ཨ་ཁ་ཁ། གལ་ཏེ་ངའི་བྲང་སྟེང་དུ་བརྐོས་པའི་ཁབ་གཙག་དེ་ཨ་ནེ་སྙིད་མོའམ་ཡང་ན་ཨ་མཆོད་ཧ་རི་ཞེས་པའི་མིང་ཡིན་ན། ད་ཆ་ངས་ཟུག་གཟེར་འདི་འདྲ་ཅི་ལ་མྱོང་དགོས་ཨང་། ངས་ལུས་སྟོད་དམར་ཧྲེང་དུ་གཅེར་ནས་རྫ་མདོག་གི་མལ་ཁྲི་དེའི་སྟེང་གན་རྐྱལ་དུ་ཉལ་ཞིང་། མིག་གཉིས་དམ་དུ་བཙུམས་པ་དང་ཨམ་གཙིགས་བསྡམས་ནས་འགྱོད་སེམས་དེ་ལྟར་བྱས། ཙིར་སྒྲ་སྒྲོག་བཞིན་པའི་འཕྲུལ་ཆས་དེས་ཐོང་གཤོལ་གྱིས་ཞིང་ས་གཤག་པ་ལྟར་ངའི་བྲང་ངོས་ཀྱི་སྐྱི་ལྤགས་ལེབ་མོ་དེ་གཡས་ཕྲལ་གཡོན་ཕྲལ་བྱས་པས། ཤ་ཕྱེ་དང་ཁྲག་རྡུལ་ཕྱོགས་བཞིར་གཏོར་ཞིང་ཚ་གཟེར་བཟོད་ཀྱིས་མི་ལང་བ་བྱུང་། རྔུལ་ཆུའི་ཟེགས་མ་ནི་ནགས་གསེབ་ཏུ་རྒྱུག་བཞིན་པའི་ཆུ་ཕྲན་ལྟར་སྤྱི་གཙུག་ལས་གཞོལ་ཏེ་སྐྲ་རྐང་གི་སྡོང་པོ་རེ་རེ་བརྒྱུད་ནས་རྣ་བར་ལྷུང་། ངས་ལག་གཉིས་ཀྱིས་མལ་ཁྲིའི་མཐའ་ལྕགས་དམ་དུ་བཟུང་བས། སྤར་མོ་ཡང་རྔུལ་ཆུས་བརླན། དམྱལ་ཁམས་ལྕགས་ཀྱི་ཤལ་མ་ལིའི་རི་བོར་བྲད་སོང་བསམ་པའི་ཟུག་གཟེར་རེ་རེ་ངའི་བྲང་ངོས་སུ་རྒྱུག་དུས། བཟོད་དཀའ་བའི་ཚ་ཟུག་གིས་ངའི་ངོ་གདོང་དེ་མ་ཉིད་དུ་ལྟེབ་གཉེར་གྱིས་ཁེངས་ནས་སུལ་མང་བའི་ཐང་ཁུག་ལྟ་བུར་གྱུར། དེ་ནས་ཟུག་གཟེར་ཅུང་གོམས་པའམ་ལུས་སྦྲིད་པས་ངས་དལ་གྱིས་མིག་སེར་ཀ་ཙམ་ཞིག་ཕྱེ།
ངའི་བྲང་སྟེང་དུ་བློ་རྩེ་གཅིག་སྒྲིམ་གྱིས་འཕྲུལ་ཆས་བཀོལ་བཞིན་པའི་ཨེམ་རྗེ་དེ་ནི་མིག་ཤེལ་སྒྲོམ་ནག་ཅིག་དང་ཁ་རས་སྔོ་དཀར་ཞིག་བརྒྱབ་པའི་གདོང་གྲུ་བཞི་ཅན་ཞིག་ཡིན་པ་དང་། ཁོའི་རྣ་འགྲམ་ནས་སྐྲ་དཀར་ཡང་མི་ཉུང་བ་ཞིག་མངོན་གྱི་འདུག ཁོས་ཞྭ་དཀར་ཞིག་དང་གོས་དཀར་ཞིག་གྱོན་ཡོད་པའི་ཆ་ལུགས་དེས། ངའི་བློ་ཁ་ཅུང་ཟད་བདེ་བར་བྱུང་མོད། བཟོད་དཀའ་བའི་བྲང་སྟེང་གི་ཟུག་གཟེར་དེས་ང་ལ་སླར་དོགས་འཆར་དང་ཚིག་ཟ་ཡང་ཅུང་བསླངས།
ངས་སྐད་དམའ་མོས་ཨེམ་རྗེ་དེར། "ཨེམ་རྗེ། ཁྱོད་ཚོའི་བརྡ་ཁྱབ་སྟེང་ལ་ཁབ་གཙག་བསུབ་དུས་ན་ཟུག་མི་གཏོང་བ་ཡིན་ཞེས་བྲིས་མེད་དམ"ཞེས་དྲིས། ཟུག་གཟེར་བཟོད་དཀའ་བས། ངའི་སྨྲ་སྒོ་ལས་སྐད་ཤུགས་ཉག་ཕྲ་མོ་ལས་མི་ཐོན་ཞིང་། དེ་ཡང་འཛེར་སྐད་ཀྱིས་བསྲད། ཚུལ་དེ་ནི་གཡུལ་སར་རྨས་ནས་འཆི་ལ་ཉེ་བའི་སྤོ་བོ་ཞིག་གིས་དབུགས་ལྷེམ་ལྷེམ་ངང་མཐའ་འཁོར་གྱི་གསོན་དམག་རྣམས་ལ་ཞལ་ཆེམས་ལྡབ་ལྡིབ་ཅིག་འཇོག་གིན་ཡོད་པ་དང་མཚུངས།
"ཁབ་གཙག་བསུབ་དུས་སྐྱི་ལྤགས་ཕྲལ་དགོས་ཤིང་ཤ་གསེབ་ཏུ་ཐིམ་པའི་ཚོན་རྩི་མེད་པ་བཟོ་དགོས་པས། ན་ཟུག་ཅུང་ཟད་ལོས་ཡོད། ཕོ་གཞོན། སྡུག་རུས་ཏོག་ཙམ་གྱིས་དང་། ཡང་མིན་ན་སེམས་གཡེང་ཆེད་སྤྲོ་བ་འཕེལ་ཐུབ་པའི་དོན་འགའ་ལ་འདང་རྒྱོབ་ཅིག ན་ཟུག་གི་ཚོར་སྣང་ཆུང་བ་ཡོང"
ཨེམ་རྗེ་དེས་དེ་ལྟར་ཐབས་ཤིག་བསླབས་པས་ངས་ཀྱང་མིག་ཟུང་བཙུམས་ནས་རང་ཉིད་ཀྱིས་འདང་རྒྱག་པར་དགའ་བའི་དོན་འགའ་བསྒོམས་པ་ན། རྣ་བའི་བུ་གར་གྲགས་ཡོང་བ་ནི"ངས་རང་ལུས་ཆ་ཚང་ཁྱེད་ལ་དབུལ་ངེས"ཞེས་རྣ་ལ་ཟ་འཕྲུག་སློང་བར་བྱེད་པའི་བུད་མེད་ཀྱི་སྐད་ཆ་ཞིག་དང་། དྲན་པའི་མེ་ལོང་དུ་འཆར་བ་ནི་ངའི་མཛེས་སྡུག་ལྡན་པའི་མ་འོངས་ཀྱི་ཆུང་མ་སྒྲོལ་མའི་ཕྲ་ལྡེམ་གྱི་སྐུ་གཟུགས་དང་། དཀར་ལ་འཇམ་པའི་བཞིན་རས། ཀེམ་ཀེམ་གཡོ་བའི་རི་དྭགས་ཀྱི་མིག་ཟུང་། དེ་བཞིན་འཛུམ་དང་ལྷན་དུ་བཞད་པའི་མཛེས་ཀོང་བཅས་རེད་འདུག སྒྲོལ་མའི་སྣང་བརྙན་བློ་ངོར་ཤར་བ་ཙམ་གྱིས་ངའི་བཟོད་སྒོམ་དང་སྡུག་རུས་བྱེད་པའི་ཆོད་སེམས་དེ་སྐད་ཅིག་ཉིད་དུ་རྒྱས་ཤིང་། ཅི་ཡིན་མི་ཤེས་པའི་སྟོབས་ཤུགས་ཤིག་གིས་ལུས་ཡོངས་གཏམས་ཏེ། སྙིང་རུས་དང་དཔའ་ངར་གྱིས་ཟུག་གཟེར་ཡང་འཇོམ་ལ་ཁད་བྱེད། ངས་ཡས་སོ་མས་སོ་ཤུགས་ཀྱིས་བསྡམས་ནས་བཟོད་སྒོམ་བྱས་པས། འགྲམ་པའི་རྩ་དང་རྒྱུས་པ་ཡང་འཁྱུག་འཁྱུག་ཏུ་གཡོ་བ་ཚོར་གྱིན་འདུག རེད་ཡ། གལ་ཏེ་ད་ལྟ་ང་ཟུག་གཟེར་ལ་སྐྲག་ནས་ཁབ་གཙག་དེ་མ་བསུབ་པར་བཞག་ན། གཉེན་སྒྲིག་གི་ཉིན་མོ་དེ་གཟིམ་ཆུང་འཁྲུག་པའི་ཉིན་ཞིག་ལ་འགྱུར་རྒྱུ་གཏན་ཁེལ་ཡིན་ལ། དེ་རྗེས་ཀྱི་ཉིན་ཤས་ནང་། མོས་སྒོམ་ཆེན་ཞིག་ལྟར་སྒོ་དང་ངག་དམ་དུ་བསྡམས་ནས་ངའི་འགྲེལ་བཤད་དང་འགྱོད་བཤགས་ལ་ཁ་ཡ་བྱེད་མི་སྲིད། གལ་ཏེ་རྗེས་སུ་འགྲིག་འཆམ་བྱུང་བའི་དབང་དུ་བཏང་རུང་། མ་འོངས་ཀྱི་འཚོ་བའི་ནང་གནས་ཚུལ་དེའི་སྐོར་མ་ཎི་འདོན་པ་ལྟར་ཡང་ནས་བསྐྱར་དུ་བགྲངས་ནས་ཁ་མཆུ་གཟུག་པ་དང་། ཁབ་གཙག་གི་རིམ་པ་བཞིན་ཞོ་ལྟར་ཆགས་པའི་འཚོ་བ་དེ་དཀྲོག་རྒྱུ་ཡིན་པ་ནི་གདོན་མི་ཟ་བས། དེ་དུས་སྐྱིད་པའི་ཉི་མ་རྒྱ་མཐོངས་ཀྱི་གྲིབ་མ་ཙམ་ཡང་འཆར་རྒྱུ་དཀོན། ལྷག་པར་དུ་གནས་ཚུལ་དེས་རྐྱེན་བྱས་ཏེ། དྭངས་གཙང་བརྩེ་དུང་གི་ཆུ་གཏེར་དེ་རིམ་གྱིས་སྦགས་ཤིང་སྐམ་པ་དང་། ངེད་གཉིས་ཀྱི་གསེར་བྱ་ངང་པའི་ལས་དེ་བྱ་ཁྲ་ཧོར་པས་དཀྲོག་ཉེན་ནི་དེ་བས་ཆེ། ད་ཆ་ང་རང་ལོ་ན་ཡང་གཞོན་པོ་དེ་ཙམ་མིན་པས། ཚེ་གང་གཏན་གྲོགས་འཚོལ་རྒྱུར་ཀར་ཀོར་བྱེད་ཀྱིན་བསྡད་ཚེ་མགོ་དཀར་དུ་འགྱུར་ཉེན་ཡང་ཆེ། གནས་ཚུལ་དེའི་ཚབས་ནི་ཧ་ཅང་ཆེ་བ་ཞིག་རེད་འདུག དེ་སྔ་སྒྲོལ་མས་ངའི་ཉལ་ཁང་ལ་གཙང་སྦྲ་བྱེད་པའི་སྐབས་སུ། དཔེ་རྙིང་ཞིག་གི་གསེབ་ནས་ང་དང་དབྱངས་ཅན་གཉིས་འཐམ་འཁྱུད་བྱས་ཏེ་བརྒྱབ་པའི་འདྲ་པར་ཞིག་མོའི་རྐང་འགྲམ་དུ་ལྷུང་། མོས་དེ་ཡར་བླངས་ནས་ལྟ་གིན་དུ་ཐོག་མར་སྣང་བ་ཅི་ཡང་མེད་ཁུལ་གྱིས་བག་ཕེབས་པོའི་ངང་འདྲ་པར་དེའི་བྱུང་རིམ་དང་མི་སྣའི་ལོ་རྒྱུས་སོགས་ཁུངས་འདྲི་ལུང་འདྲི་བྱས་བྱུང་། གློ་བུར་བའི་གནས་ཚུལ་དེས་ང་ལ་ཟུར་གཡོལ་དང་རྫུན་འགེབས་ཀྱི་གྲ་སྒྲིག་བྱེད་པའི་གོ་སྐབས་ཏིལ་འབྲུ་ཙམ་ཡང་མ་བྱིན་པས། འདས་དོན་མདོར་བསྡུས་ཙམ་ངོས་ལེན་མི་ཞུ་རང་ཞུ་རེད། མོས་ང་དང་དབྱངས་ཅན་གཉིས་སྔོན་མ་དགའ་གྲོགས་བསྒྲིགས་མྱོང་བ་ཤེས་འཕྲལ། དེ་མུར་འགྲམ་གྱི་ཉལ་ཁྲིའི་སྟེང་ཁ་སྦྲིབ་ཏུ་འགྱེལ་བ་དང་མགོ་ལ་མལ་ཐུལ་གྱོན་ཏེ་ངུ་ཅོར་འཐེན། དེ་ནས་ཉིན་ཤས་རིང་ངག་བསྡམས་ནས་ཁྲོས་པ་དང་། རྗེས་སུ་འཆམ་ནའང་རྟག་ཏུ་དབྱངས་ཅན་གྱི་སྐོར་གླེང་ནས་གཅོང་མེད་གཅོང་དུ་བཟོ་བ་དང་། སྐྱིད་པོ་སྡུག་ལ་སྦྱོར་རྐྱང་བྱེད་ཀྱིན་འདུག་པས། ཉིན་ཞིག་ངས་འདྲ་པར་དེ་མོའི་མདུན་དུ་ཚལ་བུར་གཤགས་ཤིང་སྙིགས་སྒམ་དུ་གཏོར་ཏེ། དེ་སྔ་ངས་དབྱངས་ཅན་ལ་བརྩེ་དུང་བཅངས་མེད་རྐྱེན་འགྲོག་ཡུན་ཡང་ཐུང་ངུ་ལས་འཁྱོངས་མེད་ཚུལ་ལ་སོགས་པའི་བདེན་རྫུན་མཉམ་བསྲེས་ཀྱི་འགྲེལ་བཤད་མང་པོ་བརྒྱབ་པ་ཡིན། མ་གཞིར་གནས་བབ་ལ་བསྟུན་ནས་གཏམ་ནང་རྫུན་ཅུང་མི་བཤད་ཀ་མེད་བྱུང་ནའང་། ངས་སྒྲོལ་མར་བཅངས་པའི་བརྩེ་དུང་ནི་ཁ་ཞེ་གཉིས་མེད་ཡིན་པ་ང་རང་གིས་རང་སྲོག་མནའ་ལ་འཇོག་ནུས་པ་ཞིག་ཡིན། སྒྲོལ་མར་མ་གཞིར་འཇོ་སྒེག་ལྷ་མོ་ལྟ་བུའི་རྣམ་པ་ཡོད་ནའང་། མོའི་ཕྱི་ཚུལ་ནི་ཚུལ་མཐུན་བབ་ཆགས་ལྡན་པ་ཞིག་ཡིན་པ་སྟེ། ཁ་ངོར་དཀར་དམར་མི་བྱུག་ལ། ལྷག་པར་དཔུང་པ་དང་གྲོད་པ་སོགས་ཕྱིར་གཅེར་བའི་གྱོན་གོས་ཁྲེལ་མེད་ཡ་མ་གཟུགས་དེ་འདྲ་ནི་གཏན་ནས་མི་གྱོན། སྒྲོལ་མའི་ཀུན་སྤྱོད་ནི་དེ་བས་མཛངས་ལྡན་ཚུལ་ཡོད་ཅིག་ཡིན། སྐབས་འགར་བརྩེ་དུང་གི་རྩེད་འཇོར་རོལ་བའི་དུས་དང་བསྟུན་ནས། ངའི་ཆགས་སྲེད་ཀྱིས་མྱོས་པའི་ལག་པ་དེ་དུག་སྦྲུལ་ཞིག་ལྟར་གང་བྱུང་དུ་མོའི་མྱོས་བུམ་དང་བརླ་དཀྱིལ་དུ་རེག་དུས། མོས་རྟག་ཏུ་ངག་འཇམ་ངང"ཕུན་ཚོགས་ཚེ་རིང་། བྲེལ་བ་མ་བྱེད་དང་། གང་ལྟར་དུས་ཚོད་ཀྱི་སྔ་འཕྱི་མ་གཏོགས་ང་ཁྱེད་ལ་དབང་། འོན་ཀྱང་གཉེན་སྒྲིག་མ་བྱས་གོང་ལ་ངས་དེ་འདྲ་བྱ་མི་འདོད"ཅེས་མི་འཐད་པའི་རྣམ་འགྱུར་བསྟན། ཡིན་ནའང་། ཟླ་བ་གོང་མ་ནས་བཟུང་སྟེ་མོའི་སྐད་ཆ་དེར་འགྱུར་བ་ཅུང་བྱུང་སྟེ། "ཕུན་ཚེ། ད་ལྟ་བྲེལ་བ་མ་བྱེད་དང་གཉེན་སྒྲིག་ལག་འཁྱེར་བླངས་པའི་ནུབ་མོ་དེར་ངས་རང་ལུས་ཆ་ཚང་ཁྱེད་ལ་དབུལ་ངེས་ཡིན"ཞེས་བཤད།
གཏམ་དེའི་རྐྱེན་གྱིས་ངའི་སེམས་ནང་གི་སྒྲོལ་མའི་གོ་གནས་དེ་དགའ་རོགས་ཀྱི་གོ་རིམ་ནས་མ་འོངས་ཀྱི་ཆུང་མའི་གོ་རིམ་དུ་འཕར་སོང་། ཡང་གཏམ་དེའི་རྐྱེན་གྱིས་མོས་ད་བར་ངའི་བྲང་སྟེང་གི་ཁབ་གཙག་དེ་ཚོར་མེད།
གལ་ཏེ་ངའི་བྲང་སྟེང་གི་ཁབ་གཙག་དེ་སྒྲོལ་མས་མཐོང་ཚེ། མོར་སེམས་སྡུག་དྲག་པོ་ཞིག་ཡོང་རྒྱུར་གདོན་མི་ཟ། དེ་ལྟ་བུའི་གནས་ཚུལ་ནི་ངས་མཐོང་མི་འདོད་པ་ཞིག་ཡིན། གལ་ཏེ་མོར་སྡུག་བསྔལ་བྱུང་ཚེ། ངས་ཀྱང་སེམས་ཀྱིས་བཟོད་པར་དཀའ་ལ། མ་མཐར་ཡང་ཁབ་གཙག་དེའི་རྐྱེན་བྱས་ནས་ཁ་ནང་བསླེབས་ཟིན་པའི་ཤ་དེ་ལྕེས་འཕུད་པ་ལྟར་གཉེན་སྒྲིག་གི་མཚན་མོའི་དོན་བཟང་དེ་དང་། དེ་བཞིན་སླད་ཕྱིན་གྱི་དོན་བཟང་དུ་མ་ངས་ཕུ་བསྐྱལ་མི་འདོད། "ངས་རང་ལུས་ཆ་ཚང་ཁྱེད་ལ་དབུལ་ངེས་ཡིན།"ཨེ་མ་ཨེ་མ། མོའི་གཏམ་འདི་ནི་སྦྲང་རྩི་བཏབ་པའི་འབྲས་ཆང་ལྟར་མངར་ལ། མི་སེམས་མྱོས་ནས་འཆར་ཡན་གྱི་སྟོང་བསམ་སྣ་ཚོགས་པ་སྐྱེ་བར་ནུས་པ་ཞིག་རེད་ཨང་། གཏམ་དེ་དྲན་ཚེ་རིམ་བཞིན་ངའི་མིག་མདུན་དུ་སྒྲོལ་མའི་དཀར་འཇམ་གྱི་ཤ་རྩི་དང་། ཕྲ་ལྡེམ་གྱི་གཟུགས་ཉམས་དེ་འཆར་རྐྱང་བྱེད་ལ། ཡང་དེ་མུར་རང་ལུས་ཀྱི་ཁབ་གཙག་རྟེན་འབྲེལ་བཤིག་མཁན་དེའང་དྲན་རྐྱང་བྱེད་དེ། བཀྲ་མི་ཤིས་པའི་དོན་ཅི་ཞིག་ཐོན་ཡོང་ངམ་བསམ་པའི་སེམས་ཁྲལ་གྱིས་སེམས་བློང་བློང་པོར་བྱེད་པས། མཐའ་མར་ངས་དེ་སྔོན་ལང་ཚོ་དཔལ་འབར་གྱི་སྐབས་སུ་སེམས་ཐག་བཅད་ནས་ཁབ་གཙག་དེ་བརྒྱབ་པ་ཇི་བཞིན། དེ་རིང་སེམས་ཐག་བཅད་ནས་བརྡ་ཁྱབ་ནང་དུ་འཁོད་པའི་མཛེས་བཅོས་ཁང་ཁབ་གཙག་བསུབ་མཁན་དེའི་ས་གནས་མྱུལ་ཏེ་ཤར་རེར་འཛུལ།
"གཉེན་སྒྲིག་ལག་འཁྱེར་ལེན་པའི་ནུབ་མོ་དེར་ངས་རང་ལུས་ཆ་ཚང……"ངས་མིག་ཟུང་བཙུམས་ནས་སྒྲོལ་མའི་སྐད་ཆ་འདིར་ཡང་ནས་བསྐྱར་དུ་བྲོ་བ་མྱོང་གིན་བསྡད། ངེད་གཉིས་དབར"གཉེན་སྒྲིག"ཅེས་པའི་ཐ་སྙད་དེ་ཐོག་མར་གླེང་མཁན་ནི་སྒྲོལ་མ་ཡིན་པས། དགའ་རོགས་སྒྲིག་བཞིན་པའི་སྐྱེས་པ་ཕོ་ཞིག་གི་ངོས་ནས་བཤད་ན། དེ་ནི་སྐྱིད་སྣང་དང་སྤོབས་སེམས་སྐྱེ་འོས་པ་ཞིག་རེད་འདུག སྒྲོལ་མའི་གཏམ་དེ་ནི་ཟླ་བ་གོང་མར་ངས་མོ་ཁྲིད་དེ་ངའི་ལས་རོགས་བུ་མོ་ཞིག་དང་མཉམ་དུ་གུང་ཟས་ཟ་བར་ཕྱིན་པའི་ཉིན་གཉིས་པ་ནས་འགོ་བཙུགས་ཏེ་ཐོན་པ་ཞིག་ཡིན། དེ་ཉིན་གུང་ཟས་ཟོས་ཚར་ནས་ལས་རོགས་བུ་མོ་དང་ཞལ་གྱེས་ཏེ་ངེད་གཉིས་ལམ་དུ་འགྲོ་དུས་སྒྲོལ་མས་ང་ལ།
གུང་ཟས་ཟ་སྐབས་བུ་མོ་ལས་རོགས་དེའི་མིག་གི་ལྟ་སྟངས་དང་བྱ་སྤྱོད་གང་སྤྱིའི་ཐད་ནས་མི་བདེ་བའམ་བཅོས་མ་ཞིག་ཡོད་བཞིན་དུ་བག་ཕེབས་ཡིན་ཁུལ་དུ་བརྫུས་ཤིང་། བཅོས་མའི་ངང་ཚུལ་དེ་ཚོ་ལས་རྙོག་འཛིང་ལྡན་པའི་སེམས་ཁམས་ཤིག་མངོན་ཡོང་བ་ནི། ལྐོག་ཏུ་སྦས་པའི་བརྩེ་སེམས་དང་མིག་སེར། བྱ་དཀའ་བྱེད་གཏད། དེ་བཞིན་ཇི་མི་སྙམ་པར་བརྫུས་པའི་གཡོ་སྒྱུ་བཅས་ཅིག་ཅར་དུ་བསྲེས་པ་ཞིག་རེད་ཅེས་ཟེར། དེ་ནས་སྒྲོལ་མས་མཇུག་སྡོམ་ཞིག་བྱས་པ་སྟེ། ལས་རོགས་བུ་མོ་དེ་ཁྱོད་ལ་སེམས་འཆོར་བཞིན་ཡོད་ཟེར། སྐབས་དེར་ང་རང་དངོས་གནས་སྒྲོལ་མའི་ཚོར་ཤེས་ཁྱད་འཕགས་ཅན་དེར་ཡིད་སྨོན་སྐྱེས་ནའང་། ཁ་ནས་འདི་ནི་ཁུངས་ལུང་མེད་པའི་དཀྲོག་གཏམ་རང་རེད་ཅེས་མོར་ནོངས་ཡོད་ཀྱི་དགག་ལན་མང་པོ་བྱས་ཤིང་། ཡང་དེ་མུར"ངས་ཁྱེད་རང་ཕུད་པའི་མི་སུ་ལའང་སེམས་མི་འཆོར"ཞེས་ནན་བཤད་གསལ་པོ་ཞིག་བྱས་པ་ཡིན། ཨ་ཅང་ཅང་། ནན་བཤད་བྱས་པའི་གཏམ་དེ་ནི་ངའི་སེམས་ཀྱི་ཟབ་ས་ནས་ཐོན་པའི་སྙིང་གཏམ་ཡིན་པ་དཀོན་མཆོག་གསུམ་གྱིས་དཔང་དུ་ནུས་པ་ཞིག་ཡིན།
"ཁྱོད་ཀྱི་དཔུང་སྟེང་དུ་བརྐོས་པའི་སྟ་རེ་དེ་བསུབ་རྒྱུ་མིན་ནམ"
"མིན། དེ་འཇོག་རོགས། ཨ……ཨ་ཚའོ། ཨེམ་རྗེ། ཁྱོད་ཚོའི་བརྡ་ཁྱབ་ནང་ཁབ་གཙག་བསུབ་པར་ན་ཟུག་མྱང་མི་དགོས་ཞེས་བཤད་པ་མིན་ནམ"
"ཉེན་རྟོག་པར་ཞུགས་རྒྱུའི་ཡིག་ཚད་གཏོང་ན་ལུས་སྟེང་དུ་ཁབ་གཙག་ལྷེབ་ཙམ་ཡང་ཡོད་མི་རུང་བ་མིན་ནམ"
"ངས་ད་གིན་ཁྱེད་རང་ལ་ཀུ་རེ་ཞུས་པ་ཡིན། ཨེམ་རྗེ་ལགས"ངས་མིག་ཟུང་དམ་དུ་བཙུམས་ནས་ཅུང་ངོ་གནོང་བའི་ངང་ཨེམ་རྗེ་དེར་ལན་དེ་ལྟར་བཏབ།
བཅོས་མའི་ཚིག་མི་བདེན། ཤོག་ནང་མེ་མི་ཐུབ་ཅེས་པའི་འཇིག་རྟེན་གཏམ་དཔེ་ནི་ཅིས་མི་བདེན། ད་གིན་མཛེས་བཅོས་ཁང་གི་སྒོར་འཛུལ་ཙམ་ལ། ངས་སྨན་པ་འདིར་བཤད་པའི་རྫུན་གཏམ་དེ་ད་ཆ་ཁོའི་བསྲེགས་བཅད་བརྡར་གསུམ་གྱི་བློ་གྲོས་རལ་གྲིའི་འོག་རྫུན་རྐུབ་བརྟོལ་ཞིང་ཚལ་བུར་བརླགས་སོང་བསམས་ནས། ངོ་ཚ་ཁ་སྐྱེངས་ཀྱིས་ད་གིན་གྱི་གཏམ་དེ་ཀུ་རེ་ཡིན་ཞེས་མ་བཤད་རང་བཤད་ཐུག་བྱུང་། ཕྱོགས་གཞན་ཞིག་ནས་བཤད་ན། ཁབ་གཙག་བསུབ་རྒྱུ་ཟེར་བ་དེ་འདི་ལྟ་བུའི་ཟུག་གཟེར་གྱི་སྡུག་བསྔལ་མྱོང་དགོས་པ་ཤེས་བཞིན་དུ། ད་དུང་དཔུང་སྟེང་གི་སྟ་རེའི་རི་མོ་དེ་བསུབ་པའི་བསམ་བློ་ཞིག་ཅི་ལ་སྐྱེ་སྲིད་དམ། མ་གཞི་ནས་དཔུང་སྟེང་གི་སྟ་རེ་དེས་ངའི་ད་ལྟའི"ཞི་མཐུན་དང་བརྟན་བརླིང"གི་འཚོ་བར་གནོད་པ་ཅི་ཡང་མི་བཟོ་བས། དེ་བསུབ་པ་ནི་ཕྲུ་གུ་ལས་མེད་ཀྱིས་ཁྱི་གཞུག་ལ་?ག་བརྫིས་གཏོང་བའི་ལས་དང་། རང་སྡུག་རང་གིས་ཉོས་པའི་ལས་ཤིག་རང་རེད་བསམས།
ངས་དེ་ལྟར་བསམ་བཞིན་མུ་མཐུད་མིག་ཟུང་དམ་དུ་བཙུམས་ནས་བསྡད། དེའི་སྐབས་སུ་ངའི་མིག་མདུན་དུ་ཁབ་རྩེ་འདྲ་བའི་མེ་ལྕེ་ཞིག་གིས། བྲང་སྟེང་དུ་བརྐོས་པའི་ཡིག་འབྲུ་ཁོང་ཁྲོ་སློང་མཁན་འདི་གཉིས་ཀྱི་སྨྱུག་རིམ་དེད་དེ་ངའི་སྐྱི་ལྤགས་སྲེག་གིན་མདུན་དུ་བསྐྱོད་ཅིང་། རྨོ་སློག་བྱེད་བཞིན་པའི་གཤོལ་ལྕགས་རྣོན་པོ་ཞིག་ལྟར་ཚོན་རྩིས་གོས་པའི་ངའི་ལྤགས་ངོས་ཚལ་བར་གཏོར་གྱིན་ཡོད་པའི་སྣང་བ་ཞིག་འཆར། ཁྲམ་པ་རང་རེད། བརྡ་ཁྱབ་ནང་དུ"ན་ཟུག་མྱང་མི་དགོས་པར་ཁབ་གཙག་བསུབ་ཐུབ……"ཅེས་བྲིས་འདུག ད་ལྟ་དམྱལ་ཁམས་ཀྱི་ན་ཟུག་ཚང་མ་བྲང་སྟེང་དུ་མྱང་དགོས་འདུག ངས་དེ་ལྟར་དྲན་པ་དང་ཆབས་ཅིག་ཨེམ་རྗེའི་སར་སོང་ནས་སོམ་ཉི་དེ་མཐའ་ལ་བཀར་ནས་དྲིས་པས། ཁོས་ཀ་རེ་ཀོ་རེའི་ངང་མི་སོ་སོའི་གཟུགས་གཞིའི་གནས་བབ་མི་འདྲ་བས། ལ་ལར་ན་ཟུག་ཅུང་ཟད་ཡོང་བ་ཡང་ཡོད་ཅེས་བཤད་བྱུང་། ན་ཟུག་ཅུང་ཟད་ཨས། ཁྲམ་གཏམ་རང་རེད། ཤ་ལྤགས་རལ་སོང་བསམ་པའི་ན་ཟུག་དྲག་པོ་དེ་འདྲ་བ་གལ་ཏེ་ཁོ་རང་གི་ལུས་ཐོག་ཏུ་ཕབ་ན་ད་དུང"ན་ཟུག་ཅུང་ཟད་ཙམ"ཞེས་ཟེར་ཕོད་དམ། ཡང་མིན་ན་ཨེམ་རྗེ་དེའི་སྐད་ཆ་དེ་ནི་དཔེ་རྒྱན་ལྟ་བུ་ཞིག་ཡིན་ནམ། ཁོའི་གཏམ་དེའི་ནང་དུ"ལ་ལར་ན་ཟུག་ཅུང་ཟད་ཡོང་བ་དང་། མང་ཆེ་བར་ན་ཟུག་དྲག་པོ་ཡོང་བ་ཡིན"ཞེས་པའི་ཤུགས་བསྟན་གྱི་དོན་ཞིག་ཡོད་པ་ནི་ཨེ་ཡིན།
ཨེམ་རྗེ་དེས་མགོ་ཀྱོག་ཀྱོག་ངང་ངའི་བྲང་སྟེང་དུ་བརྐོས་པའི་ཡིག་འབྲུ་དེ་གཉིས་པོར་ཞིབ་ལྟ་ཞིག་བྱས་ནས"ལྷ་མོ་ཟེར་བ་སུ་ཡིན་ནམ"ཞེས་དྲིས།
དངོས་གནས་མུ་གེའི་སྟེང་ལ་ཟླ་ལྷག གཟའ་རོའི་སྒང་ལ་རྐང་ཀྱོག་ཅེས་པའི་གཏམ་དེ་ཅིས་མི་བདེན། ང་རང་ད་ལྟ་ན་ཟུག་གིས་ངུ་འཆོར་གྲབས་བྱེད་པའི་སྐབས་དེ་འདྲར། གཏམ་འཆལ་མང་བའི་ཨེམ་རྗེ་སུན་པོ་དེས་ཡང་ངའི་བྲང་སྟེང་དུ་བརྐོས་པའི"ལྷ་མོ"ཞེས་པའི་མིང་ཁོང་ཁྲོ་སློང་མཁན་དེའི་སྐོར་གླེང་བྱུང་།
དོན་དམ་པར། ལྷ་མོའི་མིང་དེ་ངའི་བྲང་སྟེང་དུ་ད་དུང་གསལ་པོར་གནས་ནའང་། ངས་ལྷ་མོའི་ངོ་གདོང་དེ་རབ་རིབ་ཙམ་ལས་དྲན་མི་ཐུབ། ངའི་དྲན་པའི་མེ་ལོང་ནང་མོའི་གདོང་དེ་སྔ་ས་ནས་ངོ་གདོང་གཞན་དུ་མས་བཀབ་སྟེ། ཆར་རླུང་གིས་ལོ་མང་བརྡུངས་པའི་ལྡེབས་རིས་ཤིག་ལྟར་མག་མོག་ཏུ་གྱུར་ཚར་འདུག ངས་རབ་རིབ་ཏུ་དྲན་ཐུབ་པ་ནི། དེ་དུས་མོས་རྟག་ཏུ་སྟོད་གོས་ཟིང་སྐྱ་ཞིག་གྱོན་གྱིན་ཡོད། ཕལ་ཆེར་ཟིང་སྐྱ་ཡིན་པ་ཡོད། ཡང་མིན་ན་སྔོན་པོ་ཡིན་གྱི་རེད། ཨོའོ། གཅིག་བྱས་ན་ནག་པོ་ཡིན་པ་ཡང་ཆ་མི་འཚལ། ཅི་སྐྱོན། གང་ལྟར་མཐོ་རིམ་སློབ་འབྲིང་ཐོན་ནས་ད་བར་ལོ་བཅུ་ཙམ་འདས་ཟིན་ལ། ལྷག་པར་ང་ལ་ལོ་མང་རྙོག་དྲ་སློང་མཁན་གྱི་ལྷ་མོ་ཞེས་པའི་མིང་དེས། སླར་ལྷ་མོ་ལ་འདང་རྒྱག་པའི་ཞེན་ཁ་ཡེ་ནས་མེད་པར་གྱུར། ཨ་ཁ། ཡིན་གཅིག་མིན་གཉིས་བྲང་སྟེང་དུ་བརྐོ་བའི་དགོས་པ་ཅི་ཡོད། དེ་དུས་ངའི་སེམས་རྒྱུད་གདོན་གཟུགས་ཅི་འདྲ་ཞིག་གིས་བརླམས་པ་ཡིན་ནམ། དགའ་ན་དགའ་བ་རེད། སེམས་ཤོར་ན་ཤོར་བ་རེད། བུ་མོའི་མིང་རང་ཉིད་ཀྱི་སྙིང་ཁར་བརྐོས་ནས་ཅི་བྱེད་དམ། ངོ་དགའ་སྤྲེལ་ལད་བྱེད་པའི་སླད་དུ་ཡིན་ནམ། ཧ་ལམ་དེའི་ཆ་ཤས་ཅུང་ཟད་ཡོད་ཀྱང་སྲིད། འོན་ཀྱང་མང་ཆེ་བ་ནི་དེ་དུས་ཀྱི་ཡོད་ཚད་ཚང་མ་མི་འགྱུར་?་རྗེའི་བྲག་ལྟར་སྣང་བའི་བསམ་བློ་སྟབས་བདེ་ཞིག་གི་རྐྱེན་གྱིས་ཡིན་ངེས་ལ། ད་ཆར་བསམ་དུས་དེ་ནི་ཆུ་ནང་ཟླ་བའི་གཟུགས་བརྙན་ལ་འཆང་འདོད་དང་། ཤ་ཡི་?་རྗེས་མི་འཇིག་རྨི་ལམ་སྲུང་འདོད་ཀྱི་གླེན་རྟགས་ཙམ་ལས་མ་འདས། འོ་ན་མིང་དེ་བརྐོས་པའི་སྐབས་སུ་ན་ཟུག་བཏང་མྱོང་ངམ་ཞེ་ན། ད་ལྟ་དངོས་གནས་དྲན་པར་དཀའ་མོད། དེའི་སྐབས་ལྷ་མོ་ནི་ངའི་སྙིང་ནས་བརྩེ་བ་ཞིག་ཡིན་པ་མཚོན་ཆེད། ངས་ཆེད་དུ་སྙིང་ཁའི་གནས་དེ་བདམས་ནས་ཁབ་གཙག་བརྒྱབ་པ་དེ་གསལ་པོར་བཤད་རྒྱུ་འདུག་ལ། ཁབ་གཙག་བརྒྱབ་ཚར་བའི་རྗེས་སུ་སྤྲོ་བ་ཆེན་པོ་ཞིག་གིས་སེམས་ཡོངས་སུ་གཏམས་ཏེ། དེ་མ་ཉིད་དུ་ལྷ་མོའི་མདུན་ལ་སོང་ནས་ལུས་སྟོད་གཅེར་བུར་སྟོན་འདོད་པའི་བསམ་པ་དྲག་པོ་སྐྱེས་པ་ཡང་བཤད་རྒྱུ་འདུག གཅིག་བྱས་ན་དེ་དུས་ཀྱི་ལོ་ཆུང་སྟག་ཤར་དེ་བརྩེ་དུང་གི་བདུད་རྩིས་?ད་ནས་ན་ཟུག་མ་ཚོར་བ་ཡང་ཡིན་ཤས་ཆེ། འོན་ཀྱང་དེ་སྔོན་རྟག་བརྟན་མི་འགྱུར་?་རྗེའི་བྲག་ཏུ་འཁྲུལ་བའི་བརྩེ་དུང་དེ། ད་ཆ་དྲན་པའི་མེ་ལོང་དུ་ལོ་ཟླའི་ཆར་རླུང་གིས་བཅོམ་ནས་དམ་དུམ་ཧྲལ་ཧྲུལ་ཙམ་ལས། ཆ་ཚང་བའི་སྣང་བརྙན་ཞིག་གཏན་ནས་མངོན་མི་ཐུབ་ལ། ལྷ་མོའི་ངོ་གདོང་དེ་ཡང་ཆུ་འཛིན་སྲབ་མོས་གཡོགས་པའི་ཀུ་མུད་གཉེན་ཇི་བཞིན། ངའི་བློ་ངོར་མག་མོག་དང་རབ་རིབ་ལས་མ་འདས། ལྷ་མོ་ནི་ལོ་བཅུའི་གོང་ནས་ངའི་སེམས་ཁོང་དུ་?ག་ཐོན་བྱས་ཟིན་ནའང་། ངའི་སྙིང་ཁའི་ཤ་ལྤགས་ཀྱི་གསེང་དུ་ད་དུང་མོའི་མིང་དེ་གསལ་ཆིལ་ལེར་ལུས་འདུག མིང་དེས་ང་རང་ཨ་གསར་གྱི་རྟ་ལ་བཞོན་པ་འགོག་ཅིང་། རྙིང་དོར་གསར་བསུ་བྱེད་པར་གནོད་ཆེན་པོ་བསྐྱལ། མིང་དེས་རྟག་ཏུ་ང་རང་ངུ་མ་དགོད་དུ་འཇུག་ཅིང་། ཡང་སྒོས་མིང་དེ་ངའི་མ་འོངས་ཁྱིམ་ཚང་གི"བདེ་སྐྱིད་དང་བརྟན་བརླིང"ལ་ཉེན་ཁ་ཚབས་ཆེན་བཟོ་བའི་དུས་བཀག་འབར་རྫས་ཤིག་ཏུ་གྱུར་ཡོད།
ཨ་ཁ་ཁ། གལ་ཏེ་སྐབས་དེ་དུས་ངའི་བྲང་སྟེང་དུ་བརྐོས་པའི་ཡི་གེ་དེ་ལྷ་མོ་ཞེས་མིན་པར་འདྲེ་མོ་ཞེས་ཡིན་ན་ཅི་མ་རུང་། དེ་ལྟར་ཡིན་ཚེ། ད་ལྟ་ཤ་ལྤགས་ཀྱི་སྡུག་བསྔལ་འདི་འདྲ་བ་ཅི་ལ་མྱོང་དགོས་སམ། ཀྱེ་ཧུད།
"ཨ་ཙི། ད་ཁོང་ཁྲོ་སློང་མཁན་གྱི་ཡི་གེ་དེ་གཉིས་སྐོར་མ་གླེང་དང"ངས་ཚིག་ཟ་དང་བཅས་ཨེམ་རྗེར་དེ་ལྟར་བཤད།
"ག་རེ། ཁོང་ཁྲོ་སློང་མཁན། ཁོང་ཁྲོ་སློང་མཁན་ཡིན་ན་ཁབ་གཙག་གཏིང་རིང་པོ་དེ་འདྲ་བརྐོས་ནས་ཅི་བྱེད་དམ། དགའ་རོགས་སྔོན་མ་ཡིན་ནམ"
"མ་རེད། སྔོན་མའི་སྔོན་མ་རེད"ངས་གཏམ་དེ་ཁ་ནས་ཐོན་མ་ཐག་རང་ཉིད་འགྱོད་པའི་གླིང་དུ་བསྐྱལ་ནས་སོ་སོས་སོ་སོར་འགྲམ་ལྕག་ཚ་ཐག་ཆོད་ཅིག་རྒྱག་པར་འདོད། འཇིག་རྟེན་གཏམ་དཔེར་ལྟོ་འགྲངས་ཚོད་ལ་ཞོག གཏམ་གོ་ཚོད་ལ་ཞོག་ཟེར་ནའང་། གླེན་ལྐུགས་ང་ནི་དེ་འདྲའི་ཁ་ལ་གདང་བཙུམ་མེད་པ་ཞིག་རེད་ཨང་། ཁ་སྟར་ག་ཇི་བཞིན་བཙུམས་ནས་མ་བསྡད་པར། མི་ཆ་རྒྱུས་སྤུ་ཙམ་མེད་པ་ཞིག་ལ་སྔ་རྒྱུས་ད་རྒྱུས་དེ་འདྲ་དྲང་པོར་བཤད་ཀྱིན་བསྡད་ནས་ཅི་བྱེད་དམ། ཨ་ཁ། ད་གིན"འོ་རེད"ཅེས་ལན་སྟབས་བདེ་ཞིག་བཏབ་ཡོད་ཚེ། ད་ཆ་ཁོ་ལ་གཏམ་ལུང་འཇུ་ས་མེད་པས། ངས་ལེ་བདའི་ཡལ་ག་གང་སར་རྒྱུག་པར་དོགས་པའི་སེམས་ཁྲལ་ཅི་བྱེད།
"འོ་ན་དགའ་རོགས་སྔོན་མ་དེའི་མིང་གང་དུ་བརྐོས་ཡོད། ད་ཐེངས་སྔོན་མའི་སྔོན་མ་དང་མཉམ་དུ་བསུབ་ཀྱི་མིན་ནམ"
འོ་ཡ། ངས་བཤད་པ་དེ་ཅིས་མི་བདེན། ཨེམ་རྗེ་དེ་ནི་གཏམ་འཆལ་ཁོག་ནང་མི་ཚུགས་པའི་བུད་མེད་ཅིག་དང་ཨ་ན་མ་ན་རང་རེད། ང་རང་ཇི་ལྟར་གླེན་རྟགས་ཆེ་ནའང་། དགའ་རོགས་སྒྲིག་ཐེངས་རེ་རེར་སྐབས་དེའི་དགའ་རོགས་ཀྱི་མིང་དེ་སོ་སོའི་ཤ་ཁྲག་ཏུ་བརྐོས། དེ་ལྟ་ན་ངའི་གཟུགས་ཕུང་འདི་ལྷ་སྒྲུང་ནང་གི་ལྷ་བརྐོས་?་རིང་གསེར་གྱི་མེ་ལོང་དང་ཁྱད་ག་རེ་ཡོད་དམ། ད་ལྟའི་ལྷ་མོ་ཞེས་པའི་མིང་གཅིག་པུ་དེ་བརྐོས་པ་ཙམ་གྱིས། བདག་དབང་ལ་འཕོ་འགྱུར་མང་བའི་བརྩེ་དུང་གི་ཞིང་ས་འདིར། རང་ཉིད་ནི་ཅི་འདྲའི་གླེན་རྟགས་ཚ་བ་ཞིག་ཡིན་པ་ར་སྤྲོད་ཐུབ་སོང་། མ་ཟད་ལྷ་མོའི་མིང་དེས་རྐྱེན་བྱས་ཏེ། ངའི་དགའ་རོགས་སྔོན་མ་དབྱངས་ཅན་གྱིས་ང་ལ་སྡུག་པོ་བསམ་གྱིས་མི་ཁྱབ་པ་བཏང་མྱོང་སྟེ། དབྱངས་ཅན་ཅུང་ཞི་བའི་སྐབས་སུ་ངའི་བྲང་སྟེང་གི་ཁབ་གཙག་དེར་བལྟས་ནས"ག་རེ། ལྷ་མོ། ཧ་ཧ་ཧ……བྲང་དུ་བརྐོས་པ་དེ་ཁྱོད་ཀྱི་ཚོང་རྟགས་ཡིན་ནམ། ལྷ་མོ་རྟགས་ཅན་གྱི་ཕུན་ཚེ། ཧ་ཧ་ཧ……ཡང་མིན་ན་དེ་དགའ་རོགས་སྔོན་མའི་བརྩེ་དུང་གི་ཡང་སྲིད་ལ་བཞག་པའི་ཞལ་ཆེམས་ཡིན་ནམ། དེ་འདྲ་ཡིན་ན་ངས་ཀྱང'དབྱངས་ཅན'ཞེས་པ་ཞིག་ཁྱོད་ཀྱི་འཕོང་སྟེང་དུ་བརྐོས་ཆོག འདི་ལྟར་བྱས་ཚེ་གཞི་ནས་འདོད་ལྷ་ཚངས་པའི་སྲས་མོའི་མིང་ཆ་ཚང་བ་ཞིག་ཁྱོད་ཀྱི་ལུས་ཐོག་ཏུ་བསྒྲུབས་པ་ཡིན"ཞེས་ཁྲེལ་དགོད་དང་འཕྱ་དམོད་བྱེད་ཅིང་། ཡང་དབྱངས་ཅན་ཁྲོ་བའི་སྐབས་སུ་རྩི་དམར་བྱུགས་པའི་སེན་མོ་རིང་པོ་རྣམས་ཀྱིས་ངའི་བྲང་སྟེང་དུ་ལྕགས་ཤད་ལྟར་བྲད་ནས་ལྷ་མོའི་འཁྲབ་གཞུང་ནང་གི་དག་སྲིན་གཏུམ་མོ་པེ་ཏ་མགོན་སྐྱིད་ལྟར་ཁ་མེད་སྣ་མེད་ངང་ངུ་ཤུམ་འཐེན་གྱི་ཡོད། དེས་ན་ངས་རྟག་ཏུ་དགའ་འཛོམས་ནང་དམེར་མི་འགྱུར་བའི་ཆེད་དུ་ཀོ་ཡོལ་གྱིས་ཁབ་གཙག་འགེབས་པའམ། སྟོད་ལྭ་ནང་འཇམ་དམ་པོར་གྱོན་པ། འཇིག་རྟེན་བྱ་བ་རྩོམ་ཁར་གློག་བཀྲོངས་པ་ལ་སོགས་པའི་གནས་སྐབས་ཀྱི་ཐབས་ཤེས་སྤྱོད་རྒྱུ་ལས་ཕུགས་ཡུན་རིང་བའི་ཐབས་བཟང་ཞིག་ཡེ་ནས་མ་རྙེད། ཐབས་དེ་འདྲ་བ་བཏོན་ནའང་། ངེད་གཉིས་པོའི་ཆགས་རྩེད་དེ་ལྷམ་དོར་གོས་གཡུག་བྱེད་པའི་བརྒྱུད་རིམ་དེར་སླེབས་རིམ་བཞིན། ནང་འཁྲུག་གི་མཇུག་འབྲས་མང་ཆེ་བ་ནི། ང་རང་དམག་ལས་ཕམ་སྟེ་སྟོད་ཧྲེང་ངང་མལ་ཁྲིའི་ཟུར་འགྲམ་དུ་ལངས་ནས་འུ་ཐུག་ངང"འོ་ན་ཁྱོད་ཀྱིས་གྲི་ཞིག་ཁྱེར་ནས་ངའི་བྲང་སྟེང་གི་ཤ་དེ་ལེབ་མོར་ཁོགས་དང་སྐུ་མཁྱེན"ཞེས་སྨྲེ་སྔགས་འདོན་རྒྱུ་དེ་རྐྱང་རྐྱང་ཡིན། ང་རང་ལུས་སྟོད་གཅེར་བུའི་ངང"ལྷ་མོ"ཞེས་པའི་ཁབ་གཙག་དེ་བྲང་སྟེང་དུ་འགེབ་མེད་གཡོག་མེད་ངང་ཁྱེར་ཏེ་མལ་ཁྲིའི་ཟུར་དུ་ལངས་ནས་སྡོད་དུས། དངོས་གནས་ཉེས་པའི་བྱང་ཤིང་སྐེ་ལ་བཏགས་ནས་འཐབ་རྩོད་གཟེད་བཞིན་པའི་མི་ཞིག་དང་ཨ་ན་མ་ན་རེད།
ཨེམ་རྗེ་དེས་དགའ་རོགས་སྔོན་མ་དེའི་མིང་གང་དུ་བརྐོས་ཡོད། ད་ཐེངས་མཉམ་དུ་བསུབ་ཀྱི་མིན་ནམ་ཞེས་པའི་གཏམ་ཡ་མཚན་པ་དེ་འདྲ་བཤད་པ་ཐོས་པས། ང་ཧད་དེ་མིག་གདངས་ནས་ཁོ་ལ་ཅེར། འོན་ཀྱང་ཁོའི་ཁ་རས་སྟེང་གི་མིག་ཟུང་དེས་ང་ལ་མི་ལྟ་བར་རྩེ་གཅིག་ངང་ངའི་བྲང་སྟེང་ལ་བལྟས་ནས་ལས་ཀ་བྱེད་ཅིང་། མིག་མདངས་ལས་འཛུམ་པའི་རྣམ་འགྱུར་ཡང་ཅུང་མངོན་གྱི་འདུག "དེ་ལྟར་སྐད་ཆ་ཕར་བཤད་ཚུར་བཤད་བྱས་ན། བསམ་བློ་གཡེངས་ནས་ན་ཟུག་མི་ཚོར་བ་ཡོང་གི་རེད་ཡཱ། གཞོན་པ" ཁོས་འདི་ལྟར་འཆད་ཀྱིན་མིག་ཟུང་གིས་ངའི་བྲང་སྟེང་དུ་འགུལ་བཞིན་པའི་འཕྲུལ་ཆས་དེ་རྩེ་གཅིག་ཏུ་དེད་པ་ལས། ཐོག་མཐའ་བར་གསུམ་དུ་ང་ལ་ཟུར་མིག་ཙམ་ཡང་བལྟས་མ་བྱུང་།
དེ་ནས་ངས་སླར་མིག་བཙུམས་ཤིང་། སྡུག་རུས་ངང་ཚ་ཟུག་སྲོན་བཞིན་པའི་གདོང་དེ་ཐང་ཁུག་གི་ཁ་སུལ་ལྟར་གཉེར་ནས་བསྡད།
"སྔོན་མ་ཡང་གཞོན་པ་ཞིག་ཡོད་དེ། ཁོས་མཐོ་འབྲིང་གི་སྐབས་སུ་རང་གི་སྙིང་དུ་སྡུག་པའི་དགའ་གྲོགས་བཟང་མོ་ཞེས་པ་དེའི་མིང་ཁབ་གཙག་བརྒྱབ་ནས་དཔུང་སྟེང་དུ་བརྐོས། འོན་ཀྱང་མི་རིང་བར་བཟང་མོ་བློ་འགྱུར་ནས་ཁོ་བསྐྱུར་བ་དང་། མོས་དགའ་གྲོགས་གསར་པ་ཞིག་བཙལ། ཁོས་དགའ་གྲོགས་གསར་པས་རང་གི་ཁབ་གཙག་མཐོང་ནས་འཁྲུག་སློང་བྱ་བར་དོགས་མོད། ཁབ་གཙག་བསུབ་པའི་ཐབས་བཟང་ཞིག་མ་རྙེད། མཐར་གཞོན་པ་དེས"བཟང་མོ"ཞེས་པའི་ཡིག་འབྲུའི་རྗེས་སུ"ནི་འདྲེ་མོ་ཡིན"ཞེས་པའི་ཡིག་འབྲུ་འགའ་བསྣན་ནས་ཁབ་གཙག་བརྒྱབ། འོན་ཀྱང་བསམ་ཡུལ་ལས་འདས་པ་ཞིག་ལ། མི་རིང་བའི་རྗེས་སུ་ཁོ་དང་བཟང་མོའི་དབར་བརྩེ་དུང་སླར་གསོ་བྱུང་བས། ཁོ་གཉིས་དགའ་གྲོགས་བསྐྱར་སྒྲིག་བྱས། དེ་ནས་ཁོས་ཁབ་གཙག་གི་ཡི་གེ་ཆེས་མཇུག་མ"ཡིན"ཞེས་པའི"ཡ"དེར་སྨྱུག་རིམ་གཅིག་བསྣན་ནས"མ"ཞེས་པར་བསྒྱུར་བས"བཟང་མོ་ནི་འདྲེ་མོ་མིན"ཞེས་པར་གྱུར། ཡང་དུས་ཡུན་རིང་པོ་མ་འདས་པར་ཁོ་གཉིས་གྱེས་པས། ཁོས་སླར་ཁབ་གཙག་ཀྱི་ཡི་གེའི་མཇུག་ཏུ"ན་སུ་ཡིན"ཞེས་པའི་ཡིག་འབྲུ་གསུམ་བསྣན་རྒྱུ་ལས་འོས་མ་བྱུང་། ཧ་ཧ་ཧ……"
ཨ་མ་མ་མ། ཨེམ་རྗེ་དེ་ཅི་རེད། སོ་སོས་མཚར་གཏམ་བཤད་སོ་སོས་ཧབ་ཆ་བརྒྱབ། ཁོས་ཐོལ་དུ་གད་མོ་དེ་འདྲ་བ་ཞིག་བགད་པས། ང་ནི་འདྲོགས་ནས་ཅུང་ཙམ་མ་གཏོགས་ཉལ་ཁྲིའི་འོག་ཏུ་ལྷུང་གྲབས་བྱས་བྱུང་། མ་གཞིར་ཨེམ་རྗེ་ཁོ་རང་སོ་སོས་བཤད་པའི་གཏམ་དེར་གད་མོ་ཆེན་པོ་ཤོར་རུང་། ངས་ཁོས་བཤད་པའི་སྒྲུང་དེ་མཚར་གཏམ་ཞིག་ཏུ་གཏན་ནས་བཟུང་མེད་ལ། དེ་བས་ཚིག་པ་ཡང་ཅུང་ཟོས་བྱུང་། ངའི་བསམ་པར་མཚར་གཏམ་དེ་ནི་དམིགས་སུ་ང་ལྟ་བུའི་ཧོལ་རྒྱུག་གིས་ལུས་ལ་ཁབ་གཙག་བྱེད་མཁན་གླེན་པ་དག་ལ་སུན་འབྱིན་པ་རང་རེད་བསམས་བྱུང་། ང་ཅུང་ཧོན་ཐོར་བ་དང་། ཡང་དོགས་ཟོན་བྱེད་པའི་རྣམ་འགྱུར་ངང་མིག་གིས་ཨེམ་རྗེར་ཅེར་ནའང་། ཁོས་ནི་ང་ལ་ལྟ་ཙམ་ལས་མ་བྱས་པ་དང་། ལག་ནང་གི་འཕྲུལ་ཆས་དེ་ངའི་མགོའི་སྔས་འགྲམ་དུ་བཞག་པའི་ལྕགས་སྡེར་ནང"ཐང་ལང"ཞེས་གཡུག་ཞོར"ཧེ་ཧེ། ག་རེ། གད་མོ་འཆོར་རྒྱུ་མི་འདུག་གམ། མི་འདུག་ནའང་སྐྱོན་མེད། ལས་ཀ་ཚར་སོང་། འོ་ཡ། ཕྱིར་ལོག་རྗེས་ངེས་པར་དུ་གཟབ་དགོས་པ་ནི་བྲང་ཁར་ཨ་ཅོར་གྲང་མོ་སྦྱོར་དགོས་པ་དང་། སུར་པན་དང་ཆང་རག་གི་རིགས་ལ་འཛེམ་དགོས……"ཞེས་མང་དུ་མངགས།
ངས་ལུས་སྟོད་མལ་ཁྲི་ལས་ཡར་འགྲེངས། ངའི་བསམ་པར་ད་ཡིན་ན་ངའི་བྲང་ངོས་དེ་ཤོག་བུ་དཀར་གཙང་ཞིག་ལྟར་ལྷད་མེད་པ་ཞིག་ཏུ་གྱུར་ཡོད་ངེས་བསམས་ནས་མགོ་བསྒུར་ཏེ་གཅིག་བལྟས་པས། "ལྷ་མོ"ཞེས་པའི་ཡི་གེ་ལྗང་ནག་དེ་གཉིས་མཐོང་རྒྱུ་མི་འདུག་མོད། འོན་ཏེ་ཁྲག་རལ་འཛིར་བཞིན་པའི་ཆུ་ཐོར་གྱི"ལྷ་མོ"ཞིག་གསར་དུ་ཐོན་འདུག ཁབ་གཙག་གི་སྨྱུག་རིམ་འགའ་ཤས་ཤ་ལྤགས་དང་བྲལ་ཞིང་འགའ་ཤས་ཆུ་ཐོར་ཏུ་གྱུར་ནས། བྱི་ལས་སྦར་འབྲད་བརྒྱབ་རྗེས་ཀྱི་རྨ་ཤུལ་ལྟར་དུ་སྣང་། འོན་ཀྱང་བྱི་ལས"ལྷ་མོ"ཞེས་པའི་ཡིག་རིས་ཤིག་ག་ལ་སྦར་འབྲད་རྒྱག་ཐུབ་བམ། ངས་མཛུབ་མོས་བྲང་ངོས་སུ་དལ་མོར་རེག་དུས། ཁབ་གཙག་ཀྱི་ངོས་དེ་ནི་ར་བེ་རོབ་བེ། འབར་རེ་འབུར་རེར་སྣང་བས། ཤིང་དཀྲོལ་གྱི་རི་མོ་ཞིག་ལ་ལག་པས་རེག་པ་དང་ཨ་ན་མ་ན་རེད་འདུག འོ་ཡག ལྗང་ནག་གི"ལྷ་མོ"དེ་ཆུ་ཐོར་གྱི"ལྷ་མོར"གྱུར་པ་ཙམ་ལས། ཁོང་ཁྲོ་སློང་མཁན་གྱི་མིང་དེ་ངའི་བྲང་ངོས་ལས་གཏན་ནས་ཡལ་མི་འདུག དེར་མ་ཟད་དེ་སྔོན་ལས་མདོག་ཉེས་པར་གྱུར་འདུག མཐའ་འབྲས་འདི་ལྟ་བུ་ཞིག་མཐོང་བས། བློ་ཕམ་དང་ཁོང་ཁྲོ་ཞིག་ངང་གིས་ངའི་ཁོག་སྟོད་དུ་འཚངས། ངས་ཁ་ཕྱེད་ཙམ་གདངས་ནས་ཨེམ་རྗེ་དེར་ཅེར་ཞིང"ལས་ཀ་འདི་ལྟར་ཚར་བ་ཡིན་ནམ། ཡི་གེ་དེ་གཉིས་བསུབ་ཐུབ་མེད་པར་ད་དུང་ངའི་བྲང་ངོས་སུ་ལུས་པར་མ་ཟད་སྔོན་མ་ལས་མདོག་ཉེས་ཤིང་། མངོན་གསལ་དོད་པོར་ཆགས་འདུག"ཅེས་ཚིག་ཟའི་ངང་བཤད་ནའང་། ཨེམ་རྗེ་དེས་དལ་དལ་ལྷོད་ལྷོད་ངང་ཡོ་ཆས་རྣམས་སྨན་སྤྱོད་འདེད་འཁོར་ནང་ལྡུག་གིན། "གཞོན་པ། ཁབ་གཙག་འབྱིད་པ་ཟེར་བ་དེ་ཤེལ་གྱི་མེ་ལོང་ལ་ཧ་བཏབ་ནས་འབྱིད་པ་ལྟ་བུ་མིན་ལ། སྒྱུ་འཕྲུལ་རྩེད་ནས་ཡོད་པོ་མེད་པར་བསྒྱུར་བའང་མིན། ཤ་གཏོར་ལྤགས་ཕྲལ་བྱེད་དགོས་པའི་ལས་ལ་ཤུལ་ཞིག་མི་ལུས་པ་ག་ལ་ཡོང་། རྨ་ཁ་གསོ་རྒྱུར་ངང་སྒུག་གྱིས་དང"ཞེས་བཤད་པ་ལས་ངའི་གདོང་སྟེང་གི་མ་འདོད་པ་དང་ཁྲོ་ཉམས་ཀྱི་རྣམ་འགྱུར་དེ་ཁོས་ཡེ་ནས་མཐོང་མ་སོང་།
"འོ་ན་དེ་ལས་མྱུར་བའི་ཐབས་ཤིག་མེད་དམ"
"ཡོད་དེ། འབྱིད་བསུབ་བྱེད་པའི་ཁ་གྲངས་མང་དུ་གཏོང་རྒྱུ་དེ་རེད། ཟླ་རེའི་བར་མཚམས་བཞག་ནས་ཐེངས་རེར་འབྱིད་དགོས་ཤིང་། ཁྱོད་ཀྱི་གནས་བབ་དེ་རིགས་མ་མཐའ་ཡང་ཐེངས་བཞིར་འབྱིད་དགོས། མདོག་ལྗང་ནག་གི་ཁབ་གཙག་ནི་བསུབ་དཀའ་ཙམ་ཡོད"
"ག་རེ། ཐེངས་བཞི"ངས་ཁ་ལས་མིག་ཆེ་བར་གདངས་ཏེ་ཧང་སངས་པའི་ངང་དེ་ལྟར་འཆད་ཀྱིན། ཤ་ལྤགས་བྲལ་སོང་བསམས་པའི་ཚ་ཟུག་དེ་ཧད་ཀྱིས་དྲན་བྱུང་། ད་ཡིན་ན་ན་ཟུག་དེ་འདྲ་ངས་གཏན་ནས་མྱོང་མི་འདོད། ཐེངས་བཞི་ཕར་ཞོག་ཐེངས་གཅིག་ཀྱང་བཟོད་པར་དཀའ།
"འོ་ན་ཐེངས་གཅིག་འབྱིད་པ་དེས་དུས་ཡུན་ཅི་ཙམ་སོང་རྗེས་ཁབ་གཙག་ཤུལ་མེད་དུ་འགྱུར་རམ"
"དེ་ཟེར་རམ། དེ་གཙོ་བོ་མི་སོ་སོའི་གཟུགས་གཞིའི་གནས་བབ་ལ་བལྟ་རྒྱུ་རེད"ཨེམ་རྗེ་དེས་དེ་ལྟར་འཆད་ཀྱིན་ལུས་གུག་ནས་འཕོངས་ང་ལ་ཕྱོགས་ཏེ། གྱང་ལྡེབས་ནས་འཕྲུལ་ཆས་བཀོལ་བྱེད་ཀྱི་གློག་སྐུད་སྐུད་མགོ་དེ་འགོག་གིན་འདུག ངའི་བསམ་པར། ལྟས་ངན་ཡང"མི་སོ་སོའི་གཟུགས་གཞིའི་གནས་བབ་སྨྲ་བའི"གཏམ་དེ་རེད་འདུག གཏམ་དེ་ཧ་ལམ་ཁོ་ཚོའི་ངོ་ཚ་འགེབ་བྱེད་དམ། ཡང་ན་མཚང་འདྲུ་འགོག་བྱེད་ཀྱི་ངན་ཁག་འགེལ་ས་ཞིག་ཏུ་གྱུར་འདུག་བསམས། ཨེམ་རྗེ་དེས་གཟུགས་དགྱེ་ནས་སྐུད་མགོ་དེ་འདེད་འཁོར་སྟེང་གི་ལྕགས་སྡེར་ནང་བཞག་པ་དང་། ཡང་སྡེར་མ་གཞན་ཞིག་ལས་བཙིར་ཆས་བླངས་ནས་ལག་ཏུ་ཐོགས་ཤིང་། སྲིང་བལ་ཚོམ་བུ་ཞིག་བཟུང་ནས་མུ་མཐུད་བཤད་དོན"འགྲོ་བ་མི་ཡི་སྐྱི་ལྤགས་ལ་རང་གསོ་བྱེད་པའི་ནུས་ཤུགས་ཤིན་ཏུ་ཆེ་བས། སྤྱིར་བཏང་ནས་ལོ་གཅིག་ཙམ་གྱི་རྗེས་སུ་ཤུན་ལྤགས་སྔར་ལྟར་སླར་གསོ་ཐུབ་པ་ཡིན་མོད། དེ་ཡང་ཀུན་ལ་ཁྱབ་པར་ཆ་མི་འཚལ་ཏེ། མི་སོ་སོའི་གཟུགས་གཞིའི་གནས་བབ་མི་འདྲ་བས་ཡིན"
འོ་ཡག ད་ཡང་ཁོས་རྩེ་གཉིས་ལྡན་གྱི་གཏམ་ཞིག་བཤད་སོང་། "ཆ་མི་འཚལ"ཟེར་ན་ཡང་སྙིང་ལོ་གཅིག་ཀྱང་མི་དགོས་ཟེར་རམ། ཡང་ན་ལོ་གཅིག་ལྷག་སོང་ནའང་ད་དུང་སླར་གསོ་མི་ཐུབ་ཟེར་བ་ཡིན། གཏམ་རྩེ་གཉིས་ཀྱིས་དོན་མི་གོ ཁབ་རྩེ་གཉིས་ཀྱིས་འཚེམ་བུ་མི་ཡོང་ཟེར་བ་དེ་ཁོའི་གཏམ་དེ་མིན་ན་འོ་ན་ག་རེ་ཡིན།
"ད་དུང་མར་ཉོལ་ཞིག"ཨེམ་རྗེས་སྲིང་བལ་ཚོམ་བུ་ཞིག་བཙིར་ཆས་ཀྱིས་བཟུང་ནས་ངའི་ཕྱོགས་སུ་ཡོང་བ་དང་། ངའི་བྲང་ངོས་ཀྱི་ཁྲག་ཤུལ་རྣམས་སྲིང་བལ་གྱིས་གཙང་མར་ཕྱིས་རྗེས། རྨ་སྨན་བྱུགས་པའི་སེང་རས་ཤིག་ངའི་ཤིང་དཀྲོལ་རི་མོ་འདྲ་བའི་ཁབ་གཙག་སྟེང་དུ་བཀབ་པ་དང་། དེའི་སྟེང་སྦྱར་སྨན་བསྣོལ་ནས་སྦྱར།
ངས་རིན་དངུལ་སྤྲད་རྗེས་ཁྱིམ་དུ་ལོག་སྟེ་རེ་བ་ཆེན་པོའི་ངང་རྨ་རས་དབྱེ་ནས་ངོ་མཚར་མཐོང་ཐུབ་པའི་ཉིན་དེར་སྒུག
ཤུ་སྒྲའི་དྲིལ་བརྡ་ཞིག་ལག་འཁྱེར་ཁ་པར་ནས་གྲགས་ཡོང་བས། ངས་མཛུབ་མོ་བརྙན་ཤེལ་སྟེང་དུ་དྲུད་དེ་བལྟས་པས། སྒྲོལ་མས་བཏང་ཡོང་བའི་འཕྲིན་ཕྲན་ཞིག་རིག་བྱུང་བ་སྟེ། "ཨ་མ་མ། དེ་རིང་ས་གནས་ལ་གཞུང་དོན་སྒྲུབ་པར་འགྲོ་སྐབས། ངའི་མཐོ་འབྲིང་གི་འགྲོ་རོགས་ཡག་ཤོས་ཤིག་ལ་ཐུག་བྱུང་བས་དགའ་སྤྲོ་དཔག་མེད་སྐྱེས་བྱུང"ཞེས་བྲིས་འདུག ངས"བུ་རེད་དམ་བུ་མོ་རེད"ཅེས་དྲིས།
"འགྲོ་རོགས་ཡིན་ན་བུ་མོ་ལོས་ཡིན"
"ཨ་ལས། དེ་ལྟར་ན་ཁྱོད་གཉིས་བར་བཤད་མི་ཚར་བའི་གཏམ་མང་པོ་གླེང་རྒྱུ་ཡོད་ངེས"
"ང་རང་གྲོང་ཚོ་ནས་གཞུང་དོན་སྒྲུབ་པར་ཡོང་བ་ཡིན་ལ། ལས་དོན་རུ་ཁག་གི་དབུ་ཁྲིད་དང་མཉམ་དུ་ཡོད་པས། མོ་དང་སྔ་རྒྱུས་ད་རྒྱུས་ཀྱི་གཏམ་མང་པོ་བཤད་ཁོམ་མ་བྱུང་། མ་གཞི་ནས་མོ་རང་ཡང་དེ་དུས་ཏག་ཏག་བཟའ་མི་བུ་ཕྲུག་དང་མཉམ་དུ་གླིང་ག་གཏོང་བར་འགྲོ་བའི་སྒང་རེད"
"ཨ་ལས"
"མོའི་ཕྲུ་གུ་དེ་ཤ་ཚ་བྱེད་འདོད་པ་ཞིག་འདུག ཁོས་ང་ལ་ཨ་ཅག་ཟེར་བ་ལས་ཨ་ཡེ་ཟེར་གྱི་མི་འདུག ཧ། དེ་འདྲའི་སྐྱིད་པ་ལ་ཨང"
"ཨ་ལས་རེད་དམ། སེམས་སྐྱིད་པོ་བྱུང་ན་ལོས་ཡག"
"ངའི་གྲོགས་མོ་དེ་དེང་སང་དངོས་གནས་བདེ་སྐྱིད་དང་ལྡན་པ་རང་རེད་འདུག"
གཏམ་དེར་མ་གཞིར་ངས"དེ་འདྲ་བའི་བདེ་སྐྱིད་ཁྱེད་ཀྱི་ཕྱོགས་ལའང་ཡོང་བཞིན་ཡོད"ཅེས་པའམ། ཡང་ན"ཐུགས་བྲེལ་མ་གནང་དང་། ང་ཚོར་ཡང་བཟའ་མི་བུ་ཕྲུག་གླིང་གར་རོལ་བའི་དུས་ཤིག་འཆར་ལ་ཉེ"ཞེས་པའི་ལན་ཞིག་གདབ་པར་འདོད་ནའང་། བསམ་བློ་ཞིབ་མོ་ཞིག་གཏོང་དུས། ད་ལྟ་བྲང་སྟེང་གི"ལྷ་མོ"དེ་རྩ་མེད་བཟོ་མ་ཐུབ་པའི་དུས་སྐབས་རྙོག་འཛིང་འདི་འདྲར་གཏམ་ཧོལ་རྒྱུག་དེ་འདྲ་བ་བཤད་ཚེ། དངོས་གནས་?་ཡར་བཀྱགས་ནས་རང་གི་རྐང་པར་གཞུ་བ་དང་ཁྱད་མི་འདུག་སྙམ་པས། ཡིག་ལན་གྱི་ཚིག་གྲངས་གང་ཐུབ་ཅི་ཐུབ་ཀྱིས་ཉུང་དུ་བཏང་སྟེ"རེད་དམ། བདེ་སྐྱིད་ལྡན་ན་ལོས་བཟང"ཞེས་ལན་བཏབ་པ་ཡིན། མ་གཞིར་ཡིག་འབྲུ་རྐང་རེ་གཉིས་ལས་དབེན་པའི་སྐད་ཆ་དམ་མེ་དུམ་མེ། གྲང་མིན་དྲོ་མིན། གཏམ་ལུང་འཇུ་ས་དཀོན་པ་དེ་འདྲ་ལས་རྩིས་མེད་སྣང་མེད་ཀྱི་རྣམ་འགྱུར་གྲང་ཤུར་ཤུར་ཞིག་ཕ་རོལ་པོས་ཚོར་དོགས་ཁ་པོ་ཡིན་རུང་། ད་ལྟའི་དམིགས་བསལ་གྱི་དུས་འདི་ལྟ་བུའི་ངོས་ནས་བཤད་ན། གཏམ་ཐུང་དེ་འདྲ་ནི་དངོས་གནས་ཉེན་ཁ་ཆུང་ཞིང་གཏམ་ལ་ཡལ་ག་རྒྱས་དོགས་ཀྱི་སེམས་ཁྲལ་བྱ་མི་དགོས་པ་ཞིག་ཡིན་དང་ཡིན། སེམས་རྩ་འཁོལ་བའི་གཏམ་འཆལ་མང་བའམ། ཡང་ན་གཏམ་ལ་ཚོད་འཛིན་མ་ཐུབ་ཚེ། གཏམ་ལ་གཏམ་སྐྱེས་ནས་ཁ་ནང་གི་ཤ་ལྕེས་འཕུད་པ་དང་ནམ་ལངས་ཁར་ཉལ་གཅིན་གཏོང་བ་སོགས་ཀྱི་བྱུར་ཉེས་ཀྱི་གནས་ཚུལ་ནི་ཤིན་ཏུ་ཐོན་སླ་བས། ངས་འདི་ལྟར་མི་བྱེད་ཀ་མེད་བྱུང་།
དེ་ནས་ཉིན་ལྔ་འདས་པའི་རྗེས་སུ། ངས་ལུས་སྟོད་ཧྲེང་དུ་གཟུགས་གསལ་མེ་ལོང་ཆེན་པོ་འདི་ཡི་མདུན་དུ་ལངས་ནས་བྲང་ངོས་ཀྱི་རྨ་རས་དེ་བཤིག་འགོ་བརྩམས། ངས་གཟབ་ནན་ངང་རྨ་རས་ཀྱི་སྣེ་མོ་རེ་རེ་ཁ་ཕྱེ་བའི་ཚུལ་འདི་ནི་ནོར་བུ་དགོས་འདོད་ཀུན་འབྱུང་ཐུམ་དུ་བསྒྲིལ་བའི་གོས་ཆེན་གྱི་ལྟེབ་རྩེག་རེ་རེ་བཞིན་འབྱེད་པ་དང་གཉིས་སུ་མ་མཆིས། དོན་དངོས་ཐོག་ངའི་རྨ་རས་དེའི་ནང་བསྒྲིལ་བ་ནི་ནོར་བུ་ལྟ་ཞོག རྙོག་དྲའི་སྒམ་ཆུང་ངམ་འབར་རྫས་མི་ཆུང་བ་ཞིག་ཡིན་པས། ངས་རྩེགས་རེ་ཁ་འབྱེད་རིམ། ངོ་མཚར་ཞིག་ལ་རེ་སྒུག་བྱེད་ཀྱིན། ཡང་བློ་ཕམ་ཞིག་ཡོང་བར་ཤིན་ཏུ་ནས་སྐྲག
རྨ་རས་ཡོངས་སུ་ཕྱེ་ཚར་དུས། མེ་ལོང་ནང་གསལ་བའི་ངའི་བྲང་ངོས་ན་དམར་སྨུག་མདོག་གི་ཁྲག་སྐམ་དུ་མ་ཧྲེངས་པོར་གྲིལ་འདུག ངས་སོར་མོ་བཀོལ་ནས་འགོག་དུས། ནས་?ག་འདྲ་བའི་ཁྲག་སྐམ་གྱི་?ག་བུ་རེ་རེ་བཞིན་ངའི་བྲང་ངོས་ལས་ཐུར་དུ་གྲིལ་ཞིང་། མཁྲེགས་པ་འགའ་བཀོག་དཀའ་བས། བཙན་ཐབས་སྤྱོད་སྐབས་ཤུན་ལྤགས་མཉམ་དུ་གོག་ནས་ཁྲག་དམར་ཡང་འཛིར་ཞིང་ན་ཟུག་ཆེན་པོ་གཏོང་གིན་འདུག་པས། མཚམས་མི་འཇོག་ཀ་མེད་བྱུང་། ངས་བློ་ཕངས་པོའི་ངང་སླར་རྨ་རས་གསར་པ་ཞིག་བཏོན་ཏེ། མཛེས་བཟོ་ཁང་ནས་སྤྲད་པའི་རྨ་སྨན་ཕྲན་ཙམ་རྨ་རས་སྟེང་བྱུགས་རྗེས་ཁབ་གཙག་བཀབ།
དེ་ནས་ཡང་ཉིན་ལྔ་འདས་པའི་ཉིན་ཞིག ང་སླར་ཡང་སྟོད་ཧྲེང་དུ་མེ་ལོང་ཆེན་པོ་དེའི་མདུན་དུ་ལངས་ནས་རྨ་རས་བཤིག ཕྱེད་ཙམ་བཤིག་ཚར་བའི་མཚམས་འདིར། དོར་མའི་ཁུག་མ་ལས་འཕྲིན་ཐུང་སླེབས་པའི་དྲིལ་བརྡ་ཞིག་གྲགས་ཡོང་། སོར་མོ་བརྙན་ཤེལ་སྟེང་དྲུད་ནས་བལྟས་པས། "ཅི་རེད། འཕྲིན་ཕྲན་ལ་མ་བལྟས་སམ། ཡང་ན་ལན་འདེབས་སྟངས་མ་ཤེས་པ་ཡིན་ནམ། གཅིག་བྱས་ན་བློར་མ་འདོད་པ་ཡིན་འགྲོ"ཞེས་སྒྲོལ་མས་འཕྲིན་ཐུང་ཞིག་བཏང་འདུག ང་རང་ཡ་མཚན་པའི་ངང་དེ་མུར་འཕྲིན་ཕྲན་དེ་ཁ་ཕྱེ་ནས་བལྟས་པས། སྒྲོལ་མས་བཏང་བའི"ཁྱེད་ཀྱིས་ང་ལ་གཉེན་སྒྲིག་གི་ཞུ་བ་རྒྱག་རྩིས་མེད་དམ"ཞེས་པའི་ཡིག་ཕྲེང་དེ་མིག་ལམ་དུ་ཤར་བྱུང་། གཏམ་དེས་ང་རང་སེམས་འཚབ་ཅིག་ཅར་དུ་སྐྱེས་ཏེ་ལྕེ་ལེབ་ཀྱང་དྲོན་མོར་གྱུར་སོང་། མ་གཞིར་སྒྲོལ་མའི་གཏམ་དེ་ནི་ངས་མོ་རང་ལ་སློང་ཆང་དྲངས་ནས་གཉེན་སྒྲིག་གི་ཞུ་བ་བྱེད་དགོས་པའི་སྐུལ་བརྡ་ཞིག་ཡིན་རུང་། ངས་ནི་མོས་སློང་ཆང་ཚུར་དྲངས་བྱུང་བའི་སྣང་བ་ཤུགས་ཆེན་པོ་ཞིག་བྱུང་། སྒྲོལ་མའི་ཐབས་དེ་དང་མོས་འཕྲིན་ཐུང་བཏང་ནས་འཕྲིན་ཕྲན་ལ་ལྟོས་ཟེར་བ་གཉིས་གཅིག་མཚུངས་སུ་གྱུར་ཏེ། ཚེར་ཕུང་ལ་བསྐོར་ནས་རི་བོང་ལ་འཇབ་?་ཞེས་པའི་དཔེ་རང་རེད།
"ལྟས་ངན་ཁབ་གཙག་འདིས་མིན་ན། ངས་སྔ་མོ་ནས་ཁྱེད་ལ་གཉེན་སྒྲིག་གི་ཞུ་བ་ཕུལ་ཚར་ཡོད"ངས་མེ་ལོང་ནང་གི་རང་ཉིད་ལ་ལྟ་གིན་དུ་ཆིག་ལབ་འདི་ལྟར་བྱས། ཨེ་མ་མ། མེ་ལོང་ནང་གི་རང་ཉིད་ནི་ཨམ་སྐྲ་གཙང་མར་བཞར་ཏེ་ཡར་ཁུང་གི་སྐྱི་ལྤགས་སྐྱ་སེང་ངེར་མངོན་ཞིང་། སྤྱི་གཙུག་གི་སྐྲ་རྣམས་གྲལ་འགྲིག་པོས་སོབ་བེར་ལྟག་རྒྱབ་ཏུ་གཡུགས། ཟུར་དབྱིབས་ལེགས་པའི་འགྲམ་པ་ནས་མ་ནེའི་བར་ལ་མི་རིང་མི་མཐུག་པའི་ཁ་སྤུའི་ཚོམ་གྱིས་བསྐོར། ལི་མའི་མདོག་གི་ཤ་རྩི། དཔངས་ཚད་མཐོ་བའི་ལུས་ཕུང་། ཤ་སྙིགས་མེད་པའི་ལྟོ་བ་དང་ལུས་སྐེད་དེ་ནི་གནམ་ཐང་ལྟར་ཁོད་སྙོམས་ཤིང་། མཁྲེགས་ལ་འབུར་བའི་བྲང་ཤ་ལེབ་མོ་དེ་གཉིས་ནི་དཔའ་བོའི་ཀོ་ཕུབ་ཆ་གཅིག་ཁ་སྦྲིབས་པ་དང་འདྲ། ངས་དེ་ལྟར་རང་བརྙན་ལ་རློམ་རློམ་པོར་ལྟ་ཞིང་། ཕོ་ཉམས་ལྡན་པའི་ཕོ་གསར་འདི་ལྟ་བུས་སྒྲོལ་མར་སློང་ཆང་འདྲེན་པའི་སྤོབས་པ་མེད་པ་ཅི་ལ་སྲིད་དམ་བསམས། འདིའི་སྐབས་སླར་ཡང་མོའི་སྐད་ཆ"ངས་རང་ལུས་ཆ་ཚང་ཁྱེད་ལ་དབུལ་ངེས"ཞེས་པ་དེ་ཡང་ནས་སྐོར་དུ་ངའི་རྣ་འགྲམ་དུ་གྲགས་ཤིང་། ཧ་ལམ་གཏམ་དེ་ནི་མཐུ་དང་ལྡན་པའི་མན་ངག་ཅིག་ལྟར་ཡུད་ཙམ་མ་སོང་བར་ངའི་སེམས་རྒྱ་མཚོ་ལྟར་གཡོ་ཞིང་། ཤེས་པ་ཡང་རྨི་ལམ་ལྟར་འཆོལ། ཡཱ། ཡང་མིན་ན་ངས་ལམ་སེང་སྒྲོལ་མར་གཉེན་སྒྲིག་གི་ཞུ་བ་ཞིག་འབུལ་དགོས་མིན་ནམ། འོ་རེད་རེད་རེད། ལོ་ཡག་ཐོག་ལ་བཙས་མ་མ་བརྔས་ན། བཞག་དྲགས་པས་ཚིལ་ཞག་ཉི་མས་བཞུར། ཉལ་དྲགས་པས་ཉལ་གཅིན་ཐུ་བ་གང་ཞེས་པ་ལྟར་ནོར་བུ་མི་ལ་ཤོར་དུས་སྙིང་རླུང་སྟོད་ལ་འཚངས་ཀྱང་འཕྱིས་ཡོང་། བསམ་བློ་འདི་འདྲ་བ་ཞིག་གིས་སྐུལ་བས། ངས་འཕྲལ་མར་གཉེན་སྒྲིག་གི་ཞུ་བ་ཞིག་བྲིས་ཏེ་མོར་གཏང་རྩིས་བྱེད་སྐབས། ཏག་ཏག་ངའི་བྲང་ལས་ཕྱེད་ཙམ་བཀྲོལ་ཟིན་པའི་རྨ་རས་དེ་གྲོལ་ནས་ལག་ཐོགས་ཁ་པར་སྟེང་ལྷུང་བྱུང་། ངས་མགོ་ཡར་དགྱེ་སྟེ་མེ་ལོང་ནང་གི་བྲང་ངོས་སུ་བལྟས་པས། སྙིང་ཁའི་སྟེང་དུ་ལྗང་ནག་གི"ལྷ་མོ"དེ་རིག་རྒྱུ་མི་འདུག ཚུལ་དེས་ང་རང་ལ་སྤྲོ་བ་ཆེན་པོ་ཞིག་སྦྱིན་ཏེ་མིག་ཀྱང་ཆེ་རུ་སོང་། འོན་ཀྱང་། ངས་མེ་ལོང་མདུན་དུ་ཉེ་བར་སྦྱར་ནས་ལྟ་དུས། ཁབ་གཙག་བསུབ་པའི་རྗེས་ཤུལ་རྣམས་སྐྱ་མདོག་གི་ལྤགས་པར་གྱུར་ཅིང་། མཐའ་འཁོར་ནི་ལི་མ་རྙིང་པའི་མདོག་ལྟར་ཡིན་པས། སྐྱི་ལྤགས་གསར་རྙིང་གི་ཤ་མདོག་གཉིས་ནི་མི་མཐུན་པར་འདུག དེས་ན་ངའི་བྲང་ཁར་སྔར་ལྟར"ལྷ་མོ"ཞེས་པའི་ཡིག་འབྲུ་གཉིས་ད་དུང་ལུས་འདུག མི་གཅིག་པ་ནི་ད་ལྟའི་དེ་སྐྱ་བོ་ཡིན་པ་དང་ཐོག་མའི་དེ་ལྗང་ནག་ཡིན་པའི་ཁྱད་པར་ཙམ་ལས་མེད།
དེའི་རྐྱེན་པས། ངའི་སེམས་ཆུང་ལྔ་བཅུ་ང་བཞི་རྣམས་ཤོག་ཁག་གཉིས་སུ་གྱེས་ཏེ་ཕན་ཚུན་བར་འཐབ་རྩོད་དྲག་པོ་ཞིག་ཐུག་སོང་། སྒྲོལ་མའི་ཤ་འཇམ་ལུས་པོར་རེག་འདོད་པའི་ཆགས་སེམས་མེ་ལྕེ་ལྟ་བུ་ཞིག་དང་། གོས་ཕུད་ནས་དམར་ཧྲེང་དུ་ཐོན་སྐབས་ཁབ་གཙག་གིས་ནང་དམེ་བཟོ་དོགས་ཀྱི་འཇིགས་སྣང་གཉིས་ངའི་སེམས་ཁམས་ཀྱི་གཡུལ་སར་རྡུལ་འཚུབ་བེར་འཛིངས། ཡང་བསམ་ཕྱོགས་གཞན་ཞིག་ནས་བསྐོར་བས། སྒྲོལ་མའི་འཕྲིན་ཕྲན་ནང་སློང་ཆང་འདྲེན་རྒྱུའི་སྐུལ་མ་ཙམ་ལས་གཞན་ནི་བཏོན་མེད། སློང་ཆང་འདྲེན་པ་ནི་གཉེན་སྒྲིག་གོང་གི་རེ་ཞུའི་མཛད་སྒོ་ཙམ་ཡིན་པ་ལས། ཆང་ས་དང་འཇིག་རྟེན་བྱ་བ་སོགས་ཀྱི་བརྒྱུད་རིམ་དང་ད་དུང་རྒྱང་ཐག་ཆོད་ནས་ཡོད། ང་ཚོ་ནི་ཡ་རབས་ཚུལ་དང་ལྡན་པའི་ཁ་བ་རི་པ་ཡིན་པ་ལས། སློང་ཆང་དྲངས་ཚར་མ་ཐག་བག་མ་པང་དུ་ཁྱེར་ནས་མལ་ནང་རུམ་མཁན་གྱི་གདོད་མའི་སྲིན་པོ་རང་ནི་མིན་བསམས།
དེ་ལྟར་བསམས་པས་སེམས་ཀྱི་འཐབ་རྩོད་ཞི་ལྷོད་དུ་གྱུར་ཅིང་། "སྒྲོལ་མ་ལགས། ཁྱེད་རང་ངའི་ཆུང་མ་བྱེད་འདོད་དམ"ཞེས་པའི་འཕྲིན་ཐུང་ཞིག་བཏང་བ་ཡིན། སྒྲོལ་མས་ཀྱང་དེ་འཕྲལ་མོས་མཐུན་གནང་བྱུང་། འོན་ཀྱང་། དེས་ང་ལ་སྤྲོ་བ་ཞིག་སྐྱེས་མ་བྱུང་། དེ་ནི་འཇིགས་སྣང་གི་ན་བུན་ཚོམ་བུ་ཞིག་འཁྲིགས་ནས་མ་གཞིར་འོད་སྟོང་འབར་དགོས་པའི་བདེ་སྐྱིད་དེ་རབ་རིབ་ཏུ་བཏང་བས་ཡིན་ངེས།
"ང་ཚོ་ག་དུས་གཉེན་སྒྲིག་ལག་འཁྱེར་ལེན་པར་འགྲོའམ"སྒྲོལ་མས་མུ་མཐུད་ནས་འཕྲིན་ཐུང་དེ་འདྲ་ཞིག་བཏང་ཡོང་།
"……སྤྱིར་བཏང་ལོ་གཅིག་གི་རྗེས་སུ་ཤུན་ལྤགས་སྔར་ལྟར་སླར་གསོ་ཡོང་ཐུབ་པ་ཡིན"ངས་ཀླད་དབུས་སུ་སྨན་པའི་གཏམ་དེ་དྲན། ལོ་གཅིག ཨ་ཧོ་ཧོ། རྒྱུན་རིང་པོ་དེ་འདྲར་ངས་སྒུག་ཡུན་ཚུགས་པ་མི་འདུག འོན་ཀྱང་འཚབ་བེ་འཚུབ་བེའི་ངང་གཉེན་སྒྲིག་བྱས་ཚེ། ངའི་བྲང་སྟེང་གི་ཁབ་གཙག་གི་ཤུལ་དེས་རྫུན་རྐུབ་བརྟོལ་ནས་ཆང་ས་གཡུལ་སར་འགྱུར་ཉེན་དང་། དགའ་གྲོགས་དགྲ་མིར་འགྱུར་བའི་ཉེན་ཡོད་པས། ངས་རིང་མིན་ཐུང་མིན་གྱི་དུས་ཚོད་ཅིག་བདམས་པ་སྟེ། ཟླ་གཅིག་རྗེས་ཀྱི་སྤྱི་ཟླ་བདུན་པའི་ཚེས་བདུན་ལ་ཞེས་འཕྲིན་ལན་བཏང་།
"ཅིའི་ཕྱིར་ཟླ7པའི་ཚེས7བདམས་པ་ཡིན་ནམ"སྒྲོལ་མས་འཕྲིན་ཐུང་ནང་འདི་ལྟར་དྲིས།
"དགའ་གྲོགས་དུས་ཆེན་ཡིན་པས་སོ"
"བཞག་ན་འགྲིག་སོང་། དགའ་གྲོགས་དུས་ཆེན་དེ་ལུགས་རྙིང་གི་རྒྱ་ཟླ7པའི་ཚེས7རེད། སྤྱི་ཟླ་མ་རེད། དེ་ལྟར་བདམས་ན་ངས་ཀྱང་བོད་ཟླ10པའི་ཚེས15དེ་གདམ་འདོད། དེ་ཉིན་དཔལ་ལྷའི་མདུན་ཆང་ཡིན་པས། མཚོན་དོན་ཁྱོད་ཀྱིས་ཤེས་ངེས་རེད"
དེ་ངས་ལོས་ཤེས། དེང་དུས་དཔལ་ལྷའི་མདུན་ཆང་ངམ། དཔལ་ལྷའི་དུས་ཆེན་ཞེས་ཁ་སྐད་དུ་གྲགས་པའི་དུས་ཆེན་དེའི་མིང་ངོ་མར་དཔལ་ལྷའི་རི་རབ་བམ་དཔལ་ལྷའི་རི་ཁྲོད་དུ་འབོད་ཅིང་། དུས་ཆེན་འདི་མ་ཤར་གོང་གི་ཚེས་པ་གཅིག་ནས་བཟུང་ལྷ་ས་ཁུལ་དུ་རྣམ་ཀུན་གྱི་སྤྲང་སློང་ཕུད་ད་དུང་བྱིས་པ་དང་ལྷ་ཁང་ཁག་གི་དཀོན་གཉེར་སོགས་ཀྱིས་དངུལ་སློང་བའི་སྲོལ་ཡོད་པས། ད་ཆ་སྲོལ་རྒྱུན་རིག་གནས་ལ་བླང་དོར་མཁས་པའི་བོད་ཀྱི་དེང་སྐབས་བུད་མེད་ཚོས་སྲོལ་རྒྱུན་དེ་མ་ཉམས་རྒྱུན་འཛིན་བྱས་པར་མ་ཟད། ད་དུང་གོང་འཕེལ་དང་གསར་བཟོ་ཡང་བྱེད་བཞིན་ཡོད་པས། ཉིན་དེས་བོད་ཀྱི་གཞོན་ནུ་མ་མང་པོ་ཞིག་གི་གོམ་སྟབས་བྲེལ་འཚུབ་ཏུ་སྒྱུར་གྱིན་ཡོད། ཡང་དེ་ཉིན་དཔལ་ལྷ་དང་གྲིབ་རྫོང་བཙན་སྐུ་གཉིས་ཞལ་འཛོམ་པའི་དུས་སྟོན་ཡིན་པས། གསར་གཏོད་དང་དར་སྤེལ་ལ་མཁས་ཤིང་གནའ་དེང་ཕྱི་ནང་ཉ་ཉུང་མཉམ་བསྲེས་ལ་དགའ་བའི་ར་མ་ལུག་རྣམས་ཀྱིས་ཉིན་དེར་བོད་ཀྱི་དགའ་གྲོགས་དུས་ཆེན་ཞེས་པའི"ཆོ་ལོ"གནང་ཡོད།
"དེ་ངས་ལོས་ཤེས། ཡིན་ནའང་བོད་ཟླ10པ་ཟིན་དུས་སྤྱི་ཟླ12ཙམ་སླེབས་པ་མ་ཡིན་ནམ།"
"ད་གཡུགས་ཞོག སྤྱི་ཟླ6པའི་ཚེས10ཉིན་ལ་གཏན་ཁེལ་བྱེད་དོ།། སྤྱི་ཟླ་དྲུག་པའི་ཚེས་ཤར་ལ་ང་གྲོང་ཚོར་བཅའ་སྡོད་ཀྱི་ལས་འགན་ཏག་ཏག་མཇུག་གྲིལ་ནས་གྲོང་ཁྱེར་ལ་ལོག་རྒྱུའི་དུས་ཚོད་སླེབས་ཀྱི་འདུག"
ཨ་མ་་ཡེ། དུས་ཉེ་པོ་འདི་འདྲར་གཉེན་སྒྲིག་བྱས་ན་ངའི་བྲང་སྟེང་གི་ཁབ་གཙག་སྔོ་ལོ་མེ་འབར་དེ་དུས་ཐོག་ཏུ་གཙང་མར་ཡལ་སྲིད་དམ། མ་གཞིར་དེ་ལྟར་བསམས་རུང་འཕྲིན་ལན་ལ་འོ་རེད་རེད། འོ་ཡག་ཡག་ཅེས་གཏོང་རྒྱུ་ལས་འོས་མ་བྱུང་། གང་ལགས་ཤེ་ན། ངེད་གཉིས་དབར་བརྩེ་དུང་གི་རེ་འདུན་ཐོག་མ་སྟོན་མཁན་ནི་ང་རང་ཡིན་པ་ལས། ཁྱི་མོས་སྔོན་ལ་མཇུག་མ་གཡུག་གཡུག་བྱས་མེད། ཨ་ཙི། མ་རེད། ངས་སྒྲོལ་མ་ཁྱི་མོ་རེད་ཟེར་གྱིན་མེད། ངས་ང་རང་ནི་སྔོན་ལ་མོར་སེམས་པ་ཤོར་བ་ཡིན་ཞེས་ཤོད་ཀྱིན་ཡོད། དེས་མ་ཟད་དེང་གི་དུས་སུ་ད་དུང་ཡང་མོ་ལ་མིག་?ག་ཧྲིག་ཧྲིག་གིས་རེ་བ་འཆང་མཁན་ནི་སྤྱང་ཁྱུས་ལུ་གུར་བསྐོར་བ་ལྟར་ཡོད་པས། ད་ལྟ་ང་རང་ལ་གནས་བབ་གོ་ཤེས་དང་། གོ་སྐབས་དམ་འཛིན། ཁ་གཏད་དྲག་གཅོད། དགྲ་འདུལ་གཉེན་སྐྱོང་གི་ལས་ཀ་ཁ་ཚ་དགོས་གཏུགས་ངང་སྤེལ་དགོས་པའི་ཛ་དྲག་གི་གནས་སུ་ཐུག་ཡོད། དེས་ན་ངའི་རེ་བ་གཅིག་པུ་ནི་ངའི་ལུས་ཁམས་ཀྱི་སྤུས་ཚད་མཆོག་ཏུ་གྱུར་པ་ཞིག་དང་། ནད་འགོག་རང་གསོའི་ནུས་པ་ཁྱད་དུ་འཕགས་པ་ཞིག་ཡོད་པར་ཤོག་ཅེས་པ་དེ་རང་ཡིན། ངས་རང་ལུས་ཀྱི་སྐྱི་ལྤགས་ཕྲ་ཕུང་རེ་རེར། ཁྱོད་ཚོས་ངེས་པར་དུ་དཀའ་སྤྱད་འབད་བརྩོན་དང་། དུས་ཚོད་དམ་འཛིན་གྱིས་སྤྱོད་བཟང་དར་སྤེལ་ལྷོད་མེད་དུ་བཏང་སྟེ། ལྕམ་སྒྲོལ་མ་ལགས་སྐུ་ངོ་མར་མཇལ་འཕྲད་མ་བྱུང་གོང་། སྔོན་བྱས་རྒྱབ་སྐྱུར་དང་ད་ཆ་པང་ལེན་གྱི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་ནན་མངགས་ཡང་ཡང་བྱས་པ་ཡིན།
ད་ཆ་གཉེན་སྒྲིག་ལག་འཁྱེར་ལེན་པའི་དུས་ཚོད་དབར་ཉིན་གསུམ་ལས་ལྷག་མི་འདུག ཉིན་གསུམ་གྱི་དུས་ཚོད་དེ་ངའི་ངོས་ནས་བཤད་ན་དངོས་གནས་གསེར་ལས་རྩ་ཆེ་བར་སྣང་ལ། ལོ་ལས་འཁྱོལ་དཀའ་བར་སྣང་ཡང་། ངས་རེ་བ་དང་འཇིགས་སྣང་མཉམ་སྐྱེས་ངང་ཉིན་གསུམ་པོ་དེ་བསྐྱལ་བ་སྟེ། མཚན་མོའི་སྨན་ཕོན་ཆེ་རུ་བཏང་ནས་གཙག་ཤུལ་རྨ་རས་ཀྱིས་བཏུམས་པ་དང་། ཉིན་མོ་ཁྲི་གདུགས་ཉི་མ་ཨ་སྔོན་དུ་བཀྲ་བའི་དུས་དང་བསྟུན་ནས། བྲང་ཁ་གཅེར་ཞིང་གན་རྐྱལ་དུ་ཉི་མར་གཏད་དེ། ཉི་ཟེར་གྱི་ནུས་པ་ཁྱད་འཕགས་དེས་ངའི་ཁབ་གཙག་འབྱིད་ཤུལ་གྱི་ཤུན་ལྤགས་སྐྱ་བོ་དེ་ལི་མའི་མདོག་ཏུ་བསྒྱུར་ནས། ལག་འཁྱེར་མ་བླངས་གོང་གི་ཉིན་གསུམ་པོ་དེའི་ནང་གཙག་ཤུལ་དེ་དུ་བ་ནམ་མཁར་ཐིམ་པ་དང་། ཆུ་ཐིགས་བྱེ་མར་ཐིམ་པ་ལྟར་གར་སོང་ཆ་མེད་དུ་ཡལ་རྒྱུའི་རེ་བ་ཆེན་པོ་བཅངས།
ཟླ་བ6པའི་ཚེས10ཉིན་གྱི་ཞོགས་པར་ངས་ཆེས་མཐའ་མའི་རྨ་རས་དེ་བཤུས།
མེ་ལོང་ནང་དུ་མངོན་པ་ནི་ཤ་སྐྱ་བོ་ལས་གྲུབ་པའི"ལྷ་མོ"ཞེས་པའི་གཙག་ཤུལ་དེ་དང་ངའི་བློ་ཕམ་གྱིས་གཏམས་པའི་ངོ་གདོང་དེ་རེད། ཨུ་ཧུད་ཧུད། ད་བྱས་ན"ལྷ་མོ"ནི་?་རྗེའི་བྲག་ལ་བརྐོས་པའི་དམ་བཅའ་དང་གནའ་དུས་བཙོན་པའི་དཔྲལ་བར་བརྒྱབ་པའི་བཙག་ཐེའུ་ལྟར། བསུབ་ཐབས་གསང་ཐབས་མེད་པར་ངའི་གཉེན་སྒྲིག་གི་ནུབ་མོར་ངས་སྔོ་ལོ་ཇི་ལྟར་འཕྱར་བར་ལྟད་མོ་བལྟ་བར་ཡོང་རྒྱུའི་སེམས་ཐག་བཅད་ཟིན་པ་འདྲ།
དེའི་སྐབས་ཁྲོམ་ལམ་ལས་ཏག་ཏག་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་ཞིག་ངའི་སྒེའུ་ཁུང་བརྒྱུད་དེ་ཐོས་བྱུང་།
"སྲོད་ལ་བྱམས་པ་བཙལ་བས། །
ཐོ་རངས་ཁ་བ་བབས་སོང་། །
གསང་དང་མ་གསང་མི་འདུག །
ཞབས་རྗེས་གངས་ལ་བཞག་སོང"
གཞས་དེ་ཐོས་པས་ངའི་སེམས་པར། གཙག་ཤུལ་དེ་ནི་གངས་སྟེང་གི་ཞབས་རྗེས་ལྟར་གསང་དང་མ་གསང་མེད་པ་ཞིག་ཏུ་གྱུར་སོང་བསམས། འོན་ཏེ་ད་ཆ་ཀ་རེ་ཀོ་རེ་བྱེད་ཁོམ་བྲལ་བས། ངས་སླར་ཡང་ཀོ་ཡོལ་སྦྱར་ནས་ཁབ་གཙག་དགབ་རྒྱུའི་ཐབས་སྐྱོ་པོ་དེ་མ་སྤྱད་རང་སྤྱད་དུ་ཐུག ངས་སྦར་མཐིལ་གྱི་ཆེ་ཆུང་དང་ལྡན་པའི་ཤ་མདོག་གི་ཀོ་ཡོལ་ཞིག་ཁབ་གཙག་གི་སྟེང་དུ་ལྷེབ་བེར་སྦྱར་བས། དེ་མ་ཐག སྙིང་འཛིང་སློང་མཁན་གྱི་ཡི་གེ་དེ་གཉིས་ངའི་བྲང་ངོས་སུ་ཐིམ་པ་ལྟར་ཡལ། ཀྱེ་ཀྱེ། ལང་ལོང་དུ་འཁོལ་བའི་སེམས་ཁྲལ་གྱི་ཇ་རྙོག་དེ། གནས་སྐབས་ཤིག་ཆུ་གྲང་སྐྱོགས་གང་བླུགས་པས་འཕྲལ་དུ་ཞི། ངས་བྲང་སྟེང་གི"ལྷ་མོ"བཀབ་པ་དེས། ཧ་ལམ་སྒྲོལ་མའི་སྤྱན་ཟུང་དགབ་ཐུབ་པའི་སྣང་བ་ཞིག་སྐྱེས་བྱུང་། འོ་ཡག ད་རྙོག་དྲའི་སྒམ་ཆུང་དེ་གཞི་ནས་ཁ་རྒྱག་ཐུབ་སོང་། འོན་ཀྱང་སྐས་འགོ་གྲོལ་རུང་སྐས་མཇུག་ཇི་ལྟར་བསྒྲལ། ཉིན་ཤས་ལ་གསང་ཡང་ལོ་དང་ཟླ་བར་ཇི་ལྟར་གསང་། ཐབས་འདི་ཡང་སྙིང་ལྐུགས་པའི་སྤྱང་གྲུང་ཡིན་ནམ། ཡང་ན་ཤོག་ནང་མེ་ཐུམ་རྒྱག་པ་ཡིན། དེ་ལྟར་ངའི་གཉེན་སྒྲིག་གི་ཉིན་དེ་ནི་ཐེ་ཚོམ་དང་སེམས་ཁྲལ་གྱིས་གཏམས།
དེ་ནས་ཆུ་ཚོད་དགུ་པ་ཙམ་ལ་སྒྲོལ་མས་ཐེར་མའི་ཕྱུ་པ་ཞིག་གྱོན་ཏེ་ངའི་མལ་ཁང་དུ་ཡོང་ཞིང་། ང་ལ་བོད་ལྭ་གཡོག་རོགས་བྱས། ངས་ཕྱུ་པའི་གོང་བ་སྤྱི་གཙུག་ཏུ་གོན་ཞིང་ལག་གཉིས་མགོ་སྟེང་དུ་བཞག་སྟེ། ཨམ་ཕྲག་ནང་ནས་སྒྲོལ་མས་ངའི་རྐུབ་སུལ་དང་སྐེད་རགས་བཟོ་བར་ལྟ་གིན་བསྡད། སྒྲོལ་མའི་སྐྲ་ལོ་ལྟག་རྒྱབ་ཏུ་ཆུན་པོར་དཀྲིས་ཡོད་པས། དེས་མོའི་དཀར་ལ་འཇམ་པའི་མཇིང་པ་དེ་བས་རིང་བར་སྣང་ཞིང་། མོའི་ཕྱུ་པའི་གཤམ་ཐུའི་འོག་ནས་མངོན་པའི་འཇུར་རྟ་རྟིང་ཙོག་ལས་མོའི་སྟངས་སྟབས་དང་བསྟུན་ནས་ཐག་ཐག་ཅེས་པའི་སྐད་སྙན་ཞིག་གྲགས་ཡོང་བས། ངའི་སེམས་ནི་འཆར་སྣང་སྣ་ཚོགས་ཀྱིས་མྱོས་ཏེ། གནས་སྐབས་ཤིག་ལ་བྲང་སྟེང་དུ་ཀོ་ཡོལ་གྱིས་བཀབ་པའི་རྙོག་དྲའི་སྒམ་ཆུང་དེའང་བརྗེད།
ཆུ་ཚོད་བཅུ་པར། ང་དང་སྒྲོལ་མ་གཉིས་དམངས་སྲིད་ཅུས་ཀྱི་ཉེ་འགྲམ་གྱི་པར་ཁང་དུ་ལག་འཁྱེར་སྟེང་སྦྱོར་བྱེད་ཀྱི་མཉམ་པར་དང་། དེ་བཞིན་དྲན་རྟེན་གྱི་པར་འགའ་ཤས་རྒྱག་པར་སོང་། སྒྲོལ་མས་བོད་ལྭ་གྱོན་པས། སྐུ་གཟུགས་ནི་དེ་བས་ལྡེམ་ཞིང་ཕྲ་བར་སྣང་ལ། འཇུར་རྟ་རྟིང་ཙོག་གྱོན་པས། གཟུགས་ཚད་ནི་དེ་བས་ཆེ་བར་སྣང་།
"ཨ་ཙི། ཁྱེད་ཀྱིས་པང་གདན་མ་བཅིངས་པར་ལག་ཏུ་འཁྱེར་དོན་ཅི་ཡིན་ནམ"ངའི་བསམ་པར་སྒྲོལ་མས་གལ་སྲིད་འཇའ་ཚོན་འདྲ་བའི་པང་གདན་དེ་བཏགས་ན་དེ་བས་བཀྲག་མདངས་ལྡན་པར་འགྱུར་ངེས་བསམས་བྱུང་།
"ད་ལྟ་གཉེན་སྒྲིག་ལག་འཁྱེར་ལེན་རྒྱུ་ཡིན་པས་འདོགས་ག་ལ་ཉན། ལག་འཁྱེར་ལག་ཏུ་སོན་མ་ཐག་ངས་པང་གདན་དེ་གདགས་རྒྱུ་ཡིན"
སྒྲོལ་མའི་སྐད་ཆ་དེས་དེ་མ་ཉིད་དུ་མ་རུངས་ཁོག་ཏུ་བཅངས་པའི་ང་ལ་མོའི་གཏམ་ཅིག་ཤོས་ཤིག་དྲན་སྐུལ་བྱས་པ་སྟེ། "ཕུན་ཚེ། བྲེལ་བ་མ་བྱེད་དང་། གཉེན་སྒྲིག་ལག་འཁྱེར་བླངས་པའི་ནུབ་མོ་དེར་ངས་རང་ལུས་ཆ་ཚང་ཁྱེད་ལ་དབུལ་ངེས་ཡིན"ཞེས་པ་དེ་རེད། ཨེ་མ་ཧོ། གཏམ་དེ་དྲན་པས། ང་རང་ནི་ཞེ་ཐག་པ་ནས……
ཕྱི་དྲོའི་ཆུ་ཚོད་ལྔ་པ་ཙམ་ལ། ང་དང་སྒྲོལ་མའི་ལག་ཏུ་ལག་འཁྱེར་དམར་པོ་རེ་ཐོགས་ཤིང་གདོང་ལ་འཛུམ་གྱིས་གཏམས་པའི་ངང་། སོ་སོའི་ལག་ནང་གི་ལག་འཁྱེར་ལ་ལྟ་གིན་དུ་དམངས་སྲིད་ཅུས་ནས་ཐོན་པ་ཡིན།
"ད་ནས་ང་གཉིས་བཟའ་ཚོར་གྱུར་པ་རེད་ཨང"སྒྲོལ་མས་པང་གདན་སྐེད་པར་འདོགས་ཀྱིན་དེ་ལྟར་བཤད།
"རེད་ཡ། ལག་འཁྱེར་སྟེང་ཐེའུ་ཡང་བརྒྱབ་འདུག"ངས་དེ་ལྟར་བཤད་རྗེས་ཁ་སྒྲོལ་མའི་རྣ་འགྲམ་དུ་སྦྱར་ནས་སྐད་ཤུགས་ཆུང་ངུའི་ངང"ད་ངས་ཀྱང་ཁྱེད་ལ་ཐེའུ་རྒྱག་རན་པ་རེད"ཅེས་ཀུ་རེ་བྱས།
"ངུས་ཤིག སྡུག་ཅག གང་བྱུང་ག་རེ་བཤད་ཀྱི་ཡོག་རེད" སྒྲོལ་མ་ངོ་ཚ་ནས་གདོང་ཡང་དམར་པོར་གྱུར་ཅིང་། འཛུམ་ཆུང་དང་བཅས་ངའི་སྟོད་ལ་ཁུ་ཚུར་གྱིས་ཐག་ཐག་ཏུ་ལན་མང་རྡུང་གིན་དེ་ལྟར་བཤད།
ངས་མགོ་དགྱེ་ནས་ནམ་མཁར་བལྟས་པས། ཉིན་བྱེད་དབང་པོས་ད་དུང་ཡང་འཇིག་རྟེན་ལ་ཞེན་ཆགས་ཆེན་པོས་གཟིགས་ཀྱིན་འདུག "བྱ་བྲལ་སྣང་མེད་མེལ་ཚེ་ཅན།། སྔོ་བསངས་ཆགས་དུས་མཚན་མོའི་མིང་"ངས་ནམ་གུང་གི་རྟ་བདུན་དབང་པོར་ལྟ་གིན་དུ། མཚན་མོའི་མངོན་བརྗོད་དེ་དྲན་ཡོང་།
དེ་རྗེས་ངེད་གཉིས་སྨོན་འདུན་མཚོན་ཆེད་བར་སྐོར་དུ་སོང་ནས་ཇོ་བོའི་གདན་སར་སྐོར་བ་གསུམ་བསྐོར་བ་དང་། ཡང་རྟེན་འབྲེལ་མཚོན་ཆེད་བོད་ཟས་ཟ་ཁང་ཆེན་པོ་ཞིག་ཏུ་ཟས་རིགས་དང་ཨ་རག་གྲ་རྒྱས་ཙམ་ཞིག་བླངས་ནས་སླད་ཕྱིན་བཟའ་རྒྱུ་འདམ་ལས་མེད་ཀྱང་མཉམ་ཟ་མཉམ་འཐུང་དང་། དབུལ་ཕྱུག་ཅི་རིགས་བྱུང་རུང་ཚེ་གང་གཏན་གྲོགས་བྱ་རྒྱུའི་དམ་བཅས།
དེ་ལྟར་ཉིན་དང་མཚན་དབར་གྱི་དུས་ཡ་མ་ཟུང་དེ་འདའ་ཐུབ་ཙམ་བྱུང་སྟེ། མུན་གྱི་མལ་ཐུལ་དེ་རིམ་གྱིས་འཛིན་མའི་པང་དུ་གཡོགས། བྱིས་པ་པྲ་ཆལ་ཞིག་དང་འདྲ་བའི་འཇིག་རྟེན་དེ་ད་ཆར་གཞི་ནས་ཐང་ཆད་དེ་སྐར་ཚོགས་ཀྱི་རུམ་དུ་གཉིད་ལྕོག་རྒྱག་འགོ་བརྩམས། ཁྲོམ་ལམ་འདུ་འཛི་དང་བྲལ་ཞིང་། ཚམ་ཚོམ་གློག་འོད་ཁྲོད་རླུང་བུ་བསིལ་བསིལ་དུ་ལྡང་བས། སྒྲོལ་མའི་སྐྲ་ཚོམ་འགའ་རླུང་གིས་དེད་ནས་མོའི་དམར་མདངས་རྒྱས་པའི་འགྲམ་ཟུར་དུ་ལྷབ་ལྷུབ་ངང་འཕྱོ། ཨེ་མ། མཚན་མོ་ནི་ཅི་འདྲའི་བསྟོད་པར་འོས་པའི་མཛེས་མ་ཞིག་རེད་ཨང་། ཨེ་མ་མ། དེ་ལས་མཛེས་པ་ནི་ང་ཡི་ཆུང་མ་རི་དྭགས་མིག་ཅན་དེ་རེད། དེ་ལྟར་ང་དང་སྒྲོལ་མ་གཉིས་ལག་གདང་སྦྲེལ་ནས་བདེ་སྐྱིད་དཔག་ཏུ་མེད་པའི་ངང་གཡུ་ཐོག་ཟམ་པ་བརྒྱུད་དེ་མོའི་སྡོད་ཤག་ཏུ་ལོག ང་ཡར་འཛུལ་བའི་ལས་ཀ་དང་པོ་དེ་ནི་གསང་སྤྱོད་ནང་ཆབ་གསང་བྱེད་ཁུལ་གྱིས་འཕྲལ་མར་འབུ་རས་འོག་འཇུག་གི་སྒྲོག་གུ་གཉིས་བཀྲོལ་ཏེ་བྲང་ཁར་ཞིབ་བཤེར་བྱ་རྒྱུ་དེ་རེད། ལྟ་བཤེར་བྱས་པ་བརྒྱུད། ཤ་མདོག་གི་ཀོ་ཡོལ་དེ་དང་ངའི་བྲང་ཤ་གཉིས་ནི་གཞི་གཅིག་ཏུ་འདྲེས་ནས་མངོན་པར་དཀའ། འོན་ཀྱང་སྦྱར་སྨན་གྱི་དྲི་མ་དེ་ནི་སྣ་ལ་བསུན་པ་ཞིག་འདུག་པས། ངས་དྲི་ཞིམ་ཆུ་ཕྲན་བུ་བྲང་ངོས་སུ་གཏོར་རྗེས་གཞི་ནས་བློ་ཅུང་བདེ་བའི་ངང་ཕྱིར་ཐོན། དེའི་སྐབས་སྒྲོལ་མས་ཕྱུ་པ་ཕུད་ཟིན་ཅིང་། དོར་མ་དམ་པོ་ཞིག་དང་འཇུར་རྟ་རྟིང་ཙོག་དེ་གྱོན་ནས་གསང་སྤྱོད་ནང་དུ་ཁྲུས་རྒྱག་པར་འཛུལ་སོང་།
ང་སྒྲོལ་མའི་མལ་ཁང་གི་རྐུབ་སྟེགས་ཤིག་ཏུ་བསྡད་ནས་ཐ་མག་རྐང་ཞིག་ལ་མེ་བསྒྲོན། དུ་ཞགས་བན་བུན་ཁྲོད། ངས་གཡས་གཡོན་གྱི་ཁོར་ཡུག་ལ་མིག་ལྟ་བྱས། སྒྲོལ་མའི་ཉལ་ཁང་ནི་གཙང་སྦྲ་དོད་ལ་བུད་མེད་ཀྱི་ཁྱད་ཆོས་མངོན་པར་ཆེ། ཞེང་ཆེ་བའི་མལ་ཁྲིའི་སྟེང་མེ་ཏོག་ཟིང་དཀར་གྱིས་བརྒྱན་པའི་མལ་ཆས་ལྟེབ་རྩེག་བྱས་ཡོད་པ་དང་། རྒྱ་སེའི་མེ་ཏོག་གི་རིས་ཆེན་པོར་བརྐོས་པའི་ཉལ་གདན་གྱི་རྩེ་མོར་དཀར་གཙང་གི་དབུ་སྔས་རིང་པོ་ཞིག་གྲལ་འགྲིག་པོས་བཞག སྒེའུ་ཁུང་ནས་ལྷགས་བསིལ་དལ་བུར་ལྡང་བས། ཤེལ་ཡོལ་ཟིང་སྐྱ་དེ་ངའི་སེམས་ལྟར་ལྷབ་ལྷུབ་ངང་མལ་ཁྲི་དེའི་སྟེང་དུ་འཕྱོ།
ཡུད་ཙམ་སོང་རྗེས། སྒྲོལ་མས་འདྲུད་ལྷམ་མཚལ་ཁ་ཞིག་དྲུད་དེ་གསང་སྤྱོད་ནས་ཐོན་ཡོང་།
དེ་ནས་ཡང་ཆུ་ཚོད་ཕྱེད་ཙམ་གྱི་རྗེས། ང་དང་ངའི་ཆུང་མ་སྒྲོལ་མ་གཉིས་ནི་འཇིག་རྟེན་བཟའ་ཚང་པའི་ལུགས་བཞིན་ཕན་ཚུན་ཁ་སྦྱར་ནས་ཧ་ལམ་ཕ་རོལ་པོའི་མཆུ་ཏོ་ལས་གཅིག་བཟའ་རྒྱུ་ཡོད་པ་ཇི་བཞིན་མིག་ཡང་བཙུམས་ནས་འཇིབ་རེས་བྱས་པ་དང་། ལག་པས་ཕན་ཚུན་གྱི་ལུས་རྒྱབ་དང་ཕྲག་པ། དེ་བཞིན་ལྟག་ཁུང་། འགྲམ་པ་སོགས་ལ་ལུག་ལྤགས་མཉེ་བ་ལྟར་འཕུར་མཉེད་བྱེད་ཀྱིན་སྐེ་རགས་བཀྲོལ་ཞིང་མལ་ནང་འཛུལ་བའི་བརྒྱུད་རིམ་དུ་སླེབས།
"ཨ་ཙི། ཁྱེད་ཀྱི་བྲང་ཁར་ཅི་བྱས་སམ།" སྒྲོལ་མས་ངའི་ལུས་འོག་ལས་ལག་བསྲིངས་ཡོང་སྟེ། ངའི་བྲང་ཁའི་ཀོ་ཡོལ་དེར་མཛུབ་རྩེས་དལ་མོར་རེག་གིན་དེ་ལྟར་སྨྲས།
"ཨ……འདི……འདི་ཀོ་ཡོལ་རེད། དེ་རིང་ངའི་བྲང་ཁོག་བདེ་པོ་རང་མི་འདུག" ངའི་སེམས་ལ་འཚུབ་ཆ་འུར་དུ་ལངས་པས་སྐད་ཆ་ཡང་དམ་དུམ་དུ་གྱུར།
"ཨཱ། རེད་པས"སྒྲོལ་མས་དེ་ལྟར་བཤད་བཞིན་སྐད་ཆའི་མཚམས་ཅུང་ཆད་ནས་མནོ་བསམ་འཁྱུག་ཙམ་བཏང་རྗེས། མོ་རང་གི་འཇམ་ཞིང་དཀར་བའི་དཔུང་པ་ཡ་གཅིག་
བསྟན་ནས། "དེ་འདྲའི་སྟབས་འཁེལ་རྒྱུ་ལ་ཨང་། ངས་ཀྱང་ཀོ་ཡོལ་ཞིག་སྦྱར་ཡོད། ངའི་དཔུང་པ་ཡང་བདེ་པོ་མི་འདུག མདང་ནུབ་འཁྱགས་པ་འདྲ"ཟེར། ངས་ཞིབ་པར་བལྟས་པས་དངོས་གནས་ཀོ་ཡོལ་གསར་པ་ཞིག་ལེབ་བེར་མོའི་དཀར་འཇམ་གྱི་དཔུང་པར་སྦྱར་འདུག ཚུལ་དེས་ད་གིན་ངའི་འཕག་འཕག་ཏུ་ལྡིང་བའི་སྙིང་དེ་ཆུ་ཁོལ་ལ་འཁྱག་ཆུ་བླུགས་པ་ལྟར་ཞི་འཇམ་དུ་གྱུར། ཨེ་མ་མ། མོའི་དཔུང་པའི་ཀོ་ཡོལ་འདི་ནི་ཆེད་མངགས་ངའི་ཀོ་ཡོལ་ཡ་མ་ཟུང་དེར་ཟླ་རོགས་དང་རམ་འདེགས་སུ་གྱུར་པ་རེད། སྐབས་དེར་ངས་དངོས་གནས་མོའི་ཀོ་ཡོལ་དེར་སྤྱི་གཙུག་ཡང་ཡང་གཏུགས་ནས་ཐུགས་རྗེ་ཆེ་བྱུང་ཀོ་ཡོལ་ལགས་ཞེས་ཞུ་འདོད་ཆེན་པོ་བྱུང་།
འཇིགས་ཡེར་བའི་དོན་དེ་དེ་ལྟར་ཡོལ་བས། ངས་མུ་མཐུད་སྨྱོས་པ་ལྟར་མོར་མཆུ་སྦྱར་ཞིང་། རིམ་གྱིས་ངེད་གཉིས་ཀྱིས་གཅིག་འཕུར་གཅིག་མཉེད་བྱེད་ཀྱིན། ཆགས་དུས་ཀྱི་མིང་དང་མཐུན་པའི་མཚན་དེ་བཟའ་ཚོ་གསར་པའི་རྔུལ་ཆུས་བརླན་པར་བྱས།
སྲོད་ཀྱི་ཆ་ཙམ་ལ། ལྷགས་རླུང་གིས་གཡོ་བའི་ཤེལ་ཡོལ་དེ་འཇམ་མཉེན་ངང་ངའི་གདོང་དུ་འཕྱོ་བས། ང་རང་གཉིད་ལས་སད། ཉལ་ཁྲིའི་འགྲམ་གྱི་གློག་སྒྲོན་དེ་ལས་འོད་མདངས་སེར་པོ་ཞིག་འཇོ་སྒེག་གི་སྒྲོལ་མའི་བཞིན་རས་དང་མལ་ལས་ཕྱེད་ཙམ་ཐོན་པའི་མོའི་མྱོས་བུམ་སྟེང་གསལ། ང་སླར་སྒྲོལ་མའི་གམ་དུ་བཅར་ནས་འཇིག་རྟེན་གྱི་བྱ་བ་ཞིག་རྩོམ་རྩིས་བྱས་པར། སྒྲོལ་མས་ཀྱང་འཐམ་འཁྱུད་དང་འཕུར་མཉེད་ཀྱིས་རམ་འདེགས་བྱས། འོན་ཀྱང་ཅུང་མ་སོང་བར་སྒྲོལ་མས་གློ་བུར་དུ་འཐམ་འཁྱུད་བྱེད་མཚམས་བཞག་
སྟེ། ངའི་བྲང་ཁར་མིག་ཧུར་རེར་ཅེར། ངས་ཀྱང་མགོ་དུད་ནས་མོས་ཅེར་སའི་ཕྱོགས་སུ་བལྟས་པས། ཨ་ཁ་ཁ་ཁ། ད་ཡིན་ན་ཆག་སྒོ་བསླངས་འདུག ངའི་བྲང་ངོས་ཀྱི་ཀོ་ཡོལ་དེ་ནི་གར་སོང་ཆ་མེད་གྱུར་འདུག འོ་ཡག ད་ཅི་དྲག ཀོ་ཡོལ་དེ་ནི་ཏན་ཏན་ཤ་འཕུར་ལྤགས་མཉེད་ཀྱི་མནར་གཅོད་མ་བཟོད་ཅིང་། ཕོ་ལུས་མོ་ལུས་གང་ས་གང་ནས་འཛིར་བའི་རྔུལ་ཆུའི་བཞའ་གཤེར་གྱིས་བརླན་ནས་གོག་པ་ཡིན་པ་གཏན་ཁེལ། ཚུལ་དེས་ངའི་སྙིང་ཆུང་སླར་མགྲིན་པའི་མཚམས་སུ་འཕག་ལྡིང་དྲག་པོ་བྱེད་དུ་བཅུག སྒྲོལ་མས་ངའི་བྲང་ལ་ཅེར་གྱིན་སླར་མནོ་བསམ་ཅུང་ཙམ་བཏང་རྗེས་བཅོས་མའི་འཛུམ་ཞིག་བསྟན་ནས"ཁྱེད་ཀྱི་ཀོ་ཡོལ་དེ་བསྡད་མི་འདུག"ཅེས་ཟེར།
"ཨཱ……འདི……འདི་སྐྱོན་མེད། འདི་སྐྱོན་མེད། ད་ན་ཚ་དྲག་འདུག"
ངས་འདི་ལྟར་ཀར་ཀོར་དུ་བཤད་རུང་མོས་ངའི་གཏམ་ལ་ལན་མ་བྱས་པར་མིག་བཙུམས་ཏེ་ངའི་ལུས་འོག་ལས་ང་ལ་ཡར་འཁྱུད། ང་གཉིས་ཀྱིས་སླར་ཕོ་མོའི་བྱ་བ་བྱེད་འཕྲོ་དེ་མཐུད་ནས་བྱས་ནའང་། སྒྲོལ་མས་མགོ་ནས་མཇུག་བར་སྤྱན་ཟུང་བཙུམས་ཤིང་། ང་རང་ནི་ཐེ་ཚོམ་དང་ཁ་སྐྱེངས་ཀྱི་སྣང་བས་བསླད་པས། ཐེངས་གཉིས་པའི་བཟའ་ཚང་གི་བྱ་བ་དེ་ནི་ཁྲལ་སེལ་གྱི་ལས་འགན་ཞིག་སྒྲུབ་པ་ལྟར་བྱུང་ལ་ཤིང་འབྲས་སྨིན་ལ་མ་སྨིན་ཞིག་བཟས་པའི་སྣང་བ་ཞིག་ཀྱང་བྱུང་།
བྱ་བ་དེ་ཚར་རྗེས་ངེད་གཉིས་ཀྱིས་གུས་ལུགས་ལྟ་བུའི་འོ་དང་འཐམ་འཁྱུད་ཅུང་ཙམ་བྱས། དེ་ནས་མོས"ད་ང་ཉལ་གྱི་ཡིན་དཱ"ཟེར་ནས་ཁ་ཕར་བལྟས་ཏེ་ཉལ་སོང་བས། ང་རང་ཡང་མོར་རྒྱབ་གཏད་ཅིང་གདོང་མེ་ཏོག་ཟིང་དཀར་དུ་མས་བརྒྱན་པའི་གྱང་ལ་གཏད་དེ་ཉལ་ནའང་། སེམས་ནི་ཐེ་ཚོམ་དང་སོམ་ཉིས་ཁེངས། གློག་སྒྲོན་གྱི་འོད་མདངས་འོག ངས་མལ་ཐུལ་དལ་གྱིས་བཤུས་ཏེ་མགོ་བོ་དུད་ནས་དམར་རྗེན་གྱི་བྲང་ངོས་ལ་ལྟ་བཞིན། ཡང་སྙིང་མོས་ཁབ་གཙག་དེ་མཐོང་ཡོད་དམ་མེད། གལ་ཏེ་མཐོང་ཡོད་ན་མོའི་ད་གིན་གྱི་རྣམ་འགྱུར་དེས་ཡང་སྙིང་ཅི་ཞིག་མཚོན་པ་ཡིན་ནམ་བསམས། དེ་ལྟར་བསམ་བློ་གཏོང་བཞིན་གཏོང་བཞིན་ང་རང་ཡང་གཉིད་ལ་ཡུར།
ཉི་འོད་ཀྱི་ཟེར་སྐྱ་ཞིག་ངའི་མིག་ལྤགས་ཐོག་ཏུ་འཕྲོས་པས། ང་རང་གཉིད་ལས་སད། ང་ཁ་ཚུར་བསློགས་པས། སྒྲོལ་མ་ནི་ད་དུང་ཡང་རྨི་ལམ་གྱི་ཞིང་ཁམས་སུ་ཐིམ་འདུག ང་མོའི་འགྲམ་དུ་ཉེ་ཙམ་སོང་སྟེ། ལྟ་བས་མི་ངོམས་པའི་ཆུང་མའི་ལུས་ཀྱི་དབང་པོ་རེ་རེ་བཞིན་ངས་མིག་གིས་ལོངས་སུ་སྤྱད། ཨེ་མ། མོའི་མཛེས་ཀོང་དེ་ནི་རྩྭ་ཐང་གི་མཚེའུ་ཞིག་དང་འདྲ་ལ། མོའི་སྐེ་མཇིང་དེ་ནི་དཀར་ཞིང་འཇམ་པ། མོའི་དཔུང་པ་དེ་ནི……ག་རེ། ཏིལ་ཙམ་སྒུགས་དང་། ཡིན་གྱི་མ་རེད། ཅིའི་ཕྱིར་མོའི་དཔུང་པའི་སྟེང་དུའང་ངའི་བྲང་ངོས་སུ་ཡོད་པའི་ཁབ་གཙག་བསུབ་ཤུལ་གྱི་རི་མོ་དེ་འདྲ་ཞིག་ཡོད་པ་ཡིན་ནམ། དཔུང་ངོས་འདི་ནི་ཏག་ཏག་མདང་ནུབ་མོས་ཀོ་ཡོལ་སྦྱར་ས་དེ་མ་ཡིན་ནམ། ཀོ་ཡོལ་དེ་ད་ཆ་གར་སོང་ཆ་མེད་དུ་གྱུར་འདུག ཁབ་གཙག་བསུབ་ཤུལ་དེ་ཡི་གེ་ཡིན་པ་རྟོགས་དུས་ངའི་སྙིང་ཏིག་ལྟིག་ཏུ་ལྡིང་བྱུང་། ངས་དེ་བས་ཉེ་བར་སྦྱར་ནས་བལྟས་པས། དེ་ནི་མིའི་མིང་ཞིག་ཡིན་པ་ཤེས་པར་མ་ཟད། ཡིག་འབྲུ་འོག་མ་དེ་ནི་ལྷག་པར་གསལ་ཏེ"ཚེ"ཞེས་བརྐོས་འདུག འོན་ཏེ་ཡིག་འབྲུ་དང་པོ་དེ་བསུབས་ནས་རབ་བེ་རིབ་བེར་གྱུར་འདུག་སྟེ།
ལྟ་ཕྱོགས་ཤིག་ལ"ཕུན"དང་འདྲ་ཞིང་། ཡང་ལྟ་ཕྱོགས་གཞན་ཞིག་ལ"ཕུར"དང་འདྲ་བས། ཡང་སྙིང་སྒྲོལ་མའི་དཔུང་པར་བརྐོས་པ་དེ"ཕུར་ཚེ"ཡིན་ནམ་ཡང་ན"ཕུན་ཚེ"ཡིན། "ཕུར་ཚེ"ཡིན་ན་ཕུར་ཚེ་ཟེར་བའི་མི་དེ་སུ་ཡིན་ནམ། ངའི"ལྷ་མོ"དང་གཅིག་པ་ཨེ་ཡིན། གལ་ཏེ"ཕུན་ཚེ"ཡིན་ན་ཀོ་ཡོལ་གྱིས་འགེབས་དོན་ཅི་ཡིན། དེ་ལྟར་ཐེ་ཚོམ་དང་དངངས་སྐྲག་དྲག་པོས་བསྐུལ་བས། ངས་མོའི་དཔུང་པར་ཉེ་བར་སྦྱར་ནས་ཁ་གསལ་གཏིང་གསལ་ཞིག་ལྟ་བར་རྩོམ་དུས། ཏག་ཏག་སྒྲོལ་མས་ཨ་ལོག་ཅིག་བརྒྱབ་ནས་དཔུང་པ་དེ་མལ་སའི་ནང་བཅུག་སོང་།
རྩོམ་སྒྲིག་འགན་འཁུར་བ། རྒྱལ་ལོ།