སྒོར་མོ།

བོད་རྩེ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        སྐོར་རྩེ་ལུང་ཟེར་བའི་ས་ཆ་འདིའི་དགུན་དུས་ནི་གྲང་ངར་རྒོད་ས་ཞིག་རེད། ཁ་བ་མ་བབ་རུང་གྲོང་བར་ནས་ཡར་མར་སོང་ན་ངོ་གདོང་དང་རྒྱབ་གཞུང་། ལག་མགོ པུས་མོ་སོགས་སུ་རླུང་དང་ཙག་བརྒྱབ་སྟེ་སྨུག་པོར་བསྒྱུར་འོང་།  ང་རང་ས་ཆ་འདིར་ཡོང་འདོད་གཏན་ནས་མེད་ཀྱང་ཕ་མ་གཉིས་ཀྱིས་འདི་རུ་མི་མང་བས་ང་ཚོ་རྒྱུ་ཐོག་ཏུ་རྒྱག་པ་རེད་ཅེས་བཤད་དེ་ང་དང་ནུ་མོ་གཉིས་བཙན་གྱིས་ཁྲིད་ནས་ཡོང་བ་རེད། 

 

        ཨ་མས་སྒོར་མོ་སློང་དུས་ངོ་ཚ་མི་ཉན། ཁྱེད་རང་སློབ་གྲྭ་རུ་འགྲོ་བསམ་ན་ངེས་པར་དུ་ཟླ་བ་གཉིས་ལ་སྒོར་གསུམ་སྟོང་ཁྱེར་ཤོག་ཟེར།

 

         སློབ་གྲྭ་ན་ཡོད་དུས། སློབ་གྲོགས་འགའ་རེ་སློང་མོར་འགྲོ་རན་དུས་དགའ་སྤྲོས་ཁེངས་ཏེ་དཔེ་ཁུག་ལ་?ག་པས་རྫི་བཞིན་ཁྱིམ་དུ་རྒྱུག་འགྲོ དྲང་མོར་བཤད་ན། ང་ནི་ཁོ་ཚོའི་བྱ་སྤྱོད་ལ་ཡ་མཚན་སྐྱེས་པ་ཞིག་རེད། ངས་ནམ་རྒྱུན་སློང་མོར་འགྲོ་དུས། ཁོ་ཚོའི་དགའ་སྤྲོ་དེ་ནི་སློབ་སྦྱོང་བྱེད་མི་དགོས་པའི་རྒྱུ་མཚན་གྱིས་བྱུང་བ་ཡིན་ནམ། ཁོ་ཚོ་མ་གཞི་ནས་སྤྲང་པོའི་ལས་རིགས་འདི་ལ་དུང་བའི་རྒྱུ་མཚན་གྱིས་ཡིན་པ་རེད་འདོད་མྱོང་། གང་ལྟར། ང་ནི་ལས་ཀ་འདི་ལ་མི་དགའ་ཡང་མུ་མཐུད་དུ་སློབ་གྲྭར་འགྲོ་དགོས་ན་གནས་སྐབས་སུ་ངོ་ཚ་འདི་མི་སྤངས་ཀ་མེད་རེད། 

 

         ང་ཚོ་གླ་འཁོར་ཞིག་ལ་བསྡད་དེ་རྒྱུ་ལ་ཕྲ་མོ་ནས་མར་འབབ་དུས། རླངས་འཁོར་ནང་གི་གཞོན་ནུ་ཞིག་དང་ཁ་ལོ་བ་གཉིས་ཀྱིས། དེང་སང་ཕྱོགས་སོ་སོ་ན་འགྲོ་བཞིན་པའི་སྤྲང་པོ་ཚོའི་དབང་བོར་སྐྱོན་ཅིའང་མེད་མོད། སྤྲང་ལས་རྐྱང་རྐྱང་ལ་འབད་ཀྱིན་འདུག དངོས་གནས་མཚར་བོ་རེད་ཟེར་བཞིན་རང་རང་གི་ལྟ་ཚུལ་སྐད་གསང་མཐོན་པོས་བཤད་ཀྱིན་འདུག སྐད་ཆ་དེ་གོ་བས་ང་ནི་ཆུ་ཚའི་ནང་དུ་འཕངས་བ་བཞིན་འགྲམ་ཤ་གཉིས་ཚ་བོར་གྱུར་ནས་ཅི་བྱེད་འདི་བྱེད་མེད་པར་ཕ་མ་གཉིས་ལ་ལྟ་དུས། ཨ་ཕ་ནི་གཉིད་དུ་ཡུར་ནས་སྔུར་བ་ཡང་འཐེན་གྱིན་འདུག་པས་སྐད་ཆ་དེ་གོ་མེད་ཚོད་རེད། འོན་ཀྱང་། ཨ་མ་གཉིད་མེད་རུང་སྒེའུ་ཁུང་གི་ཕྱི་རོལ་དུ་བལྟས་ནས་སྐད་ཆ་དེ་ལ་དོ་སྣང་ཙམ་ཡང་བྱེད་ཀྱིན་མི་འདུག

 

        ང་ཚོ་ནི་དུས་རྟག་ཏུ་འཕྱ་སྨོད་འདི་དག་གི་ཁོར་ཡུག་ནས་འཚོ་གནས་ལ་འབད་ཀྱིན་པའི་མི་ཡི་རིགས་ཤིག་ཡིན་པས།  ད་ལྟ་མི་ཆེན་ཚོ་དང་བྱིས་པ་འགའ་རེ་ཡིས་ཁྲབ་རྨོག་གྱོན་པ་ལྟར་འཕྱ་སྨོད་འདི་དག་ལ་སྔར་ནས་ལོབས་ཟིན་པས། སེམས་ལ་རྨས་སྐྱོན་ཡང་བཟོ་མི་ཐུབ། 

 

     ཉིན་དེར་ང་ཚོ་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡས་མས་ཤིག་ལ་དར་གྲོང་དུ་ཐོན་པ་ཡིན། ད་ལྟ་ངས་གསལ་བོར་དྲན་པ་ནི། གྲོང་བར་དུ་འབུ་གྲོག་མ་ལས་ཀྱང་མང་བའི་རླངས་འཁོར་ནི་སྐད་ཅིག་ཙམ་ཡང་མི་སྡོད་པར་མདུན་ནས་མདུན་དུ་རྒྱུག གཟུགས་རིང་ཐུང་དང་ཤ་ཚོ་གྱོང་། ལོ་རྒན་གཞོན། སྐྱེ་ཕོ་མོ་སོགས་ནི་ང་ཚོའི་ཕ་ཡུལ་གྱི་སྤྲང་ནག་དག་དང་འདྲ་བར་འུར་འུར་ཟང་ཟིང་གིས་འཚང་ཀ་རྒྱག་གིན་གྲོང་ཁྱེར་འདིའི་གྲུ་ག་སོ་སོར་མཆོངས་ཤིང་བཞུད།  རི་བོ་དང་འདྲ་ཞིང་ནགས་ཚལ་ལས་ཀྱང་སྟུག་པའི་ཁང་བརྩེགས་ནི་བརྟན་བརླིང་ངང་གྱེན་དུ་འགྲེང་ཡོད་ཅིང་། དེ་ཚོའི་སྒེའུ་ཁུང་དང་སྒོ་ཆེན་ལས་མི་མང་པོ་ནག་རིག་རིག་འགུལ་བསྐྱོད་བྱེད་ཀྱིན་པ་གསལ་བོར་མཐོང་ཐུབ། 

 

           ང་ཚོ་རླངས་འཁོར་ལས་འབབ་དུས། ཁ་ངོ་སྐེ་དཀྲིས་ཀྱིས་བཏུམ་པའི་བུད་མེད་འགའ་ཐོན་ནས་རྩོད་རེས་རྒྱག་གིན་ང་ཚོར་རྒྱ་བོད་འདྲེས་མའི་སྐད་ཀྱིས། ཨ་ཤ། འགྲུལ་ཁང་དུ་ཨེ་འདུག གོང་སླ་མོ་ཡིན་ཟེར་ཞོར་ཕ་མ་གཉིས་ལ་ཅ་ལག་འཛིན་རོགས་བྱེད་མོད། ཕ་རྒན་གྱིས་མི་འདུག་མི་འདུག་ཅེས་ལན་བརྒྱབ་པས། བུད་མེད་དེ་ཚོས་མྱུར་གྱིས་ཅ་ལག་དག་ཐང་དུ་བཞག་ནས་ཡང་རླངས་འཁོར་གཞན་པ་ནས་འབབ་ཀྱིན་པའི་མི་ཚོར་འཐམ་སོང་། ཨ་ཕས་ང་ཚོའི་ཅ་ལག་ཐང་དུ་དོར་ནས་འགྲོ་བའི་བུད་མེད་དེ་དག་ལ་ལྟ་བཞིན། སྙིང་རྗེ། ལས་ངན་པ་རེད་ཅེས་སྨྲས་ཏེ་ཐང་དུ་ལྷུང་བའི་ཅ་ལག་དེ་ཚོ་ང་ལ་འཛིན་དུ་བཅུག

 

         ཕ་མ་གཉིས་དེ་སྔོན་ཐེངས་མང་པོར་གྲོང་འདིར་ཐོན་ཡོད་པས། སྲོད་ཁའི་དུས་འདིར་ཁོ་གཉིས་ཀྱིས་རང་གི་ཡུལ་ཁོག་ལས་ཀྱང་བྱང་ཆ་ཆེ་བའི་ཚུགས་ཀ་ཞིག་བཟུང་ནས་གཞོགས་ཀྱི་ཤིང་གསེབ་ཅིག་བསྙེགས་ཏེ་མདུན་དུ་བུད་སོང་། ང་ཚོ་མདུན་དུ་འགྲོ་གིན་ལམ་མེད་པའི་ཤིང་གསེབ་དེ་དག་ན་སྐྱག་ལོག་མང་པོས་གང་སར་བརྫད་ཡོད་པས་ཁོ་ཚོའི་མགོ་ཐོག་ཏུ་བརྐྱངས་བའི་ཤོག་དཀར་དེ་དག་མེད་ན་ང་ཚོ་སྔ་མོ་ནས་ནང་དུ་སྤོས་ཟིན། ང་ཚོ་ནི་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་ནང་གི་མི་སྣ་དེ་དག་དང་འདྲ་བར་གག་དང་མཚུངས་བའི་སྐྱག་ལོག་དང་?་འབུར་འཇོང་མང་པོ་ཞིག་བརྒལ་རྗེས་གཞི་ནས་བྲག་སྐྱིབས་ཤིག་ལ་ཤིང་ལོ་འགའ་བཀབ་ཡོད་པའི་སྡོད་གནས་དེར་འབྱོར། 

 

           ཕ་མ་གཉིས་ཀྱིས་ཞིག་རལ་དུ་གྱུར་བའི་སྡོད་གནས་དེར་གཙང་སྦྲ་རོབ་ཙམ་བྱས་རྗེས། ཨ་ཕས་འགྱིག་ཁུག་ཏུ་ཡོད་པའི་ཤིང་སྟར་ཆུང་ཆུང་དེ་ཕྱི་རུ་བླངས། དེ་ནས་ད་ལྟ་ཅ་ལག་ཁུར་བྱེད་ཀྱི་ཐག་པ་སེར་པོ་ཞིག་ཡོད་པ་དེ་ང་ལ་འཛིན་དུ་བཅུག་སྟེ་ནགས་ལོ་འགའ་གཅད་དུ་སོང་ཞིང་བྲག་སྐྱིབས་དེར་ར་སྐོར་ཞིག་བཟོས་པས། སྡོད་གནས་དེ་ཙག་རླུང་དང་ཁ་བ་འགོག་ཐུབ་པའི་ཁང་པ་ཆུང་ཆུང་ཞིག་ཏུ་གྱུར་ནས་ཡིད་སེམས་ལ་རེ་ཞིག་ངལ་གསོ་ཉུང་ཙམ་ཐོབ། 

 

            ང་ཚོ་སྡོད་ས་ནི་གྲོང་མཐའ་རེད་ཅེས་བཤད་པ་ལས། གྲོང་དཀྱིལ་ཞིག་རེད་ཅེས་བཤད་ན་འཚམ་པོ་འདུག ཁང་ཆུང་དེ་ལས་མདུན་དུ་གོམ་པ་བཅུ་ཙམ་སོང་ནས་མར་བལྟས་ན། ང་ཚོ་ནི་བྱ་ཞིག་གི་གཤོག་པ་སྟོད་སྨད་དུ་བརྐྱངས་པ་ལྟ་བུའི་གྲོང་པ་འདིའི་དཀྱིལ་དབུས་ཀྱི་ཐད་དུ་རེད།  གནས་དེ་ནས་ཕར་བལྟས་ན།  ཁང་བརྩེགས་འགའ་རེ་དྲང་པོར་འགྲེང་ནས་རི་ལུང་འདིའི་གྲག་འགུལ་ལ་ཉན་གྱིན།  ནག་བེར་བེར་གཤར་གྱིན་པའི་མི་ཚོགས་ལ་རྐང་པས་བརྫིས་ཏེ་རྒྱང་རིང་ཞིག་ལ་བྱོལ་འགྲོ་བའི་ཉམས་སྣང་ཞིག་ཀྱང་མཚམས་མཚམས་སུ་སྐྱེས་ཀྱིན་པ་དང་མཚུངས། 

 

          ང་ཚོས་ནུབ་ཟས་བཟས་རྗེས་མལ་དུ་ཉལ་བ་ཡིན། ཉིན་གཅིག་གི་འགྲུལ་བཞུད་ཀྱིས་ཕ་མ་དང་ནུ་མོ་སོགས་རྨི་ལམ་གྱི་ཞིང་ཁམས་སུ་ཁྲིད་དེ་སྔུར་བ་རིང་ཐུང་འགའ་ཡང་འཕྲོར་འཕྲོར་ཐོན་ནས་ཁང་ཆུང་འདི་སྡུག་བསྔལ་གྱི་མཚན་མོ་ཞིག་ཏུ་བསྐྱལ་སོང་མོད། ང་ལ་ནི་ངལ་དུབ་ཡོད་ཀྱང་གཉིད་གཏན་ནས་མ་ཁུག 

 

        ངས་གེ་སར་གྱི་སྒྲུང་དེབ་ཅིག་ཡོད་པ་དེ་བྲང་གཞུང་དུ་གླན་ནས་བསམ་གཞིག་མི་གཏོང་ཀ་མེད་བྱུང་། ང་ནི་ང་ཚོ་སྡེ་བའི་ནང་གི་བྱིས་པ་གཞན་དང་བསྡུར་ན་ལས་བཟང་ཞིག་ཡིན། འོན་ཀྱང་། ང་ཚོའི་སྡེ་བའི་བཤད་སྟངས་ལྟར་བྱས་ན་ང་ནི་བྱིས་པ་ལས་ངན་ཞིག་ཡིན། ང་ཚོ་སྡེ་བའི་བྱིས་པ་གཞན་པ་ཚོ་ལོ་གསུམ་བཞིར་བུད་པ་ནས་གང་སར་སློང་མོར་ཁྲིད་དེ་སྤྲང་པོ་ཞེས་པའི་ལས་ཀ་འདིར་དངོས་སུ་ཞུགས་དགོས་བྱུང་གིན་ཡོད་མོད། ང་ནི་ཆུང་དུས་ནས་ལུས་ཟུངས་སྡུག་ཅིང་དུས་རྒྱུན་ལུས་པོ་འདིར་ནད་ཆེ་ཆུང་མང་པོ་འཐམ་ཡོང་བས། ད་བར་རང་ས་ལས་གང་དུ་ཡང་འགྲོ་མྱོང་མེད། 

 

        ཡིན་ནའང་། ད་ནི་ཕོ་ལོ་བཅུ་གསུམ་ལ་བུད་པས་ནད་བརྒྱ་ཡོད་ཀྱང་སློང་མོར་མི་འགྲོ་བའི་ཁ་གཡར་ས་མེད། སྡེ་བའི་བཤད་སྲོལ་ལྟར་བྱས་ན། སྐྱེ་པ་ཕོ་ཞིག་གི་མི་ལུས་བླངས་པ་འདི་འཕྲོ་བརླག་བཏང་ན་དགའ་བའི་ལོ་ཚོད་འདིར་ཐོན་རྐྱེན། ཕ་མ་གཉིས་ལ་ཞུ་བ་བྱས་ཀྱང་ཕྱི་ནས་ཐོན་པའི་མི་ཁ་དེ་དག་གིས་སྦྲིར་ནས་ཡོང་དགོས་བྱུང་། 

 

         ཐབ་ཁ་ནས་གྱེན་དུ་རྒྱུ་བཞིན་པའི་དུ་བ་ཕྲ་མོ་དེ་རིམ་བཞིན་ཡལ་ཞིང་ཁང་པའི་ནང་དུ་གྲང་ངར་ཡང་ཇེ་རྒོད་དུ་བུད་སོང་། ངས་སང་ཉིན་བསྒྲུབ་དགོས་པའི་ལས་ཀ་དེར་བསམ་བློ་གཏོང་ཐེངས་རེར་སེམས་རྩ་རུ་ཚ་ཤད་བརྒྱུགས་ཏེ་གཉིད་མོས་གཏན་ནས་མ་བྱུང་། དོན་ངོ་མར་བཤད་ན། ང་ལས་ཀ་དེར་ངོ་ཚ་སྐྱེས་ཀྱིན་འདུག་བཤད་པ་ལས་འཇིགས་སྐྲག་སྐྱེས་ཀྱིན་འདུག ང་ཕར་ངོ་ཚུར་ངོ་མི་ཤེས་པའི་མི་ཚོགས་ལ་ལག་པ་བརྐྱངས་ནས་ཁ་དྲོ་ཟེར་བ་ལ་སྐྲག ང་རྒྱུས་མེད་ཀྱི་མི་ཚོའི་ལག་ནང་ནས་སྟེར་བའི་སྒོར་མོ་དེ་ལེན་དགོས་པར་སྐྲག ང་མི་གཞན་གྱི་མིག་ནང་ནས་འགྱེད་པའི་ཤ་ཚ་དང་མཐོང་ཆུང་གི་ལྟ་སྟངས་ལ་སྐྲག

 

        མདོར་ན། ང་ནི་སང་ཉིན་ཐོན་པར་ཤིན་ཏུ་སྐྲག ངས་གེ་སར་ལ་གསོལ་བ་བཏབ་སྟེ་ཨ་མྱེ་ཉི་མ་རེ་ཞིག་མལ་དུ་ཉལ་དགོས་པའི་བཀའ་རྒྱ་སྒྲོག་རོགས་ཞེས་ཞུས་མོད། བསམ་བློ་རེ་བཏང་ན། ད་ནི་མྱུར་གྱིས་གཉིད་པ་ལས་སེམས་འཚེར་དེ་ལ་བྱོལ་བའི་ཐབས་ཤིག་མི་འདུག་པས། རབ་རིབ་ཀྱི་སེམས་ངལ་ཁྲོད་ནས་གཉིད་དུ་ཡུར། 

 

        ཕྱི་ཉིན་སྔ་མོ་གྲང་རླུང་བཙན་པོ་ཞིག་གིས་ང་རང་གློ་བུར་སད་དུ་བཅུག་སོང་། འདྲེ་ས་འདིའི་ཡོད་ཚད་ལ་ངས་དམོད་དོར་བ་ཡིན། མདང་དགུང་གི་མལ་ས་འདི་སྲ་ཞིང་མཁྲེགས་ལ། ཞོགས་པའི་ཙག་རླུང་ཡང་དམྱལ་ཁམས་སུ་སླེབ་པ་ལྟ་བུའི་གྲང་མོ་ཞིག་རེད། ང་རང་དུས་རྒྱུན་མལ་ལས་ལང་དུས་མི་ཆེན་ཚོའི་ཤུགས་རྐྱེན་གྱིས་ཁ་འདོན་ཉུང་ཙམ་འདོན་པར་གོམས་ལོབས་ཡོད་མོད། ཉིན་དེའི་སྔ་མོར་ངས་སྡུག་བཤད་བྱེད་ཞོར་རྐང་ཤུབས་གོན་ཞིང་། སྡུག་བཤད་བྱེད་ཞོར་རྐང་ལྷམ་གོན། ཡང་སྡུག་བཤད་བྱེད་ཞོར་ལྭ་བ་གོན་ནས་སྐ་རགས་བཅིངས་པ་ཡིན། 

 

        ང་ཚོ་ཡོད་ས་ནས་ཕར་ལ་བལྟས་ན། ཉི་མ་སེར་པོ་ནི་ཨ་མྱེ་རྒན་པོ་ཞིག་དང་འདྲ་བར་འགྲོ་ཙམ་དང་འདུག་ཙམ་གྱིས་མར་ལ་འབབ་ཀྱིན། ཁོ་རང་བགྲོད་པའི་རྐང་རྗེས་ལ་གསེར་ཕྱེ་མང་ཙམ་འཕོས་པས་ངམ་གནག་གི་རི་ལུང་འདི་ལ་རིམ་བཞིན་འཛུམ་མདངས་ཤིག་ཀྱང་རྒྱས་འགོ་བརྩམས། 

 

        ངས་ནངས་ཇ་འཐུང་བཞིན་ཕ་མ་གཉིས་ཀྱི་གདོང་ལ་བལྟས་པ་ན། ཁོ་གཉིས་ནི་ཡིད་ཆེས་དང་རྒྱལ་ཁ་ཡིས་ཁེངས་པའི་དཔའ་བོ་ཞིག་དང་འདྲ་བར། ང་དང་ནུ་མོ་གཉིས་ལ་སློང་མོའི་སྐོར་གྱི་ཤེས་བྱ་བཤད་ཞོར།  ཕོར་བའི་ཞབས་སུ་འཐིམ་པའི་རྩམ་ནག་དེར་ལྕེ་ཡིས་ཡང་ཡང་ལྡག

 

        ངས་ཕ་མ་གཉིས་ལ་ཁྱེད་ཚོ་སློང་མོར་དེ་འདྲའི་དགའ་དོན་ཅི་ཡིན་ཞེས་འདྲི་བསམ་ཡང་། སྐད་ཆ་དེ་མུར་ཁ་རུ་ཐོན་དུས་སྙིང་གསེང་ནས་བྲེད་ཤ་ཞིག་ཐོན་ཏེ་ཁོ་གཉིས་ཀྱིས་བཤད་པར་མགོ་བོ་ལྡེམ་པ་ལས་སེམས་ཚོར་དེ་བཤད་པའི་སྤོབས་པ་གཏིང་ནས་ཡལ་ཞིང་།  ཕ་མ་གཉིས་ལ་ཡོད་པའི་དགའ་སྤྲོ་དེའི་འབྱུང་ཁུངས་ངས་ནམ་ཡང་རྟོགས་དཀའ་ཞིང་། གལ་ཏེ་རྟོགས་ནའང་དེ་དུམ་བུར་གཅད་པའི་དབང་ཆ་ཞིག་ང་ལ་ཡོད་མི་སྲིད་འདོད་པ་ཡིན།

 

        ནངས་ཇ་བཏུང་ཚར་ལ་ཉེ་དུས་ནུ་མོ་གཞི་ནས་གཉིད་ལས་སད་སོང་། ཨ་མས་ལོ་བཞི་ལ་སོན་པའི་ནུ་མོར་གོན་པ་བསྐོན་ནས་རང་གི་ནུ་ཞོ་བསྣུན།  ཕར་བལྟས་སོང་ན། ནུ་མོ་ལ་གཉིད་སྐྱིད་པོ་ཞིག་ཁུག་པ་འདྲ་སྟེ་མིག་མཐའ་ཡོངས་མིག་སྐྱག་གིས་ཟིན་ནས་རྫི་མ་ཡང་ཕན་ཚུན་འབྱར་འདུག  

 

        གྲོང་ནང་གི་འུར་ཟིང་ནི་ཁ་སང་ཕྱི་དྲོ་ལས་ཀྱང་ཆེ་བ་འདུག མི་འགའ་རེ་ཡིས་དཔེ་ཁུག་དང་འདྲ་བའི་ཁུག་མ་ཞིག་ལག་ཏུ་ཐོགས་ཏེ་བྲེལ་འཚུབ་ཀྱིས་ཁང་བརྩེགས་མང་པོའི་སྒོ་ཆེན་བསྙེགས་ཏེ་གཤར་གྱིན་འདུག ང་ཚོ་བྱིས་པ་ཚོའི་རྩེད་ཆས་དང་འདྲ་བའི་རླངས་འཁོར་ཚོས་མདོག་མི་འདྲ་བ་མང་པོ་གཅིག་རྗེས་གཉིས་མཐུད་དུ་གྲོང་སྟོད་ནས་གྲོང་སྨད་དུ་རྒྱུག་འགྲོ་ལ། གྲོང་སྨད་ནས་གྲོང་སྟོད་དུ་ཏུས་ཏུས་སྒྲོག་བཞིན་རྒྱུག་འགྲོ མཚམས་མཚམས་རེར་ལོག་གི་སྒོ་ནང་ནས་མི་འགའ་རེ་དོར་རྗེས་ཡང་གནས་གཞན་ཞིག་ནས་མི་འགའ་རེ་བཅུག་སྟེ། སྐད་ཅིག་ཙམ་ལ་མཐོང་ལམ་ནས་ཡལ་འགྲོ

 

        ང་ཚོ་བཞི་གྲོང་དཀྱིལ་གྱི་ཐང་ཆེན་དེར་ཐོན་དུས། ཨ་ཕས་ཕྱོགས་སོ་སོ་རུ་སོང་ནས་ལས་ཀ་བསྒྲུབ་དགོས་པའི་བཀའ་སྐུལ་གནང་རྗེས། ཁོ་རང་གྲོང་སྟོད་དུ་བུད་སོང་ལ་ཨ་མ་གྲོང་སྨད་དུ་བུད་སོང་། ང་དང་ནུ་མོ་གཉིས་ཐང་དེའི་ཟུར་དག་ནས་སློང་བཞིན་སྡོད་དགོས་ཟེར། 

 

        ནུ་མོ་དང་ངེད་གཉིས་སྐས་ལྟེམ་ཞིག་གི་ཐོག་ཏུ་བསྡད་དེ་ཡར་མར་བགྲོད་ཀྱིན་པའི་མི་དག་ལ་ལྟ་བཞིན། ཅི་ཞིག་བཤད་འདོད་ཀྱི་ངག་སྒོ་ཕྱེ་ཙམ་བྱེད་དུས་ངོ་གདོང་ནས་འཕྱུར་བའི་ཚ་རླབས་ཤིག་གིས་ཡང་ནས་ཡང་དུ་ཚིག་འགོ་བསྒགས། ང་ནི་དངོས་གནས་སྐྲག་ཀྱང་སྐྲག་ལ་ངོ་ཡང་ཚ། ངས་ཐེངས་དུ་མར་མི་ཚོའི་ལྭ་སྣེ་ལ་འབྱར་ནས་སྒོར་མོ་སློང་དགོས་བསམ་དུས། ཐེངས་དུ་མར་འཇིགས་སྐྲག་སྐྱེས་ཏེ་མྱུར་གྱིས་ཕྱིར་ནུར་བྱེད་དགོས་བྱུང་། 

 

            ཐེངས་ཤིག་ངས་སེམས་ཐག་བཅད་དེ་གྲྭ་པ་ཞིག་ལ་སློང་དགོས་བསམ་ནས་ཡར་ལངས་དུས། གློ་བུར་དུ་འགྲམ་ན་སྡོད་པའི་ནུ་མོ་བརྒྱུགས་ཏེ་གྲྭ་པ་དེའི་གཟན་ཤམ་ལ་འབྱར་ཞོར། ཨ་ཁུ། ཨ་ཁུ་སྒོར་མོ་ཞིག་སྟེར་རོགས། སྒོར་མོ་ཞིག་སྟེར་རོགས་ཞེས་བཤད་སོང་བས་ང་རང་ཧད་དུ་བཅུག ཕོ་བ་དབུགས་ལྒང་ཞིག་དང་འདྲ་བའི་གྲྭ་པ་དེས་ཆུང་ཞིང་རིད་པའི་ནུ་མོར་ལྟ་ཙམ་བྱས་རྗེས། གཡས་ཕྲག་ཏུ་བཀལ་བའི་ཁུག་མ་སེར་པོ་དེའི་ནང་དུ་ལག་ཉུལ་ཞིག་བྱས་ཏེ་སྒོར་གཅིག་ལོན་པ་དེ་ནུ་མོར་སྦྱིན་སོང་། ནུ་མོས་དེ་མ་ཁད་སྒོར་གཅིག་དེ་ལག་ཏུ་བླངས་ནས་ཁ་དྲོ་ཡང་མི་ཟེར་བར་མི་གཞན་ཞིག་ལ་སློང་དུ་བརྒྱུགས་སོང་།

 

           ནུ་མོའི་སྤྱོད་པ་དེར་ང་རང་ཧ་མི་ལས་ཀ་མེད་བྱུང་། ལོ་བཞི་ལས་སོན་མེད་ཅིང་ཐ་ན་སྐད་ཆ་ཡང་འགོ་མཇུག་ཆ་ཚང་བ་ཞིག་སྨྲ་མི་ཤེས་པའི་ཁོ་མོས། འགྲམ་ནས་ཕྱོགས་སོ་སོར་བགྲོད་ཀྱིན་པའི་མི་རྣམས་ལ་འབྱར་ནས་སྒོར་མོ་སྟེར་རོགས་ཞེས་པའི་སྐད་ཆ་དེ་དང་ཚུགས་ཀ་དེ་ནི་མི་ཆེན་ཞིག་ཅི་འདྲའི་འདྲ་པོ་འདུག  ནུ་མོ་ཆུང་བ་མ་ཡིན་པར་ང་རང་གླེན་བ་ཡིན་པ་འདྲ་སྟེ། ཅིག་ཅིག་སྒོར་མོ་སྟེར་རོགས་དང་ཉིག་ཉིག་སྒོར་མོ་སྟེར་རོགས་ཞེས་པའི་སྐད་ཆ་དེ་ནི་དངོས་གནས་རྙོག་འཛིང་མིན་མོད། ངས་ཇི་ལྟར་ཨུ་ཚུགས་བྱས་ཀྱང་ཚིག་གཅིག་ཙམ་ཡང་ཁ་ནས་མི་ཐོན་པར་བལྟས་ན། ང་ནི་དངོས་གནས་མི་གླེན་པ་ཞིག་རེད། 

 

          ཉི་མ་ཡོངས་སུ་གྲོང་འདིའི་སྣེ་སོ་སོར་འགྱེད་དེ་མི་ལ་དྲོ་སྣང་སྐྱིད་པོ་ཞིག་སྟེར་མོད། ངས་ནི་ནུ་མོས་ངའི་ལག་ཏུ་བཞག་པའི་སྒོར་མོ་དག་ལག་མཐིལ་དུ་བསྡམས་ཏེ་སྐས་ཐེམ་ཐོག་བསྡད། འགྲམ་ནས་མི་ཚོགས་ཀྱི་བཞུར་རྒྱུན་ཇེ་སྟུག་ནས་ཇེ་སྟུག་ཏུ་ཕྱིན། བག་ཡངས་ཀྱིས་ཟིན་པའི་གཞོན་ནུ་མང་པོ་ཐང་ཆེན་དེའི་འདུག་སྟེགས་སུ་སྡོད་ཀྱིན་ང་དང་ནུ་མོ་གཉིས་ལ་ལྟ།   མཚམས་རེར་མགོ་བོ་ནང་དུ་གུག་སྟེ་སྐད་ཆ་གང་རུང་ལབ་ཀྱིན་ཡང་བསྐྱར་ངེད་གཉིས་ལ་ལྟ་འོང་། 

 

        གྲོང་འདིའི་ནང་གི་མི་རྣམས་ནི་ངའི་ཕ་ཡུལ་གྱི་མི་རྣམས་དང་མི་འདྲ་བར་གོས་གྲ་དག་ཏུ་གྱོན་ཞིང་གཙང་སྦྲ་ཤིན་ཏུ་ལེགས། དེ་ལས་ལོ་ལོན་ཚོས་མགོ་ཐོག་ཏུ་ཞྭ་ལེབ་རེ་འཕངས་ཏེ་ཉི་མར་ལྡེ་བཞིན་ཤོག་ཤོ་རྩེ།  མགོ་སྐྲ་སེར་པོ་དང་དམར་པོར་བསྒྱུར་བའི་ཕོ་སར་འགའ་རེའི་ལག་པར་བུ་མོ་ལོ་ཆུང་རེ་ཁྲིད་དེ་དགོད་སྒྲ་སྒྲོག་ཞོར་ག་ཤེད་ཅིག་ཏུ་བུད་འགྲོ ཚོང་ཁང་དང་ཟ་ཁང་གི་སྒོ་འགྲམ་བརྒྱུད་དེ་འགྲོ་བཞིན་པའི་མི་ཚོགས་ལ་སྦྱིན་བདག་གིས་འཛུམ་མདངས་དང་བཅས་ནང་དུ་བསུ་བཞིན་ཅི་ཡང་མི་སྙམ་པར་ནང་ནས་ཕྱི་རུ་གཏོང་། མདོར་ན། གྲོང་ཁྱེར་འདི་ནི་ང་ཚོ་ཡོད་སའི་སྡེ་བ་དང་མི་འདྲ་བར། ཡོད་ཚད་འདུ་འཛི་དང་བྲེལ་ཟིང་གིས་ཁེངས་ཏེ། ངའི་རྣ་བ་བོང་བོང་དང་སེམས་པ་བློང་བློང་པོར་བསྒྱུར་སོང་། 

 

         ང་ཁོར་ཡུག་གི་འགྱུར་ལྡོག་རྒོད་པོར་སེམས་གཡེང་ནས་སྐབས་ཤིག་ནུ་མོ་ཡང་ང་དང་མཉམ་པོར་ཡོད་པ་བརྗེད་སོང་། ངས་ལག་ཏུ་བཟུང་བའི་སྒོར་མོ་དག་མ་ཁ་རུ་བྱིལ་གྱིན་བུ་མོ་ལོ་ཆུང་ཞིག་གིས་ཕོ་སར་གཟུགས་རིང་ཞིག་ལ་འགྲམ་ལྕག་གཞུས་ཀྱིན་པར་སེམས་ཤོར་ནས་ཡོད་དུས། མི་ཞིག་གིས་ངའི་མགོ་རུ་ལག་པ་ཐུག་ཞོར་སྒོར་མོ་ལྔ་ལག་ཏུ་བརྫངས་སོང་བས། ངས་མྱུར་གྱིས་མགོ་བོ་དགྱེ་ནས་མི་དེར་ལྟ་དུས། གཟུགས་རིང་ཞིང་ཤ་གྱོང་བའི་རྒྱབ་གཟུགས་ཤིག་ང་དང་རིང་དུ་གྱེས་སོང་། རྒྱབ་གཟུགས་དེ་ནི་ངས་གནས་གང་ཞིག་ནས་མཐོང་མྱོང་བ་འདྲ་སྟེ། ལྷག་པར་དུ་བུ་མོ་ཞིག་གི་འགྲོ་སྟངས་དང་ཤིན་ཏུ་མཚུངས་པའི་གོམ་ཁ་དེ་ནི་ང་ལ་རྒྱུས་མངའ་ཟབ་མོ་ཡོད་མོད། ཡང་དེ་སུ་ཞིག་ཡིན་པར་བསམ་བློ་གཏོང་དུས་ངས་ཅིའང་དྲན་མ་ཐུབ། 

 

        ཉིན་དེར་ཨ་ཕ་དང་ཨ་མ་གཉིས་ཀྱི་སྒོར་མོ་མཉམ་དུ་བསྣན་ན་བཞི་བརྒྱ་ལྷག་ཡོད་ལ། ནུ་མོས་སྒོར་མོ་བརྒྱ་ལྷག་སློང་ཐུབ་འདུག ཡིན་ནའང་། ངས་ནི་རྒྱུས་ཆ་ཆེ་བའི་མི་དེས་སྟེར་བའི་སྒོར་ལྔ་ལས་རྙེད་མེད་པས། དགོང་ཇ་འཐུང་དུས་ཨ་ཕའི་སྨུག་ཅིང་ནག་པའི་ངོ་གདོང་ལས་ཞེ་འདར་བའི་སྤྲིན་པ་ཞིག་འཐིབ་ཀྱིན་འདུག་པར་བལྟས་ན། དོ་དགོང་ཁང་ཆུང་འདིའི་ནང་ནས་ངས་ཐོག་དང་པོར་ཁྲིམས་ཆད་ལྕི་མོ་ཞིག་མྱོང་དགོས་པ་གཏན་འཁེལ་ཡིན་ཞིང་། ངའི་ཉིན་དཀར་གྱི་སྡར་གཤིས་སམ་སྤྱོད་པ་དེ་ལ་འགྱོད་སེམས་ཤིག་སྐྱེས། 

ལོས་ཡིན་ཏེ།  ནུབ་ཇ་འཐུང་ཚར་ལ་ཡོད་དུས། ངས་སྐད་ཆ་བཤད་ནོར་ཞིག་གིས་ཕ་རྒན་གྱི་ཁུ་ཚུར་དེས་ངའི་མགོ་ལྟག་ཏུ་མིག་ནང་ནས་སྐར་མ་མཆེད་པ་ཞིག་བརྒྱབ་བྱུང་བས། ང་ངུ་ཡང་མ་ཕོད་པར་རང་ས་རུ་སྒོང་སྒོང་བྱས་ཏེ་ཐེངས་རྗེས་མའི་ཆད་པར་བསྒུག ཨ་ཕས་གཤེ་གཤེ་གཏོང་ཞོར་ཇ་ཧུབ་གང་འཐུང་ནས་མུ་མཐུད་དུ་ལག་པ་ཚུར་ལ་རྐྱོང་དུས། ངའི་ཉམ་ང་བའི་རྣམ་འགྱུར་དེས་ཁོ་ལ་སྙིང་རྗེ་བསླངས་སོང་བ་འདྲ་སྟེ། ངའི་མགོ་ལ་ལག་པ་ཐུག་ཙམ་བྱས་ཏེ་ཕྱི་རུ་བླངས་སོང་། 

 

        འོན་ཀྱང་། ངས་ཆེས་བཟོད་ཐབས་མེད་པ་ནི་ཨ་ཕའི་གཅེར་རྡུང་དྲག་པོ་དེ་མ་ཡིན་པར། ནམ་རྒྱུན་གཅེར་རྡུང་རྗེས་ནས་ཨ་མའི་འཛད་མཐའ་མེད་པའི་སྡུག་བཤད་དེ་དག་ཡིན། ཁོ་གཉིས་ཀྱིས་ཁྱིམ་ནས་ལས་བགོས་བྱས་པ་དང་འདྲ་བར། ཨ་ཕ་ནི་ང་དང་ནུ་མོ་གཉིས་རྡུང་མཁན་ཡིན་ལ། ཨ་མ་ནི་ཨ་ཕས་ཅིའི་ཕྱིར་རྡུང་དགོས་པའི་རྒྱུ་མཚན་བཤད་མཁན་དེ་ཡིན། གལ་ཏེ་ཉིན་ཞིག་ཨ་མས་ཀྱང་ཨ་ཕའི་ལས་ཀ་དེ་བསྒྲུབ་སོང་ན། ང་དང་ནུ་མོ་གཉིས་ལ་པགས་རུད་ཀྱི་ཟུག་གཟེར་མི་ཉུང་བ་ཞིག་ཐོན་སྲིད་ཀྱང་། རྣ་ཅོག་བོང་བོང་དུ་གཏོང་བའི་སྡུག་བཤད་རིང་མོ་དེར་ཉན་མི་དགོས། ཡིན་ནའང་། བསམ་བློ་རེ་བཏང་ན། ཨ་མའི་ཁ་དེ་ཇི་སྲིད་དུ་གནས་པའི་བར་ཁོ་མོའི་སྡུག་བཤད་ཀྱང་དེ་སྲིད་དུ་གནས་ངེས་པ་ནི་ངེད་ཚང་གི་གནས་ལུགས་ཤིག་ཡིན། 

 

        ཁྱོད་ཀྱིས་ཟ་མ་བཟའ་མི་དགོས་པ་ཨེ་རེད། གོན་པ་གྱོན་མི་དགོས་པ་ཨེ་རེད། ཨ། ད་ཡར་སྐྱེས་ཏེ་ཐུར་དུ་སྒུར་གྱིན་འདུག་མོད། སྒོར་མོ་སློང་བ་ལྟ་བུའི་བྱ་བ་སླ་མོ་ཞིག་ཀྱང་སྒྲུབ་མི་ཤེས་པ་ཨེ་རེད། ནམ་རྒྱུན་སློབ་གྲྭར་འགྲོ་དགོས་བཤད་དེ་ཕ་མ་གཉིས་ལ་སེམས་ཁུར་ཡང་བྱེད་ཤེས་པ་མ་རེད། ཨ། འདྲེ་ཕྲུག ཁྱོད་ཀྱིས་ནུ་མོ་ལ་ལྟོས་དང་། ཕར་བལྟས་ན་ཙིག་ཕྲུག་ཅིག་དང་འདྲ་མོད། ཆུང་དུས་ནས་སློང་མོ་བྱས་ཏེ་ཡོང་བས་ད་ལྟ་ཅི་འདྲའི་གོ་ཆོད་ཀྱིན་འདུག སྤྲང་ཕྲུག ཉོན་ཞིག ངས་སྔོན་ནས་ཁྱོད་ལ་བཤད་ཡོད། ཟླ་གཉིས་ལ་སྒོར་གསུམ་སྟོང་ཡང་མ་ལོན་ན་ཡི་གེ་འདྲེ་གེ་བོ་འདོན་མི་དགོས། གོ་ཨེ་སོང་། ཨེ། རྒད་པོ་ལྟོས་དང་། འདྲེ་ཕྲུག་འདིས་ངའི་སྐད་ཆ་ལ་ཉན་གྱིན་མི་འདུག་ཅེས་དྲག་ཆར་ཞིག་དང་འདྲ་བའི་ཚིག་གི་ཚོགས་དང་གཏམ་གྱི་ཚོགས་ནི་འཛད་མཐའ་མེད་པར་སྔར་བཞིན་ཨ་མའི་ཁ་ནང་ནས་ཡང་ནས་ཡང་དུ་ཐོན། 

 

        དངོས་གནས་རེད། ང་ཚོའི་བོད་ཡིག་དགེ་རྒན་གྱིས་གསུངས་བ་ལྟར། ཕ་ཡུལ་གྱི་སྲོལ་རྒྱུན་འདི་མེད་པར་བཏང་ནས་རང་ལག་དྲོན་མོས་རང་ཁ་གསོ་དགོས་ན། དཔེ་ཁུག་རྒྱབ་ཏུ་ཁུར་ནས་སློབ་གྲྭར་འགྲིམ་བཞིན་པའི་སློབ་མ་ང་ཚོ་ནས་འགོ་རྩོམ་དགོས།  འོན་ཀྱང་། མིག་སྔོན་དུ་བསམ་བློ་བཏང་ན། ང་སྒོར་མོ་སློང་དུ་མ་སོང་ཚེ་སློབ་གྲྭར་འགྲོ་མི་ཐུབ། སློབ་གྲྭར་མ་སོང་ན་ཕ་ཡུལ་གྱི་མི་རྣམས་དང་འདྲ་བར་སྤྲང་པོར་འགྱུར་བས། དེས་ན་ང་ངེས་པར་དུ་སློང་མོར་འགྲོ་དགོས། དེས་ན་ངས་ཟླ་གཉིས་ལ་སྒོར་མོ་སྟོང་གསུམ་ངེས་པར་དུ་ལོན་དགོས། 

 

        ཡིན་ནའང་། ང་ཕ་ཡུལ་དང་རྒྱང་ཐག་རིང་བའི་གྲོང་ཁྱེར་ཞིག་ཏུ་སློང་མོར་འགྲོ་བཞིན་པའི་དོན་དངོས་འདི་བོད་ཡིག་དགེ་རྒན་གྱིས་གོ་སོང་ན་ཁོས་ཅི་ལྟར་བསམ་སྲིད། སློབ་མ་འདི་ལ་རེ་བ་མི་འདུག་བསམ་སྲིད་དམ། ཡང་ན་སློབ་མ་འདི་ཡང་ས་ཆ་འདིའི་མི་དག་དང་འདྲ་བར་སློང་མོ་ལ་དགའ་མཁན་ཞིག་རེད་བསམ་སྲིད་དམ། 

 

         ཨ་ཕ་དང་ཨ་མ། ནུ་མོ་བཅས་ནི་མལ་དུ་གཉིད་དེ་ཡིད་སྨོན་ཤོར་བའི་བག་ཡངས་ཤིག་གིས་ཡོངས་སུ་ཁེངས།  གང་ལྟར། ཁོ་ཚོ་ཁ་གསོ་ཐབས་འདི་ལ་སེམས་གཏིང་ནས་ཞུགས་ཟིན་པས་སྨག་ནག་དང་གྲང་ངར་གྱིས་ཟིན་པའི་མཚན་མོ་མང་པོར། ཁོ་ཚོས་གཉིད་མི་ཁུག་པའི་སེམས་ཁུར་ཅིའང་བྱེད་མི་དགོས། 

 

         ངས་སྤྲ་སྒྲོན་འོག་ནས་ཧོར་གླིང་གཡུལ་འགྱེད་ལ་བལྟ་འདོད་ཆེ་མོད། ཡིག་འབྲུ་རེ་རེ་ཁ་ནང་ནས་ཕྱི་རུ་ཕུད་དུས་རྣམ་ཤེས་མེད་པའི་བེམ་པོ་ཞིག་དང་འདྲ་བས། རྟ་རྒན་ཞིག་དང་མཚུངས་བའི་སེམས་པ་འདི་སྤྱང་ཚོགས་དང་ཁྱི་ཚོགས་མང་པོས་སྐོར་བཞིན། མཆེ་བ་ཡིས་བསྐྱེད་པའི་ཟུག་གཟེར་དང་བྲོས་བྱོལ་གྱིས་བསླངས་པའི་ངལ་དུབ་ཀྱང་མྱོང་གིན་ཡོད་པས། རང་གི་ཁ་ནས་ཐོན་པའི་ཡིག་འབྲུ་དེ་ཚོའི་བྱད་གཟུགས་ལ་ཅེར་གྱིན་རྨོངས་འཐོམ་དུ་གྱུར་རྐྱེན། གླིང་སྒྲུང་གི་དེབ་དེ་བྲང་ཁ་རུ་ལག་པས་བསྡམས་ནས་ཉལ་དགོས་བྱུང་། 

 མཚན་མོ་དེར་ང་ལ་གཉིད་སྐྱིད་པོ་ཁུག་བྱུང་།  ཉིན་གཉིས་ཀྱི་གཉིད་ཆག་གིས་ང་རང་ཤི་བ་ནང་བཞིན་གཉིད་ཐེངས་གཅིག་གིས་ཕྱི་ཉིན་གྱི་ཞོགས་པ་རུ་བསྐྱལ་འདུག

 

          ང་རང་སྒྱིད་ལུག་གིས་མལ་ལས་ལང་ནས་ཁ་ངོ་བཀྲུ་འདོད་ཆེ་མོད། ཨ་ཕའི་ནག་རོག་རོག་གི་གདོང་ནས་རྔུལ་ཆུ་གཤར་བའི་རྗེས་ཤུལ་དང་ཨ་མའི་ཆུང་ཞིང་རུད་པའི་ལག་མགོ་ནས་ཚིལ་དྲེག་གིས་བཀང་བའི་སྐོགས་ཤུན། ནུ་མོའི་ཕྱོགས་སོ་སོར་བརྐྱངས་ཤིང་འཕྱིང་བའི་སྐྲ་རྫོང་མཐུག་པོ་དང་རྫི་མའི་རྩེ་རུ་འདམ་བག་བཞིན་འབྱར་བའི་མིག་སྐྱག་སོགས་མིག་ལམ་དུ་མངོན་བྱུང་། གལ་ཏེ་ངས་ལས་ཀ་འདི་ངེས་པར་བྱེད་དགོས་ན། ང་རང་ཁོ་ཚོ་དང་མི་འདྲ་བའི་རིགས་དབྱེ་བཞིན་ཡོད་པ་དང་མཚུངས་བས། ངས་རེ་འདུན་ཆུང་ཆུང་འདི་སྙིང་གཏིང་པས་གསོད་དགོས་བྱུང་། 

 

        ང་ཚོ་རི་ངོས་ནས་མར་ལ་འབབ་དུས་ཤིང་འཚུབ་ལ་ལག་སྙོབ་ཀྱིས་བཀར་བའི་ཁུང་གསེང་ཆུང་ཆུང་དེ་བརྒྱུད་དེ་འགྱེལ་ཞོར་དང་འདྲེད་ཞོར་གཞི་ནས་ལ་འདབས་སུ་འབྱོར། ཨ་ཕས་ཁང་པ་ཞིག་འཚིག་ནས་དེའི་རྗེས་ཤུལ་མཚོན་པའི་འདྲ་པར་དང་བདེན་དཔང་ཡི་གེ་འགའ་བཅུག་པའི་པར་སྒྲོམ་གྱི་ཐོག་ཏུ་ལྷུང་བའི་ཤིང་ལོ་འགའ་བསལ་རྗེས། གཟབ་ནན་གྱིས་པར་སྒྲོམ་དེར་ཡུད་ཙམ་བལྟས་ནས་ཡིད་ཚིམ་པའི་འཛུམ་ཆུང་ཞིག་གློད་དེ་མདུན་དུ་བུད་སོང་། 

 

        ང་ཚོ་ལ་འདབས་ནས་གྲོང་དཀྱིལ་དུ་འགྲོ་བཞིན་ཡོད་དུས། སྤོས་དྲི་དང་ཤིག་དྲི་ལྷད་མའི་དྲི་ཞིམ་ཞིག་སྣ་སྒོ་རུ་ཐོན་བྱུང་བས་ངས་མགོ་བོ་དགྱེ་སྟེ་ཁོར་ཡུག་ལ་ཡར་མར་བལྟས་ཚེ། ལམ་ཆེན་དང་ཐག་མི་རིང་བའི་ངོས་གཟར་ཞིག་ན་དགོན་པ་སྙིང་རྗེ་བོ་ཞིག་བརྗིད་རྔམ་གྱིས་འགྱིང་འདུག་པས། ངའི་སེམས་ཀྱི་ཟབ་ས་ཞིག་ནས་རྒྱུས་ཆེ་ཞིང་དྲོ་སྣང་ལྡན་པའི་ཚོར་བ་འཇམ་པོ་ཞིག་འཕྱུར་ནས་ཐོན། 

 

        དེ་རིང་གི་གྲོང་ཁྱེར་ནི་ཙག་རླུང་གིས་བཀང་བའི་ཤིང་སྒམ་ཞིག་རེད། གྲུ་ག་གང་ཞིག་ཏུ་བསྐོངས་ཀྱང་གང་སར་ཉུལ་གྱིན་པའི་གྲང་ངར་ལ་གཡོལ་ཐབས་བྲལ། གྲང་ངར་འདིའི་ཁྲོད་ནས་ཆུང་ཞིང་རིད་པའི་ནུ་མོ་ལ་ལྟ་དུས། ཁོ་མོའི་དམར་སྨུག་ཏུ་གྱུར་བའི་ལག་མགོ་ནི་སྐྲངས་འདུག་ཅིང་། སྣབས་ཀྱིས་ཤན་པའི་སྣ་ཆེན་པོ་དེ་ནི་འཁྱག་སྟེ་ཡོངས་སུ་དམར་པོར་གྱུར་འདུག་པས། ང་ལ་སེམས་ཚོར་སྐྱུར་མོ་ཞིག་འཕྲོར་འཕྲོར་བསླངས་བྱུང་། 

 

        ངས་ནུ་མོ་ཟ་ཁང་ཞིག་གི་སྒོ་འགྲམ་དུ་སྐས་ཐེམ་ཆུང་ཆུང་ཞིག་ཡོད་པའི་ཐོག་ཏུ་སྡོད་དུ་བཅུག་སྟེ། ངའི་བལ་གྱིས་བཟོས་པའི་སྐེ་དཀྲིས་དམར་པོ་དེ་ཁོ་མོའི་གདོང་ལ་དཀྲིས་ནས་གནས་དེ་རུ་ཁོ་མོར་ངལ་གསོ་བྱེད་དུ་འཇུག་བསམ་ཡང་། ཁོ་མོ་དེ་མ་ཁད་ཡར་ལངས་ཏེ་ང་ལ་འོ་ཞིག་བསྐྱལ་རྗེས། སྨུག་སྐྲངས་སུ་ཡོད་པའི་མཐེ་བོང་མདུན་དུ་བཏེགས་ནས་སྒོར་མོ་སློང་དུ་བརྒྱུགས་སོང་། ཁོ་མོ་རྒྱུག་གིན་མི་དེ་ལ་འབྱར་ཙམ་དང་ཡང་གཞན་ཞིག་ལ་འབྱར་བའི་རྣམ་པ་དེ་ནི། ཕོ་བྲང་དང་འདྲ་བའི་ཁང་པའི་ནང་དུ་སྐྱིད་ཉལ་བརྒྱབ་རྗེས་བྲ་ཆལ་གྱི་བྱ་ངན་སྒྲུབ་ཀྱིན་པའི་བྱིས་པ་མང་པོ་དང་བསྡུར་ན་དཔའ་མཛངས་རྟུལ་ཕོད་ཀྱི་དམག་དཔོན་ཞིག་དང་མི་འདྲ་འམ།  

 

        ངས་ཀྱང་ནུ་མོ་དང་འདྲ་བར་མཐེ་བོང་གོང་དུ་བསྒྲེངས་ཏེ་ངོ་མི་ཤེས་པའི་ཨ་ཁུ་དང་ཨ་ནེ། ཨ་ཆེ་དང་ཨ་དེ། ཨ་ཞང་དང་ཨ་མྱེ་སོགས་ཀྱི་ལག་ནས་སྒོར་ཟུར་བསླངས།  ཉིན་ཕྱེད་ཙམ་ཕར་ལ་འདས་རྗེས། ང་ནི་ལས་ཀ་འདི་ལ་དངོས་གནས་བྱང་ཟིན། ངོ་ཚ་དང་འཇིགས་སྐྲག་དོར་ནས། རང་བཀུར་དང་བརྩི་མཐོང་དོར་ནས། ང་རྒྱལ་དང་སྡར་གཤིས་དོར་ནས་བློ་གཅིག་སེམས་གཅིག་གིས་སྒོར་མོ་སློང་ཤེས་སོང་། 

 

         ངས་ཕྱིར་འདང་ཞིག་བརྒྱབ་ན། སློང་མོར་སོང་བའི་དོན་དག་འདི་ནི་ངའི་མི་ཚེའི་གྲུབ་ཆ་གཙོ་བོ་ཞིག་ཡིན། གལ་ཏེ་ང་རང་ལས་ཀ་འདི་ལ་ཞུགས་མེད་ན། ངས་རྗེས་ནས་བྱུང་བའི་བར་ཆད་ལ་བརྟེན་ནས་ཚེ་སྲོག་གི་རིན་ཐང་དང་ཕུགས་བསམ་གྱི་སྟོབས་ཤུགས་ཇི་ལྟར་ལས་དབང་གིས་ཁ་ལོ་བསྒྱུར་གྱིན་པའི་གནས་ལུགས་དེ་ནམ་ཡང་རྟོགས་མི་ཐུབ། 

 

        དགུན་དུས་རིང་མོ་རིམ་བཞིན་རྫོགས་ལ་ཉེ་ཡང་དར་གྲོང་ལ་གྲག་འགུལ་སྤུ་ཙམ་མེད་པར་ནག་རོག་གེར་གནས། གྲོང་ཁྱེར་འདི་ཕྱོགས་གཉིས་སུ་བཀར་བའི་གཙང་བོ་ཆུང་ཆུང་དེས་ཆབ་རོམ་གྱི་ཆག་གྲུམ་དུ་མ་གྲུ་གཟིངས་བཞིན་གཡོ་སྐྱོམས་ཀྱིས་བསྒུལ་ནས་སྨད་ནས་སྨད་དུ་དྲངས། 

 

        གནམ་གཤིས་ལ་འགྱུར་བ་མེད་ཀྱང་། སྡོད་བཟོད་མེད་པའི་དུས་ཚོད་ཀྱིས་ཉིན་མཚན་མང་པོ་མུ་ཏིག་གི་ཕྲེང་བ་སྐུད་པར་བརྒྱུས་པ་ལྟར་སྐད་ཅིག་ཙམ་ལའང་འགྱུར་བ་བསྐྲུན་དུས། ང་ནི་འགྱུར་བག་རྒོད་པོ་འདི་ལ་འཐད་བརྡ་གཏོང་མཁན་གྱི་ཚེ་སྲོག་རྐྱང་པ་དེ་ཡིན་སྲིད་དེ། ངས་ཉལ་འགྲམ་གྱི་བྲག་ངོར་བརྐོས་པའི་རྟགས་ཤད་ཀྱི་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་འགྱུར་གྱིན་འདུག་པར་བལྟས་ན། ད་ནི་སློབ་གྲྭ་རུ་འགྲོ་བའི་དུས་ལ་ཐོན་འདུག

 

        དགོང་ཇ་འཐུང་དུས། ཨ་ཕས་ངས་ཟླ་གཉིས་ལ་བསླངས་བའི་སྒོར་མོ་བརྩིས་ཏེ་ང་ལ་བསྔགས་བརྗོད་གནང་བས། ང་རང་ཤིན་ཏུ་དགའ་ནས་ཁོང་དགོད་བྱས་ཤིང་ནུ་མོ་ལ་ང་རྒྱལ་གྱི་མིག་བརྡ་གཏོང་ཞོར། ཨ་མ་ལ་ཀུ་རེ་ཡིས་ལྕེ་སྣར་བྱས། 

 

        ཡིན་ནའང་། ང་དགའ་བ་སྔ་དྲགས་སོང་། ཨ་ཕས་གློ་ལུ་ཞིག་བྱས་ཏེ་བཤད་རྒྱུར། ཁྱོད་ནི་བུ་གོ་ཆོད་ཅིག་ཏུ་གྱུར་འདུག ཟླ་གཉིས་ལ་སྒོར་སྟོང་བཞི་ལྷག་སློང་ཐུབ་འདུག ང་དང་ཨ་མ་གཉིས་ཀྱིས་གྲོས་བྱས་རྗེས། ཁྱོད་རང་སློབ་གྲྭ་ནས་འཐེན་རྒྱུ་བྱས་པ་ཡིན། 

 

        སྐད་ཆ་དེས་ང་ཧ་ལས་སུ་བཅུག་སོང་། ངས་མྱུར་གྱིས་ངོ་རྒོལ་བྱས་པ་ཡིན།  

 

        ངས་ཨ་ཕ་ཁ་དྲོ། ཁ་དྲོ། ཁྱེད་གཉིས་ཀྱིས་སྔུན་ནས་ང་ལ་བཤད་ཡོད་པ་མིན་ནམ། ངས་ཟླ་གཉིས་ལ་སྒོར་སྟོང་གསུམ་སློང་ཐུབ་ན་སློབ་གྲྭ་རུ་མངག་དགོས་པའི་སྐད་ཆ་བཤད་ཡོད་པ་མིན་ནམ་ཞེས་ལབ་པ་ན། 

 

        ཨ་མས། ཨ་ཕའི་ཁར་ཉོན། སློབ་གྲྭར་འགྲོ་བ་ལས་སློང་མོར་སོང་ན་དགའ། ཁྱོད་ཀྱིས་ལྟོས་དང་། སྒོར་མོ་འདི་འདྲའི་མང་པོ་ལོན་གྱིན་འདུག་ཅེས་ཟེར། 

 

        ང་ཕ་མ་གཉིས་ལ་རྒོལ་བ་བྱ་རྒྱུར་སྐྲག་མོད། ད་ཐེངས་བཤད་མ་ཐུབ་ན་ངའི་མི་ཚེ་གཅིག་ཚར་སོང་བས། འདུག་ས་ནས་ཡར་ལངས་ཏེ། མི་ཐུབ། མི་ཐུབ། རྫུན་རྐྱལ་གཉིས་ཞེས་ཁྲོ་གཏམ་བཤད་ཞོར་སྒོ་ཁ་རུ་འགྲོ་དུས། ངའི་མགོ་བོ་གློ་བུར་དུ་ཚ་བྲེག་གེར་བུད་སོང་། ངས། ཧད། ད་ཚར་ཐལ་སྙམ་ཞོར་ཨ་ཕའི་ལག་ནང་ནས་འབྲོ་རྩིས་བྱས་ཀྱང་། ཨ་ཕའི་ཁུ་ཚུར་སྲ་མོ་དེ་འཚུབ་མ་ཞིག་དང་མཉམ་པོར་ངའི་མགོ་དང་ཁ་ངོ་། ངའི་རྒྱབ་དང་རྐུབ། མདོར་ན། ངའི་ལུས་འདི་སྐད་ཅིག་ཙམ་གྱི་རིང་གཅར་རྡུང་བྱས་ཏེ་མནར་གཅོད་ཀྱི་དམྱལ་ཁམས་སུ་འཕངས། 

         སྒོར་མོ་མ་ལྷག་ན་སློབ་གྲྭར་མི་གཏོང་ཟེར། འོན་ཀྱང་། སྒོར་མོ་རྙེད་པ་མང་དྲགས་ན་ཡང་དེ་ལས་སློབ་གྲྭར་མི་གཏོང་བ་འདི་སྐྱོ་བ་ལ།  མི་ཆེན་འདི་ཚོར་དབང་ཆ་ཉུང་ཙམ་ཡོད་དུས་རང་གི་བུ་ཕྲུག་ལའང་ཤ་ཚ་ཤེས་ཀྱིན་མི་འདུག

 

         ང་རང་བློ་ཕམ་སྐྱེས་སོང་། སེམས་པ་སྡུག་སོང་། མཐར་བཤད་ན་ང་འདི་ཉམ་ཆུང་ཡིན་པས་རེད། 

 

        ངས་ཞག་གང་བོར་བསམ་བློ་བཏང་བ་ཡིན།  ང་ལ་རོགས་བྱེད་མཁན་སུ་ཡང་མེད་པས་མི་གཞན་ལ་རེ་བ་ནི་མཇུག་འབྲས་མི་འགྱུར་བའི་བྱ་བ་ཞིག་དོན་མེད་དུ་བསྒྲུབ་པ་དང་འདྲ།  ངས་བློ་ཐག་རྦད་ཆོད་ཀྱིས་རྒོལ་བ་བྱེད་ཆོག་ཀྱང་དེ་ལ་ཐོབ་པའི་འབྲས་བུ་ནི་སྔར་བཞིན་གཅར་རྡུང་དྲགས་པོ་ཞིག་ལས་ཅིའང་ཡིན་མི་སྲིད། དེས་ན། གལ་ཏེ་ངས་བློ་ཐབས་སྟབས་བདེ་དང་གོ་ཆོད་ཅིག་མ་རྙེད་ན་ང་ནི་ཕ་མ་གཉིས་དང་འདྲ་བའི་སྤྲང་པོ་ཞིག་ཏུ་ཆགས་ཁོ་ཐག་རེད། 

 

         མཚན་དགུང་གི་ཟླ་འོད་མག་མོག་ཅིག་རྐུན་མ་ཞིག་དང་འདྲ་བར་སྒོ་སྲུབས་ནས་ག་ལེར་ནང་དུ་འཛུལ་འོང་བས། ལག་མགོ་ཡང་མཐོང་དཀའ་བའི་མུན་པ་ནས་ཉེ་འཁོར་གྱི་དངོས་པོ་དག་རིམ་བཞིན་རབ་རིབ་ཅིག་མིག་ལམ་དུ་མངོན་འོང་།  ངས་ཐབ་ཁའི་ཕར་ཕྱོགས་ན་གཉིད་དུ་ཡུར་བའི་ཕ་མ་གཉིས་ལ་ལྟ་བཞིན་ཁ་ཞེ་གཉིས་མེད་ཀྱི་ཁོང་ཁྲོ་ལངས།  ཁོ་གཉིས་ལ་སུ་ཡིས་སྤྲད་པའི་དབང་ཆ་ཁྱེར་ནས་ང་རང་འདི་རུ་བཀག་དགོས་པ་རེད།  ལྷག་པར་དུ་ཨ་མའི་མགོ་སྐྲ་འཛིང་བོ་དེ་མལ་ཆས་དང་མགོ་སྔས་བར་ནས་མངོན་དུས། ངས་ཨ་ཕས་ཁོ་མོ་གཅེར་དུས་སྨྲས་ངག་བཏོན་ནས་བར་དུ་མཆོངས་བའི་དོན་དེ་ཚོར་ཞེ་འགྱོད་བྱས། བརྡུང་ན་བརྡུང་། ང་ཨ་ཕས་གསོད་གྲབས་བྱས་ཏེ་གཅེར་དུས་ཁོ་མོས་ཚིག་གཅིག་ཀྱང་མི་ལབ་པར་ཇ་འཐུང་བཞིན་རང་སར་ལྷོད་བག་གིས་སྡོད། 

 

        ངས་ཧ་ལམ་མཚན་མོ་འདིའི་ནམ་སྟོད་ཧྲིལ་པོ་སྤྱད་དེ་ད་གཟོད་བློ་ཐབས་ཡག་པོ་ཞིག་རྙེད་བྱུང་། 

 

        ཞོགས་ཇ་བཏུང་རྗེས་ང་ཚོ་ཡང་བསྐྱར་གཟར་ངོས་དེ་ནས་ཕྱི་རུ་བབས། དང་ཐོག་ཤིང་འཚུབ་དང་ཁུག་འབུར་གྱིས་ཟིན་པའི་གཟར་ངོས་དེ་རུ་ད་ལྟ་ཀྱ་ཀྱུའི་ལམ་ཕྲན་སྐྱ་བོ་ཞིག་གསལ་ལེར་ཆགས་འདུག རང་གིས་རང་ལ་སྲུང་སྐྱོབ་ཤིག་མ་ནུས་ན་རང་བྱུང་ཁམས་ཀྱང་མིའི་སྔུན་ནས་གཉོམ་ཆུང་རེད། 

 

          ཟམ་ཁ་ནས་ཕར་བལྟས་ན། ཕ་མ་གཉིས་ང་དང་གོམ་པ་བཅུ་ཙམ་གྱི་བར་ཐག་ཏུ་སླེབས་དུས། ངས་ངུ་སྐད་བརྒྱབ་ཅིང་སྨྱོས་པ་ལྟར་ཟམ་པའི་སྒྲོམ་སྐྱོར་ལ་འབྱར་ནས་ཆུ་ནང་ལ་ལྡིང་གྲབས་བྱས་པས། ཕ་མ་གཉིས་ཧོན་འཐོར་ནས་རེ་ཞིག་རང་ས་རུ་ཧད་ནས་འདུག སྐབས་དེར་ལམ་འགྲམ་ནས་འགྲོ་འོང་བྱེད་མཁན་གྱི་མི་ཚོགས་ཕྱོགས་གཅིག་ཏུ་འདུས་ཏེ།  ཞི་ལི་ལོ་ལོ། དེ་འདྲ་མ་བྱེད། ག་ལེར་མར་བོབས་ཞེས་དང་། གཅེས་ཕྲུག ཁྱོད་ལ་ཅི་ཞིག་བྱུང་བ་རེད། དེ་འདྲ་གཏན་ནས་བྱེད་མི་རུང་ཞེས་སོགས་བཤད་དེ་ང་ལ་སེམས་གསོ་བྱེད་མོད། ཕ་མ་གཉིས་ཀྱིས་ངས་ཅིའི་ཕྱིར་འདི་ལྟར་བྱེད་དགོས་དོན་རྩ་བ་ནས་གོ་བས། ཕ་རྒན་གྱི་མིག་ནང་ནས་མེ་ལྕེ་ཞིག་ཀྱང་མཆེད་ཨེ་སོང་སྙམ་ཞོར་མྱུར་གྱིས་མི་ཚོགས་བརྟོལ་ཞིང་ངན་དམོད་དོར་ནས་ངའི་ཕྱོགས་སུ་ཤེད་ཀྱིས་བརྒྱུགས་བྱུང་། 

 

         ཨ་ཕ་ནི་ཁྲོ་བོ་ཞིག་དང་འདྲ་ལ་གཅན་གཟན་ཞིག་དང་ཡང་འདྲ་བོ་འདུག  ཁོས་ང་གསོན་ལོག་ལོག་ཏུ་འཁྱུར་མིད་གཏོང་འགྲོ་བའི་རྣམ་པ་དེས་ང་རང་དངོས་གནས་སྐྲག་སོང་བས། ང་ལ་རང་དབང་མ་བྱུང་བར་མྱུར་གྱིས་སྒྲོམ་སྐྱོར་ནས་ཕྱིར་ནུར་ཅིག་བྱེད་དུས།  ཨ་ཙི། ཚར་ཐལ། ང་སྒྲོམ་སྐྱོར་ནས་འདྲེད་དེ་ཐུར་དུ་ལྷུང་སོང་།  ཨ་དཀོན་མཆོག་གསུམ་མཁྱེན། ང་ཤི་རན་པ་ཡིན་ནམ། ངའི་ལས་འདི་ཅི་འདྲའི་བཙོག་པ་ལའང་། ང་འདི་ལྟར་ཤི་དགོས་བྱུང་བ་ཡིན་ནམ།  བླ་མ་མཁྱེན། བླ་མ་མཁྱེན། 

 

         ང་རང་མར་ལ་ལྷུང་བའི་སྐར་ཆ་འགའི་རིང་དུ་འབྲེལ་ཡོད་དང་འབྲེལ་མེད་ཀྱི་དྲན་པ་མང་པོ་ཞིག་ཀླད་པ་ནས་ཐོན། འདི་རྨི་ལམ་ཡིན་ནམ།  ངས་ཇི་ལྟར་བྱས་ན་ཤི་མི་སྲིད། རེད།  ངས་ཅི་ཞིག་བྱེད་དགོས།  དཀོན་མཆོག་མཁྱེན།  ང་རང་སྐྱོབས་རོགས། གུ་རུ་རིན་པོ་ཆེ་མཁྱེན། སངས་རྒྱས་མཁྱེན། 

 

         ང་ཟམ་ཁ་ནས་ཐད་ཀར་ཆུ་ནང་དུ་སྙོག་སེ་ལྷུང་སོང་།  ལུས་པོ་ཡོངས་སྦྲུད་ཤུར་ཤུར་སོང་བ་དང་མཉམ་དུ་དབུགས་འཚང་ཞིང་། རྣ་ལམ་དུ་སྙོག་སྙོག་ཅེས་པའི་སྒྲ་ངན་ཞིག་ཐོན། ངའི་ཡོད་ཚད་འཇིགས་སྐྲག་གིས་གང་། ངས་ཅི་ནུས་ཀྱིས་དབུགས་ཤིག་གཏོང་དགོས་བསམ་ནས་མགོ་བོ་ཆུ་ཁ་རུ་བུད་མ་ཐག་དབུགས་ཉུང་ཙམ་བཏང་ནས་རྔུབ་པར་རྩོམ་དུས། ཆུ་རླབས་ཤིག་གིས་ང་རང་སྐད་ཅིག་ཙམ་ལ་ཆུ་ནང་དུ་དྲངས་སོང་བས། ཁ་སྣ་གཉིས་ཀྱི་ནང་དུ་ཆུ་འཛུལ་ནས་དབུགས་གཏོང་ལེན་ཕར་ཞོག མྱུར་གྱིས་ཤི་འགྲོ་བའི་སྡུག་བསྔལ་དང་ན་ཟུག་ཐོན་ཞིང་ཆུ་ནང་ནས་ལག་པ་གཉིས་གནམ་ལ་བཀྱགས་ཏེ་འབྱར་ས་རེ་ཨེ་རྙེད་བལྟས་ཀྱང་། ང་རང་རིམ་བཞིན་ཚོར་བ་མེད་པའི་མུན་ནག་ཅིག་ཏུ་ལྷུང་ནས་ཡོད་ཚད་འགག 

 

         དུས་ཚོད་ག་ཙམ་འདས་སོང་བ་ཤེས་ཐབས་བྲལ། ང་གློ་བུར་དུ་ཟམ་ཁ་ཞིག་ན་རྒྱུ་བཞིན་རྩེ། ཉི་མའི་འོད་ཟེར་ལས་ཚ་གདུག་འཕྲོས་ཤིང་རྒྱུན་དུ་མི་ལུས་གཞོམ་པའི་ཙག་རླུང་དེ་མི་གཟུགས་ཤིག་ཏུ་གྱུར་ནས་རྒྱང་རིང་གི་རི་རྩེ་ཞིག་ཏུ་ཡལ། ང་རྩེ་ཞོར་དགོད་ཞོར་ཟམ་ཁ་ནས་ཕར་ཚུར་བརྒྱུགས། 

 

         ང་རང་བག་ལྷོད་ངང་ཟམ་ཁ་ན་སྡོད་དུས། གློ་བུར་དུ་མིག་ནང་ནས་མེ་ལྕེ་མཆེད་ཅིང་མགོ་སྐྲ་འཕྱིང་ལ། ལུས་སྟོབས་རྒྱས་པའི་འདྲེ་རྒོད་པོ་ཞིག་ཟམ་གྱི་ཕར་ཕྱོགས་ནས་མཆོངས་ཐེངས་གཅིག་གིས་ངའི་སར་ཐོན་ཏེ། རིང་ཞིང་ཁྲག་གིས་སྦག་པའི་མཆེ་བ་གཙིག་ཞོར་ལྕགས་དང་འདྲ་བའི་སྡེར་མོ་རྣོན་པོ་དེས་ངའི་ཕྱི་ནང་མེད་པ་བརྟོལ།  དེ་ནས་དགོད་ཞོར་དུ་ང་རང་མཐོ་སར་བཀྱགས་ཏེ་ཟམ་ཁ་ནས་མར་ལ་གཡུགས།  

 

        ང་སྐྲག་སྟེ་སྐད་ངན་འབྱིན་ཞོར་ཤེད་ཀྱིས་གྱེན་དུ་ལངས་འདོད་ཅིག་སྐྱེས་ཏེ་ཧུར་ཐག་བྱེད་དུས།  མལ་ཁྲི་ལས་མགོ་བོ་བསྒྲེངས་ཏེ་སྨྲེ་སྔགས་འདོན་གྱིན་པ་ཚོར།  ངས་བློང་བློང་པོར་གྱུར་བའི་རིག་པ་ལ་དོ་དམ་བྱས་ཏེ་ཡར་མར་ལྟ་དུས། ང་རང་མལ་ཁྲི་ཞིག་ཏུ་ཉལ་འདུག ཉལ་ཁྲིའི་གཡས་འགྲམ་ན་ཨ་མས་ང་བསྐྱོར་ནས་ངུ་བཞིན་ཡོད་ཅིང་གཡོན་ཕྱོགས་ན་ཨ་ཕས་ནུ་མོ་པང་དུ་བཟུང་སྟེ་ཤ་ཚ་བའི་མིག་མདངས་ཤིག་ཐོགས་ཏེ་ང་ལ་ཅེར་འདུག 

 

        ང་ཤི་མི་འདུག ང་རང་བརྒྱལ་བ་ལས་སད་དུས་ཤི་མི་འདུག་ཅེས་པའི་དོན་དག་འདི་ནི་བྱིས་པ་པྲ་ཆལ་ཞིག་དང་འདྲ་བར་ལུས་པོའི་གནས་སོ་སོར་འཐམས་ནས་དགོད་ཁ་སློང་། ང་རང་གསོན་ཐུབ་པ་ནི་དགའ་འོས་པ་ཞིག་རེད། ཡིན་ནའང་། ངའི་རྣམ་རིག་དལ་བོར་སངས་ཤིང་ཨ་ཕའི་ནག་རོག་གི་གདོང་དེ་མཐོང་འོང་དུས། ང་ཡང་བསྐྱར་སེམས་སྡུག་གི་ནང་དུ་ལྷུང་དགོས་བྱུང་།  

 

         འོན་ཀྱང་། ད་ཐེངས་ངས་སེམས་སྡུག་གི་བྱས་པ་དེ་དོན་མེད་ཅིག་ཡིན་པ་འདྲ་སྟེ། ཕ་མ་གཉིས་ཀྱིས་ང་རང་སད་མ་ཐག་ནས་སློབ་གྲྭར་འགྲོ་བའི་སྐོར་དང་། ལྭ་བ་གསར་པ་ཉོ་བའི་སྐོར། བུ་རམ་ཞིམ་པོ་ཉོ་བའི་སྐོར་དག་དག་གླེང་ནས་ང་རང་དགའ་ཅི་ཐུབ་བྱེད། 

 

         ཉིན་འདི་ཚོར་ང་རང་སྨན་ཁང་དུ་སྐྱིད་ཆེ་ནས་ད་ལྟ་ཕྱི་རུའང་འབུད་བསམ་གྱིན་མི་འདུག ཟ་ཐེངས་མང་པོར་གྲོང་ནས་ཉོས་པའི་ཤ་ཚོད་བཟས་ཤིང་རྒྱ་ཐུག་བཏུང་།  བལ་ལྟར་འཇམ་པའི་མལ་ས་རུ་ཅི་འདོད་འདོད་ཅིག་ཉལ།  ཕ་མ་གཉིས་ཀྱི་གདོང་ལའང་བྱམས་བརྩེ་ཡི་འོད་ཟེར་རྒྱས་ཏེ་ང་དང་ནུ་མོ་གཉིས་ལ་ཚིག་རྩུབ་གཅིག་ཀྱང་སྨྲས་མ་བྱུང་། ངས་སྨན་ཁང་གི་སྒོ་ཆེན་ནས་འདི་ལྟར་བསམ་བློ་གཏོང་ཞོར་ཕྱི་རུ་སོང་། 

 

        མདུན་དུ་མལ་གོས་ལྟེབ་མ་རྒྱབ་ཏུ་ཁུར་ནས་འགྲོ་བཞིན་པའི་ཨ་ཕ་ལ་བལྟས་ཚེ། ངའི་སེམས་སུ་བརྗོད་མི་ཤེས་པའི་ཚོར་བ་ཞིག་འཕྱུར་ནས་མིག་ཆུ་ཤོར།  མཐར་བཤད་ན། བུ་ཕྲུག་ལ་དུང་བ་མེད་མཁན་གྱི་ཕ་མ་ཞིག་གང་དུ་ཡོད། 

 

         ང་རང་སྨན་ཁང་ན་ཡོད་དུས། ཐེངས་ཤིག ཨ་ཕ་གྲོང་དུ་ཟ་མ་ཉོ་རུ་སོང་བའི་གོ་སྐབས་དང་བསྟུན་ནས་ཨ་མས་ང་ལ་ཉིན་དེའི་གནས་ཚུལ་གླེང་བྱུང་།  ཉིན་དེར་ང་རང་ཆུ་ནང་དུ་ལྷུང་མ་ཁད། ཨ་ཕ་ཡང་ངའི་རྒྱབ་ཏུ་ཆུ་ནང་ལ་མཆོངས་ཏེ་སྨྱོས་པ་ལྟར་ང་ལ་ལག་སྙོབ་བྱས་ཤིང་སྐད་ཅོར་བརྒྱབ། ཆབ་རོམ་གྱིས་གང་བའི་ཆུ་བོས་ང་དང་ཨ་ཕ་གཉིས་མཉམ་དུ་ཁྱེར། ཨ་མས་ནུ་མོ་པང་ནས་ངུ་ངག་རྒྱག་ཞོར་ཆུ་མཐའ་ནས་མར་བརྒྱུགས།  ཧ་ལམ་ཟམ་གྱི་འོག་ནས་བུད་དེ་ཅུང་ཙམ་འགོར་དུས་ཨ་ཕས་བེམ་པོ་ལྟ་བུར་གྱུར་ཟིན་པའི་ང་རང་གཞི་ནས་ཟིན།  དེ་ལྟར་ཨ་ཕས་ང་རང་བྲང་གཞུང་དུ་བཀྱགས་ཏེ་རིམ་བཞིན་རིམ་བཞིན་ཆུ་མཐའ་ལ་འབུད་ཐུབ་བྱུང་། 

 

         ང་རང་སྨན་ཁང་དུ་འཁྱེར་དུས། ཕྱི་ནས་བལྟས་ན་ཤི་ཚར་བ་དང་ཧ་ཅང་འདྲ། མཆུ་འདབས་སྔོན་པོར་གྱུར་ཅིང་དབུགས་ཀྱི་རྒྱུ་བའང་འགག་ཟིན་པས། གཏན་ནས་མིག་ཆུ་འཐོར་མ་མྱོང་བའི་ཨ་ཕ་ངུས་ཤིང་སྨན་ཁང་གི་བར་ཁྱམས་ནས་ཕྱག་འཚལ་བ་དང་གསོལ་འདེབས་བྱེད། 

 

        ཨ་མས་དེ་ལྟར་བཤད་དུས། ངས་རང་གི་བྱ་སྤྱོད་ལ་ལྐོག་ནས་ལས་བདའ་བྱས། དྲང་མོར་བཤད་ན། ང་ཆུ་ནང་དུ་མཆོངས་འདོད་གཏན་ནས་མེད། ངས་བསམ་པ་ནི་ཕ་མ་གཉིས་ལ་སྐྲག་བསླངས་ཏེ་ང་རང་སློབ་གྲྭ་རུ་སྐྱེལ་དགོས་པའི་གོ་བརྡ་སྟོན་ཁུལ་ཡིན་མོད། མ་བསམ་ས་ནས་ཆུ་ནང་དུ་ལྷུང་སྟེ་ཕ་མ་གཉིས་ཀྱི་སྙིང་འགད་ལ་ཁད་དང་རང་གི་སྲོག་ཀྱང་ཤོར་ལ་ཁད་ཀྱི་དོན་དེ་བྱུང་བ་རེད། 

 

        ཡང་ད་ལྟ་བསམ་བློ་རེ་བཏང་ན། ངས་ཉིན་དེར་བསྒྲུབས་པའི་བྱ་བ་དེ་ངེད་ཚང་ལ་མཚོན་ན་ལོ་རྒྱུས་ཀྱི་དཀྱོག་མཚམས་ཤིག་རེད།  གལ་ཏེ་ཉིན་དེར་ངས་བྱ་བ་དེ་བསྒྲུབ་མེད་ན། ཕ་མ་གཉིས་ཀྱིས་སྤྲང་པོའི་ལས་ཀ་དེ་འདོར་མི་སྲིད་ལ་ང་ཡང་སློབ་གྲྭ་རུ་འགྲོ་མི་ཐུབ། དེ་ལས་གལ་ཆེན་ཞིག་ཡོད་པ་ནི། ངའི་སྙིང་ཉེ་བའི་ནུ་མོ་སློབ་གྲྭར་བསྐྱོད་རྗེས། བུད་མེད་ཀྱི་འཕྲོད་བསྟེན་གླེང་བའི་ཚོགས་པ་མང་པོར་ཞུགས་ཏེ་མི་རིགས་ལ་ཞབས་ཞུའི་ཚུལ་དུ་བཙུགས་པའིཨ་མའི་རྒྱུན་ཤེསཞེས་པའི་ཞབས་ཞུ་ལྟེ་གནས་འདི་འདྲ་རྩ་བ་ནས་འབྱུང་མི་སྲིད། 

གང་ལྟར། མི་ཞིག་གི་མདུན་ལམ་ནི་བར་ཆད་མང་པོའི་འགག་སྒོ་ནས་རྒྱང་དུ་རྐྱོང་འདུག་པ་དོན་དངོས་རེད། 

 

        ང་ཚོ་སྨན་ཁང་ནས་བུད་པའི་ཕྱི་ཉིན་ཕ་ཡུལ་དུ་སོང་བ་ཡིན། ངས་རླངས་འཁོར་གྱི་སྒེའུ་ཤེལ་མར་བསྣུད་དེ་ཕྱི་རོལ་གྱི་རྒྱབ་ནས་རྒྱབ་ཏུ་བསྐྱུར་བའི་གྲོང་ཁྱེར་འདིའི་ཁང་བརྩེགས་དང་མི་རྣམས་ལ་ལྟ་བཞིན་སེམས་སུ་སྤྲོ་བས་ཁེངས་བྱུང་། ང་རང་གྲོང་ཁྱེར་འདིར་འབྱོར་དོན་ནི་སློང་མོའི་ཆེད་དུ་ཡིན་མོད། དེ་རིང་གྲོང་ཁྱེར་འདི་ནས་ཆས་དོན་ནི་སློབ་སྦྱོང་གི་ཆེད་དུ་ཡིན་ལ། མི་ཚེ་ཡི་དོན་དུ་དེ་བས་ཀྱང་ཡིན། 

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།

 


རྩོམ་ཡིག་སྔོན་མ།
མི་ཚེ།
རྩོམ་ཡིག་རྗེས་མ།
ཁབ་གཙག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1