ་ཀྱིས་ཁྱི་ལྡོམ་དག་དཀྲོགས་ནས་སྡེ་བའི་ནང་དུ་རྒྱུགས་བྱུང་། ཁོ་པ་སྒོ་བརྒྱད་ཚང་ལ་གཟས་ཏེ་ཤར་འོངས་བ་དང་སྒོ་ཁར་སླེབས་རྗེས"གཡུ་ལོ་སྒྲོལ་མ། ཨ་ཁུ་བླ་མ་གྲོངས་འདུག"ཅེས་ཧ་ཅང་སྐྱི་གཡའ་བའི་འབོད་སྐད་རྒྱག་གིན་འདུག་པས། ད་གཟོད་སྒོ་བརྒྱད་ཚང་གི་ཁྱིམ་མཚེས་ཀྱི་མི་འགའ་བྲེལ་འཚུབ་ཀྱིས་རྒྱུགས་འོངས་ཏེ་གཡས་གཞོགས་གཡོན་འདེགས་ཀྱིས་ཕུང་པོ་སྒོ་བརྒྱད་ཚང་གི་སྒོ་རར་དབོར།
གཡུ་ལོ་སྒྲོལ་མས་མདང་ནུབ་སྙིང་རྗེ་མེད་པར་རང་གི་གཅུང་པོ་གཟན་ཁང་ལས་ཕྱིར་བསྒྲལ་བས་ད་གཟོད་ཁོ་པ་གངས་རླུང་གི་དབུས་སུ་འཁྱགས་ཤི་ཐེབས་པ་ལོས་ཡིན། ཁོ་མོས་དབུགས་རིང་ཞིག་གཏོང་ཞོར་དུ། "ལས་མི་དག་པའི་མི་འདི། ད་གཟོད་གཞི་ནས་མི་ཡུལ་གྱི་སྡུག་མྱངས་ཚར་བ་རེད"ཅེས་བཤད་ཀྱང་། དེར་འདུས་མི་ཚོས་ཁ་མུག་མུག་གིས་ཅི་ཞིག་འདོན་པ་ལས་ཁོ་མོའི་སྐད་ཆར་སྣང་འཇོག་དེ་ཙམ་བྱེད་མཁན་མ་བྱུང་། དོན་དུའང་གཡུ་ལོ་སྒྲོལ་མས་ཟེར་བ་ལྟར་བླ་མ་སྨྱོན་པའམ་ཨ་ཁུ་བླ་མ་ནི་སྐྱིད་པོ་ཉིས་བརྩེགས་མེད་པའི་སྡུག་པོ་གསུམ་བརྩེགས་མྱངས་མྱོང་བའི་རྒད་པོ་མ་མྱོང་དགུ་སྡུག་ཅན་ཞིག་ཡིན་པས། མི་ཡུལ་འདིར་ཁོས་མངར་སྐྱུར་གྱི་བྲོ་བ་མ་མྱངས་པ་ཞིག་གཏན་ནས་མེད་ཅེས་ཁ་ཚོན་བཅད་ནས་སྨྲ་ཆོག་པ་ཞིག་ཡིན།
ངོ་མ་བསྐོས་པའི་ལས་ལ་ཐར་ཐབས་མེད། ལོ་ཟླའི་གཉེར་མ་བསུབ་རྒྱུ་མེད་ཟེར་བ་ཅིས་མི་བདེན། དེང་གི་ཆར་ཀུན་གྱིས་མཐོང་ཆུང་དང་བརྙས་དམོད་ཀྱིས་དུག་མདའ་འཕེན་སའི་བླ་མ་སྨྱོན་པ་ཞེས་པ་དེ་ཆུང་ངུའི་དུས་བློ་རིག་བཀྲ་ཤིང་སྐྱེ་འབྲས་མཚར་བ་མ་ཟད། སྡེ་པ་དེའི་ཤེས་ཡོན་ཅན་ཨང་དང་པོའང་ཡིན་པར་སུ་ཞིག་གིས་ཡིད་ཆེས་བྱ་ནུས། ལྷག་པར་དུ་སྒོ་བརྒྱད་ཚང་ཞེས་སྡེ་པ་འདིར་སྙན་གྲགས་ཅུང་ཆེ་བའི་དུད་ཁྱིམ་རྫིག་པོ་དེའི་རྒྱུ་ནོར་ཡང་མིག་མདུན་ན་འཁྱགས་ཤི་ཐེབས་པའི་སྨྱོན་པ་འདིས་བསགས་པ་སུ་ཞིག་གིས་ཤེས། འོན་ཏེ་བསགས་བསྐལ་ཅན་ལ་ཟ་བསྐལ་མེད་པའི་དཔེ་ལྟར་ཁོ་པས་འདི་ལྟར་བསགས་བསགས་གྲུང་གྲུང་གིས་བསྒྲུབས་པའི་ཁང་ཁྱིམ་དང་རྒྱུ་ནོར་ཡོད་ཚད། གཡུ་ལོ་སྒྲོན་མ་དང་མག་པ། ཁོ་གཉིས་ཀྱི་བུ་བཅས་ཀྱི་སྤྱོད་ཡུལ་འབའ་ཞིག་ཏུ་གྱུར་བ་ལས། རང་ཉིད་ལ་ཟས་ཁེམ་གང་དང་གོས་སྣ་གཅིག་ཐག་གཅོད་པའི་དབང་ཆའང་མེད་ཁར། རང་གི་རྔུལ་ཁྲག་གིས་བཞེངས་པའི་ཁང་ཁྱིམ་རྫིག་པོ་དེའི་མདུན་ན་རང་ཉིད་དེ་ལྟར་འཁྱགས་ཤི་ཐེབས་སོང་བ་ནི་སྡང་དགྲ་བོས་མཐོང་ཡང་ཡིད་སེམས་མུག་དགོས་པའི་ཚད་དུ་སླེབས།
ཁོ་པ་ནི་གཡུ་ལོ་སྒྲོན་མའི་གཅུང་པོ་ཡིན་ཞིང་ཆུང་དུས་ཀྱི་མིང་ལ་གཡུ་འབྲུག་བྱམས་པར་འབོད། ཏག་ཏག་ཁོ་པ་ལོ་བརྒྱད་ལ་སོན་སྐབས། ཡུལ་དེར་དམངས་བཙུགས་སློབ་གྲྭ་ཞིག་གཉེར་ཡང་སློབ་ཕྲུག་མང་པོ་ཞིག་བསྡུ་མ་ཐུབ། དེ་དུས་ཁོང་ཚོའི་ཁྱིམ་འཁོས་ཞན་ཁར། ཨ་མ་གྲོངས་ནས་ལོ་གཉིས་ལས་མ་འདས་པས། ཕ་རྒན་གྱིས་གཅེན་མོ་ཁྱིམ་གྱི་མོ་ལས་རྣམས་བསྒྲུབ་ཕྱིར་སློབ་གྲྭར་མ་བཏང་བར་ཁྱིམ་དུ་ཉར་བ་དང་། གཡུ་འབྲུག་བྱམས་པ་ཡུལ་གྱི་སློབ་ཆུང་དུ་བཏང་། ཁོ་པ་སློབ་ཆུང་དེར་སླེབས་ནས་ཡུན་རིང་མ་སོང་བར། སྦྱངས་འབྲས་དང་ཀུན་སྤྱོད་སོགས་གང་སྤྱིར་དགེ་རྒན་གྱིས་རྟག་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་མྱོང་བས། རུ་གསར་སྡེ་པའི་སྡེ་མི་ཀུན་གྱིས་རང་གི་ཕྲུ་གུ་ཚོར་གཡུ་འབྲུག་བྱམས་པར་སློབ་སྦྱོང་བྱོས་ཞེས་སྐུལ་བ་ཡིན། བྱིས་པའི་རང་གཤིས་ལ་བསྟོད་བསྔགས་འཇུ་སླ་བ་ཆོས་ཉིད་དུ་གྲུབ་པས། གཡུ་འབྲུག་བྱམས་པས་དགེ་རྒན་དང་ཡུལ་མི་མང་པོས་རང་ཉིད་ཀྱི་ངོ་སོ་འདེགས་པ་མཐོང་སྟེ་སློབ་སྦྱོང་ལ་བརྩོན་པ་རྩེ་གཅིག་ཏུ་གཞོལ་བས། ལོ་གསུམ་གྱི་སློབ་ཡུན་རྫོགས་རྗེས་ཁོ་པ་སློབ་གྲྭ་དེའི་ནང་གི་སྦྱངས་འབྲས་ལེགས་ཤོས་སུ་གྱུར། ཉིན་ཞིག་ཕ་རྒན་སློབ་གྲྭར་སླེབས་པ་དང་དགེ་རྒན་དང་གྲོས་མོལ་གང་ཙམ་བྱས་རྗེས། གཡུ་འབྲུག་བྱམས་པ་ཕྱིར་རང་ཁྱིམ་དུ་ཁྲིད། གཡུ་འབྲུག་གིས་དོན་དག་ཅི་ཡིན་མ་རྟོགས་ཀྱང་། ཕ་རྒན་ནི་ཁོ་པའི་སེམས་ཀྱི་ཀ་རྟེན་འབའ་ཞིག་ཡིན་པས། ཁོ་པས་ལེགས་ཉེས་ཀྱི་གནས་ཚུལ་ཅི་ཡིན་ལ་མ་བརྟག་པར་ཕ་རྒན་གྱི་རྗེས་སུ་འབྲངས།
ཕ་རྒན་གྱིས་བཤད་པ་ལྟར་ན་འགྲོ་དྲུག་སྤྱི་དང་སྒོས་སུ་རང་གི་འདི་ཕྱིའི་སྙིང་པོར་བསམ་སྟེ། གཟན་ཤམ་ངུར་སྨིག་མནབས་པའི་རབ་བྱུང་བ་ཞིག་བསྒྲུབ་ཐུབ་ན་ཕ་རྒན་གྱི་དམིགས་ཡུལ་གྲུབ་སོང་ཞེས་སྐུལ་མ་བྱས་པས། ཁོ་པའི་ཡིད་ལ་རེ་ལྟོས་དང་མཚར་སྣང་གི་འཇའ་ཚོན་ཡོངས་སུ་དཀྲིགས་ཏེ། ཕ་རྒན་གྱི་རེ་བ་དང་དུ་བླངས་ནས་རབ་བྱུང་བ་ཞིག་བྱ་རྒྱུའི་ཆོད་སེམས་བཞག ཕ་རྒན་གྱིས་གཉེན་ཉེ་དང་གྲོགས་མཆེད་མང་པོ་བསྡུས་ཏེ་གྲོས་གང་མང་བྱས་མཐར། སེ་འབྲས་དགེ་གསུམ་གང་རུང་ཞིག་ལ་བྱུང་ན་དེ་ལས་ལྷག་པ་ཞིག་མེད་པའི་བློ་ཁ་མཐུན་ཅིང་། ཕྱིས་སུ་གྲོགས་པོ་ཞིག་གི་གཅུང་པོ་ཤུག་སྡོང་དགོན་པའི་གྲྭ་པ་ཡིན་པ་དེས་ཁུངས་བརྒྱུད་དེ་ཁོ་པ་ཤུག་སྡོང་དགོན་པའི་དགེ་འདུན་པའི་སྡེ་གྲལ་ལ་ཚུད་ཙམ་བྱུང་། ཁོ་པ་དེ་གར་སླེབས་རྗེས་ཆོས་མིང་ལ་འཇམ་དཔལ་ཡེ་ཤེས་ཞེས་བཏགས། དེ་དུས་ཁོ་པ་ལོ་བཅུ་གཉིས་ལས་སོན་མེད་ནའང་རིག་པ་སྐྱེན་ཞིང་ཀུན་སྤྱོད་ལེགས་ལ་དགེ་རྒན་གྱིས་ཅི་ཞིག་བསླབས་ཀྱང་མྱུར་དུ་མཁྱེན་ཐུབ་པ་དང་། བློ་འཛིན་གྱི་ལས་བྱ་རྣམས་ཀྱང་དགེ་ཕྲུག་གཞན་ལས་ལྷག་པར་མགྱོགས་པས། དགེ་རྒན་གྱིས་ཁོ་པ་བློ་རིག་བཀྲ་བས་མདུན་ལམ་བཟང་བར་མཐོང་སྟེ་ཁོམ་གསེང་ལ་དབྱིན་ཡིག་དང་རྒྱ་ཡིག་སོགས་ལའང་སྦྱངས་པ་བྱེད་དུ་བཅུག ལོ་ན་བཅུ་བཞིར་སླེབས་སྐབས་ཁོ་པའི་དབྱིན་ཡིག་དང་རྒྱ་ཡིག་གི་ཆུ་ཚད་ཀྱང་མི་རིགས་གཞན་དང་གོ་བརྡ་འཕྲོད་ནུས་པའི་ཚད་དུ་སླེབས་པ་མ་ཟད། ཚད་མ་དང་སུམ་རྟགས་སོགས་ཀྱང་རང་ཉིད་དང་ལོ་རིམ་གཅིག་པའི་དབུས་ནས་ཆེས་ཕུལ་དུ་བྱུང་བ་ཞིག་ཏུ་གྱུར་ཞིང་། མི་རིང་བར་གཏམ་བཟང་དེ་རུ་གསར་སྡེ་པའི་ཡུལ་མི་ཚོའི་རྣ་ལམ་དུ་གྲགས།
ལྷག་པར་དུ་ཐེངས་ཞིག་ཚད་མ་སློབ་ཁྲིད་བྱ་བཞིན་པའི་སྐབས་དགེ་རྒན་གྱིས་དྲི་བ་ཞིག་བཏང་བ་ལ། དགེ་ཕྲུག་སུས་ཀྱང་ལན་གདབ་མ་ཤེས་མོད། ཁོ་པས་བདེ་བླག་ངང་འཁོན་ཐོགས་མེད་པར་དགེ་རྒན་གྱི་དྲི་བར་ལན་བཏབ་པ་མ་ཟད། ལུང་རིགས་དང་བཅས་ཕུན་སུམ་ཚོགས་པས་དགེ་རྒན་ཡང་ཧང་སངས་ཏེ། ཁྱོད་ངོ་མ་སྐྱེ་བ་སྔོན་མའི་བབ་ཆགས་ཟབ་པའི་བླ་སྤྲུལ་ཞིག་ཡིན་པ་འདྲ་ཞེས་ཀུ་རེ་དང་སྦྲགས་ནས་སྨྲས། དེ་ནས་བཟུང་གྲྭ་ཕྲུག་ཚོས་ཁོ་ལ་སྤྲུལ་སྐུ་མགོ་ཆེན་ཟེར་བའི་མཚང་མིང་བཏགས་ཏེ་དེ་ལྟར་འབོད་པར་བྱེད། མི་རིང་བར་མཚང་མིང་དེ་བྱ་སྤུ་རླུང་གིས་འཁྱེར་བ་ལྟར་རུ་གསར་སྡེ་པར་ཁྱབ། འོན་ཏེ་རུ་གསར་སྡེ་པར་ཁྱབ་པ་ནི་ཁོ་པའི་མཚང་མིང་དུ་སྤྲུལ་སྐུ་མགོ་ཆེན་དུ་འབོད་པ་རེད་ཅེས་པ་དེ་མ་ཡིན་པར། ཁོ་པ་ཤུག་སྡོང་དགེ་བཤེས་ག་གེ་མོས་སྤྲུལ་སྐུར་ངོས་འཛིན་པ་རེད་ཅེས་འུད་བརྗོད་ཆེན་པོ་བྱས་པ་དེའོ།། དེས་ན་ཡུལ་མི་ཚོའི་ཡིད་ངོར་ཁོ་པ་ནི་སྤྲུལ་སྐུ་ཞིག་ཡིན་པར་ཐེ་ཚོམ་མི་བྱེད་ལ། དེ་བས་ཁོ་པ་ཆུང་ངུའི་དུས་ནས་ཁ་སྒོ་མཚར་ཞིང་། ཀུན་སྤྱོད་བཟང་ལ། ཤེས་རབ་ཆེ་བས་ཡུལ་མི་ཀུན་གྱིས་དེའང་ཁོ་པ་བླ་སྤྲུལ་ཡིན་པའི་རྟགས་ཤིག་ཏུ་སེམས་ཀྱིན་ཡོད། དེ་དུས་སྒོ་བརྒྱད་ཚང་གི་ཁྱིམ་མི་ཙམ་མ་ཡིན་པར་སྡེ་མི་ཡོངས་ཀྱིས་བླ་མ་འཇམ་དཔལ་ཡེ་ཤེས་ཞེས་བསྔགས་པར་བྱེད་ཅིང་། སྡེ་པ་དེ་ལས་བླ་སྤྲུལ་དེ་འདྲ་ཞིག་ཐོན་པ་ནི་སྡེ་པ་དེའི་བསོད་ནམས་སུ་བརྩི་བཞིན་ཡོད་ལ། ཁོང་ཚང་ལ་ཉེ་དུ་སྤུན་མཆེད་དང་གྲོགས་རོགས་ཟླའང་དབྱར་གྱི་ཤ་མོ་བ?ལ་བ་ཇི་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར། ལྷག་པར་དུ་ཁོ་པ་ཁྱིམ་དུ་ཐོན་ཐེངས་རེར་དགོན་པ་ནས་འགྱེད་བཤམས་པའི་དངུལ་ལོར་དང་། རང་གིས་གྲོང་ཆོག་རྒྱུགས་ནས་བསགས་པའི་དངུལ་ལོར་ཕོན་ཆེན་ཕ་རྒན་གྱི་ལག་ཏུ་འཇོག་པ་མ་ཟད། ཡུལ་དུ་སླེབས་དུས་ཀྱང་སྡེ་པའི་ནང་དུ་ཆོས་འདོན་པར་འགྲོ་བས་ལོ་ངོ་ཁ་ཤས་ཙམ་གྱི་དུས་ཡུན་ནང་སྒོ་བརྒྱད་ཚང་སྡེ་པ་དེའི་ནང་གི་ཕྱུག་གྲས་སུ་སླེབས། ཡུལ་དེར་ཁོ་པའི་སྙན་གྲགས་ཇེ་ཆེར་སོང་བ་དང་བསྟུན་ནས་ལོ་རེའི་ལོ་གསར་སོགས་ཀྱི་སྐབས་ཁོ་པ་ཡུལ་དུ་ཐོན་ཐེངས་རེར་ཁྱིམ་མཚེས་ཚོས་ཁོ་པ་རེས་མོས་ཀྱིས་མགྲོན་འབོད་བྱེད་པ་མ་ཟད། རང་ཁྱིམ་དུ་འདུག་སྐབས་ཀྱང་ཁོ་པ་ནི་ཁྱིམ་སྦྲིགས་སུ་འབོལ་ཁྲི་མཐོ་ཤོས་བརྩེགས་ནས་སྡོད་དུ་བཅུག་སྟེ་སྤྱི་བོའི་གཙུག་ཏུ་བཀུར་གྱིན་ཡོད་ལ། གཡུ་ལོ་སྒྲོན་མ་དང་མག་པས་ཀྱང་ཁོ་པར་གུས་གུས་ཞུམ་ཞུམ་ངང་གསོལ་ཇ་འདེགས་པར་བྱེད། དེ་དུས་གཡུ་ལོ་སྒྲོན་མ་དང་མག་པས་ཀྱང་ཁོ་པ་ནམ་ལོག་ལ་རེ་སྒུག་བྱེད་ཅིང་། མི་གཞན་གྱི་མདུན་དུའང་རང་ཉིད་ནི་སྤྲུལ་སྐུ་འཇམ་དཔལ་ཡེ་ཤེས་ཀྱི་ཁྱིམ་ནས་ཡིན་ཞེས་ངོ་སོ་དང་གཟི་བརྗིད་ཐོབ་ཐབས་བྱེད་པ་ཡིན་ནོ།
ལོ་ཟླའི་བགྲོད་རིམ་རྟ་ཕོའི་བང་ཁ་ལས་མྱུར་བས། མིག་ཡུད་ཙམ་ཞིག་ལ་ཁོ་པ་ཤུག་སྡོང་དགོན་དུ་སླེབས་ནས་བགྲང་བྱ་བརྒྱད་ལ་ལོན་ཟིན། དེ་དུས་ཁོ་པ་ནི་རྒྱ་བོད་དབྱིན་གསུམ་གང་སྤྱིར་གཞན་འདྲིང་མི་འཇོག་པའི་ན་གཞོན་གྱི་མཁས་པ་ཞིག་ཏུ་གྱུར་ཡོད་པས། དེ་གའི་གྲྭ་གྲོགས་ཙམ་མ་ཡིན་པར། ཡུལ་གྱི་སྡེ་མི་དང་ཡུལ་གཞན་མང་པོའི་ཚོང་པ་དང་། སློབ་མ། ཆོས་པ་སོགས་ཀྱིས་ཀྱང་ཁོ་པར་དོ་སྣང་དང་ཡིད་སྨོན་ཆེན་པོ་བྱ་ཡུལ་དུ་གྱུར། དགོན་པ་དེ་ནི་བོད་ཀྱི་གནའ་བོའི་བཟོ་བསྐྲུན་གྱི་ཉམས་དང་ལྡན་ཞིང་། ལོ་རྒྱུས་དང་རིག་གནས་ཀྱི་བང་མཛོད་ཆེན་པོ་ཞིག་ཡིན་ལ། གནའ་གྲོང་ལྷ་ས་དང་ཡང་བར་ཐག་མི་རིང་བས། དེ་གར་དད་ལྡན་གྱི་སེར་སྐྱ་ཕོ་མོ་མཆོད་མཇལ་དུ་ཡོང་བ་ཕུད། རྒྱལ་ཕྱི་རྒྱལ་ནང་ནས་ཕེབས་པའི་བོད་རིག་པའི་མཁས་ཅན་དང་། སྤྱིར་བཏང་གི་ཡུལ་སྐོར་བ་ཡང་མང་བས་དགོན་པའི་དབུ་ཁྲིད་ཀྱིས་དགོས་མཁོ་དེར་གཞིགས་ཏེ་ཁོ་པའང་དགོན་པ་དེའི་སྣེ་ཤན་པའི་དོད་དུ་དགོན་པའི་སྐུ་རྟེན་དང་། ལོ་རྒྱུས་སོགས་ངོ་སྤྲོད་བྱ་མཁན་དུ་བསྐོས། ཁོ་པའི་སྐྱེ་འབྲས་ལེགས་ཤིང་། སྨྲ་ལྕེ་བདེ་ལ། རྒྱ་བོད་དབྱིན་གསུམ་ཅི་ལའང་ཐོགས་པ་མེད་པས་མི་རིང་བར་ཁོ་པ་ནི་སྦྱིན་བདག་མང་པོ་དང་ཆེས་འདྲིས་ཅན་དུ་གྱུར། དེ་དུས་ཁོ་པ་དགོན་པར་སྡོད་ཁོམ་མེད་པར་རྒྱུན་པར་བྲེལ་འཚུབ་ཀྱིས་ཕྱི་རོལ་དུ་དོན་ཅི་ཞིག་བསྒྲུབ་པར་འགྲོ་དགོས། མ་ཟད་ཁོ་པའི་དེ་སྔའི་བབ་ཆགས་པའི་འཚོ་བར་ཡང་འགྱུར་བ་ཆེན་པོ་བྱུང་སྟེ། རྟག་ཏུ་རྒྱས་སྤྲོས་ལོངས་སྤྱོད་ཀྱི་འཚོ་བ་འབའ་ཞིག་ལ་རོལ་ནས་མཆིས་ཤིང་། རིམ་བཞིན་ཁོ་པའི་སྐམ་ཞིང་རིད་པའི་ལུས་ཟུངས་ཡང་ཕུ་བཏབ་པའི་ལྒང་བུ་ལྟར་ཇེ་རྒྱགས་ནས་ཇེ་རྒྱགས་སུ་སོང་།
"འཇམ་དཔལ་ཡེ་ཤེས་ཀྱིས་དུ་བ་འཐེན་གྱི་འདུག"གྲྭ་མང་ཚོའི་དབུས་ན་བྱ་སྤུ་རླུང་འཁྱེར་ལྟ་བུའི་གཏམ་ཞིག་གང་སར་ཁྱབ། མི་རིང་བར་གཏམ་དེ་ཁོ་པའི་དགེ་རྒན་གྱི་སྙན་ལམ་དུ་རླུང་ལྟར་གྲགས་བྱུང་བས། དགེ་རྒན་གྱིས་ཁོ་པ་བོས་ཏེ་ཇི་འདྲ་ཡིན་མིན་གྱི་སྐད་ཆ་དྲིས། དོན་དམ་དུ་དེ་དུས་འཇམ་དཔལ་ཡེ་ཤེས་ཀྱིས་དུ་བ་འཐེན་པ་མ་ཟད་ཆང་རག་ཀྱང་ཁ་ལ་ཤོར་ནས་ལོ་གཅིག་སོན་ཟིན་ནའང་། ཁོ་པས་དགེ་རྒན་གྱི་མདུན་དུ་ཅུང་སྒམ་པོའི་སྒོ་ནས་དུ་བ་གཏན་ནས་འཐེན་མེད་ཅེས་མནའ་སྐྱེལ་དང་ཕྱིས་འབྱུང་མི་འཐེན་པའི་དམ་བཅའ་བཞག་པས། དགེ་རྒན་གྱིས་རེ་ཞིག་ཁོ་པར་ཡིད་ཆེས་གནངས་ཏེ། དགེ་རྒན་རང་ཉིད་ཀྱིས་གཏམ་ཡན་དེ་མི་བདེན་པའི་ཚུལ་དགོན་པའི་གྲྭ་མང་དང་མཁན་པོ་སོགས་ཀྱི་མདུན་དུ་དག་འབུད་བྱས། སྤྱི་ཚོགས་ཀྱི་ནད་ཡམས་དང་དུས་ཀྱི་རླུང་དམར་ཁྲོད། མི་སེམས་ཕལ་ཆེར་ནི་དེ་ལྟར་ཆུ་ཡི་གཉེར་རིས་ལྟར་འགྱུར་སླ་བ་ཞིག་ཡིན་པར་སུ་ཞིག་གིས་ཡིད་རྟོན་བྱ་ནུས། འཇམ་དཔལ་ཡེ་ཤེས་ཐོག་མར་འདི་གར་སླེབས་པ་ནས་ད་བར་ལོ་ངོ་བརྒྱད་ཙམ་འདས་ཟིན་ཅིང་། དེ་དག་རིང་ཁོ་པའི་སྐམ་ཞིང་རིད་པའི་ལུས་ཕུང་དག་ལྟོ་བ་ཕག་པ་ལྟར་འབུར་ཅིང་མཇིང་པ་གཡག་རྒན་ལྟར་སྦོམ་པར་འགྱུར་སོང་བ་ཁོ་ན་མ་ཡིན་པར། ཐོག་མར་མི་ཆེ་ཆུང་དང་ལོ་རྒན་གཞོན་ལ་མ་ལྟོས་བར། གུས་ཞབས་ངང"ལགས་དང་། ལགས་སོ"ཞེས་བརྗོད་མཁན་ནས། ད་ནི་སུ་ཞིག་ལའང་། "ཨ……ཨོ།……ཡིན་སྲིད་དམ"ཞེས་ཚིག་གི་བར་ཐག་ཧ་ཅང་རིང་བའི་ཨ་ལན་དག་སྟེར་བར་བྱེད་ལ། ཐོག་མར་དགོན་པའི་ཚོགས་གྲོལ་མ་ཐག རང་ཤག་ཏུ་འཁོར་ཏེ་དཔེ་ཆའམ་བློ་འཛིན་ཅི་ཞིག་ལ་བྲེལ་བར་བྱེད་ནའང་། དེང་སྐབས་ཁོ་པ་ཚོགས་གྲལ་དུ་ཞུགས་ཚད་ཉུང་ཞིང་། གལ་ཏེ་ཞུགས་ནའང་། གྲོལ་མ་ཐག་འཕྲུལ་རྟ་བཞོན་ཏེ་གྲོང་ཁྱེར་དུ་བུད་འགྲོ་བས། གྲྭ་མང་ཚོས་ཀྱང་འཇམ་དཔལ་ཡེ་ཤེས་"ཥྠཕ"ལ་བུད་འགྲོའམ་ཞེས་རྒྱུན་པར་ཁོ་ལ་ཟུར་ཟ་དང་ཀུ་རེ་རྩེ་བར་བྱེད། ལྷག་པར་དུ་ཁོ་པའི་དྭངས་གཙང་ལྷད་མེད་ཀྱི་སེམས་པ་དེ་ད་གཟོད་ཁེ་གྲགས་དང་རྒྱུ་ནོར་གྱི་བྲན་གཡོག་འབའ་ཞིག་ལ་གྱུར་ཟིན་མོད། ཁོ་པ་ལོ་ངོ་བརྒྱད་ཀྱི་གོང་དུ་འདི་གར་ཡོང་སྐབས། ཁོ་པའི་ཡིད་སྨོན་འཆོར་ས་ནི་ངུར་སྨིག་བླ་གོས་མནབས་པའི་དགོན་པའི་བླ་གྲྭ་ཡོན་ཏན་ཅན་རྣམས་ཡིན་ཞིང་། དེ་དུས་ཁོ་པས་རང་རྒྱུད་ལ་ཡོན་ཏན་ཅུང་ཟད་ཐོབ་སླད་རྔུལ་ཁྲག་གི་ས་བོན་མང་དག་ཅིག་གཏོར་ཡོད་པ་མ་ཡིན་ནམ།
དེ་དུས་ཁོ་པས་མཚན་མོའང་ཆུ་ཚོད་གཉིས་པ་གསུམ་པའི་བར་དཔེ་ཆ་བལྟས་ནས་སྡོད་ཀྱི་ཡོད་མོད། ལོ་ངོ་བརྒྱད་འདས་པའི་དེང་གི་ཆར། ཁོ་པས་རྒྱུ་ནོར་ཇི་ལྟར་ཐོབ་མིན་དང་མཚན་སྙན་ཇི་ལྟར་འཕེལ་མིན་ཐད་མནོ་བསམ་བཏང་ནས་མཚན་མོའི་ཆུ་ཚོད་གཉིས་པ་གསུམ་པའི་བར་སྡུག་རྩིས་དང་མུག་རྩིས་བརྒྱབ་ནས་སྡོད་ཀྱི་ཡོད། དགོང་མོར་ཁོ་པས་ཁེ་གྲགས་དང་རྒྱུ་ནོར་ཇི་ལྟར་ཐོབ་མིན་ཐད་བསམ་བློ་སྣ་ཚོགས་གཏོང་གིན་སྡོད་ཅིང་། དེའི་རིང་དུ་བ་ཡང་མང་པོ་འཐེན་ཡོད་པས། ཁོ་པའི་དགེ་རྒན་གྱིས་དགོན་པའི་མཁན་སློབ་ཚོའི་མདུན་དུ་འཇམ་དཔལ་ཡེ་ཤེས་ཀྱིས་དུ་བ་མི་འཐེན་ཞེས་དག་འབུད་བྱས་ཀྱང་གྲྭ་གྲོགས་ཕལ་ཆེར་གྱིས་ཁོ་པས་དུ་བ་འཐེན་པ་མིག་མཐོང་ལག་ཟིན་དུ་གྱུར་བས། ད་གཟོད་ཁོ་པས་དུ་བ་འཐེན་པ་དེ་གྲྭ་མང་ཚོའི་དབུས་ན་ཀུན་གྱིས་རྟོགས་པའི་གསང་བ་ཞིག་ཏུ་གྱུར། རིམ་གྱིས་ཁོ་པ་ཉིན་མོར་ཚོགས་ལ་འགྲོ་ཚད་ཀྱང་ཇེ་ཉུང་དུ་སོང་བས་དགེ་རྒན་གྱིས་ཁོ་ལ་སེམས་ཁྲལ་ཆེན་པོ་བྱེད། ཁོ་པ་དགེ་རྒན་གྱིས་གམ་དུ་ཐེངས་གཉིས་བོས་ཏེ་གནས་ཚུལ་ཞིབ་འབྲི་བྱས་ཀྱང་། ཁོ་པས་ཐབས་ཅི་ཡོད་ཀྱིས་དགེ་རྒན་ལ་མགོ་སྐོར་
བཏང་། དོན་དུ་ཉིན་དེ་དག་རིང་ཁོ་པ་ཕྱི་རོལ་གྱི་སྦྱིན་བདག་འགའ་དང་མཉམ་དུ་ཇ་ཁང་ནང་ཁ་བརྡ་བྱས་ནས་དུས་ཡུན་བསྲིངས་པ་ཡིན་ལ། ཞོར་དུ་ཁོ་པ་དང་གསར་དུ་སླེབས་པའི་ཇ་ཁང་དེའི་ཞབས་ཞུ་མ་གཉིས་དབར་འབྲེལ་འདྲིས་ཇེ་ཆེར་སོང་བས། ཁོ་པ་ཉིན་རེ་བཞིན་ཇ་ཁང་དེར་ཇ་འཐུང་བར་འགྲོ་འདོད་ཅིང་། གལ་ཏེ་ཉིན་གཅིག་ཇ་ཁང་དེར་མ་སླེབས་ན་བྱ་བ་གལ་ཆེན་ཅི་ཞིག་བསྒྲུབ་རྒྱུར་ལུས་པའི་ཚོར་སྣང་སྐྱེས།
ཟླ་ངོ་གཅིག་གི་དུས་ཡུན་ལས་མ་འདས་པར་ཁོང་གཉིས་དབར་མཛའ་བརྩེ་ཤིན་ཏུ་ཟབ་པར་གྱུར། དེ་དུས་ཁོ་གཉིས་སྐར་མ་དགོན་གསར་གྱི་འདབས་རོལ་དུ་ཁང་པ་ཆུང་ཆུང་ཞིག་གཡར་ཞིང་། འཇམ་དཔལ་ཡེ་ཤེས་ཀྱིས་གྲོང་ཆོག་རྒྱུགས་པའི་ཡོང་སྒོ་སྒོར་ཁྲི་གཅིག་ཡོད་པ་དག་དངུལ་ཁང་ལས་བླངས་ཏེ་ཁྱིམ་ཆས་ཉོས། དགེ་རྒན་གྱིས་ཁོའི་གནས་ཚུལ་དང་འབྲེལ་བའི་གཏམ་འཆལ་མི་ཉུང་སྙན་ལམ་དུ་གོ་ཐོས་བྱུང་བས། ཁོ་པ་སླར་གམ་དུ་བོས་ཏེ་སྐད་ཆ་དྲིས། ཁོ་པས་རང་ཉིད་ཀྱི་གཉེན་ཉེ་ཆེ་གེ་མོ་ན་ནས་སྨན་ཁང་དུ་ལུས་ཡོད་ལུགས་བརྗོད་དེ་སླར་ཡང་དགེ་རྒན་ལ་མགོ་སྐོར་བཏང་བ་མ་ཟད། རྒྱུན་པར་གྲོང་དུ་རིམ་གྲོར་རྒྱུགས་ཤིང་། དགོན་པ་ནས་འགྱེད་དང་མང་ཇ་ལེན་བཞིན་ཡོད།
ཆོས་ཀྱི་ངོས་ནས་བརྗོད་ན་དཀོར་རྫས་ཀྱིས་བག་མི་ཚ་བར་བཟའ་མི་བུ་ཕྲུག་གསོ་བ་ནི་སྡིག་ཉེས་དག་ཐབས་མེད་པའི་རྒྱུ་འབའ་ཞིག་ཏུ་ཟད་ནའང་། འཇམ་དཔལ་ཡེ་ཤེས་ཀྱི་ངོས་ན་བརྗོད་ན་དེ་ནི་ཁོ་པའི་སྒོར་མོའི་འབབ་ཁུངས་བླ་ན་མེད་པ་ཞིག་ལ་བརྩི་བཞིན་ཡོད་པས། སྡིག་ཉེས་དང་ལས་འབྲས་ཞེས་པར་བསམ་བློ་གཏོང་ཁོམ་ཅི་ལ་ཡོད།
བདེན་ལུང་པ་གཉིས་དེ་ཕུ་ཐག་རིང་། རྫུན་ཨ་བྲ་གཉིས་དེ་རྔ་མ་ཐུང་ཞེས་པའི་གནའ་མིའི་གཏམ་དེ་ལོས་བདེན། ཟླ་ངོ་བཞི་ཙམ་ལས་མ་འདས་པར་ཁོ་པའི་ཆུང་མ་བདེ་སྐྱིད་ཀྱི་སྨྱུག་མ་ལྟར་ལྡེམ་པའི་ལུས་པོ་ཕག་སུག་དང་འདྲ་བར་གྱུར་དེ་དུས་འཇམ་དཔལ་ཡེ་ཤེས་ལ་བཟའ་མོ་ཡོད་པའི་སྐོར་ཡང་དགོན་པའི་ཁྱོན་ལ་ས་ཁྱབ་?་ཁྱབ་ཏུ་གྱུར། སྐབས་དེ་ཤེད་ཙམ་ན་ཁོ་པར་ཡང་དབྱིན་སྐད་སྣེ་ཤན་གྱི་ལས་ཀ་ཞིག་ཀྱང་བསམ་བཞིན་དུ་འབྱོར་བས་ཁོ་པ་གྲྭ་གྲལ་ལས་དངོས་སུ་ཐོན་རྒྱུའི་ཆོད་སེམས་བཞག གྲྭ་མང་གི་མི་ཁ་དང་དགེ་རྒན་སོགས་ཀྱི་གཤེ་གཤེ་ལས་གཡོལ་ཆེད། ནུབ་གཅིག་ག་ལེར་རང་ཤག་ཏུ་སོང་སྟེ་དེ་གར་ཡོད་པའི་ཉེར་མཁོའི་དངོས་པོ་རྣམས་བླངས་ཤིང་། དཔེ་ཆ་དང་གཟན་ཤམ་སོགས་འཇིག་རྟེན་པར་མི་མཁོ་བའི་དངོས་པོ་མང་དག་ཅིག་རང་དང་མལ་ཁང་གཅིག་པའི་གྲྭ་པ་གཞན་ཞིག་ལ་སྦྱིན་ཏེ་སླར་རང་གིས་གླས་པའི་ཁང་པའི་ཕྱོགས་སུ་བསྐྱོད།
ཁོ་པ་རབ་བྱུང་གི་སྡེ་ལས་ཐོན་པའི་དབྱར་ལོ་དེར་ཁོ་པས་སྒོར་ཁྲི་བདུན་བཅུ་བསགས་ཡོད་པ་དང་། དེ་ལས་ཁྲི་གཉིས་ཕུད་གཞན་གྱི་ལྷག་མ་རྣམས་ནི་ཁོ་པར་གཟི་མིག་དགུ་པ་ཞིག་ཡོད་པ་དེ་བཙོངས་ནས་བྱུང་བར་གྲགས། ཁོ་པ་ལ་གཟི་དེའི་འབྱུངས་ཁུངས་རྩད་གཅོད་བྱ་མཁན་མ་བྱུང་མོད། རེ་འགས་གཟི་དེ་ནི་ཁམས་པའི་སྦྱིན་བདག་ག་གེ་མོས་ཕུལ་བའི་དགོན་པའི་རྟེན་གཙོའི་གཟུངས་འཇུག་དེ་རེད་ཅེས་གླེང་བར་བྱེད། དུས་རབས་ཉི་ཤུའི་ལོ་རབས་དགུ་བཅུའི་གཡས་གཡོན་ན། ལྷ་སའི་ཁུལ་ལ་ཁྲི་བདུན་ཅུ་ཙམ་ཡོད་པ་ནི་ཕྱུག་པོ་རབ་གཅིག་ལ་བརྩིས་ནའང་མི་ཆོག་པ་མེད། ད་ཆ་ཁོ་ནི་སྦྱིན་བདག་ཆེན་པོ་ཞིག་ཏུ་གྱུར་ཡོད་པས་སུས་ཀྱང་ཁོ་པའི་གཟིའི་འབྱུང་ཁུངས་ལ་རྩད་གཅོད་བྱ་མཁན་མེད་ལ། ཁོ་པ་གྲྭ་ལོག་ཤིག་རེད་ཅེས་སྐྱོན་མཚང་འདྲུ་མཁན་ཡང་མེད།
དེ་ལས་ལྡོག་སྟེ་ཁོ་པ་ནི་གཞན་ལ་དཔལ་འབྱོར་གྱི་རོགས་པ་བྱེད་མཁན་གྱི་སྦྱིན་བདག་སྙིང་རྗེ་ཅན་ཞིག་རེད་ཅེས་བསྔགས་པར་བྱེད། རྒྱུ་མཚན་ཡང་ཁོ་པས་སྒོར་ཁྲི་བདུན་བཅུ་དེ་ལས་ཁང་པ་དང་རླངས་འཁོར་ཞིག་ཉོས་རྗེས། ལག་ཏུ་ལྷག་པའི་སྒོར་ཁྲི་གཉིས་ཀྱིས་ཇོ་བོའི་གསེར་ཞལ་བརྗེས་པ་དང་། སེ་འབྲས་དགེ་གསུམ་གྱི་གྲྭ་མང་ལ་འགྱེད་ཕུལ་བ་མ་ཟད། གྲོང་ཚོའི་སློབ་ཆུང་དེའི་སློབ་མར་ཡང་ཡིག་ཆས་མང་པོ་མཁོ་སྒྲུབ་བྱས་པས་ཡིན།
ཡུན་རིང་མ་འདས་པར་ཁོ་པའི་ཆུང་མར་བུ་ཞིག་བཙས་པ་དང་ཡུལ་མི་དང་ཚོང་གྲོགས་སོགས་མི་མང་པོས་ཁོ་པའི་བུའི་བཙས་སྟོན་དུ་ཡོང་ནས་ཁོ་པར་བཀྲ་ཤིས་རྟེན་འབྲེལ་ཞུས། འོན་ཏེ་བུ་སྐྱེས་ནས་ཟླ་ངོ་གསུམ་ཙམ་ནས་འགོ་ཚུགས་ཏེ་ཁོ་པ་སྔར་ལྟར་ཁྱིམ་དུ་དུས་ཐོག་ཏུ་མི་ལོག་པ་མ་ཟད། ཕྱི་རོལ་ན་རྒྱན་རྩེད་རྩེ་བ་དང་། ཆང་རག་འཐུང་བ་སོགས་ལ་དབྱིངས་ཞུགས་པས་བཟའ་མོ་དང་ཁ་རྩོད་ཐེངས་མང་ཤོར། ཁོ་པས་རང་གི་བཟའ་མོ་ནི་ཉིན་རེ་བཞིན་མི་སྡུག་གཉེར་མའི་སྲང་རས་ཀྱིས་ཁེབས་འགྲོ་བ་ནི། ཕྱི་རོལ་གྱི་ན་གཞོན་མ་གཞན་ཚོ་དང་བསྡུར་ཐབས་གཏན་ནས་མེད་པར་སྙམ་བཞིན་པའི་སྐབས། ཏག་ཏག་འདོད་ཐོག་ལ་རྟ་རྒྱུག་པའི་དཔེ་བཞིན་ལྷ་སའི་རྒྱ་ཟོག་ཚོང་ཁང་ནས་གཡང་སྐྱིད་ཅེས་པའི་ཞབས་ཞུ་མ་ཞིག་དང་ངོ་ཤེས། གཡང་སྐྱིད་ཀྱི་གཟུགས་པོ་དེ་ཙམ་ཆེ་རྒྱུ་མེད་ཀྱང་མོའི་ཟླུམ་དུ་སྐྱེས་པའི་མྱོས་བུམ་ཟུང་དང་། དཀར་ཞིང་སྒོར་བའི་གདོང་པ། དཀར་ནག་གི་དབྱེ་མཚམས་གསལ་བའི་མིག་ཟུང་ཆེན་པོ་དེའི་འོག་ན་གཟེངས་མཐོ་བའི་སྣ་དང་། བིམ་པ་ལྟར་གྱི་མཆུ་སྒྲོས། ལྷག་པར་དུ་ཁོ་མོའི་བྱ་བ་བྱེད་སྟངས་དང་། སྐད་ཆ་ཤོད་སྟངས། ཐ་ན་མིག་གི་ལྟ་སྟངས་དང་། ལག་པ་གཡུག་སྟངས་ཡན་ཆོད་ཁོ་པའི་ཚོར་ཤེས་མྱོས་པའི་མཛེས་པ་འབའ་ཞིག་ཏུ་གྲུབ་ཅིང་། དེ་དག་ནི་ཆེད་དུ་ཁོ་པའི་འདོད་སེམས་ཀྱི་བ་སྤུ་གཡོ་མཁན་ཁོ་ནར་བཞེངས་པ་ལྟར་སྣང་བས། ཁོ་པས་ཐབས་ཤེས་ཇི་ཡོད་ཀྱིས་ཁོ་མོ་དང་ཇེ་ཉེར་བཅར་ཅིང་། ཁོ་མོའི་ཡིད་སེམས་འགུག་པའི་ཐབས་ལ་འབད། ཁོ་པས་རྟག་ཏུ་གྲོགས་པོ་ཞིག་ཡིན་ཁུལ་གྱིས་ཁོ་མོ་ཇ་འཐུང་བར་འབོད་པ་དང་། ཡང་ནང་མ་ཁང་དུ་འབོད་པ། ལག་རྟགས་ཉོ་བ་སོགས་བྱས་པས་རིམ་གྱིས་ཁོ་གཉིས་དབར་གྱི་བར་ཐག་ཀྱང་ཇེ་ཉེ་ནས་ཇེ་ཉེར་གྱུར། ནུབ་གཅིག་ཁོ་པས་སླར་ཡང་ཁོ་མོ་ནང་མ་ཁང་དུ་བོས་པ་དང་། དེ་ནུབ་གཡང་སྐྱིད་སྦི་རག་གིས་བཟི་སྟེ་ཚོར་ཤེས་ཡོངས་སུ་ཉམས། ནངས་ཁ་གཉིད་ལས་སད་སྐབས་ད་གཟོད་ཁོ་མོ་རི་ཆུ་མགྲོན་ཁང་དུ་ཉལ་ནས་ཡོད་པ་རྟོགས་པས། ཁོ་མོའི་སེམས་པར་གྲང་ཤུར་ཞིག་བརྒྱབ་པ་དང་དུས་མཚུངས། ཡིད་སེམས་བློང་བློང་པོར་གྱུར་བས། ཁོ་མོས་རང་གི་གམ་དུ་ཉལ་བའི་སྐྱེས་པ་དེར་ཐུག་ཐུག་བུས་ནས་གཉིད་ལས་སད་ཐབས་བྱས། ཁོ་པ་གཉིད་ལས་སད་རྗེས་ཁོ་པས་ཇི་མི་སྙམ་པར"ད་ལྟ་སྔ་པོ་རེད་འདུག ཅུང་ཙམ་ཉོལ"ཞེས་བཤད། དེ་དུས་གཡང་སྐྱིད་ག་བྱེད་འདི་བྱེད་མེད་པར་གྱུར་ཏེ"ང་འདིར་ཇི་ལྟར་སླེབས་པ་རེད། ཁྱོད་ཀྱིས……"ཞེས་ཚིག་མཇུག་ཁ་ནས་མ་ཐོན་གོང་། ཁོ་པས། "དེང་རབས་ཀྱི་གཞོན་ནུ་ཚང་མ་འདི་འདྲ་རེད། ཆུང་དུས་སྐྱིད་པོ་མ་བྱས་ན་ཅི་བྱ། སེམས་སྦྲིག་དོག་པོ་དེ་འདྲ་མ་བྱེད། ཕྱི་རྒྱལ་གྱི་སྐྱེ་བོ་ཚང་མ་དཀྱེལ་ཡངས་ཞེ་དྲག་རེད། ངེད་བོད་མི་རྣམས་སེམས་སྦྲིག་ཤིན་ཏུ་དོག ལྟོས་དང་། ཁྱོད་གྲོང་ཁྱེར་བ་ཞིག་ཀྱང་འདི་ལྟར་ལགས་ན། གྲོང་གསེབ་པར་ཅི་ཁག"ཅེས་གནས་ལུགས་ཆེན་པོ་ཞིག་བརྗོད་པའི་ཚུལ་གྱིས་ཁོ་མོར་སྨྲས། དེ་དུས་ཁོ་མོས་ཅིའང་མི་སྨྲ་བར་ངག་སྒོ་བསྡམས་ནས་བསྡད་ཡོད་ཀྱང་། ཁོ་མོའི་སེམས་ནང་རང་གི་གམ་དུ་ཉལ་བའི་སྐྱེ་བོ་དེའི་གཟུགས་བརྙན་དེ་བས་ཇེ་ཆུང་དུ་གྱུར་བའི་སྣང་བ་སྐྱེས།
"གཡང་སྐྱིད། ཁྱོད་ཀྱི་སེམས་པ་གདོན་གྱིས་བསླུས་སོང་བ་ཨེ་རེད། ཕ་མེད་པའི་ཕྲུ་གུ་ཞིག་བཙས་ནས་ཕྱིས་སུ་ཇི་ལྟར་བྱ"ལས་རོགས་ཚོས་དེ་ལྟར་གཡང་སྐྱིད་ལ་སློབ་གསོ་བྱེད་ཅིང་། ཡང་གཞན་ཞིག་གིས། "གལ་ཏེ་ངེས་པར་དུ་སྐྱེ་དགོས་ན། ཕྲུ་གུའི་ཕ་དེ་འཚོལ་བར་སོང་ན་བཟང"ཞེས་གྲོས་འགོ་བཏོན། དེ་དུས་ཁོ་མོ་འཇམ་དཔལ་ཡེ་ཤེས་ཀྱི་གཡོ་འོག་ཏུ་ཚུད་ནས་ཟླ་བ་བརྒྱད་ལྷག་ཙམ་འདས་ཟིན་ཅིང་། ཁོ་མོའི་ཁོག་ནང་གི་ཕྲུ་གུ་དེའང་ཟླ་ངོ་བརྒྱད་ལ་ལོན་ཟིན། ཁོ་མོའི་སེམས་ཀྱི་མཁའ་ངོགས་སུ་སྡུག་བསྔལ་གྱི་སྤྲིན་ནག་ཡོངས་སུ་དཀྲིགས་ནས་མཆི་མའི་ཆར་རྒྱུན་གྱིས་གདོང་གི་ས་གཞི་ཡོངས་སུ་བརླན་པར་བྱས། ཁོ་མོས་ལས་གྲོགས་ཚོའི་སྐད་ཆར་དོ་སྣང་ཡེ་ནས་མ་བྱས་པར་རང་གི་མས་མཆུར་སོ་བཏབ་ནས་ཡུན་རིང་ལུས། དེ་དུས་གཡང་སྐྱིད་ལོ་ན་བཅོ་བརྒྱད་ལས་སོན་མེད་ཁར། གྲོང་ཁྱེར་འདིར་གྲོས་འདྲི་སའི་གཉེན་ཉེ་གཅིག་ཀྱང་མེད་ལ། མིག་མདུན་དུ་འཕྲད་པའི་གནས་ཚུལ་དེ་རང་ཉིད་ཀྱིས་ཇི་ལྟར་ཐག་གཅོད་བྱ་བའི་རྣམ་དཔྱོད་ཀྱང་དབེན་པས་ཡིན། ཁོ་མོས་མགོ་བོ་སྒུར་ཏེ་ཡུན་རིང་བསམ་བློ་བཏང་བའི་མཐར། ལྷ་སར་རང་གི་ཨ་ཁུའི་བུ་མོ་སྟེ་རང་ཉིད་ལས་ལོ་བཞི་ཡིས་རྒན་པའི་གཅེན་མོ་ཞིག་ཡོད་པ་ཡིད་ལ་འཆར།
ཁོང་གཉིས་ཀ་ཐག་རིང་གི་གྲོང་གསེབ་ལས་འདི་གར་བུ་རྫིར་ཡོང་བ་ཡིན་ཞིང་། ད་ལྟ་གཉིས་ཀ་ནར་སོན་སྟབས་ཁྱིམ་བདག་མས་ཁོང་གཉིས་ལ་ལས་སྣེ་རེ་བཙལ་ཏེ་རང་ཁ་རང་གསོ་བྱེད་བཞིན་ཡོད། གཡང་སྐྱིད་དང་མོའི་གཅེན་མོ་གཉིས་དོར་མ་རྟ་རལ་གྱོན་དུས་ནས་མཉམ་དུ་ཐལ་རྩེད་མང་པོ་རྩེས་མྱོང་ནའང་། གྲོང་ཁྱེར་འདིར་སླེབས་རྗེས་ཁོང་གཉིས་དབར་དེ་ཙམ་གྱི་འབྲེལ་བ་མེད། ཁོ་མོས་ཇི་ལྟར་ནའང་རང་གི་གཅེན་མོ་དེར་གྲོས་ཤིག་དྲིས་ན་བཟང་སྙམ་སྟེ་ཁོ་མོའི་སྡོད་གནས་ཀྱི་ཕྱོགས་སུ་སོང་། ཁོ་མོ་ལོ་བཞི་ཡི་གོང་དེ་གར་ཐེངས་གཅིག་ལས་འགྲོ་མྱོང་མེད་ཀྱང་གཡང་སྐྱིད་ཀྱིས་སྲང་ལམ་ཀྱག་ཀྱོག་མང་དག་གཅིག་བརྒྱུད་དེ་མྱུར་བར་ཁོ་མོའི་དེ་སྔའི་སྡོད་གནས་ཀྱི་སྒོ་འགྲམ་དུ་སླེབས། སྒོ་བརྡུང་པ་ན་དེ་ནས་བུད་མེད་ལོ་ན་བཞི་བཅུ་ཙམ་ལ་སོན་པ་ཞིག་ཕྱིར་ཐོན་ཏེ། "འདིར་བདེ་སྐྱིད་བྱ་བ་མེད། ངེད་ཚོ་འདི་གར་སྤོས་ནས་ལོ་གཅིག་ཙམ་འདས་སོང་། ཡང་ན་ཁྱོད་ཀྱིས་ཁང་བདག་ལ་དྲིས་ན་བཟང"ཞེས་བཤད་པ་ལྟར་ཁང་བདག་ལ་དེ་སྐད་དྲིས། ཁང་བདག་དེས"ཁོ་མོ་ཁང་པ་གསར་པ་ཉོས་ནས་སྤོས་ཟིན་པ་རེད། ངས་ལམ་སྣེ་དྲངས་ཏེ་ཁྱོད་ཁྲིད་ཆོག"ཅེས་ཁོ་མོའི་ལམ་སྣ་དྲངས། ཁོ་མོ་རྒྱ་?་དང་ལྕགས་ལས་གྲུབ་པའི་ཁང་པ་ཉིས་ཐོག་མ་རྒྱ་ཆེ་ཞིང་ཡིད་དུ་འོངས་བ་ཞིག་གི་གམ་དུ་ཁྲིད་རྗེས། "འདིར་རེད།"ཅེས་བཤད། ཡིད་དུ་འོངས་བའི་ཁང་བཟང་དེའི་སྒོ་ཁར་སླེབས་སྐབས་ཁོ་མོ་ཡིད་ཆེས་བྱེད་དཀའ་བའི་ཚད་དུ་སླེབས་ཀྱང་། སྔོན་ལ་ཡིན་མིན་ཚོད་ལྟ་ཞིག་བྱས་ན་བཟང་སྙམ་སྟེ་སྒོ་ག་ལེར་བརྡུང་པ་ན། མི་ཞིག་མྱུར་བར་སྒོ་ཕྱེ་བར་ཡོང་ཞིང་། ད་གཟོད་སྒོ་ཕྱེ་མཁན་དེ་ནི་གཅེན་མོ་བདེ་སྐྱིད་ཡིན་པ་མིག་མདུན་ན་དངོས་སུ་ར་འཕྲོད་པས། དགའ་སྐྱོ་ཅི་ཡིན་མི་ཤེས་པའི་མཆི་ཞགས་ཤིག་ཕྱི་རུ་ལུད་དེ་མིག་ཟུང་གི་རྫིང་བུ་ཡོངས་སུ་ལྟེམས། དུས་མཚུངས་བདེ་སྐྱིད་ཀྱིས"གཡང་སྐྱིད་རེད་འདུག"ཅེས་དགའ་སྣང་གིས་ཁོ་མོར་འཐམ་འཁྱུད་བྱས། དེ་དུས་སྒོ་རའི་ནང་ལོ་གཅིག་ཙམ་ལོན་པའི་བྱིས་པ་ཞིག་གོམ་སློབ་འཁོར་ལོའི་སྟེང་རྩེ་བཞིན་དུ་རྒྱུགས་པ་གཡང་སྐྱིད་ཀྱི་མིག་ལམ་དུ་མཐོང་བས། ཁོ་མོའི་མིག་མཐར་བརླན་པའི་མཆི་ཞགས་དག་མུ་ཏིག་?ག་པོ་གཅིག་དང་འདྲ་བར་ས་ཐོག་ཏུ་འགྲིལ་སོང་། ཁོ་མོའི་སེམས་སུ་མིག་མདུན་གྱི་བྱིས་པ་དེ་དང་རང་གི་ཁོག་ཏུ་སྦྲུམ་པའི་བྱིས་པ་དེ་གཉིས་ཀྱི་ལས་དབང་ལ་གནམ་སའི་ཁྱད་པར་ཆོད་པའི་སྣང་བ་སྐྱེས། བདེ་སྐྱིད་ཀྱིས་གཡང་སྐྱིད་ཚོམས་ཆེན་དུ་དྲངས་རྗེས། ཁོ་གཉིས་དབར་གྱི་གཏམ་གླེང་འགོ་ཚུགས།
གཡང་སྐྱིད་ཀྱིས་རང་ཉིད་ལ་ཕྲུ་གུ་འཁོར་བ་དང་། ཕྲུ་གུའི་ཕ་ནི་ཕྲུ་གུ་འཁོར་བ་ནས་བཟུང་རང་ཉིད་དང་གཏན་ནས་འབྲེལ་བ་མ་བྱས་པ་མ་ཟད། རང་ཉིད་ཀྱི་ཤ་ལས་ཆད་པའི་ཕྲུ་གུ་འདི་འདྲ་ཞིག་གསོད་འདོད་མེད་པས་ཅི་དྲག་ཅེས་དྲིས་པ་ན། བདེ་སྐྱིད་ཀྱིས་ཀྱང"ཕྲུ་གུ་ངེས་པར་དུ་སྐྱེས་ན་བཟང་། ངེད་ཚོ་ནང་པ་སངས་རྒྱས་པའི་རྗེས་འཇུག་པས་རང་གི་ཕྲུ་གུ་གསོད་པའི་དཔེ་མེད། ད་ལྟ་ང་རང་གི་འཚོ་བའི་ཆུ་ཚད་དང་དཔལ་འབྱོར་གྱི་ཡོང་སྒོའང་ཅུང་ལེགས་པས། ངས་ཀྱང་ཁྱོད་ལ་རོགས་གང་ཐུབ་བྱས་ཆོག ཕྲུ་གུའི་ཕ་རྙེད་ན་རབ་དང་མ་རྙེད་ཀྱང་ཕྲུ་གུ་ལོ་བཞི་ཙམ་འདི་གར་ཉར་རྗེས། ཕྱིས་སུ་གྲོང་གསེབ་ཏུ་ཁྱོད་ཀྱི་གཅེན་མོ་ཕུར་བུའི་གམ་དུ་བསྐྱལ་ན་མི་འགྲིག་གམ"ཞེས་སློབ་གསོ་དང་སེམས་གསོ་འདྲེས་མར་བཏང་བས། གཡང་སྐྱིད་ཀྱི་སེམས་སུའང་དེ་ལས་ལྷག་པའི་ཐབས་གཞན་ཞིག་མེད་པས། དེ་ལྟར་བྱ་རྒྱུར་གྲོས་ཁ་འཆམས། དགོང་དྲོའི་ཆུ་ཚོད་ལྔ་པ་མ་ཟིན་ཙམ་ན་གཡང་སྐྱིད་དང་བདེ་སྐྱིད་གཉིས་ཕན་ཚུན་ཁ་པར་ཨང་གྲངས་སྤྲོད་རེས་བྱས་རྗེས། གཡང་སྐྱིད་ཀྱིས"རྗེས་སུ་གཅེན་མོ་རང་གིས་ང་ལ་རོགས་པ་གྱིས་ཨང་།"ཞེས་བཤད་དེ་འགྲོ་རྩིས་བྱས་པ་དང་། བདེ་སྐྱིད་ཀྱིས"ངའི་ཁང་པ་དང་སྒྲིག་ཆས་ཇི་འདྲ་བྱུང་ཡོད་མེད་ལྟ་ཙམ་མི་བྱེད་དམ"ཞེས་བཤད་པ་ལྟར་གཡང་སྐྱིད་ཁང་པའི་མདོ་སྦྲིག་ཚང་མར་མིག་མྱུལ་དུ་ཁྲིད། བསམ་ཡུལ་ལས་འདས་པ་ཞིག་ལ་རང་གིས་ཡུན་རིང་བཙལ་བའི་ཁོག་ནང་གི་ཕྲུ་གུ་དེའི་ཨ་ཕ་དང་རང་གི་གཅེན་མོ་བདེ་སྐྱིད་གཉིས་འཐམ་འཁྱུད་བྱས་པའི་འདྲ་པར་ཆེན་པོ་ཞིག་བདེ་སྐྱིད་ཀྱི་མལ་ཁང་གི་གྱང་ལྡེབས་སུ་བཀལ་ནས་ཡོད་པ་ད་གཟོད་གཡང་སྐྱིད་ཀྱི་མིག་ལམ་དུ་མངོན།
དེ་དུས་གཡང་སྐྱིད་ཀྱི་མིག་ཟུང་ལས་སླར་ཡང་མིག་ཆུ་མུ་ཏིག་གི་དོ་ཤལ་ཆད་འདྲ་བ་བར་མེད་དུ་འཛར་ནས་ས་ངོས་སུ་ལྷུངས་བ་དང་སྦྲགས། མགོ་བོ་སྒུར་ཏེ་ཅིའང་མི་སྨྲས་པར་མྱུར་བར་སྒོ་ཕྱིར་བུད། བདེ་སྐྱིད་ཀྱི་སྣང་ངོར་མི་ལེགས་པའི་རྟོགས་འཆར་ཞིག་སྐྱེས་ནའང་གནས་སྐབས་གནས་ཚུལ་ཅི་ཡིན་གྱི་གསལ་ཁ་མ་ཐོན། ཁོ་མོས་བདེ་སྐྱིད་ཀྱི་ཁ་པར་ཨང་གྲངས་བསྟུད་མར་ཐེངས་འགའ་སྣོན་ཡང་ཁོ་མོས་ཁ་པར་གཏན་ནས་མ་བླངས། ཁོ་མོས་ཁ་པར་ཨང་གྲངས་དེར་ཡང་ཡང་ལྟ་བཞིན་ཨང་གྲངས་འདི་ཇི་ལྟར་རྒྱུས་མངའ་ཅན་ཞིག་ཡིན་པའི་སྣང་བ་འཆར། ཁོ་མོས་བསམ་བློ་ཡུན་རིང་བཏང་མཐར། ཨང་གྲངས་དེ་ནི་ཟླ་བ་ཁ་ཤས་སྔོན་ན་རང་ཉིད་ཀྱི་ཁྱོ་བོར་རྟག་ཏུ་ཁ་པར་གཏོང་མཁན་གྱི་ཨང་གྲངས་དེ་ཡིན་པ་ད་གཟོད་ཡིད་ལ་ངེས་པས། བདེ་སྐྱིད་ཀྱི་མིག་མཐར་ཡང་དབང་མེད་དུ་མཆི་ཞགས་འཁོར་སོང་།
ཉིན་ཞིག་གི་མཚན་མོའི་ཆུ་ཚོད་བཞི་པ་ཙམ་ཟིན་པ་ན་གཡས་འཁྱོར་གཡོན་འཁྱོར་བྱེད་པའི་ར་བཟི་བ་ཞིག་བདེ་སྐྱིད་ཀྱི་ཁྱིམ་དུ་སླེབས། ཁོ་པ་སྒོ་འཛུལ་ནས་ཚོམས་ཆེན་དུ་སླེབས་རྗེས"ཆུ་ཁྱེར་ཤོག ཆུ་ཁྱེར་ཤོག"ཅེས་སྐད་མང་པོ་བཏོན་ཡང་ཁོ་པར་ཨ་ལན་སྟེར་མཁན་མ་བྱུང་།
ཁོ་པས་འཁྱོར་བཞིན་དུ་?་སྐས་ལས་འཛེགས་ཏེ་སྟེང་ཐོག་གི་མལ་ཁང་དུ་སོང་བ་ན། མལ་ཁང་ནང་ད་གཟོད་བཟའ་ཟླ་དང་ཕྲུ་གུ་གཉིས་ཀ་མེད་པར་སྟོང་ལྷང་ལྷང་དུ་གྱུར་ནས་ཡོད། དེ་དུས་ཁོ་པའི་རིག་པའང་ཅུང་དྭངས་གསལ་དུ་གྱུར་ནས་ཞིབ་པར་བལྟ་སྐབས་ད་གཟོད་སྒྲོག་རྩེའི་ཐོག་ཡིག་འབྲུ་ཆེན་པོ་འགའ་བྲིས་པའི་ཤོག་ལྷེབ་ཅིག་བཞག་ཡོད་པ་མཐོང་། ཡི་གེ་དེ་ནི་བདེ་སྐྱིད་ཀྱིས་བཞག་པ་ཡིན་ཞིང་དེའི་ནང་དོན་ནི། ཁྱོད་རང་གཡང་སྐྱིད་དང་མཉམ་དུ་འཚོ་བ་བསྐྱལ་ན་བཟང་། ཁོ་མོ་ད་གཟོད་ཆགས་ས་རྟེན་ས་ཅིའང་མེད་པས་ངོ་མ་ཡིད་སྐྱོ་དགོས་པ་ཞིག་རེད། ང་ཕྲུ་གུ་ཁྲིད་དེ་རང་ཡུལ་དུ་ལོག་རྒྱུ་ཡིན། ཁང་པ་འདི་ཕྲུ་གུའི་དམིགས་རྟེན་དུ་བཙོངས་པ་ཡིན་ཞེས་བྲིས་ཡོད། དེ་དུས་ཁོའི་རིག་པའང་དྭངས་གསལ་དུ་གྱུར་ཏེ་ཁང་པའི་བདག་དབང་ལག་ཁྱེར་བླུགས་པའི་ལྕགས་སྒམ་དེ་ཁ་ཕྱེ་བ་ན། ད་གཟོད་དེའི་ནང་དུ་ཕྱི་རྒྱལ་ཡུལ་སྐོར་བས་ལུས་པའི་དཔེ་ཆ་སྣ་རིང་དེ་ལས་ཁང་པའི་འཛིན་ཡིག་ཅིག་འདུག དཔེ་ཆ་དེ་ནི་བོད་ཀྱི་ལོ་རྒྱུས་རྟོགས་ཞིབ་བྱེད་མཁན་གྱི་ཕྱི་རྒྱལ་བ་ཞིག་གིས་ལུན་ཏུན་དཔེ་མཛོད་ཁང་ནས་གཡར་འོངས་བ་ཡིན་ཞེས་ཁོ་པར་བརྗོད་མྱོང་ལ། མི་དེས་རྒྱུན་དུ་དཔེ་ཆ་དེ་སྟོ་ཕད་ཀྱི་སྦྲིགས་སུ་བཅུག་སྟེ་གཙིགས་ཆེན་དུ་འཛིན་གྱི་ཡོད། འོན་ཏེ། རྟོགས་ཞིབ་པ་དེ་ཡུལ་དུ་ཐོན་ཁར་དཔེ་ཆ་ཁོ་པའི་གམ་དུ་ལུས་སོང་བ་དང་། ཕྱི་རྒྱལ་བ་དེས་སྔ་རྗེས་སུ་ཁོ་པར་ཁ་པར་ཐེངས་གསུམ་བཏང་ནས་དཔེ་ཆའི་སྐོར་རྩད་གཅོད་བྱས་ཀྱང་། ཁོ་པས་རང་ཉིད་ཀྱི་གམ་དུ་མེད་ལུགས་ཁོ་ན་བརྗོད་དེ་ཁས་གཏན་ནས་ལེན་མྱོང་མེད། འཇམ་དཔལ་ཡེ་ཤེས་ཀྱི་ཀུན་སྤྱོད་ཧ་ཅང་ཞན་ཡང་ཁོའི་རིག་གནས་ཀྱི་རྨང་གཞི་ལེགས་པས་ཁོས་དཔེ་ཆ་དེ་རྩ་ཆེན་ཡིན་པ་ལོས་ཤེས། ཁོ་པ་སྨྱོ་བ་ལྟར་སྐད་ངན་ཆེན་པོ་ཞིག་འདོན་བཞིན་དཔེ་ཆ་དག་ཕྲག་འོག་ཏུ་བཅུག་སྟེ་སླར་ཁང་པའི་ཕྱི་རོལ་དུ་རྒྱུགས། ད་གཟོད་ཀྱི་གནས་ཚུལ་དེས་ཁོ་པའི་བཟི་ཁའང་ཅུང་དྭངས་ནས་ཡོད་མོད། ཁོ་པ་རྒྱུན་པར་ཆང་རག་དང་འཆལ་སྤྱོད་ལ་དགའ་སྟབས། ཕྱི་རོལ་ན་ལུས་འདྲེས་བྱེད་མྱོང་བའི་ན་གཞོན་མ་བཅུ་གྲངས་ལས་བརྒལ་ཡོད་པས་གཡང་སྐྱིད་ཅེས་པ་སུ་ཡིན་ཁོ་པའི་སེམས་ན་གསལ་ཆ་གཏན་ནས་མ་ཐོན། ཁོ་པ་རླངས་འཁོར་དུ་ཞུགས་རྗེས་གར་འགྲོའི་ལམ་དང་འདིར་སྡོད་ཀྱི་གནས་ཙམ་མེད་པས་སྦྱར་ལོ་རླུང་གིས་ཁྱེར་བ་ལྟར་དུ་གྱུར། སོང་སོང་བའི་མཐར་ཨར་ཁང་ཆུང་ཆུང་ཞིག་གི་སྒོ་ཁར་སླེབས་པ་དང་། ཁོ་པས་ཙིར་སྒྲ་དང་བཅས་རླངས་འཁོར་དེ་གར་ཁ་བཀག་རྗེས་ཨར་ཁང་དེའི་ནང་དུ་འཛུལ། དུས་ཡུན་ཆུ་ཚོད་གཅིག་ཙམ་འདས་པ་ན་ཁོ་པ་ར་ཡོངས་སུ་བཟི་སྟེ་རང་ལུས་རང་གིས་མི་ཐེགས་པའི་ཚོད་དུ་སླེབས་ཀྱང་། ཞབས་ཞུ་མ་འགའི་རོགས་འདེགས་འོག་རླངས་འཁོར་དུ་འཛུལ་ཏེ་རླངས་འཁོར་བསྐོར་ནས་སླར་ཡང་དམིགས་ཡུལ་ངེས་མེད་ཀྱི་ས་ཆ་ཞིག་ལ་ཆས།
ཉིན་གཉིས་པའི་ཞོགས་པར་ད་གཟོད་ཁོ་པ་མི་དམངས་སྨན་ཁང་གི་མལ་ཁྲིའི་སྟེང་ན་ཉལ་ནས་ཡོད། སེམས་བཟང་སུ་ཞིག་གིས་ཁོ་པ་འདི་གར་བསྐྱལ་འོངས་བ་རང་ཉིད་ཀྱིས་ཀྱང་མ་ཤེས། མཇིང་པ་དང་མགོ་བོ། གདོང་པ་ཚང་མར་ཁྲག་རལ་ཛར་ཛར་དུ་སྣང་བས་བལྟས་པ་ཙམ་གྱིས་འཇིགས་སྣང་སྐྱེ་བའི་ཚད་དུ་ཡིན་ཡང་། སྨན་པ་དེས་ཇི་མི་སྙམ་པར་ཁོ་པའི་རྨ་ཁ་རྣམས་ཞིབ་ཚགས་ཀྱིས་བཙེམས། ཉིན་གསུམ་ཙམ་འདས་པ་ན་ཁོ་པའི་ཕ་རྒན་ཡང་དེ་གར་འབྱོར། ཕ་རྒན་གྱི་ངོ་གདོང་གཉེར་མས་དཀྲིགས་ཤིང་། གྱོན་པ་ཧྲལ་ཧྲུལ་དུ་གྱུར་ཡོད་ལ། སྐྲ་ལོ་དག་ལས་ཀྱང་སྐྱ་ཕྱེད་སྔོ་ཕྱེད་དུ་སོང་ནས་ཡོད། ཕ་རྒན་གྱི་ཨམ་ཕྲག་ནང་སྒོར་གསུམ་སྟོང་ལས་མེད་སྟབས་དེས་ཁོ་པའི་སྨན་རིན་གྱི་ཕྱེད་ཀའང་མ་ལོན། རྒན་པོས་ཐབས་ཅི་ཡོད་ཀྱིས་ཁོ་པའི་རླངས་འཁོར་དེ་འཇམ་དཔལ་ཡེ་ཤེས་དེ་སྔ་ཁོ་པའི་ཚོང་གྲོགས་ཟེར་བའི་ཚོང་པ་ཞིག་གིས་ངོ་སོ་སྤྲད་དེ་སྒོར་ཁྲི་གཉིས་རྒན་པོའི་ལག་ཏུ་བཞག་ནས་རླངས་འཁོར་བསྐོར་ནས་བུད་སོང་། རླངས་འཁོར་དེ་ཕྱི་རྒྱལ་གྱི་ཚོང་རྟགས་ཡིན་པའི་རླངས་འཁོར་ཅུང་ལེགས་གྲས་ཤིག་ཡིན་པས། གསར་དུ་ཉོ་སྐབས་འཇམ་དཔལ་ཡེ་ཤེས་ཀྱིས་སྒོར་ཁྲི་སུམ་ཅུ་སྤྲད་པ་ཡིན་ནའང་། ད་གཟོད་ཁོ་བོའི་ཨ་ཕས་སྒོར་ཁྲི་གཉིས་དང་བརྗེས་པ་མ་ཟད། ད་དུང་ཚོང་དཔོན་དེར་ཐུགས་རྗེ་ལན་འབུལ་ཡང་ཡང་ཞུས་པའི་ཚུལ་ལ། དེར་ཡོད་ཀྱི་སྐྱེས་པ་བསམ་ཤེས་ཅན་ཚོའི་སྣ་ལ་ན་ཟུག་བཏང་།
ཟླ་བ་གཅིག་ལྷག་ཙམ་སྨན་ཁང་དུ་བསྡད་རྗེས། ཁོ་པའི་རྨ་ཁ་རྣམས་ཡོངས་སུ་སོས་ཡོད་ཀྱང་། དེ་དུས་འཇམ་དཔལ་ཡེ་ཤེས་ལ་སྔར་གྱི་རྫིག་ཉམས་དེ་འདྲ་གཏན་ནས་མེད། ཁོ་པའི་གདོང་པ་སྐྱ་ལ་རིད་པར་གྱུར་ཡོད་པ་མ་ཟད། མཁུར་རུས་དང་དཔྲལ་རིས་རྣམས་གསལ་བར་ཐོན་ཡོད་ཅིང་། སྐྲ་ལོའང་རིང་ཞིང་འཕྱིང་ནས་ཡོད་པས་དེ་སྔའི་ཆོས་གྲོགས་དང་ཚོང་གྲོགས་སུས་ཀྱང་། ཁོ་པ་ངོས་བཟུང་མི་ཐུབ་པའི་ཚད་དུ་སླེབས། ལྷག་པར་དུ་ཁོ་པའི་ཀླད་པར་རྨས་སྐྱོན་ཚབས་ཆེན་ཕོག་པ་དེས་ཁོ་པ་རྒྱུན་གཏན་ལྟར་མ་ཡིན་པར་སྨྱོ་འཚུབ་འཚུབ་ཏུ་གྱུར་ཡོད་ལ། སྐད་ཆའང་རྡབ་རྡིབ་ཅིག་ལས་སྨྲ་མི་ཐུབ། ཕ་རྒད་པོས་ཁོ་པ་སྐྱོར་ནས་སྨན་ཁང་གི་སྒོ་ཐོན་ནས་འགྲོ་སྐབས། བུད་མེད་ཅིག་ཕྲུ་གུ་བཙས་ནས་ཕྱིར་ཐོན་ཡོང་བ་དང་འཕྲད།
འཇམ་དཔལ་ཡེ་ཤེས་ཀྱིས་བུད་མེད་དེའི་ཕྱོགས་སུ་མིག་ཟུང་ལྡིར་ཏེ་ཁ་ནས་རྡབ་རྡིབ་འགའ་ཤོད་པ་དང་། ཡང་དེའི་ཕྱོགས་སུ་གད་མོ་བགད་པ་དང་། དེར་བལྟས་ནས་མིག་ཆུ་གཏོང་བར་བྱེད་མོད། ཕ་རྒན་གྱིས་ཁོ་པ་འཆོལ་སོང་བ་རེད་སྙམ་ནས་ཁ་ཡ་གཏན་ནས་མ་བྱས། པང་དུ་བྱིས་པ་ཐོག་པའི་བུད་མེད་དེས་རིག་པ་འཆོལ་ཞིང་རང་ཚུགས་མི་ཐུབ་པའི་སྐྱེ་བོ་དེའི་གདོང་ལ་བལྟ་ཙམ་བྱས་རྗེས། འཇིག་རྟེན་འདིའི་ཐོག་རང་ཉིད་ལས་ཀྱང་ལས་ཟད་པའི་སྐྱེ་བོ་འདི་འདྲ་ཡོད་པ་ལའང་སྙིང་རྗེ་གཏིང་ནས་སྐྱེས། དོན་དུ་ཕྲུ་གུ་པང་དུ་ཐོགས་པའི་བུད་མེད་དེ་ནི་དེ་སྔོན་ཁོ་པས་བསླུ་བྲིད་ཐེངས་མང་བྱ་མྱོང་བའི་གཡང་སྐྱིད་ཡིན་ཞིང་། ཁོ་པས་ཁོ་མོ་ངོ་རྟགས་ཆོད་ཅིང་པང་དུ་བཏབ་པའི་ཕྲུ་གུ་དེའང་རང་གི་ཕྲུ་གུ་ཡིན་པ་ངོས་བཟུང་ནའང་། གཡང་སྐྱིད་ཀྱིས་སྐྲ་ལོ་འཕྱིངས་ཤིང་། རིག་པ་འཆོལ་ལ། སྐད་ཆའང་སྨྲ་མི་ཐུབ་པའི་ཤ་སྐམ་ལྤགས་སྐམ་ཅན་གྱི་མི་དེ། དེ་སྔོན་རང་ཉིད་ཀྱི་ལང་ཚོའི་མེ་ཏོག་བཅོམ་མཁན་གྱི་ཕོ་གསར་རྫིག་པོ་དེ་ཡིན་པ་ཡིད་ལའང་མ་ཤར།
ཉི་ཟླའི་འགྲོས་རིམ་གྱིས་ལོ་ཟླའི་བརྩེགས་པ་རིམ་གྱིས་བརྩིགས་ནའང་། འཇམ་དཔལ་ཡེ་ཤེས་ཀྱི་ནད་གཞི་སངས་དྲག་དུ་འགྲོ་བའི་གོ་སྐབས་གཏན་ནས་མ་ཐོབ། ཁོ་པ་སྨན་ཁང་ལས་ཐོན་ཏེ་ཁྱིམ་དུ་སླེབས་སྐབས་ལང་ཚོ་ཉམས་ཤིང་རིག་པ་འཆོལ་ནས་སྐད་ཆ་འདྲ་མིན་ཤོད་མཁན་ཞིག་ཏུ་གྱུར་ནའང་། སྨྱོན་པ་ཞིག་གི་ཚད་དུ་ད་དུང་ཡང་སླེབས་མེད། ཁོས་རང་གི་བཟའ་བཏུང་དང་འགྲོ་སྡོད་ལ་རང་ཚུགས་ཐུབ་ཅིང་། སྔར་གྱི་གོམས་ལོབས་ལྟར་དཔེ་ཆ་སྣ་རིང་ཞིག་བཏོན་ཏེ་ཁ་མུག་མུག་གིས་ཅི་ཞིག་བཟློ་བ་མ་ཟད། གྲོང་ཁྱེར་གྱི་འཚོ་བར་ལངས་ཤོར་དུ་སོང་བས། གྲོང་ཚོ་ཆུང་ཆུང་འདི་འདྲ་ཞིག་ལ་སྡོད་མི་འདོད་པར་ཞོགས་པ་རེ་རེ་བཞིན་སྤྱི་སྤྱོད་རླངས་འཁོར་ལ་ཞུགས་ཏེ་རྫོང་དང་གྲོང་ཁྱེར་སོགས་ལ་འགྲོ་བ་དང་། དགོང་མོ་སླར་རང་ཁྱིམ་དུ་ལྡོག་གྱིན་ཡོད།
འགྲིམ་འགྲུལ་དོན་རྐྱེན་ལྷགས་པའི་ལོ་དེ་ནས་བཟུང་ཁོ་པའི་དཔལ་འབྱོར་གྱི་འབབ་སྒོ་ཉིན་མོའི་སྐར་མ་དང་མཚུངས་པར་གྱུར་མོད། སྔར་གྱི་གོམས་གཤིས་སུ་གྱུར་བའི་འཚོ་སྟངས་ངན་ལོབས་སུ་གྱུར་ཏེ་ད་ལྟ་ཕ་རྒན་གྱིས་སྤྲད་པའི་དངུལ་ཕྲན་བུ་དེས་ཁོ་པའི་དུ་ཆང་དང་རྒྱས་སྤྲོས་ཀྱི་རིན་པ་གཏན་ནས་མ་ལོན། ཡུལ་དེའི་སྤྱི་སྤྱོད་རླངས་འཁོར་ཏག་ཏག་རུ་གསར་སྡེ་པའི་མདུན་གྱི་གཞུང་ལམ་བརྒྱུད་ཀྱི་ཡོད་པ་དེས་ཁོ་པ་ཉིན་ལྟར་རྫོང་ཐོག་ལ་འགྲོ་རྒྱུར་སྟབས་བདེ་བསྐྲུན་པས། ཞོགས་པ་གྲོང་ལས་ཐོན་ཏེ་རྫོང་དུ་འགྲོ་བ་དང་། དགོང་མོ་སྤྱི་སྤྱོད་རླངས་འཁོར་ཕྱིར་འཁོར་བ་དང་བསྟུན་ནས་སླར་རང་ཁྱིམ་དུ་ལྡོག་པ་ནི་ཁོ་པའི་ཉིན་གཅིག་གི་བྱ་བར་གྱུར། དེ་ལྟར་ཁོ་པ་ཉིན་རེ་བཞིན་ཡར་འགྲོ་མར་འགྲོ་བྱེད་པས། སྤྱི་སྤྱོད་རླངས་འཁོར་གྱི་ཁ་ལོ་བ་དག་དང་ངོ་ཤེས། ཁོ་པས་ཆང་རག་གི་བཟི་ཁ་ལས་ཁ་ལོ་བར་དབྱིན་སྐད་དང་རྒྱ་སྐད་བསྲེས་མའི་གཏམ་སྣ་ཚོགས་ཤོད་པ་དང་། ཡང་མཚམས་རེ་ཆོས་ཀྱི་གནས་ལུགས་ཟབ་མོ་རེ་འགའ་འམ། ངོ་མཚར་ཆེ་བའི་ལོ་རྒྱུས་དུམ་བུ་འགའ་སོགས་རང་དགར་ཤོད་པར་བྱེད། གཞན་གྱིས་ཁོ་ལ་ཁ་ཡ་གཏན་ནས་མི་བྱེད་མོད། ཁ་ལོ་བ་དེ་ཡང་རིག་གནས་ཅུང་ཟད་ཤེས་མཁན་ཞིག་ཡིན་པས། ཁ་ལོ་བས་ཁོ་པའི་སྐད་ཆའི་ནང་དོན་ཟབ་པ་དང་གནས་ལུགས་ལྡན་པའི་གཏམ་མང་དག་ཡོད་པར་མཐོང་ནས། ཁོ་པའི་གཏམ་གླེང་ཉན་རྒྱུར་ཤིན་ཏུ་དགའ་བར་གྱུར། དེ་ལ་བརྟེན་ནས་ཁ་ལོ་བས་རྒྱུན་པར་ཁོ་པ་རང་ཉིད་ཀྱི་གམ་དུ་སྡོད་དུ་བཅུག་པ་མ་ཟད། བསྡད་གླའང་གཏན་ནས་མི་ལེན་ཁར་དུ་བ་སྒམ་གཅིག་ཙམ་དང་ཡང་མཚམས་རེ་སྦི་རག་དམ་བི་རེ་གཉིས་ཉོ་བར་བྱེད། ལྷག་པར་དུ་ཐེངས་གཅིག་འགྲུལ་སྐྱེལ་རླངས་འཁོར་ནང་ཕྱི་རྒྱལ་བ་གསུམ་ཡོད་པས། དེ་རྣམས་དང་ཁ་ལོ་བ་གཉིས་གོ་བརྡ་གཏན་ནས་མ་འཕྲོད། རླངས་འཁོར་ནང་གི་མི་ཐམས་ཅད་གཅིག་ངོར་གཅིག་གིས་ལྟ་བཞིན་མཆིས་པ་ལས་སུས་ཀྱང་དབྱིན་སྐད་མི་ཤེས་པས་ཐབས་ཤེས་གཏན་ནས་མེད་པར་གྱུར། སྐབས་དེར་ཁ་ལོ་བའི་གཞོགས་གཡས་ཀྱི་རྐུབ་སྟེགས་ན་འདུག་པའི་སྨྱོན་པ་དེས་ཧ་ཅང་སྒྲ་དག་ཅིང་མགྱོགས་པའི་སྒོ་ནས་ཕྱི་རྒྱལ་བ་དག་དང་བགྲོ་གླེང་བྱས་པས། དེར་ཡོད་ཀྱི་མི་ཚང་མ་ཧད་དེ་ལུས། འཇམ་དཔལ་ཡེ་ཤེས་ཀྱིས། ཁ་ལོ་བར"ཁོང་ཚོ་ཡོ་རོབ་ནས་རེད་འདུག ངེད་ཚོའི་ཕུའི་དགོན་པ་ན་འགྲོ་མཁན་རེད་འདུག མ་ཟད་ཁོང་ཚོས་བོད་མིའི་འཚོ་བ་དང་གོམས་གཤིས་འགའ་པར་དུ་ལེན་པ་དང་། ཟིན་བྲིས་སུ་འདེབས་ཀྱི་ཡིན་ཟེར་གྱིས"ཞེས་བཤད་པས། དེར་ཡོད་མི་ཚང་མ་ཧང་སངས་པར་གྱུར།
གྱེས་ཁར་ཕྱི་རྒྱལ་བ་དེས་འཇམ་དཔལ་ཡེ་ཤེས་སམ་བླ་མ་སྨྱོན་པར་ལག་པ་བཏང་ཤིང་། དྲན་རྟེན་དུ་རང་ཉིད་ཀྱི་སྐེ་ལ་གྱོན་པའི་རྒྱང་ཤེལ་དེ་ཕུད་དེ་ཁོ་པར་སྤྲད། སྡེ་པའི་མི་ཚོས་མཐོང་ཆུང་དང་བརྙས་དམོད་ཀྱི་རྐང་འོག་ན་བརྫི་བའི་སྐྱེ་བོ་དེར། རྒྱང་རིང་ནས་སླེབས་པའི་རྒྱུས་མེད་ཀྱི་སྐྱེ་བོ་ཞིག་གིས་དེ་ལྟ་བུའི་མཐོ་ཆེན་དང་ངོ་སོ་སྤྲད་པར་ཡུལ་དེའི་སྐྱེ་བོ་རྣམས་ངོ་མཚར།
དེ་ལྟར་ལོ་ངོ་བདུན་ཙམ་འདས་པ་ན་ཁོ་པའི་ཕ་རྒན་མི་ཡུལ་དང་གཏན་བྲལ་བྱས། དེ་དུས་ཁོ་པའི་གཅེན་མོ་དང་མག་པས་ཁོ་པའི་སྤྱོད་པ་མི་ལེགས་ཤིང་། གཙང་སྦྲ་ཞན་ལ། རྒྱུན་པར་སྒོར་མོ་མང་པོ་འཕྲོ་བརླག་ཏུ་གཏོང་བ་སོགས་རྒྱུ་མཚན་དུ་བྱས་ནས་ཁོ་པ་ཁྱིམ་དུ་ཡོང་བར་སུན་སྣང་ཚད་མེད་བྱས། ལྐུགས་པས་མོག་མོག་བཟས་ཀྱང་སེམས་ལ་གྲང་ཀ་ཡོད་པའི་དཔེ་ལྟར། རྐྱེན་དེས་ཁོ་པ་སེམས་མི་སྐྱིད་ཅིང་། དུས་དེ་ནས་བཟུང་སྨྱོན་པའི་སྤྱོད་ཚུལ་ཇེ་ལྕི་དང་ཇེ་ལོད་དུ་སོང་བ་མ་ཟད། སྦི་རག་འཐུང་བ་ལས་ཨ་རག་དཀར་པོ་འཐུང་རྒྱུར་དགའ་བར་གྱུར། དུ་བ་ཡང་ལམ་ཟུར་དང་གད་སྙིགས་སོགས་ལས་གཞན་གྱི་འཐེན་འཕྲོ་དག་བཏུས་ཏེ་འཐེན་པ་མ་ཟད། མཚམས་རེ་ར་བཟི་ནས་རྒྱ་ལམ་དང་བཟའ་ཁང་གི་སྒོ་འགྲམ་སོགས་སུ་ཉལ་ནས་སྡོད་ལ་བཙོག་གཅིན་ཡང་དོར་མའི་ནང་ཤོར་འགྲོ་བས། མི་རིང་བར་ཁོ་པའི་གམ་ནས་རྫིང་དྲི་ངར་པོ་འཐུལ་རྐྱེན་མི་ཚང་མས་ཁོ་པར་གཡོལ་ནས་འགྲོ་བ་ཡིན། མ་ཟད་ཁོ་པས་རྒྱུན་དུ་གད་སྙིགས་ཀྱི་ནང་ནས་སྒྲུག་པའི་དུ་བ་འཐེན་འཕྲོ་དང་། ཨ་རག་གཙང་བཙོག་སྣ་ཚོགས་ཁྱེར་ཡོང་བས། དེ་དུས་ཁོ་པའི་གཅེན་མོ་དང་མག་པས་ཁོ་པ་ཁྱིམ་དུ་ལོག་རྒྱུར་སུན་སྣང་བྱེད་པ་ཙམ་མ་ཡིན་པར། ཁོ་པའི་མལ་གོས་དག་འོག་ཁང་ཆུང་ཆུང་ཞིག་ཏུ་བསྐྱལ་ཅིང་། ཇ་དང་ལྟོ་རྣམས་དུས་ཐོག་ཏུ་བསྐྱལ་བར་འོངས། ཁོ་པ་ར་བཟི་དྲགས་པས་མཚམས་རེ་གཅེན་མོས་བསྐྱལ་བའི་ཐུག་པ་སོགས་གཏན་ནས་མི་འཐུང་ལ། ཡང་མཚམས་རེ་གཅེན་མོའི་ཕྲུ་གུ་ལོ་དགུ་ལ་སོན་པ་ཞིག་ཡོད་པ་དེས་སྐྱུག་བྲོ་དང་ཞེད་སྣང་བྱས་ཏེ་ལྟོ་ཆས་རྣམས་ཁོ་པའི་གམ་དུ་མི་བསྐྱལ་བས་ཁོ་པར་དུས་ཐོག་ཏུ་ཟ་མ་མ་རག་པས་རྒྱགས་ཕྱེད་ལྟོགས་ཕྱེད་ཙམ་དུ་ལུས། ཁོ་པའི་གོས་ནི་ལྤགས་པ་ཤ་འབྱར་ལྟར་དབྱར་དགུན་དང་སྟོན་དཔྱིད་མེད་པར་བརྗེ་ལེན་གཏན་ནས་བྱ་མ་མྱོང་ཞིང་། དོར་མ་དང་ཚིལ་ལེན་ཐམས་ཅད་ཚེམ་སྲུབ་ལ་ཤིག་སོའི་རལ་པ་ཆགས་ཤིང་། དྲེག་པས་ཐོག་མའི་ཁ་དོག་ཀྱང་ངོས་བཟུང་དཀའ་ལ། དེ་ལས་ལོད་པ་ནི་ཁོ་པའི་གྱོན་པ་དང་ལུས་པོ་ཀུན་ལས་རྫིང་དྲི་ངར་པོ་སྣས་བཟོད་དཀའ་བ་ཞིག་འཐུལ་འོངས་བ་མ་ཟད། དུས་ཡུན་རིང་པོ་འདས་པས་དྲི་ངད་ངར་པོ་དེ་ཁོ་ཚོའི་ཐབ་ཚང་དང་མཆོད་ཁང་ཀུན་ལ་ཁྱབ་པར་བྱས། དེ་དུས་སླར་ཡང་ཁོ་པའི་གཅེན་མོ་དང་མག་པ་གཉིས་གྲོས་བྱས་རྗེས། ཁོ་པ་འོག་ཁང་ལས་བསྒྲལ་ཏེ་བག་ཤུར་ལས་གྲུབ་པའི་གཟན་ཁང་དེའི་སྦྲིགས་སུ་བསྐྱལ།
ཁོ་པར་མལ་གཟན་སྤུ་ཟད་དྲེགས་པས་ཟིན་པ་གཅིག་དང་། དགོན་པར་སྡོད་སྐབས་ཀྱི་ཟླ་གམ་གཅིག དེ་བཞིན་ཁ་གདན་རྙིང་སོང་གཅིག་དང་ཡོ་ཆས་བླུགས་པའི་སྒྱེ་རེའི་ལྟོ་ཕད་གཅིག་བཅས་གཟན་ཁང་དེར་བསྐྱལ་བ་ན། ཁོ་པ་ཡིད་མ་རངས་པར་གཅེན་མོ་དང་མག་པའི་ཕྱོགས་སུ་?་དང་པོ་ཐོ་ལག་ཏུ་ཅི་ཐེབས་འཕེན་བཞིན་ཁ་ནས་མུག་མུག་འགའ་བཟློས། དེ་དུས་མག་པ་ཞེ་སྡང་ལངས་ཏེ་ཕུ་ཐུང་བརྫེས་ནས་བླ་མ་སྨྱོན་པའི་ཕྱོགས་སུ་ཤོར་བྱུང་བ་ན་གཡུ་ལོ་སྒྲོལ་མ་དང་། གྲོང་མི་འགས་བཀག "སྨྱོན་པར་ཁ་ཡ་བྱ་རྒྱུ་ཅི་ཡོད།" གཡུ་ལོ་སྒྲོལ་མས་མག་པར་དེ་ལྟར་སྨྲ་བཞིན་ཁོ་པའི་ལག་ནས་འཇུས་ཏེ་ཁྱིམ་དུ་ཁྲིད། བླ་མ་སྨྱོན་པའི་ངོ་གདོང་ཐལ་སྐྱར་གྱུར་ཅིང་། མིག་མཐར་མཆི་ཞགས་དཀྲིགས་པའི་ངང་ཚུལ་ལ་བལྟས་ན་ཁོ་པས་ཆུང་ངུའི་དུས་ཀྱི་འོད་ལྡན་གྱི་ཕུགས་རེ་དག་གམ། གཞོན་དུས་སུ་རིག་པ་རྐྱེན་ཞིང་གཞན་གྱི་ཡིད་སྨོན་འཆོར་ཡུལ་དུ་གྱུར་མྱོང་བ་དྲན་སོང་བ་འདྲ་ལ། ཡང་ན་གཡང་སྐྱིད་དང་བདེ་སྐྱིད། ད་དུང་ཁོ་མོ་གཉིས་ཀྱི་པང་ན་ཡོད་པའི་རང་གི་ཕྲུ་གུ་ཚོ་དྲན་སོང་བའམ། རང་ཉིད་ཀྱི་ད་ལྟའི་གནས་བབས་ཡིད་སྐྱོ་ཞིང་ཡ་ང་བ་ཅི་ཞིག་གིས་ཁོ་པའི་ཡིད་སེམས་འདི་ལྟར་མུག་པོར་བཏང་བ་ཡིན་སྲིད་མོད། གང་ལྟར་ཡང་ཁོ་པའི་མིག་མཐར་བརླན་པའི་མཆི་མ་དང་། སྐྱ་མདོག་ཏུ་གྱུར་བའི་གདོང་པ་ལས་ཡུལ་མི་ཚོས་ཁོ་པར་སྙིང་རྗེ་ཆེན་པོ་སྐྱེས་ཤིང་། དེ་ནས་བཟུང་ཡུལ་མི་རེ་འགས་ཁོ་པར་ཟས་སྐོམ་གྱི་སྣེ་ལེན་བྱེད་པ་དང་ཡང་ན་གོས་རྙིང་སོགས་སྦྱིན་པར་བྱེད་དོ།
ཁོ་པར་གོད་ཆག་དང་བར་ཆད་འདི་ལྟར་བྱུང་ཞིང་། སྐྱེ་བོ་ཀུན་གྱིས་འཕྱ་དམོད་དང་སྙིང་རྗེའི་ཡུལ་དུ་གྱུར་བ་མ་ཟད། འཚོ་ཐབས་དང་གསོན་ལུགས་ཙམ་ལའང་བར་ཆད་འཕྲད་པའི་གནས་བབས་འདི་འདྲར་གྱུར་ནའང་། ཁོ་པས་ཞོགས་པ་སྔ་པོའམ་ཡང་ན་དགོང་དྲོ་གཟན་ཁང་དུ་འཁོར་ཟིན་རྗེས་དཔེ་ཆ་སྣ་རིང་དེ་ཀློག་པར་བྱེད་ཅིང་། ཞ་སྨྱུག་ཁ་ཟད་དེས་ཁྲོམ་ནས་བསྒྲུགས་པའི་ཤོག་ཧྲུལ་དེ་དག་གི་སྟེང་དུ་ཡི་གེ་འགའ་འབྲི་པའི་གོམས་སྲོལ་དེ་ད་དུང་ཡང་མ་ཉམས་པར་གནས་མུས་ཡིན། གཟན་ཁང་དེའི་སྦྲིགས་ན་ཁོ་པས་ཁྲོམ་གཞུང་ནས་སྒྲུག་འོངས་བའི་དུ་བ་འཐེན་འཕྲོ་དང་ཨ་རག་བླུགས་སའི་དམ་བེ་སོགས་ཕུད། ད་དུང་ཆེ་ཆུང་དང་ཚོས་གཞི་མི་གཅིག་པའི་ཤོག་སྙིགས་མང་པོ་མཐོང་རྒྱུ་ཡོད་ཅིང་། དེ་དག་ཕལ་ཆེར་ཡི་གེས་བཀང་ནས་ཡོད།
ཁོ་པ་དུར་འཇུག་བྱེད་པའི་ཉིན་དེར་གྲྭ་པ་གསུམ་ཁོ་པ་ཉལ་སའི་གཟན་ཁང་དེར་བོས་ནས་རིམ་འགྲོ་བྱས་ཤིང་། དེ་དུས་གཟན་ཁང་གི་སྦྲིག་ལོགས་ནས་བོད་ཀྱི་ལོ་རྒྱུས་དཔེ་རྙིང་གཏེར་མ་གཅིག་དང་། བླ་སྨྱོན་རང་ཉིད་ཀྱིས་བྲིས་པའི་དེའི་སྐོར་གྱི་དོགས་དཔྱོད་ཤོག་གྲངས་བརྒྱར་ཉེ་བ་ཞིག་བཙལ་རྙེད་ཐུབ་ཅིང་། དེ་དག་ལ་བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་འགའ་དང་། གནའ་རྫས་ཞིབ་འཇུག་ཀྱི་མཁས་དབང་འགའ། སྤྱི་ཚོགས་ཚན་རིག་ཁང་གི་མཁས་དབང་འགའ་བཅས་ནས་ཞིབ་དཔྱད་ཐེངས་མང་བྱས་མཐར། དེ་ནི་དཔེ་རྒྱུན་སྟོངས་ཟིན་པའི་དཔེ་རྙིང་རྩ་ཆེན་ཞིག་ཡིན་པར་ར་འཕྲོད་ཅིང་། ཁོང་ཚང་ལ་སྒོར་ཁྲི་བཅུ་ཡི་བསླུ་ཡོན་སྤྲད་དེ་དཔེ་ཆ་དེ་དང་། དེའི་སྐོར་གྱི་དོགས་དཔྱོད་རྩོམ་ཡིག་དག་ཁོང་ཚོས་ཁྱེར་ནས་སོང་། དེ་དུས་ཡུལ་མི་ཚོ་སླར་ཡང་ངོ་མཚར་སྐྱེས་ཏེ་བླ་མ་སྨྱོན་པའི་སྐུ་ཕུང་ལ་ཕྱག་འཚལ་ཅིང་། རྫིང་དྲིས་འཚོས་པའི་ཁོ་པའི་གྱོན་པ་དང་། རལ་པར་གྱུར་བའི་སྐྲ་ལོ་སོགས་ལ་བྱིན་རྟེན་ཡིན་ཚུལ་གྱིས་ཧབ་ཐོབ་བརྒྱབ།
རྩོམ་སྒྲིག་འགན་འཁུར་བ། བསྟན་པ་ཡར་རྒྱས།