ཁྱི་མོ།

འཁྱམ་རུ་གནམ་ལྷ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ད་ལོ།   ཁྱི་མོས་ཁྱི་གུ་དགུ་བཙས་བྱུང་།  

 

        ཁྱི་གུ་དགུ་བོ་རིམ་གྱིས་ནར་སོན་རྗེས།   ཁྱིམ་བདག་གིས་རེ་རེ་བཞིན་གཞན་ལ་སྦྱིན་ཚར་བས།   ཁྱི་མོ་སྔར་བཞིན་སྡུག་བསྔལ་གྱི་རྒྱ་རུ་ཚུད།  ན་ནིང་ཁྱི་གུ་དྲུག་བཙས་པ་དེ་ཡང་ཕྱིས་སུ་ཁྱིམ་བདག་གིས་གཅིག་ཀྱང་མ་ལྷག་པར་གཞན་ལ་སྦྱིན་ཚར།   

 

        ཁྱིམ་བདག་ལའང་ཁག་མི་འདུག་སྟེ།  ཁྱིམ་གྱི་འཁོས་ཀ་ཧ་ཅང་ཞན་པ་དང་།   ཁྱིམ་ན་བུད་མེད་ཅིག་ཀྱང་མེད་སྟབས།   ཁྱི་གུ་དགུ་ཕར་ཞོག  ཁྱི་མོ་གཅིག་པུའི་ཁྱི་ལྟོ་ཡང་དཀའ་ངལ་ཞིག་ཏུ་གྱུར་འདུག གལ་སྲིད་ཁྱི་གུ་དགུ་བོ་རིམ་བཞིན་ནར་སོན་པ་དང་།  ཨ་མའི་ནུ་མ་ཡང་རིམ་བཞིན་སྐེམ་པར་གྱུར་ཚེ།  ཁྱིམ་བདག་གིས་སྒོ་ཁྱི་བཅུ་ལ་ཁྱི་ལྟོ་ཇི་ལྟར་ལྡུད།   སྒོ་ཁྱི་དེ་དག་བལྟས་བལྟས་རིག་རིག་ལ་ལྟོགས་གྲིར་འཆི་རུ་འཇུག་པ་ལས།   རེ་རེ་བཞིན་བདག་པོ་གཞན་ལ་སྤྲད་ན།    མ་མཐའ་ཡང་ལྟོགས་གྲིར་འཆི་མི་སྲིད་པ་ངེས་གཏན་ཡིན།     

 

        ཁྱི་མོས་ཀྱང་དོན་དེ་རྟོགས་ཡོད་པ་འདྲ།    དུས་རྒྱུན་ཁྱིམ་བདག་ཁྱི་ལྟོ་ལྡུད་དུ་ཡོང་དུས།   རྔ་མ་གཡུག་གཡུག་བྱེད་བཞིན་ཁྱིམ་བདག་གི་ཉེ་བར་བཅར་ཏེ་དགའ་དགའ་དུང་དུང་བྱེད།   ཁྱི་མོའི་སེམས་སུ།  ཁྱིམ་བདག་ནི་ནམ་ཡང་རང་ལ་དྲིན་ཆེ་བའི་བདག་པོ་དེ་ཡིན་པས།    རང་ཉིད་ནམ་ཡང་ཁོ་ལ་བློ་དཀར་སེམས་དཀར་ཡིན་དགོས་པ་དང་།   དུས་ནམ་ཡང་ཁོར་ངན་སེམས་གཏན་ནས་བཅང་མི་རུང་སྙམ།   

 

        རང་ཉིད་ཀྱི་མི་རུང་བའི་སྡང་སེམས་དེ་བསྒྱུར་ཅི་ཐུབ་བྱས་མོད།  ཁྱིམ་བདག་གི་བྱ་སྤྱོད་དེ་དག་མཐོང་བས་ན།   ཁྱི་མོ་ལ་བཟོད་ཐབས་བྲལ་བའི་ཕངས་སེམས་སྐྱེས་པ་མ་ཟད།  ཕངས་སེམས་དེ་རིམ་གྱིས་སྡང་སེམས་ལ་གྱུར་སོང་བ་རེད།

    

 

        ཁྱིམ་བདག་གི་ཕྲུ་གུ་ནར་སོན་ཏེ།  ད་ནི་འགྲེང་སྟབས་ཀྱིས་འགྲོ་ནུས་པའི་ཚད་ལ་སླེབས་འདུག  བྱིས་པ་དེ་ནི་ཧ་ཅང་སྙིང་དུ་སྡུག་པ་ཞིག་ཡིན་ལ།   པྲ་ཚགས་ཅིག་ཀྱང་ཡིན་སྣང་འདུག  ཡིད་སྐྱོ་བ་ཞིག་ལ།  ཁྱིམ་མཚེས་དག་གི་བྱིས་པ་རྣམས་ནི་ལོ་ན་བདུན་བརྒྱད་ལ་སོན་ཏེ་ཚང་མ་སློབ་གྲྭར་འགྲིམས་ཚར་བས།  བྱིས་པ་དེར་རྩེད་རོགས་གཞན་ཅི་ཡང་མེད་ཕྱིར་ཉིན་རྒྱུན་ཁེར་རྐྱང་དང་སུན་སྣང་གིས་མནར་འདུག  དེའི་ཁར། ཁྱིམ་བདག་གིས་ནོར་ལུག་སོགས་ལྷས་ལ་བསྡུ་སྐབས།   རང་གི་སྐ་རགས་ཀྱིས་བྱིས་པ་ཚ་ཐབ་སྟེང་དུ་བཏགས།   དེའི་དུས།   བྱིས་པས་རང་ཉིད་མ་འདོགས་ཞེས་ངུ་རྒྱངས་ཇི་ལྟར་བྱས་ཀྱང་ངལ་བ་འབྲས་མེད་ཡིན་ཏེ།    ཁྱིམ་བདག་གིས་ཁ་ཡ་སྤུ་ཙམ་ཡང་མི་བྱེད་པར་བྱིས་པ་བཏགས་རྗེས་སྒོ་ལ་བུད་འགྲོ།  སྐབས་དེར།  བྱིས་པའང་ངུ་སུན་བྱུང་སྟེ་མཚམས་རེར་ཁ་རོག་གེར་འདུག་ལ།  ལན་རེར་ངུ་བཞིན་ངུ་བཞིན་གཉིད་དུ་བྱིངས་འགྲོ།   

 

        བྱིས་པར་བློ་རིག་ཡུན་གྱིས་རྒྱས་པ་དང་བསྟུན་ཏེ།   སྐ་རགས་ཀྱི་མདུད་པ་གྲོལ་ཤེས་པར་གྱུར།  

 

        ཉིན་ཞིག་ཁྱིམ་བདག་གིས་སྔར་བཞིན་རང་གི་སྐ་རགས་ཀྱིས་བྱིས་པ་བཏགས་ཏེ་ལུག་ལ་ཆུ་ལྡུད་དུ་བུད་སོང་།  ཁོ་རང་ཕྱིར་སླེབས་དུས་བྱིས་པ་མཐོང་རྒྱུ་མ་བྱུང་།  སྐ་རགས་ཀྱི་མདུད་པ་བཀྲོལ་ཡོད་པ་མཐོང་འཕྲལ།  ཁོ་ལ་སྔངས་འཚུབ་གློ་བུར་བ་ཞིག་སྐྱེས་ཤིང་།   སེམས་སུ་དོགས་གཞི་སྣ་ཚོགས་ཤིག་སྔ་རྗེས་སུ་དབྱར་སྤྲིན་བཞིན་འཁྲིགས་འོང་།  

 

        ཁྱིམ་བདག་གིས་ཁྱིམ་གྱི་ཁང་མིག་སོ་སོར་ཞིབ་ཏུ་བཙལ།   དེ་ནས་རྩྭ་ཁང་དང་ཨོང་ཁང་།   ཁང་རྒྱབ་ཀྱི་གད་ཁུག་སོགས་སུ་ཇི་ལྟར་བཙལ་ཡང་མ་རྙེད། 

 

        ཁྱིམ་བདག་གི་སེམས་ལ་འཚུབ་ཆ་ལྡང་བྱུང་། 

 

      "གནམ་ཁོ-གནམ་ཁོ-"ཁྱིམ་བདག་གིས་སྐད་གསེང་མཐོན་པོས་བོས། 

 

    "……"

 

        "གནམ་ཁོ-ཨ་གནམ་ཁོ-"

 

        "……"

 

        "གནམ-"སྐབས་ཤིག་ལ་ཁྱིམ་བདག་གིས་བྱིས་པའི་མིང་ནས་ཡང་བསྐྱར་འབོད་གྲབས་བྱེད་སྐབས།  བྱིས་པས་གསལ་ལ་མི་གསལ་བའི་ངང་ནས"ཨ་ཕ"ཞེས་བོས་པ་ཐོས་བྱུང་།   དང་ཐོག་ཁྱིམ་བདག་གིས་བྱིས་པས་གང་ཞིག་ནས་ཨ་ཕ་ཞེས་འབོད་བཞིན་ཡོད་པ་མ་ཤེས།   ཡིན་ཡང་ད་ཆ་ཁོའི་བློ་སེམས་ཅུང་བདེ་རུ་གྱུར་ཡོད་པས།   མུ་མཐུད་དུ"གནམ་ཁོ།   ཁྱོད་གང་ན་ཡོད།  གནམ་ཁོ-"ཞེས་ངག་འཇམ་པོའི་སྒོ་ནས་བོས་པ་ན།   བྱིས་པས་ཡང་བསྐྱར་གང་ཞིག་ནས"ཨ་ཕ"ཞེས་བོས་བྱུང་།  ཁྱིམ་བདག་གིས་ཞིབ་ཏུ་ཉན་ཚེ།   བྱིས་པའི་འབོད་སྒྲ་དེ་ཁྱི་མོ་ཡོད་སའི་ཕྱོགས་དེ་ནས་གྲགས་ཡོང་བ་ཤེས།

 

    ཁྱིམ་བདག་གི་སེམས་ལ་ཡང་བསྐྱར་དོགས་གཞི་ཞིག་འཕོས་བྱུང་།   ཁོ་ག་ལེར་ཁྱི་མོའི་ཕྱོགས་སུ་བསྐྱོད། 

 

    ཁྱི་མོ་ནི་བཏགས་ཁྱི་བཙན་པོ་ཞིག་ཡིན། 

 

    སྔོན་ཆད་ཉིན་མོའམ་མཚན་མོར་ཡོང་བའི་མགྲོན་པོ་གང་མང་ཞིག་གི་ཉྭ་ཁྱི་མོའི་ཁ་ནང་དུ་ཤོར་མྱོང་བས།  ཁྱི་མོའི་ཉེ་སར་བཅར་ཕོད་མཁན་གཅིག་ཀྱང་།  བཅར་ཡང་མི་རུང་།    

    ཁྱིམ་བདག་གིས་གོམ་པ་རེ་རེ་ལྗིད་ཏིག་གེར་ཕར་སྤོ་བའི་སྐབས་སུ།   བློ་སེམས་ཡུན་གྱིས་མི་བདེ་བར་གྱུར་ཅིང་།   འཚུབ་སྣང་ཞིག་སེམས་ཀྱི་ག་ཤེད་ཅིག་ནས་ཐོལ་གྱིས་ལྡང་འོང་།   

    ཁྱི་མོ་ནམ་རྒྱུན་དང་འདྲ་བར་ཁྱི་ཁང་འཁྲིས་སུ་ཨོང་ཙོག་བྱས་ཏེ་བསྡད་ཡོད་ལ།  ཁྱིམ་བདག་ཚུར་འོང་གིན་ཡོད་པ་མཐོང་འཕྲལ།  ལམ་སེང་ཡར་འགྲེང་བ་དང་དགའ་བའི་རྔ་མ་བར་མེད་དུ་གཡུགས་བྱུང་།  

 

    ཁྱིམ་བདག་གིས་ཚུལ་དེ་མཐོང་ཡང་།   ད་ལྟ་ཁོའི་མིག་ལམ་དུ་ཁྱི་མོ་ནི་འཇིགས་སུ་རུང་བ་ཞིག་ཏུ་སྣང་བས།  ཁོའི་སེམས་པ་ཅིས་ཀྱང་བདེ་ཐབས་མ་བྱུང་།  ཁོ་ཁྱི་མོའི་གམ་དུ་འབྱོར་ལ་ཉེ་དུས།  གོམ་པ་ཇེ་མགྱོགས་སུ་བཏང་སྟེ་ཁྱི་ཁུང་དུ་བལྟས་པ་ན།   བྱིས་པ་ཁྱི་ཁང་གི་སྦྲིག་ཏུ་གན་རྐྱལ་དུ་ཉལ་ནས་སྐྱིད་སྣང་གིས་ཁེངས་འདུག་པ་མཐོང་།    

 

    བྱིས་པས་ཁོ་རང་མཐོང་མ་ཐག་གདོང་ལ་པྲ་ཚགས་ཀྱི་ཉམས་ཤིག་མངོན་བཞིན་དབང་མེད་དུ་གད་མོ་ཤོར་སོང་། 

 

    ཡིན་ཡང་ཁྱིམ་བདག་ལ་ཁོང་ཁྲོ་གློ་བུར་བ་ཞིག་ལངས་ཏེ།    "ཨ།  མུག་ཕྲུག"ཅེས་སྡིགས་མོ་གཏོང་བཞིན་བྱིས་པ་མགྱོགས་མྱུར་གྱིས་ཁྱི་ཁང་ལས་ཕྱིར་བླངས་པ་དང་།   བྱིས་པའི་ལུས་དང་ངོ་གདོང་སོགས་ལ་ཞིབ་ལྟ་ཐེངས་ཤིག་བྱས་པ་དང་རྨ་ཤུལ་ཅི་ཡང་མེད་པ་མཐོང་རྗེས།   ད་གཟོད་བློ་སེམས་བདེ་ཙམ་བྱུང་།  སྐབས་དེར།  ཁྱིམ་བདག་གིས་ཁྱི་ཁང་འགྲམ་དུ་རྔ་མ་གཡུག་གཡུག་བྱེད་བཞིན་པའི་ཁྱི་མོ་མཐོང་བའི་མོད་ལ།  སེམས་ལ་སྡང་སེམས་གློ་བུར་བ་ཞིག་སྐྱེས་ཤིང་།   ཁྱི་མོ་དེ་གློ་བུར་དུ་ངོ་མི་ཤེས་པ་ལྟ་བུའི་ཚོར་སྣང་ཞིག་ཀྱང་འཕོས་བྱུང་།  

 

    "ཁྱི་དང་རྒྱལ་པོར་བློ་གཏོད་ག་ལ་རུང"ཁྱིམ་བདག་གིས་ཁྱི་མོར་ལྟ་བཞིན་ངག་ནས་དེ་སྐད་ཤོར།  ཁོས་བྱིས་པ་པང་དུ་བཟུང་ནས་ཕྱིར་ཁྱིམ་ལ་འགྲོ་གྲབས་བྱེད་དུས།  ཁྱི་མོ་གམ་དུ་རྒྱུགས་ཡོང་ནས་ཡང་བསྐྱར་རྔ་མ་གཡུག་གཡུག་བྱེད།  དེ་ནི་ཕལ་ཆེར་མོ་ལ་ཁྱི་ལྟོ་ཞིག་བླུད་དང་ཞེས་ཞུ་བ་འཐེན་བཞིན་ཡོད་པ་འདྲ།  ཡིན་ཡང་།  སྐབས་དེར་ཁྱིམ་བདག་ཁོང་ཁྲོ་ལངས་ཏེ་ཁ་ཕྱིར་འཁོར་ནས་ཁྱི་མོ་ལ་?ག་ཐོ་ལན་ཞིག་གཞུས་རྗེས། "ཕར་སོང་།  གདོན་ཁྱི་མ།  གཤེད་ཁྱི་མ།  འདྲེ་ཁྱི་མ……"ཞེས་སྡིགས་མོ་ཚ་པོ་ཞིག་བཏང་། 

 

    ཁྱི་མོས་ཀྱང་ཅི་ཞིག་ཧ་གོ་སོང་བ་ལྟར་ལམ་སེང་ཕར་བཀྱེད་དེ་ཁྱིམ་བདག་གི་ཕྱོགས་སུ་བལྟས་ནས་བསྡད། 

     

    ཁྱིམ་བདག་གིས་མུ་མཐུད་དུ"གདོན་ཁྱི་མ།   འདྲེ་ཁྱི་མ"ཞེས་སྡིགས་མོ་གཏོང་གིན་གཏོང་གིན་ཁྱིམ་ལ་འཛུལ་སོང་།   

 

    ཉིན་དེར།  ཁྱིམ་བདག་ལ་ཁོང་ཁྲོ་ལངས་པས་ཡིན་ནམ་གང་ཡིན་མི་ཤེས་མོད།  གང་ལྟར།   ཁྱིམ་བདག་གིས་ཁྱི་མོ་ལ་ཁྱི་ལྟོ་ཁམ་གང་ཡང་མ་བླུད།   

    དེ་ནི་ཁྱི་མོར་མཚོན་ན་རྒྱུན་ལྡན་ཞིག་ཡིན་ཏེ།  སྐབས་རེར་ཁྱིམ་བདག་ཁོ་རང་ཁྱིམ་ཚང་གི་དོན་དག་ག་གེ་མོའི་ཆེད་དུ་རྫོང་ལ་ཕྱིན་ཚེ།  ཁྱི་མོ་ཉིན་གང་བོར་ལྟོགས་སྐོམ་གྱིས་གཟིར་ཏེ་འདུག་དགོས།  ཡིན་ཡང་།  ཁྱི་མོས་ད་ལྟའི་བར་དུ།  ཁྱིམ་བདག་གིས་རང་ལ་ཁྱི་ལྟོ་བླུད་མ་བྱུང་ཞེས་འཁང་ར་བྱེད་མ་མྱོང་ལ།  ངན་སེམས་ནི་དེ་བས་ཀྱང་བཅང་མ་མྱོང་།  

 

    འོན་ཏེ།   ཉིན་དེར་ཁྱི་མོའི་སེམས་ལ་དོགས་སྣང་ཞིག་བྱུང་།  ཁྱིམ་བདག་ངའི་སྟེང་ལ་ཁོང་ཁྲོ་ལངས་ཡོད་དམ།   ཁྱིམ་བདག་དེ་ལྟར་ཁོང་ཁྲོ་ལངས་དོན་ཅི་ཡིན་ནམ། 

 

    ཉིན་དེའི་མཚན་མོར།  ཁྱི་མོ་གཉིད་ཁུག་རྒྱུ་མ་བྱུང་།   ཁྱི་མོས་མཚན་གང་བོར་ཁྱིམ་བདག་གི་ཕྱོགས་སུ་འདང་རྒྱག་བྱེད་ཅིང་།  མཚམས་རེར་ཁྱིམ་བདག་ནི་རང་ལ་དྲིན་ཆེ་བའི་བདག་པོ་དེ་ཡིན་པ་དྲན་པས་ན།  རང་ཉིད་ཀྱིས་ཁྱིམ་བདག་རླུང་ལངས་སུ་བཅུག་པ་ལ་འགྱོད་སེམས་ཤིག་སྐྱེས་ཤིང་།   དེ་དང་ཆབས་ཅིག་རང་ལ་ལེ་མདའ་མང་པོ་བྱས། 

    ཕྱི་ཉིན་གུང་ཚིགས་ཀྱི་སྐབས་སུ།  ཁྱིམ་བདག་གསང་སྤྱོད་དུ་སོང་རྗེས།  བྱིས་པ་དེ་ཡང་བསྐྱར་སྐ་རགས་ལས་ཤོར་ཏེ་སྔར་བཞིན་ཁྱི་མོའི་ཕྱོགས་སུ་རྒྱུགས་སོང་། 

 

    ཁྱི་མོས་བྱིས་པ་མཐོང་འཕྲལ་ཡིད་སེམས་ཧ་ཅང་དགའ་བྱུང་།  དེ་ནས་རང་དབང་མེད་པར་རང་གི་ཕྲུ་གུ་དག་དྲན་བྱུང་།  

 

    ཀྱེ་མ།  ངའི་ཕྲུ་གུ་ཚོ་ད་ལྟ་གང་དུ་ཡོད་དམ།  ཁོ་ཚོར་སུ་དང་གང་ཞིག་གིས་མནར་གཅོད་གཏོང་གིན་ཡོད་དམ།  ཁོ་ཚོ་ད་དུང་འཇིག་རྟེན་དཀར་ངོགས་འདིར་གསོན་ཡོད་དམ།  ཨ་ཨ།   ངའི་གམ་དུ་ཕྲུ་གུ་གཅིག་མ་གཏོགས་མེད་ནའང་དེ་ནི་རང་གི་བདེ་སྐྱིད་ཅིག་ཅི་ལ་མིན། 

 

    ཁྱི་མོ་དྲན་པ་སོས་དུས།   བྱིས་པ་དེ་སྔ་མོ་ནས་རང་གི་གམ་དུ་འབྱོར་འདུག་ལ།  ཧ་ཅང་སྙིང་ཉེ་བོ་ཡོད་པའི་སྣང་བ་ཞིག་དབང་མེད་དུ་སྐྱེས་བྱུང་།  

 

    བྱིས་པར་སྐྲག་སྣང་དང་འཇིགས་སྣང་ཅི་ཡང་མེད་པར་ཁྱི་མོའི་གདོང་ལ་བྱིལ་བྱིལ་བྱེད་པའི་བཟོ་ལྟ་སྟོན་ལ།   ཁྱི་མོའི་རྔ་མ་ནས་བཟུང་སྟེ་ཕར་འཐེན་ཚུར་འཐེན་བྱེད།   སྐབས་རེར་ཅི་མི་སྙམ་པར་ཁྱི་མོའི་ཡ་ཁ་བརྫེས་ཏེ་ཁ་ནང་གི་རྣོ་དབལ་ཚ་བའི་མཆེ་བ་དག་ལ་མཉེན་འཇམ་གྱི་ལག་པས་རེག་ཙམ་རེག་ཙམ་བྱེད།   

 

    བར་སྐབས་ཤིག་ལ།   ཁྱི་མོ་ལ་འཚུབ་སྣང་གློ་བུར་བ་ཞིག་སྐྱེས་ཏེ།   མིག་ཟུང་ཅེ་རེར་ཁྱིམ་བདག་གི་ཕྱོགས་སུ་འཁོར་འདུག་ལ།   དྲན་པའི་ངོས་སུ་ཁ་སང་གི་ཁྱིམ་བདག་གི་རྣམ་འགྱུར་དེ་ཡང་དང་བསྐྱར་དུ་དྲན་ཡོང་།  

 

    ཏག་ཏག་སྐབས་དེར།   ཁྱིམ་བདག་སླེབས་བྱུང་།   དངོས་འབྲེལ་སླེབས་བྱུང་།   ཁོ་རང་ཀི་རྒྱངས་དང་བཅས་ཚུར་སླེབས་བྱུང་།   

 

    "ཨ།  གདོན་ཁྱི་མ།   ཕར་སོང་།   ཨ་གཤེད་ཁྱི་མ……"

 

    བྱིས་པ་པྲ་ཚགས་ཅན་དེས་ཨ་ཕ་མཐོང་འཕྲལ།   ལམ་སེང་ཁྱི་ཁང་དུ་འཛུལ་ཏེ།  སྤྲོ་སྣང་དང་བཅས་ཨ་ཕར་བསྒུག་འདུག

   ཁྱིམ་བདག་ཁྱི་མོའི་གམ་དུ་འབྱོར་མ་ཐག་?་བའམ་ཨོང་བ་ཡིན་པ་གང་ཞིག་ཁྱི་མོའི་སྟེང་ལ་འཕངས་ཏེ་ཁྱི་མོ་ཕར་བདས་རྗེས།  བྱིས་པ་ཁྱི་ཁང་ལས་སྒོར་དྲུད་པ་དང་།  དེ་ནས་མཆན་འོག་ཏུ་བཙིར་ཏེ"མུག་ཕྲུག ད་ཁྱོད་སོང་།  ཁྱོད་འདྲེ་ཁྱི་མ་འདིས་ཟོས་སོང་ན་ཅི་བྱ།   ཨ་མུག་ཕྲུག"ཅེས་སྡིགས་མོ་གཏོང་ཞོར་བྱིས་པའི་འཕོང་ཚོས་ངོས་ལ་ཐལ་ལྕག་འགའ་གཞུས་མ་ཐག   བྱིས་པ་ཨག་སྐད་དང་བཅས་ངུས་བྱུང་།   

 

   ཁྱིམ་བདག་གིས་ཡང་བསྐྱར་ཐང་ནས་?་བ་ལོག་ལོག་ཅིག་ཡར་བསྒྲུགས་ཏེ་ཁྱི་མོའི་ཕྱོགས་སུ་ཤུགས་ཀྱིས་འཕངས་པ་ན།  ?་བ་དེ་ལ་ཡོ་གཟུར་ཅི་ཡང་མེད་པར་ཁྱི་མོའི་བརླ་ངོས་སུ་ཕོག་ལ།    ཁྱི་མོ་ཡང་འབ་སྐད་དང་བཅས་ཁྱི་ཁང་དུ་འཛུལ་ཏེ་གཞབ་ཡིབ་བྱས། 

  

   ཁྱིམ་བདག་གིས་པང་གི་བྱིས་པ་ལ་ཡང་དང་བསྐྱར་དུ"ཁྱོད་འུ་ཚང་གི་འདྲེ་ཁྱི་མ་འདིས་ཟོས་སོང་ན་ཅི་བྱ།   ཨ།   སྐྱག་ཕྲུག"ཅེས་སྡིགས་མོ་གཏོང་བཞིན་ཁྱིམ་ལ་འཛུལ་སོང་། 

   ཁྱི་མོ་ག་ལེར་ཁྱི་ཁང་གི་སྒོར་བུད་པ་ན།  བརླ་རྐང་ན་སྟེ་གཟེར་བྲང་བྲེང་བྱེད།  ཁྱི་མོས་བརླ་ངོས་སུ་ལྕེ་ལྡག་ལན་འགའ་བྱས་མོད།   བརླ་རྐང་སྔར་བཞིན་ན་བས།  ན་ཟུག་ཡོད་ཚད་ཁོག་ཏུ་འཇུག་དགོས་བྱུང་། 

 

   སྐབས་དེར།   ཁྱི་མོས་ཡང་བསྐྱར་རང་གི་ཕྲུ་གུ་དག་དྲན་བྱུང་།  

 

   ངའི་ཕྲུ་གུ་ཚོས་འདི་ལྟར་མནར་གཅོད་མྱོང་གིན་ཡོད་དམ།   ཁོ་ཚོ་ད་དུང་གསོན་ཡོད་དམ།   

 

   འོན་ཀྱང་།   ཁྱི་མོས་ཅིས་ཀྱང་བསམ་བློ་འཁོར་མི་ཐུབ་པ་ནི་གཞན་གང་ཡང་མ་ཡིན་ཏེ།  ཏག་ཏག་ཁྱིམ་བདག་གི་སྐད་ཆ་དེ་རེད།  "ཁྱོད་འདྲེ་ཁྱི་མ་འདིས་ཟོས་སོང་ན་ཅི་བྱ"

   སྐད་ཆ་དེ་ཁྱི་མོའི་རྣ་ལམ་དུ་ཡང་ཡང་བྲག་ཅ་ལྟར་འཁོར་ཡོང་།   

 

   ཉིན་དེར།   ཁྱིམ་བདག་གིས་སྔར་བཞིན་ཁྱི་མོ་ལ་ཁྱི་ལྟོ་ཁམ་བུ་གང་ཡང་མ་བླུད།   

 

    ཁྱི་མོས་བསྟུད་མར་ཉིན་གཉིས་ལ་ཁྱི་ལྟོ་ཁམ་གང་ཡང་མ་འཐུང་མོད།    འོན་ཀྱང་དེ་ཁྱི་མོས་བཟོད་བསྲན་བྱ་མི་ཐུབ་པ་ཞིག་ཁྱོན་ནས་མིན་ཏེ།    ཁྱི་མོས་ཅིས་ཀྱང་བཟོད་པར་དཀའ་བ་ནི།   ཏག་ཏག་ཁྱིམ་བདག་གི་ཁྱོད་འདྲེ་ཁྱི་མ་འདི་ཟོས་སོང་ན་ཅི་བྱ་ཞེས་པའི་སྐད་ཆ་དེ་ཡིན་འདུག

 

    ཁྱིམ་བདག་གིས་ང་ལ་དེ་ལྟར་བརྗོད་པའི་རྒྱུ་མཚན་ཅི་ཡིན་ནམ།   ངས་སྔོན་ཆད་བྱིས་པ་གང་རུང་ཞིག་བསད་དེ་དེའི་ཤ་ཟོས་མྱོང་ངམ།  ངས་ད་བར་དུ་ཁྱིམ་དང་སྒོ་ཟོག་བསྲུངས་ཏེ་རང་གི་འགན་འཁྲི་བསྐྱངས་པའི་མཐའ་མར།  ང་ནི་བྱིས་པའང་གསོད་ཕོད་པའི་གཅན་གཟན་གྱི་རིགས་དང་ཁྱད་མེད་དམ།  ཁྱིམ་བདག་གིས་ང་ལ་དེ་འདྲའི་སྡང་སེམས་འཛིན་དོན་ཅི་ཡིན།   ང་ལ་དེ་འདྲའི་ཁྱད་གསོད་བྱེད་དོན་ཅི་ཡིན།   ང་ནི་དངོས་གནས་གདུག་རྩུབ་ཆེ་བའི་གཅན་གཟན་ཞིག་ཡིན་ནམ།

   

    ཁྱི་མོའི་ཡིད་སེམས་རབ་ཏུ་ཕངས་བྱུང་། 

 

    ཁྱི་མོའི་མིག་མཐར་མཆི་ཞགས་འཁོར་བྱུང་།  

 

    ཁྱི་མོས་སྔར་བཞིན་རང་གི་བརླ་ངོས་ལ་ལྕེ་ལྡག་ལན་ཞིག་བྱས་རྗེས།  ག་ལེར་ཡར་འགྲེང་སྟེ་ཕར་འགྲོ་ཚུར་འོང་བྱེད་པ་དང་།   བརླ་རྐང་གི་ན་ཟུག་ལ་མུ་མཐུད་དུ་ཨམ་གཙིགས་བསྡམས།    ཡང་ཡང་ཨམ་གཙིགས་བསྡམས། 

 

    སྐབས་དེར།   ཁྱིམ་བདག་གློ་བུར་དུ་སྒོར་བུད་དེ་ཁྱི་མོའི་ཕྱོགས་སུ་གོམ་ཁ་བསྒྱུར་སོང་། 

 

    ཁྱིམ་བདག་གིས་ཡང་སྙིང་ཅི་ཞིག་བྱ་རྩིས་ཡོད་དམ། 

 

    ཁྱི་མོས་མགོ་བོ་ཕར་འཁོར་ཏེ་ཞིབ་ལྟ་ཞིག་བྱས་པར།  ཁྱིམ་བདག་གི་ལག་ཏུ་ཁྱི་ལྟོ་བཟུང་མི་འདུག་པ་མཐོང་འཕྲལ།  ཁྱི་མོ་ལ་ལྟོགས་སྣང་ཆེན་པོ་ཞིག་སྐྱེས་ཤིང་།   ལྟོགས་སྣང་དེ་སྐད་ཅིག་ཉིད་ལ་འཚུབ་སྣང་དུ་གྱུར་སོང་ལ།   འཚུབ་སྣང་དེ་ཡུན་གྱིས་སྐྲག་སྣང་དུ་གྱུར་སོང་།  

 

    ཁྱི་མོས་ཁྱིམ་བདག་གི་རྣམ་འགྱུར་ལ་བརྟག་བཞིན་གཟབ་གཟབ་ངང་སྡོད་དགོས་བྱུང་། 

 

    ཁྱིམ་བདག་ཁྱི་མོའི་ཉེ་འགྲམ་དུ་སླེབས་མ་ཐག ཅི་ཞིག་དྲན་པ་ལྟར་སླར་ཡང་ཁ་ཕྱིར་འཁོར་ཏེ་རང་ཁྱིམ་ཕྱོགས་སུ་གོམ་ཁ་བསྒྱུར།   ཡིན་ཡང་།   ཁོས་ངག་ནས་ད་དུང་ཡང"གདོན་ཁྱི་མ།   ངས་ཁྱོད་ལ་ཁྱི་ལྟོ་ཨེ་ལྡུད་ལྟོས"ཞེས་དམོད་ཚིག་བར་མེད་དུ་ཟློ་བཞིན་གདའ།   

 

 

    ཁྱི་མོས་ཁྱིམ་བདག་གི་རྣམ་འགྱུར་དེ་དག་མཐོང་བས།   བཟོད་ཐབས་བྲལ་བའི་ཕངས་སེམས་ཤིག་འགོག་མེད་དུ་སྐྱེས་པ་དང་།   རིམ་གྱིས་ཕངས་སེམས་དེ་སྡང་སེམས་ཤིག་ཏུ་གྱུར་སོང་། 

 

    མུན་རུབ་ལ་ཉེ་དུས།   ཁྱིམ་བདག་ཚང་ལ་མགྲོན་པོ་ཞིག་སླེབས་བྱུང་། 

 

    མགྲོན་པོ་དེ་ནི་བུད་མེད་ཅིག་ཡིན་ལ།  དང་ཐོག་ཁྱི་མོས་མཐོང་བ་རེད།  ཁྱི་མོས་བུད་མེད་དེར་ཞིབ་ཀྱིས་ཐེངས་ཤིག་བལྟས་རྗེས།   ཧ་ཅང་རྒྱུས་ཡོད་ཀྱི་མི་ཞིག་ཡིན་པ་ཚོར་བྱུང་།   བུད་མེད་དེ་ཐག་ཇེ་ཉེ་ནས་ཇེ་ཉེར་ཕྱིན་པར་བསྟུན།  ཁྱི་མོས་ད་གཟོད་སུ་ཡིན་པ་གཞི་ནས་ངོས་ཟིན་བྱུང་།  

 

   མ་གཞི།  བུད་མེད་དེ་ནི་ཁྱིམ་བདག་གི་ཡར་སྔོན་གྱི་ཆུང་མ་ཡིན་འདུག

 

   སྔོན་ཆད།  བུད་མེད་དེ་ཡོད་དུས།  ཁྱི་མོ་ལ་ཁྱི་ལྟོ་ཐུན་གཅིག་ཀྱང་ཆད་མ་མྱོང་པས།   སྐབས་དེར།  ཁྱི་མོའི་འཚོ་བ་ཧ་ཅང་སྐྱིད།   ཁྱི་མོས་ཚུལ་དེ་དྲན་མ་ཐག  སེམས་པ་དགའ་ལྷང་ལྷང་དུ་གྱུར་ཏེ།   བུད་མེད་དེའི་ཕྱོགས་སུ་ཡང་ཡང་ཟུག་འཐེན་བྱས།   བུད་མེད་དེས་ཀྱང་ཁྱི་མོས་ཕྱོགས་སུ་ཡང་དང་བསྐྱར་དུ་ལྟ་གིན་འདུག  

 

   ཁྱིམ་བདག་གིས་ཁྱི་མོའི་ཟུག་སྐད་ཐོས་ཏེ་ག་ལེར་སྒོར་བུད་པ་ན།  བུད་མེད་དེ་ཁོའི་མཐོང་ལམ་དུ་མངོན་བྱུང་།   

 

   ཁྱི་མོ་མུ་མཐུད་དུ་ཟུག་གིན་འདུག 

 

   དགའ་སྐྱོ་འདྲེས་མས་ཟུག་གིན་འདུག

 

   བུད་མེད་དེ་ཅི་མི་སྙམ་པར་ཁྱིམ་དུ་འཛུལ་སོང་།   

 

   ལོ་ངོ་བཞི་ཡི་ཡར་སྔོན་དུ།   ཁྱིམ་བདག་དང་བུད་མེད་དེ་གཉིས་གཉེན་བསྒྲིགས་པ་ཡིན་མོད།  ཏག་ཏག་ལོ་ངོ་བཞི་འགོར་རྗེས།  ཁོ་གཉིས་གཉེན་འཐོར་བྱས།  

 

   ཁྱི་མོ་ནི་ཁོ་གཉིས་གཉེན་བསྒྲིགས་ཏེ་ལོ་གཅིག་གི་རྗེས་སུ་གསོས་པ་རེད།   

 

   ཁྱིམ་བདག་དང་བུད་མེད་དེ་གཉིས་ལྷན་དུ་སྡོད་དུས་ཇི་ལྟར"འབད་འཐབ"བྱས་ཀྱང་བྱིས་པ་ཞིག་ཅིས་ཀྱང་བཙས་བྱུང་བས།   གཞིས་ནིང་ལོར་ཤ་ཉེ་ཞིག་གི་ས་ནས་བུ་ཚབ་ཅིག་གསོས་པ་ནས་བཟུང་ཁོ་གཉིས་བར་ལ་དུས་རྒྱུན་དུ་རྩོད་གཞི་མང་ལ།   བར་སྐབས་ཤིག་ནས་བཟུང་།  ཁྱིམ་བདག་དུས་རྒྱུན་ཕྱིར་ཡུལ་ལ་མི་ལོག་པ་དང་།  ལོག་ནའང་ཧ་ལམ་ར་རོ་བར་གྱུར་འདུག་པས།  བུད་མེད་ཀྱིས་ཁོ་ལ་གར་སོང་ཅི་སྒྲུབ་སོགས་ཕུ་འདྲི་གཏིང་འདྲི་བྱེད་པ་དང་།   ཁྱིམ་ཚང་གི་འགན་འཁྲི་མེད་ཚུལ་སོགས་གླེང་ནས་སྡིགས་མོ་བཏང་ཚེ།   ཁྱིམ་བདག་གིས་མོ་ལ་ཐོག་མར་མཚང་འདྲུ་དང་ཟུར་ཟ་བྱེད།    བར་དུ་དམའ་འབེབས་དང་འཇིགས་སྐུལ་གཏོང་།  མཐའ་མ་ཁྱི་རྒན་མ་ཞེས་དམོད་བཞིན་མེ་ཡོག་སོགས་ཀྱིས་གཅེར་རྡུང་སྐོར་གསུམ་བྱས་པས།   བུད་མེད་དེ་ཡང་འ་ཆད་འུ་ཐུག་ཏུ་གྱུར་ཏེ་གཉེན་འཐོར་མི་བྱེད་ཀ་མེད་བྱུང་སོང་།  

    མུན་ཡོངས་སུ་རུབ་འདུག

 

    ཁྱི་མོ་ཁྱི་ཁང་གི་སྒོ་ཁར་ཉལ་ནས་ཁང་བའི་ཕྱོགས་སུ་ཅེར་ནས་བསྡད།   

 

    སྐབས་ཤིག་ལ།  ཁྱིམ་ནང་དུ་འཁོན་འཛིང་བྱུང་བའི་སྒྲ་ཞིག་གྲགས་པར་བསྟུན།    བྱིས་པའི་ངུ་སྐད་ལྷང་ལྷང་དུ་གྲགས་འོང་།   

 

    ཁྱི་མོས་ཅི་ཡིན་ཆ་མ་འཚལ་བར་མུ་མཐུད་དུ་ཁང་བའི་སྒེའུ་ཁུང་ཕྱོགས་སུ་བལྟས་མོད།   སེམས་སུ་སྨྲ་མི་ཤེས་པའི་འཚུབ་ཆ་ཞིག་ལྡང་འོང་བས།   ཅིས་ཀྱང་སྡོད་མ་ཚུགས་པར་ཡར་འགྲེང་བྱུང་།  

 

    བྱིས་པའི་ངུ་སྐད་ཇེ་མཐོ་ནས་ཇེ་མཐོར་འགྲོ་བཞིན་ཡོད་ལ།  མཚམས་ཤིག་ལ།  བུད་མེད་དེའི་སྐད་ཀྱང་ཇེ་མཐོར་ཕྱིན་པ་དང་བསྟུན།   ཁྱིམ་བདག་གི་སྐད་ཤུགས་དེ་བས་

ཆེ་རུ་བཏང་།  

 

    ཁྱི་མོས་ཀྱང་འདུག་མ་བཟོད་པས་སྐད་གསེང་མཐོན་པོས་ལན་འགའ་ཟུག  ད་ལྟ།   ཁྱི་མོས་ཡར་སྔོན་ལྟར་ཁྱིམ་བདག་ལ་སྡང་སེམས་བཅངས་མེད་པར།   ཁྱིམ་བདག་དང་བུད་མེད་དེ་གཉིས་ཀྱི་གནས་བབ་ལ་སེམས་ཁུར་བྱེད་བཞིན་མཆི།  སྔོན་ཆད་ཁྱིམ་བདག་གིས་ཐེངས་མང་པོ་ཞིག་ལ་བུད་མེད་དེར་གཅེར་རྡུང་བྱས་མྱོང་སྟབས།   ཁྱི་མོའི་སེམས་ལའང་འཇིགས་སྣང་གི་བག་ཆགས་ཤིག་རང་བཞིན་གྱིས་བཞག་འདུག

 

དོ་དགོང་ཡང་ཁྱིམ་བདག་གིས་མོ་ལ་གཅེར་རྡུང་དྲག་པོ་བྱེད་སྲིད་དམ།  

 

ཁྱི་མོས་དེ་ལྟར་བསམ་བཞིན་ཅིས་ཀྱང་སྡོད་མི་ཚུགས་པར་གྱུར་ཏེ།   ཕྱོགས་ངེས་མེད་དུ་འབ་ཟུག་ལན་འགའ་བྱས། 

 

    ཏག་ཏག་སྐབས་དེར།  བུད་མེད་དེ་སྒོར་སླེབས་བྱུང་ལ།   ཅུང་མ་འགོར་བར།  ཁྱིམ་བདག་ཀྱང་སྒོར་སླེབས་བྱུང་།  

 

    "ཨ་ཁྱི་རྒན་མ།   ཁྱོད་ད་སོང་།  ངོ་ཚ་མེད་པའི་ཁྱི་རྒན་མ་ཁྱོད"ཁྱིམ་བདག་ལ་ཁོང་ཁྲོ་ཆེན་པོ་ལངས་འདུག

 

    "ཁྲེལ་འཇོག་མེད་པའི་སྤྱང་རྒན་ཁྱོད།   ནམ་ཞིག་ཁྱོད་ལ་རྣམ་སྨིན་འཁོར་ངེས"

 

    "ཧིན།   ངོ་ཚ་མེད་པའི་ཁྱི་རྒན་མ་ཁྱོད།  ལྟོས་དང་།   ཁྱི་རྒན་མ་གན་དང་ཁྱོད་གཉིས་གཅིག་པ་གཅིག་རྐྱང་རེད"

 

    "ཁྱོད་ཁྱི་ཁ་ཚུམས།   ཨ་སྤྱང་རྒན"

 

    སྐབས་དེར།  "ཁྱི་རྒན་མ་གན་དང་ཁྱོད་གཉིས་གཅིག་པ་གཅིག་རྐྱང་རེད"ཅེས་པའི་སྐད་ཆ་དེ་ཐོས་པས་ཁྱི་མོ་འཚིག་པ་ཆེན་པོ་ཟོས་ཏེ་སྐད་གསེང་མཐོན་པོས་འབ་ཟུག་ལན་འགན་བྱས་པ་ན།  ཁྱིམ་བདག་གིས"ཁ་རོག་སྡོད།  གདོན་ཁྱི་མ"ཞེས་བསྡིགས་བྱུང་། 

 

    ཁྱི་མོའང་སྐྲག་ཐག་ཆོད་དེ་ཁ་རོག་གེར་བསྡད།  

 

    བུད་མེད་དེ་མཐོང་ལམ་དུ་མི་སྣང་བར་གྱུར་རྗེས།   ཁྱིམ་བདག་ད་གཟོད་ཕྱིར་ཁྱིམ་དུ་འཛུལ་སོང་།  

 

    ཁྱིམ་ན་བྱིས་པའི་ངུ་སྐད་ལྷང་ལྷང་དུ་གྲག་བཞིན་འདུག

 

     མཚན་མོ་དེར།  བྱིས་པར་གཏན་ནས་གཉིད་ཁུག་རྒྱུ་མ་བྱུང་བར་མཚན་གང་བོར་ངུས་ནས་བསྡད། ནམ་རྒྱུན།   བྱིས་པ་འདི་ལྟར་གཉིད་ཀྱང་མི་ཁུག་པར་མཚམས་མེད་དུ་ངུ་དུས།  དེ་ནི་ཧ་ལམ་ན་ཚ་བྱུང་བའི་རྟགས་ཤིག་ཡིན་འདུག

 

     ཁྱིམ་བདག་གིས་མཚན་གང་བོར་བྱིས་པ་གཉོར་ནས་བསྡད་ལ།  ཁྱི་མོས་ཀྱང་མཚན་གང་བོར་སྒེའུ་ཁུང་ཕྱོགས་སུ་ཅེར་ནས་བསྡད།  

 

    ཕྱི་ཉིན་ནམ་ལངས་མ་ཐག   ཁྱིམ་བདག་གིས་བྱིས་པ་རྒྱབ་ཏུ་ཁུར་ཏེ་རྫོང་ལ་འགྲོ་སའི་གཞུང་ལམ་སྙེག་ནས་རྐང་ཐང་དུ་བསྐྱོད།   

 

དར་ཅིག་ཕྱིན་རྗེས།   ཁྱིམ་བདག་སླར་ལྡོག་བྱུང་།   

 

     ཁྱི་མོས་ཁྱིམ་བདག་གིས་བྱིས་པ་ཁུར་ཏེ་གང་དུ་འགྲོ་བ་རྟོགས་ནའང་།   ཅིའི་ཕྱིར་སླར་ལྡོག་པ་ཧ་གོ་མ་བྱུང་།  

 

    ཁྱིམ་བདག་ཁྱིམ་ལ་འཛུལ་ཏེ་ཡུད་ཙམ་འགོར་སོང་།  

 

    ཁོས་ལྟོ་སྡེར་ནང་དུ་ཁྱི་ལྟོ་མེར་བ་ཞིག་བཟུང་འོང་སྟེ་ཁྱི་མོའི་མདུན་དུ་ག་ལེར་བཞག  འོན་ཀྱང་ཁྱི་མོ་ཐེ་ཚོམ་གྱི་རྒྱ་རུ་ཚུད་དེ་ཡུད་ཙམ་དགྱེས་མོད།  ཁྱིམ་བདག་གིས"འཐུང་ཡ"ཞེས་ནན་གྱིས་བརྗོད་མ་ཐག ཁྱི་མོས་ད་གཟོད་རྔ་མ་གཡུག་བཞིན་འཐུང་འགོ་བརྩམས།  

 

     ཁྱིམ་བདག་ལེ་དབར་འགའ་ཡི་མཚམས་སུ་སླེབས་ཏེ་ཕྱི་མིག་ཅིག་བལྟས་པར།    ཁྱི་མོས་ཀྱང་ཨོང་ཙོག་བྱས་ཏེ་ཁོའི་ཕྱོགས་སུ་ཕུར་ཚུགས་སུ་ཅེར་འདུག

  

     ཉིན་དེར།   ཚ་བ་ཧ་ཅང་ཆེ།  

 

     ཁྱིམ་བདག་སྔ་དྲོའི་དུས་ཚོད་བཅུ་གཅིག་ཡས་མས་སུ་རྫོང་མི་དམངས་སྨན་ཁང་དུ་འབྱོར་བྱུང་། 

 

     སྨན་པས་ཁྱིམ་བདག་ལ་བྱིས་པའི་ནད་བབ་ཅུང་སྡུག་པོ་ཡོད་པས།   ཉིན་བདུན་རིང་སྨན་ཁང་དུ་འདུག་དགོས་པར་བརྗོད།  

 

    ཁྱིམ་བདག་གིས་ཀྱང་སྨན་པའི་གསུང་དང་དུ་བླངས་ཏེ་སྨན་ཁང་དུ་སྡོད་པའི་འགྲོ་རིམ་ཆ་ཚང་བསྒྲུབས་རྗེས།   བྱིས་པ་བསྲུངས་སྟེ་ཉིན་ནས་མཚན་དང་མཚན་ནས་ཉིན་བསྐྱལ།   

     དེ་ལྟར་ཉིན་དྲུག་འགོར་བའི་མཚན་མོར་དེར།  བྱིས་པའི་ནད་བབ་ཡོངས་སུ་དྲག་སྐྱེད་དུ་སོང་བས་སྔ་མོ་ནས་གཉིད་དུ་ཡུར་ཟིན།   སང་ཉིན་སྨན་ཁང་ལས་བུད་ཆོག་པས་ཁྱིམ་བདག་ཀྱང་བློ་སེམས་བདེ་རུ་བབས་ཏེ་སང་ཉིན་གྱི་དུས་ལ་ངང་སྒུག་བྱས། 

 

     བར་སྐབས་ཤིག་ལ།  ཁྱིམ་བདག་གིས་གློ་བུར་དུ་ཁྱི་མོ་དྲན་བྱུང་།  

 

     ཨ་ཙི།   ཁྱི་མོས་ཅི་ཞིག་བྱེད་བཞིན་ཡོད་དམ།   

 

     ཨ་ཨ།   ཁྱི་མོས་ཉིན་དྲུག་ལ་ལྟོ་འཐུང་མ་ཐུབ།   ད་ལྟ་ད་དུང་གསོན་ཡོད་དམ།  ངའི་བྱ་འདི་ཇི་འདྲའི་བཙོག་པ་ལ།   ཁྱི་མོ་རྨང་ནས་བརྗེད་འདུག ཁྱི་མོས་ཉིན་དྲུག་ལ་ལྟོ་ཁམ་གང་ཡང་འཐུང་མེད་པས། ད་ལྟ་ལྟོགས་གྲིར་ཤི་ཟིན་ཁོ་ཐག་ཡིན།    ཨ་ཨ།   ང་ནི་ཇི་འདྲའི་བདག་པོ་ངན་པ་ཞིག་རེད་ཨང་། 

 

    མཚན་མོ་དེར།   ཁྱིམ་བདག་ལ་སྔར་བས་ཀྱང་གཉིད་ཁུག་རྒྱུ་མ་བྱུང་ལ།   རང་གིས་ཁྱི་མོ་ལ་མནར་གཅོད་དང་སྡིགས་མོ་བཏང་བར་འགྱོད་སེམས་ཤིག་སྐྱེས་པ་དང་།   ཁྱི་མོ་ད་བར་དུ་རང་ལ་བློ་དཀར་སེམས་དཀར་ཡིན་པ་དང་།  ད་བར་དུ་རང་ལ་ངན་སེམས་རྟ་རྔ་ཙམ་ཡང་བཅངས་མ་མྱོང་པའི་ངེས་ཤེས་ཟབ་མོ་འདྲོངས་པ་ན།  རང་ཉིད་གཞི་ནས་འཕྱུགས་འདུག་པར་སྙམ་ནས་མཚན་ལམ་རིང་མོ་སྐྱོ་སྡུག་གིས་བསྐྱལ། 

  

     ཕྱི་ཉིན།   ཁྱིམ་བདག་སྨན་ཁང་ལས་བུད་རྗེས།   བྱིས་པ་ཁུར་ཏེ་ཕ་ཡུལ་ཕྱོགས་སུ་བསྐྱོད་པའི་བཞི་མདོ་དེར་རྒྱུགས་ཤིང་།  དེ་ནས་འཇིབ་འཁོར་ཞིག་ཏུ་བསྡད་དེ་རང་ཡུལ་ཕྱོགས་སུ་ཤར་མར་བསྐྱོད། 

 

     ཁྱི་མོ་ད་དུང་གསོན་ཡོད་དམ།  

 

     ལམ་སྐབས་རིང་བོར།   ཁྱིམ་བདག་གི་ཡིད་སེམས་བློང་བློང་བོར་གྱུར།  བློང་བློང་བོར་གྱུར།  

 

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།

 


རྩོམ་ཡིག་སྔོན་མ།
ཁབ་གཙག
རྩོམ་ཡིག་རྗེས་མ།
གྲགས་པ་རྒྱ་མཚོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1