གྲགས་པ་རྒྱ་མཚོ།

ཨ་པན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


དང་པོ།

  

            གྲགས་པ་རྒྱ་མཚོ་ད་ལྟ་ན་ལུང་ཡིད་དགའ་ཆོས་འཛིན་གླིང་ན་མཁས་ཚུལ་བཞེས་ནས་ཁ་ཡོད་བརྒྱ་ཡིས་ཤོད་རྒྱུ་དང་མིག་ཡོད་བརྒྱ་ཡི་བལྟ་ས་རུ་གྱུར་འདུག་ཟེར། དོན་དེ་དང་ཐོག་ནག་ཞར་སྡེ་བའི་མི་སུ་ལ་ལབ་ནའང་རྣར་མི་འགྲོ་བའི་སྐྱག་རྫུན་ཁོ་ན་ཤོད་ཀྱི་འདུག་ཟེར་ནས་ཡིད་ཆེས་བྱ་མཁན་དཀོན་མོད། འོན་ཀྱང་གསར་འགྱུར་དེ་རླུང་འཚུབ་བཞིན་ཕྱོགས་གང་སར་ལྡང་འོང་སྟེ་ནག་ཞར་སྡེ་བའི་མི་རྣམས་རི་ལ་འགྲོ་དུས་གླེང་རྒྱུ་དང་གྲོང་ལ་འདུས་དུས་བཤད་རྒྱུའི་བརྗོད་གཞི་གཙོ་བོར་གྱུར་འདུག  ཁོ་བོ་སྐྱེས་མ་ཐག་ཁོའི་ཕ་རྒན་?་རྗེ་ཡི་སྡུག་ངོ་དེ་རེ་ཞིག་ཐང་ལ་ཕབ་ཅིང་། ངོ་འཛུམ་ཤིག་ཤིག་ངང་བྱིས་པའི་བཙས་འགོ་བུ་ཡིན་པ་འདི་ང་?་རྗེའི་འདོད་ཐོག་ཏུ་རྟ་རྒྱུག  བསམ་ཐོག་ཆར་བབས་པ་མིན་ན་གང་རེད་ཅེས་བུ་གྲགས་པ་དེ་དགྲ་ལ་འཕྱར་རྒྱུ་དང་གཉེན་ལ་ངོམ་རྒྱུ་བྱས་མོད། ཡིན་ནའང་ཁོའི་སེར་ཞིང་འཇིལ་ལིར་འཁྱིལ་བའི་སྐྲ་དང་།  སྐྲངས་འབུར་བཞིན་ཐུར་དུ་གུག་པའི་ཐོད་པའི་འོག་ན་ཆེ་ཆུང་མི་མཚུངས་པའི་སྲན་ཆུང་ལྟ་བུའི་མིག་ཟུང་དེར་བལྟས་ན། ཁོའི་ལུས་སྟེང་ན་ཕ་?་རྗེའི་བུ་ཡིན་པའི་རྟགས་མཚན་སྤུ་ཙམ་ཡང་མངོན་མེད་ལ། ཐ་ན་ཁོའི་དགོད་འཛུམ་དང་ངུ་སྐད་འབྱིན་སྟངས། ཁ་ཆུ་སྣ་ཆུ་བཞུར་ཚུལ་གྱིས་ཀྱང་ཕ་?་རྗེའི་སེམས་ལ་དོགས་པའི་སྤྲིན་ཕོན་ཞིག་དབང་མེད་ངང་འཁྲིགས་ཡོང་། ཨ་ཡ་མཚན། ཕ་བུ་ཡིན་རུང་འདྲ་ས་མཚུངས་ས་ཏིལ་འབྲུ་ཙམ་ཡང་མེད་པ་འདི་ཅི་ཡིན་ནམ། ཐ་ན་རྣ་རྩེ་དང་སྐྲ་ཚུགས་ཙམ་ཡང་འདྲ་ས་མི་འདུག ཁོས་དེ་ལྟར་ཟེར་བཞིན་མགོ་བོ་འཕྲེད་དུ་གཡུག་བཞིན་འདུག

 

        ལྷག་པར་དུ་གྲགས་པ་རྒྱ་མཚོ་ལོ་གཅིག་ལོན་དུས་གཡག་རྒན་གྱི་སྣ་ནས་གསིག་འཐེན་བྱས་པ་ལྟ་བུའི་མཆུ་སྣ་ཡར་བརྫེས་ནས་དགོད་འཛུམ་ཡ་མཚན་ཅན་ཞིག་སྟོན་ཤེས་ལ། འཛུམ་སྟོན་སྟངས་དེ་ཁོའི་ཁྱིམ་མཚེས་བསོད་བྷ་འདྲེ་མིག་གིས་ལ་གཞས་ལེན་དུས་ཀྱི་འཛུམ་སྤྲོད་ལུགས་དང་ཨ་ན་མ་ན་རེད། དང་ཐོག་གསང་བ་དེའི་ཕུགས་རྟོགས་མཁན་ནི་ཨ་ཡེ་ཁ་མང་དེ་རེད། ཨ་ཡེ་ཁ་མང་དེ་གཞོན་དར་མའི་ལང་ཚོ་ཡལ་ཏེ་ལོ་དྲུག་ཅུར་སྐེ་སོ་བརྐྱངས་ཡོད་རུང་གསང་དོན་མཐའ་དག་སྦ་གསང་བྱ་མི་ཤེས་པར་ཤར་ཤར་དུ་བྱོ་མཁན་ཞིག་ཡིན་ལ། སྐབས་འགར་མོའི་ཁ་ཟོར་བ་འདྲ་པོ་དེས་མི་འདོད་པའི་ཆག་སྒོ་སྣ་ཚོགས་མགོ་ཐོག་ཏུ་འཐེན་དུས་ཀྱང་ཡོད་མྱོང་། 

 

        འཛོམས་སྐྱིད་ཀྱི་བུ་དེའི་ཕ་?་རྗེ་མ་རེད་ཟེར་བ་བདེན་ནམ། 

 

        དེ་ངས་གོ་མ་མྱོང་། ཁ་རོག་ཁྱོད་ཀྱི་སྐད་འཕང་ཅུང་དམའ་ཙམ་བྱས་ན་མི་ཆོག་གམ།  གཞན་གྱིས་ཐོས་ཚེ་འུ་གཉིས་ཁྲིམས་ལ་གཏུག་ན་ཅི་བྱ་ཞེས་མ་མགོན་སྐྱིད་ཀྱིས་ཨ་ཡེས་ཁ་མང་ལ་དེ་ལྟར་ལེ་གདའ་བྱས། 

 

        ཨ་ལེ། ངའི་ཁ་འདི་བདག་པོ་རྒྱག་རྒྱུའང་བརྗེད་འདུག  འོ་ན་གཞེས་ནིང་ལོའི་དྲུག་པའི་གླུ་རོལ་སྐབས་བསོད་བྷ་འདྲེ་མིག་གིས་འཛོམས་སྐྱིད་ལ་གོ་རྒྱུ་ཡོད་པའི་ལ་གཞས་མང་པོ་བླངས་ཤིང་། འཛོམས་སྐྱིད་ཀྱི་མིག་གི་ཟུར་མདའ་རེ་རེ་བསོད་བྷ་འདྲེ་མིག་གི་སྟེང་ལ་བསྐོར་གྱི་ཡོད་ཚུལ་དེ་ཁ་ཡོད་ཡོད་ཀུན་གྱིས་འུར་བཞིན་པ་མིན་ནམ། ཕྱིས་སུ་?་རྗེ་རྫོང་མཁར་དུ་ཞོར་ལས་སོང་རྗེས་བསོད་བྷ་འདྲེ་མིག་འཛོམས་སྐྱིད་ཚང་ནས་ནམ་མ་ལངས་བར་དུ་བསྡད་ནས་ཕྱིར་མི་ལོག་ལ། མོའི་ཁྱིམ་མཚེས་གཡས་གཡོན་གྱིས་གསང་དོན་དེ་སྔར་ནས་རྟོགས་ཡོད་མོད་། འོན་ཀྱང་།  གསང་བ་ཕྱི་ལ་མ་སྒྲོག་པ་ཙམ་ལས་ཀུན་གྱི་སེམས་ན་ཁྲིག་ཁྲིག་ཡིན་ངེས།  ཨ་ཡེས་ཁ་མང་དེས་བདེན་ཅོག་ཅོག་གིས་དེ་ལྟར་ལབ་བྱུང་། ཨ་ལེ།  ཁྱོད་ཀྱི་རྣ་དེས་མི་གོ་རྒྱུ་ཞིག་མི་འདུག ཉན་པ་རྣ་རིང་ཞེས་པ་དེ་ཁྱོད་ཡིན་སྲིད་ཅེས་མ་མགོན་སྐྱིད་དགོད་ཙམ་བྱེད་བཞིན་དེ་ལྟར་ལབ་བྱུང་། གནམ་ལོ་གསར་ལ་ཉེ་བའི་དགུན་གཞུང་གི་དུས་ཚིགས་འདིར་མི་རྣམས་ཅུང་ཁོམ་ཡོད་པས། ཞོགས་པའི་སྐྱ་རེངས་བཏང་བ་དང་ལྷན་ནག་ཞར་སྡེ་བའི་མི་རྣམས་མལ་ལས་ལངས་ཏེ་སྡེ་བའི་ཡར་སྣེའི་གད་ཁུགས་སུ་བཞེངས་ཡོད་པའི་མཆོད་རྟེན་ལ་སྐོར་བ་འགྲོ་རྒྱུ་ནི་ཉིན་རེའི་འཚོ་བའི་ཁྲོད་ཆག་མེད་ངང་སྒྲུབ་པའི་ལས་ཀ་གལ་ཆེན་ཞིག་ཏུ་བཟུང་ཡོད།     བུ་ཆུང་རྒྱབ་ལ་ཁུར་ཞིང་ཆུ་ཤེལ་གྱི་ཕྲེང་བ་འདྲེན་བཞིན་སྐོར་མཐར་བྲེལ་ཚུབ་ཀྱིས་རྒྱུ་བའི་བུད་མེད་དར་མ་དེ་ནི་ཨ་མ་འཛོམས་སྐྱིད་ཡིན་པ་འདྲ།  གྲགས་པ།  ཁྱོད་ཀྱིས་དགོད་འཛུམ་ཤིག་སྟོན་དང་། ཨ་ཡེས་ཁྱོད་ལ་ཀ་ར་སྟེར་ཞེས་ཨ་ཡེས་ཁ་མང་གིས་སོ་མ་ཁ་ཆག་པ་དང་འདྲ་བའི་མདུན་སོ་ཕྱིར་མངོན་བཞིན་གྲགས་པ་རྒྱ་མཚོར་ཁ་རྩེད་བྱུང་། ཁོ་མོའི་ལག་གཡས་སུ་འགྱིག་ཤོག་དམར་ཁྲས་བཏུམས་པའི་ཀ་ར་ཞིག་བཟུང་ཡོད་ལ། ལག་གཅིག་གིས་གྲགས་པ་རྒྱ་མཚོའི་འཇམ་མཉེན་གྱི་ལག་ཆུང་དེར་ཕུར་ཕུར་བྱེད་བཞིན་མཆིས།    གློ་བུར་དུ་བྱིས་པར་ཁ་རྩེད་རྩེ་སྟངས་དེར་དམིགས་ཡུལ་གཞན་ཞིག་ཡོད་པའམ་ཡང་ན་རླུང་ལྟར་འུར་ཆོག་པའི་གསར་འགྱུར་ཞིག་གི་འགོ་སློང་འདོད་པ་གང་ཡིན་ཤོད་དཀའ་མོད། གང་ལྟར་འཛོམས་སྐྱིད་ལ་དོགས་མི་བདེ་བའི་སྣང་བ་ཞིག་གམ་སེམས་ལ་འཚུབ་ཆ་ཞིག་སློང་དུ་བཅུག་བྱུང་། གྲགས་པ། དགོད་འཛུམ་ཤིག་སྟོན་དང་། ཨ་ཡེས་ཁྱེད་ལ་ཀ་ར་སྟེར་ཞེས་ཡང་ཡང་བསྐུལ་བ་ན།    གྲགས་པ་རྒྱ་མཚོའི་མགོ་བོ་འཇོང་འཇོང་དེ་ཡུན་གྱིས་དཀྲོག་དཀྲོག་བྱེད་བཞིན་སྲན་ཆུང་ལྟ་བུའི་མིག་གཉིས་པོ་ཁོ་མོའི་ལག་གི་ཀ་རའི་སྟེང་ཅེར་ཅིང་། དེར་མཐུད་ནས་ཁོའི་ཁ་ཆུ་དང་སྣ་ཆུས་སྦགས་པའི་མཆུ་སྣ་དེ་གཡག་རྒན་གྱི་སྣ་ནས་གསུག་འཐེན་བྱས་པ་བཞིན་མྱུར་མོར་ཡར་བརྫེས་ཤིང་སྲན་ཆུང་ལྟ་བུའི་མིག་ཟུང་གྱེན་ལ་སྒྲིལ་བའི་དགོད་འཛུམ་ཁྱད་པར་ཅན་དེ་བསྟན་བྱུང་།   ཨ་ལེ། ཁ་དམྱལ་བར་སྐྱེ་རྒྱུ། བསོད་བྷ་འདྲེ་མིག་མ་མཐོང་རྒྱུ་མི་འདུག  ཅེས་ཨ་ཡེ་ཁ་མང་གི་ཁ་ནས་ཡང་བསྐྱར་ཚིག་ཤོར། ངའི་ཁ་ངན་ཟོར་བ་འདྲ་པོ་འདི་ནམ་ཡང་བདག་པོ་རྒྱག་མི་ཐུབ་ཅེས་ཁོ་མོའི་ཡིད་ལ་གནོང་འགྱོད་སྐྱེས་བཞིན་རང་གིས་རང་ལ་ལེ་གདའ་བྱེད་འགོ་བརྩམས། བསྐོར་མཐར་ཁ་ཏོན་ཟློ་བཞིན་བྲེལ་འཚུབ་ཀྱིས་རྒྱུ་བའི་མི་རྣམས་རེ་ཞིག་དལ་ཅག་གེར་སོང་ཞིང་། བུད་མེད་སྐོར་ཞིག་ལྐོག་ནས་ལྷུག་ལྷུག་ཏུ་དགོད་བཞིན་འདུག  འཛོམས་སྐྱིད་ངོ་ཚ་ནས་འཛུལ་སའི་ཁུང་མི་རྙེད་པའི་ཚད་དུ་ལྷུང་ཤིང་། ཁོ་མོའི་གདོང་མདོག་དེ་བལྟས་བལྟས་རིག་རིག་ལ་དམར་པོ་ནས་ནག་པོར་གྱུར་ཅིང་། དང་ཐོག་ཨ་ཡེས་དང་པོ་ཁ་འཁོན་ཚིག་རྩོད་ཡིད་ཚིམ་པ་བྱས་མཐར་ངུ་དངངས་བྱེད་བཞིན་ཕྱིར་ཡུལ་དུ་བྲོས་ནས།  མགོ་བོ་མལ་ཐུལ་གྱིས་བཏུམས་ནས་རེ་ཞིག་འགོར་མོད། ཨ་ཡེ་ཁ་མང་གི་སྐད་ཆ་དེ་རྔ་སྦྲིབས་ཀྱི་སྒྲ་བཞིན་མོའི་རྣ་ལམ་དུ་མཚམས་མེད་ངང་གྲགས་བཞིན་མཆིས།  

 

 

གཉིས་པ།

  

 

         ནག་ཞར་སྡེ་བའི་མི་སུ་ལ་མཚོན་ནའང་གསང་བ་འདིའི་ཕུགས་མི་རྟོགས་མཁན་མེད་མོད།  འོན་ཀྱང་ཁ་ཁ་རོག་བསྡད་ན་ཁ་མཆུ་མེད། མགོ་རུམ་ལ་བཅུག་ན་རླུང་བུ་མེད།  ཅེས་པའི་དཔེ་ལྟར་སུས་ཀྱང་སྐྲན་འབུར་ལྟ་བུའི་དོན་རྐྱེན་དེ་ལ་ཁབ་གཙག་འབིག་གཙག་བྱེད་མི་འདོད་པར་ད་ལྟའི་བར་དུ་ལུས། ཟས་མི་ལག་འགྲིམ་དུས་ཇེ་ཉུང་། གཏམ་མྱི་ཁ་བརྒྱུད་དུས་ཇེ་མང་ཞེས་པའི་དཔེ་ལྟར་རླུང་སེར་བུའི་རྒྱུན་དང་འགྲོགས་པའི་གཏམ་ཡན་དག་མདའ་མཚོན་བཞིན་?་རྗེའི་རྣ་བར་ལྷུང་ཞིང་སྙིང་ཁར་ཟུག་པས་མཐར་ཁོས་བཟོད་བསྲན་མ་ཐུབ་པར།  འཚིག་པ་གཡག་ལ་ཟོས་ན།  མགོ་ལྕག་རྟ་ལ་གཞུས་ཞེས་པའི་དཔེ་བཞིན་ཆུང་མར་གཅེར་རྡུང་སྐོར་གསུམ་བྱས་ནས་དོན་དེའི་རྩ་བ་རྩེ་མོ་ཅི་ཞིག་ཡིན་པའི་སྐོར་འདྲི་རྩད་གསལ་པོ་བྱས། ཡིན་ནའང་ཁོའི་ཆུང་མ་འཛོམས་སྐྱིད་ནི་དེ་བས་ཀྱང་གཉོམ་ཁུར་མཁན་ཞིག་མིན་པར་། ཁྱོད་ཀྱིས་རང་ལ་བུ་སྐྱེས་ཀྱི་ནུས་པ་མེད་རུང་ཐབས་བཀོད་འཐེན་ནས་བུ་ཞིག་སྐྱེ་ཐབས་བྱ་དགོས་ཟེར་བ་མིན་ནམ། འུ་གཉིས་ལོ་ན་ཚོད་འདིར་ཐོན་ནས་ལ་རིང་པོར་འགོ་བའི་ལག་རྟེན་དང་། ཚེ་ཕྱི་མར་འགྲོ་བའི་ཡུལ་སྲུང་ཞིག་མིན་ཚེ་ངའི་སེམས་སྡུག་གི་ན་བུན་འདི་དྭངས་ཐབས་གང་ནས་ཡོད་ཟེར་བཞིན་མགོ་བོ་འཕྲེད་གཡུགས་བྱེད་པ་མིན་ནམ། ད་ལྟ་ངས་ཁྱེད་ལ་མགོ་མ་གཡུགས་གོང་ལ་ལྷ་བབས། སྡུག་མ་བསགས་ས་ནས་ཤ་རྙེད་དུ་བཅུག་ནའང་། ཁྱོད་ད་དུང་དྲིན་ཆེ་མི་བསམ་པར་ངའི་སྟེང་དུ་མཆེ་བ་གཙིགས་གཙིགས་བྱེད་པ་འདི་ཅི་ཡིན་ཟེར་བཞིན་ངུ་དངངས་བྱས་ཤིང་། གདོང་གི་མིག་ཆུ་འཕྱི་ཙམ་བྱེད་བཞིན་སྐད་གདངས་ཇེ་མཐོར་བཏང་། 

 

        ཁྱོད་ཀྱི་ཁྱི་ཁ་དེ་ཚུམས་ན་མི་ཆོག་གམ། རུ་བ་ཁྱིམ་མཚེས་ཚོར་ངོ་ཚ་རྒྱུ་ཡང་མི་ཤེས། ཁྱོད་ཀྱིས་ཀོ་གྱོང་ལྟ་བུའི་ངོ་ལྤགས་དེས་བདག་པོ་རྒྱག་འདོད་མེད་རུང་། ངས་རང་ངོ་ཐང་ལ་འཕེན་མི་འདོད། ཁོས་དེ་ལྟར་ཆུང་མར་སྡིག་སྡིག་བྱས་ནའང་ཆུང་མས་དེ་དག་ལ་སྣང་དོགས་ཙམ་ཡང་མི་བྱེད་པར་བུ་ཆུང་གྲགས་པ་རྒྱ་མཚོ་རྒྱབ་ལ་ཁུར་ཞིང་། ངེད་མ་བུ་གཉིས་ཀྱི་ཞེ་ཁྱེད་ལ་ཐོགས་ནས་སྤྲང་ཚང་འདི་རུ་སྡུག་དཀའ་ལས་མྱོང་བཞིན་བསྡད་པ་ལས་ཁྱེད་ཚང་གི་ཡན་གྱི་གནས་ཡུལ་མ་རྙེད་པ་མིན་ཞེས་སྒོ་ཕྱིར་ཐོན།   ?་རྗེའི་སེམས་དེ་མ་ཐག་ཇེ་གཉོམ་དུ་སོང་བས་མོའི་མདུན་བཀག་སྟེ་རྒྱབ་ཀྱི་བྱིས་པ་ལེན་བཞིན་ངོ་དགའ་བྱས་མོད། འཛོམས་སྐྱིད་ནི་ཤོག་སྦག་གད་པ་ལྟར་གློ་བུར་དུ་ངུ་སྐད་ཇེ་ཆེར་བཏང་ནས་བར་བཤོལ་དཀའ་བར་གྱུར་ཅིང་། འཇིགས་མེད་སྤྲང་ཀོག་ཁྱོད། དང་ཐོག་གཞིས་འཁོར་བ་འཛིན་སའི་གནས་མ་རྙེད། ཕུར་པ་གདབ་སའི་ས་མ་རྙེད་པར་ཡོད་དུས། ང་མ་གཏོགས་ཁྱོད་ཀྱི་གཞུག་འདེད་མཁན་སུ་ཡོད། ད་ལྟ་རྟ་ཆད་རྒྱབ་ནས་ཡོབ་རྡེབ། མིག་སྐྲང་བའི་སྟེང་ལ་ཁུར་ཚུར་ཅེས་པའི་དཔེ་ལྟར་ང་ལ་གཅེར་དོན་ཅི།  གལ་སྲིད་ཁྱོད་ཀྱིས་གྲགས་པ་རྒྱ་མཚོ་ཁྱོད་ཀྱི་བུ་མིན་རབས་རེ་ཤོད་རྒྱུ་ཡོད་ཚེ། ངེད་གཉིས་ཀྱི་སྡུག་འཁོར་བའི་ཁྱིམ་གཞི་འདིའི་སྔ་མའང་སྐྱོང་དགོས་དོན་མི་འདུག་པས་བཟའ་འཐོར་བྱེད་ཆོག་ཟེར། ཆུང་མའི་ངུ་སྐད་དང་བཟའ་འཐོར་བྱེད་ཅེས་པའི་ཚིག་འབྲུ་དག་ཁོའི་རྣ་ནང་དུ་ལྷུང་བ་ན། ཁོའི་ཡིད་ལ་ཤོད་དཀའ་བའི་སྐྲག་འདར་ཞིག་སྐྱེས་ཤིང་། གདོང་ལ་ངུ་དགོད་འདྲེས་མའི་ཉམས་ཤིག་མངོན་བཞིན་ཆུང་མར་ཞུ་བ་བྱས་ཏེ། ད་ནས་བཟུང་གྲགས་པ་རྒྱ་མཚོ་ཁོའི་བུ་ཡིན་མིན་གྱི་སྐོར་མི་གླེང་རྒྱུ་ཁས་ལེན་བྱས་པས།   ད་གཟོད་ཆུང་མའི་སྤྱང་མོ་ངུས་པ་ལྟ་བུའི་ངུ་སྐད་དེའི་མཚམས་ཆད་པར་གྱུར།   

 

 

གསུམ་པ།

 

  

        ནག་མོ་ཁྲེལ་མེད་མིས་མི་ཐུབ། རྒྱུ་མ་རློན་པ་ཁྱིས་མི་ཆོད་ཅེས་པ་ཅིས་མ་བདེན། དང་ཐོག་ཁོས་འདི་ལས་ལྷག་པའི་ཐུབ་ཚོད་བྱེད་སྟངས་གང་ནས་ཡོད་ཅེས་གྲགས་པ་རྒྱ་མཚོའི་ཕྱོགས་ལ་བལྟ་ཙམ་ཡང་མི་བྱེད་མོད། ཡིན་ནའང་མཐར་ཁོས་ཆུང་མའི་ཁ་འཁོན་ཚིག་རྩོད་མ་བཟོད་པར་གྲགས་པ་རྒྱ་མཚོ་རང་གི་ཤ་ཁྲག་ལས་མཆེད་པའི་བུ་ཕྲུག་ལྟར་གཉོར་སྐྱོང་བྱ་དགོས་བྱུང་།   ཐེངས་ཤིག་ཁོས་རྫོང་མཁར་ནས་ཉོས་འོང་བའི་འགྱིག་གི་རྟ་ཕོ་རྐྱང་དམར་དེ་གྲགས་པ་རྒྱ་མཚོའི་ལག་ཏུ་གཏད་པ་ན། བུ་གྲགས་པ་རྒྱ་མཚོས་སྲན་?ག་ལྟ་བུའི་མིག་ཟུང་འབྱེད་ཙམ་བྱེད་བཞིན་ཁ་ཆུ་དང་སྣ་ཆུ་འདྲེས་པའི་ཡར་མཆུ་དེ་གནམ་ལ་བརྫེས་ནས་ཁོ་བོ་དགོད་འཛུམ་ཁྱད་པར་ཅན་ཞིག་བསྟན་བྱུང་། དགོད་འཛུམ་དེས་ཁྱེད་ངོ་མ་མི་ལ་རྒྱ་ཁོག་རློམ་ཅན་ཞིག་ཡིན་ན། ང་ཁྱོད་ཀྱི་བུ་མིན་བཞིན་དུ་ཨུ་ཚུགས་སྒོས་གཉོམ་ཁུར་དགོས་དོན་ག་ལ་ཡོད། མི་རློམ་ཚེ་ངའི་གདོང་གི་འཛུམ་སྟོན་སྟངས་འདིས་བསོད་བྷ་འདྲེ་མིག་ཁྱོད་ཀྱི་མིག་ལམ་དུ་འཆར་མི་སྲིད་དམ་ཞེས་གསེག་འདྲི་བ་དང་མཚུངས། ཁོས་སླར་ཡང་བུ་གྲགས་པ་རྒྱ་མཚོའི་གདོང་ལ་ལྟ་ཙམ་བྱས་པ་ན།  བུས་དེ་མུར་དགོད་འཛུམ་ཁྱད་མཚར་བ་དེ་ཡང་བསྐྱར་ཐེངས་ཤིག་བསྟན་བྱུང་ལ། དེས་ཁོ་བོར་ཁྱོད་ངོ་མ་མི་ནུས་མེད་གཉོམ་ཆུང་ཟེར་བ་ཡིན་ཚོད་འདུག་ཅེས་པ་དང་མཚུངས། ཁོའི་ཡིད་ལ་ཅི་ཡིན་འདི་ཡིན་བཤད་དཀའ་བའི་ཁོང་ཁྲོའི་རླུང་འཚུབ་དྲག་པོ་ཞིག་ལྡང་འོང་ཞིང་། ལྕགས་ཀྱི་ཁེམ་བུ་དང་མཚུངས་པའི་ལག་པ་ཚིལ་དུག་དེ་དགུང་ལ་འཕྱར་ནས་བུ་གྲགས་པ་རྒྱ་མཚོ་ཐེངས་གཅིག་གཅེར་རྩིས་བྱས་མོད། ཁོའི་རྣ་ལམ་དུ་དེ་མ་ཐག་ཆུང་མའི་ངུ་སྐད་དང་སྒུལ་མི་ཚུགས་པའི་སྐད་ཆ་བཙན་པོ་དག་ཅོང་བརྡ་བཞིན་སང་སང་ངང་གྲགས་འོང་བ་དང་བསྟུན་སེམས་གཉོམ་ནས་ལག་པའང་རང་ཤུགས་ཀྱིས་མི་སྐུམ་ཐབས་མེད་དུ་གྱུར།  གྲགས་པ་རྒྱ་མཚོ་ལོ་བཞི་ལོན་པའི་ལོ་དེར་འཛོམས་སྐྱིད་ལ་བུ་གཉིས་པ་སྐལ་བཟང་མགོ་ལེབ་སྐྱེས་བྱུང་།   ཁོའི་མིག་ཟུང་ནི་སྦལ་བའི་མིག་འབྲས་བཞིན་ཕྱི་རུ་འབུར་ཅིང་གདོང་ཉག་འོག་གི་སྣ་ཁུང་གཉིས་པོ་ཟོ་སྟོང་གནམ་ལ་བསྐོར་བ་དང་མཚུངས། ལྷག་པར་དུ་ཁོའི་མིག་གི་མཐའ་དང་མཆུ་སྒྲོས་ཀྱི་མཚམས་དེ་ཕ་?་རྗེ་དང་པར་ཤིང་གཅིག་ལས་པར་བ་དང་མཚུངས་པས། ནག་ཞར་སྡེ་བའི་མི་ཚོས་ཐེ་ཚོམ་ཅི་ཡང་མེད་པར་ད་ཐེངས་འཛོམས་སྐྱིད་ཀྱིས་?་རྗེར་ཐོན་རྫས་དག་མ་ཞིག་གསར་སྐྲུན་བྱས་སོང་བ་འདྲ་ཟེར་བཞིན་གཅིག་གིས་གཅིག་ལ་ཀུ་རེ་རྩེད་བས། ནམ་རྒྱུན་མགོ་བོ་འགྱོག་དཀའ་བའི་ཕ་?་རྗེ་ཡི་རྣ་ལམ་དུ་སྐད་ཆ་དེ་དག་ལྷུང་མ་ཐག  ང་སྐྱེ་ཕོ་རབས་ཤིག་གི་ཕོ་རྟགས་བསྟན་པ་ལ། ཁྱེད་ཚོར་དེ་འདྲ་མཚར་རྒྱུ་ཅི་ཡོད་ཅེས་ཁོང་འཛུམ་ལྷུག་ལྷུག་སྟོན་པར་བྱེད། སྐལ་བཟང་མགོ་ལེབ་འཚར་ལོངས་བྱུང་བ་དེ་གྲགས་པ་རྒྱ་མཚོ་ལ་མཚོན་ན་བསུབ་མི་ཐུབ་པའི་ཕོག་ཐུག་ཆེན་པོ་ཞིག་རེད་ཅེ་ན་མི་ཆོག་རྒྱུ་མེད་པ་འདྲ། ཁོའི་ཕ་?་རྗེའི་བྱམས་བརྩེའི་དུང་བ་དེ་ལྷོ་སྤྲིན་གྱིས་བསྒྲིབས་པའི་ཉི་ཟེར་བཞིན་གྲགས་པ་རྒྱ་མཚོའི་མགོ་ཐོག་ནས་ཡལ་ཏེ་རིམ་གྱིས་བུ་སྐལ་བཟང་མགོ་ལེབ་ཀྱི་སྟེང་དུ་འཕྲོས། དང་ཐོག་ཁོ་བོ་རྫོང་མཁར་དུ་འགྲོ་ཐེངས་རེར་གྲགས་པ་རྒྱ་མཚོར་རྩེད་ཆས་དང་གྱོན་པ་སོགས་གང་མང་ཉོ་ངེས་ཤིང་།  ཁོའི་ཆུང་མས་དོན་མེད་སར་སྒོར་མོ་བརླགས་སོང་ཟེར་བཞིན་མི་འདོད་པའི་འཁང་ར་སྣ་ཚོགས་བྱས་ནའང་། ཁོས་དེ་དག་ལ་ཅི་མི་སྙམ་པར་སྒོར་?ག་ཁ་ཤས་བསགས་བསགས་ནས་བུ་གཅིག་པོའི་ཆེད་དུ་འགྲོ་སོང་གཏོང་མ་ཐུབ་ཚེ། དེས་ཅི་བྱ་ཨང་ཟེར། ཁོའི་ཆུང་མས་ཚིག་དེ་དག་གོ་རྗེས་ཡིད་དགའ་ལྷུག་ལྷུག་བྱེད་ཅིང་། ཁྱེད་ཕ་བུ་གཉིས་ཀྱི་ནད་རྙིང་དེ་ཅི་བྱས་ཀྱང་བཅོས་ཐབས་ཡེ་ནས་མི་འདུག་ཅེས་མགོ་བོ་འཕྲེད་དུ་གཡུགས་བཞིན་ཕ་?་རྗེ་ལ་བརྩེ་འཛུམ་ཁྱད་པར་ཅན་རེ་སྟོན་སྲིད།    གྲགས་པ་རྒྱ་མཚོ་ནར་སོན་པ་དང་བསྟུན་ནས་ཁོའི་སྐད་ངག་འབྱིན་སྟངས་དང་དགོད་འཛུམ་སྟོན་ཚུལ།   ཐ་ན་མིག་ཟུང་གི་འབྱེད་བཙུམ་དང་ཕྱི་ལྟག་གི་སྐྲ་འཇིལ་ལིར་འཁྱིལ་སྟངས་སོགས་ནང་ཀུན་སྤྱོད་དང་ཕྱིའི་ཆ་ལུགས་གང་ཐད་ནས་བསོད་བྷ་འདྲེ་མིག་མངོན་སུམ་མིག་ལམ་དུ་འཆར་བ་ལྟ་བུའི་སྣང་བ་སྟེར་འོང་ལ།   ལྷག་པར་དུ་བུ་སྐལ་བཟང་མགོ་ལེབ་སྐྱེས་པ་དང་བསྟུན་ཁོ་མིག་ནང་བུ་གྲགས་པ་རྒྱ་མཚོའི་སྐྱོན་ཇེ་མང་དང་དགེ་མཚན་ཇེ་ཉུང་དུ་གྱུར།    ཐེངས་ཤིག་ཕ་?་རྗེ་རྫོང་མཁར་དུ་སོང་ནས་ཕྱིར་ཁྱིམ་དུ་སླེབས་ལ་ཉེ་དུས་བྱིས་པ་ཞིག་གི་ངུ་སྐད་གསལ་ལྷང་ལྷང་ཞིག་ཁོའི་རྣ་ལམ་དུ་མཆེད་བྱུང་། ཁོ་བོས་བྲེལ་མྱུར་ངང་སྒོ་ཕྱེ་བ་ན། ཁྱེད་ལ་དགོས་ན་འདི་སྟེར།  ཞེས་བུ་གྲགས་པས་ཁོའི་ནུ་བོར་བསྟུད་མར་འགྲམ་ལྕག་ཚ་བེར་བེར་གཉིས་གཞུས་རྗེས་ཉིན་ཤས་གོང་རྫོང་མཁར་ནས་ཉོས་པའི་རྩེད་ཆས་རླངས་འཁོར་ཆུང་ཆུང་དེ་ནུ་བོའི་ལག་ནས་འཕྲོག་སྟེ་ནུ་བོས་བཟོད་བླགས་མེད་པའི་ངུ་འབོད་བྱེད་བཞིན་ཡོད་ནའང་ཁོས་དེ་ལ་ཁ་ཡ་ཙམ་ཡང་མི་བྱེད་པར་རྩེད་མོར་གཡེངས་འདུག  སྣང་ཚུལ་དེ་མཐོང་མ་ཐག་ཕ་?་རྗེའི་སེམས་ལ་བཟོད་དཀའ་བའི་ན་ཟུག་ཞིག་སྦྱིན་པ་དང་ལྷན་གནོན་དཀའ་བའི་ཁོང་ཁྲོ་དྲག་པོས་ལྕགས་ཁེམ་དང་མཚུངས་པའི་ལག་པ་དེ་དགུང་ལ་འཕྱར་ནས་གྲགས་པ་རྒྱ་མཚོར་ཚ་བེར་བེར་གྱི་འགྲམ་ལྕག་ཐེངས་གཉིས་གཞུས་ཤིང་། ཁྱེད་ལ་རྩེད་ཆས་དགོས་ན་ཕ་འདྲེ་མིག་གི་སར་སློང་དུ་སོང་། ངའི་བུའི་རྩེད་ཆས་འཕྲོག་དགོས་དོན་ཅི་ཡོད་ཅེས་སྐད་ཆེན་པོས་སྡིག་པ་ན། འཛོམས་སྐྱིད་ཀྱང་ཞིང་ནང་ནས་རྩྭ་ལྡུམ་སླེ་བོ་གང་ཁུར་ནས་ཕྱིར་ཁྱིམ་དུ་སླེབས་པ་དང་ཁེལ། གྲགས་པ་རྒྱ་མཚོས་ཁོའི་ཨ་མ་སླེབས་པ་མཐོང་འཕྲལ་ར་སྐོར་དུ་འགད་རྫས་ཤིག་གཡུགས་པ་ནང་བཞིན་སྐད་ཆེན་པོ་ཕྱུང་ནས་ངུས་བྱུང་ལ། ཁོས་ང་ལ་རྩེད་ཆས་དགོས་ན་ཕ་འདྲེ་མིག་འཚོལ་དུ་སོང་། ངའི་བུའི་རྩེད་ཆས་འཕྲོག་མི་ཆོག་ཟེར་བཞིན་ང་ལ་འགྲམ་ལྕག་གཞུས་ནས་གཅེར་བྱུང་ཞེས་ཨ་མ་འཛོམས་སྐྱིད་ལ་གཏུགས་བཤེར་བྱས་རྗེས་མིག་ཆུ་རྦབ་?་འགྲིལ་འགྲིལ་བྱས་ནས་ངུ་མཚམས་མི་འཇོག འཛོམས་སྐྱིད་ཀྱི་གདོང་མདོག་དེ་གློ་བུར་དུ་བལྟས་རིག་རིག་ལ་དམར་བོ་ནས་ནག་པོར་གྱུར་ཅིང་། ཁྱོད་ཀྱིས་བུ་ཚ་བོ་གཉིས་ལ་ཁྱད་པར་བཏོད། ཤ་མཁལ་མ་གཉིས་ལ་ཆེ་ཆུང་བཏོད་དོན་ཅི་ཡིན། གྲི་ངན་ལག་པའི་སྟེང་ལ་རྣོ། ཁྱི་ངན་བཟའ་མིའི་ཐོག་ལ་བཙན་ཅེས་པ་ཅིས་མི་བདེན། དོན་ངོ་མར་ཁྱོད་ཀྱི་སེམས་སུ་འཁྱགས་པ་སྟ་རེས་མི་གསིལ་རྒྱུ་དང་གངས་རི་ཉི་མས་མི་ཞུ་རྒྱུ་ཞིག་ཡོད་ན་ཤོད་དང་། ཁྱོད་ཀྱིས་བསམ་ཐོག་འདོད་ཐོག་ཏུ་འཇོག་ཆོག  དེ་མིན་པར་ངོ་ནས་འཛུམ་བསྟན། ཁོག་ནས་གྲི་བཟུང་བའི་བྱ་སྤྱོད་དེ་ལ་ང་སྐྱུག་བྲོ་འོང་ཞེས་ཁོ་མོས་ཁོང་ཁྲོ་བསྲན་མ་ཚུགས་པར་མིག་ཆུ་འབྱིད་ཙམ་བྱེད་བཞིན་?་རྗེ་དང་ཁ་རྩོད་བྱེད་འགོ་བརྩམས། 

 

 

བཞི་པ།

 

  

        གྲགས་པ་རྒྱ་མཚོ་ལོ་བཅུ་བཞི་ལོན་པའི་སྟོན་ཁ་དེར་ན་ལུང་རི་ཁྲོད་དུ་རབ་བྱུང་སྒྲུབ་ཏུ་སོང་། དོན་དེ་ཨ་མ་འཛོམས་སྐྱིད་ལ་མཚོན་ན་དོན་དག་གློ་བུར་བ་ཞིག་རེད། གློ་བུར་བའི་དོན་དག་འདིས་ཨ་མ་འཛོམས་སྐྱིད་ཀྱི་སེམས་ཁོང་ན་ནམ་ཡང་ལྗིད་ཏིག་ཏིག་དུ་གནས་པའི་ཁུར་བོ་ཆེན་པོ་ཞིག་རེ་ཞིག་ཐང་ལ་ཕབ་པ་བཞིན་ཡིད་སེམས་བདེ་ལ་འཁོད།  བསོད་བྷའི་ཞི་ལི་ཨེ་རེད་ཅེས་སྡེ་ཡར་མར་གྱི་ལམ་འགྲོ་བ་ཚོས་གྲགས་པ་རྒྱ་མཚོའི་ངོ་ལ་བལྟ་བཞིན་དེ་ལྟར་དྲིས་འོང་དུས། འཛོམས་སྐྱིད་ཀྱིས་ཨ་ཨུན་ཟེར་བཞིན་ལན་ཇི་ལྟར་འདེབས་དགོས་མི་ཤེས་པར་གྱུར་འགྲོ་ལ། དེ་དང་བསྟུན་ནས་བསོད་བྷ་འདྲེ་མིག་གི་སྟེང་ལ་ཁོང་ཁྲོའི་སྡང་སེམས་དྲག་པོ་ཞིག་ངང་ངམ་ཤུགས་ཀྱིས་སྐྱེས་བཞིན། འདྲེ་མིག་གི་ལན་ཆགས་འདིས་ང་ལ་མི་མང་གི་མདུན་སར་མགོ་བོ་འགྱོག་སའི་གནས་མེད་པར་བཏང་འདུག  ཅེས་ཁ་རོག་ངང་རང་གིས་རང་ལ་ཁེར་ལབ་བྱས། གྲགས་པ་རྒྱ་མཚོའི་པྲ་ཚགས་ཀྱི་གཤིས་སྤྱོད་མཚར་བོ་དེ་ནི་བསོད་བྷ་འདྲེ་མིག་ཆུང་དུས་ཀྱི་གཤིས་སྤྱོད་དང་ཅི་འདྲའི་མཚུངས་ཨང་། ཁོ་རྒྱུན་དུ་ཡུལ་ན་ཡོད་དུས་ཕུ་བོ་སྐལ་བཟང་མགོ་ལེབ་ཀྱི་ངུ་སྐད་དེ་མཚམས་ཆད་དུ་མི་འཇུག་ལ། དེ་དང་བསྟུན་ནས་ཕ་?་རྗེའི་ལྕགས་ཁེམ་ལྟ་བུའི་ལག་པ་རྩུབ་པོས་གྲགས་པ་རྒྱ་མཚོའི་རྣ་བར་ང་སྒྲ་གྲགས་པའི་འགྲམ་ལྕག་ཚ་བེར་བེར་རེ་གཞུ་ངེས་ལ། ཁོའི་ཟ་འགྲམ་གཉིས་པོ་སྨིན་ཐག་ཆོད་པའི་སྟོན་ཁའི་ཤིང་འབྲས་བཞིན་ནམ་ཡང་དམར་ལེབ་ལེབ་ཏུ་འགྱུར་སྲིད། མཐར་ཁོས་བཟོད་མི་ཐུབ་པར་ན་ལུང་རི་ཁྲོད་དུ་རབ་བྱུང་སྒྲུབ་པར་སོང་། བཤད་ཡམས་འདི་གྲགས་པ་རྒྱ་མཚོ་རབ་ཏུ་བྱུང་རྗེས་ནག་ཞར་སྡེ་བའི་མི་རེའི་ཁ་ན་རླུང་ལྟར་ཁྱབ་འདུག གཏམ་ཡན་འདིས་ཨ་མ་འཛོམས་སྐྱིད་ཀྱི་སེམས་ལ་བཟོད་མེད་ཀྱི་ན་ཟུག་དྲག་པོ་ཞིག་བྱིན་འོང་ལ། ཁོས་ན་ཟུག་དེ་རིམ་བཞིན་ཁོང་ཁྲོར་གྱུར་ནས་ཕ་?་རྗེའི་སྟེང་ལ་འཚིག་པ་གཡག་འདྲ་བ་ཞིག་ཟོས་པས་དང་ཐོག་?་རྗེ་ལ་འཁོན་རེས་ཡིད་ཚིམ་པར་བྱས་མོད། ཡིན་ནའང་?་རྗེས་ཁོ་མོར་ཁ་འཁོན་ཚིག་རྩོད་བྱེད་རྒྱུ་ཕར་ཞོག་བཞིན་འཛུམ་མེར་བསྡད་པས་ཁོ་མོ་ལའང་བྱ་ཐབས་ཟད། མཐར་ཁོའི་འཕྲུལ་རྟའི་འཕོང་ལ་ཞོན་ནས་ན་ལུང་རི་ཁྲོད་དུ་ར་མདར་སོང་། དགོན་པའི་ཉེ་འདབས་ཀྱི་གད་ཁུགས་སུ་ཐོན་དུས། ཉི་མ་ནུབ་རིར་གཡོལ་ལ་ཉེ་ཤིང་། སེར་ལམ་ལམ་གྱི་ཉི་སེར་དྲོན་མོས་ཉིན་གཅིག་གི་ལས་ཀ་ཡོངས་སུ་རྫོགས་ནས་ས་འདིའི་གཞུང་དྲང་གི་ཡུལ་མི་དང་རི་ཀླུང་ཀུན་ལ་འཛུམ་མུལ་ལེར་གྱེས་ཕྱག་འབུལ་བ་དང་མཚུངས། འགྱིག་རྡེའུ་དང་འདྲ་བའི་གྲྭ་ཤག་སྐྱ་ལེབ་རེ་རེ་གསུམ་སྐྱ་བྱས་ནས་རྗེའི་ལྷ་ཁང་གི་མདུན་དུ་བསྟར་ཡོད་ལ། གྲྭ་ཤག་རེ་རེའི་ཁྱམས་ར་རུ་བན་ཕྲུག་འགའ་རེས་འདོན་པ་གྱེར་བཞིན་པའི་དབྱངས་རྟ་སྙན་མོ་རེ་རླུང་བུའི་རྒྱུ་ཕྱོགས་དང་འགྲོགས་ནས་རྣ་ལམ་དུ་གསལ་པོར་མཆེད་འོང་། ཁོ་ཚོས་གྲྭ་ཤག་རེ་རེ་བཞིན་འདྲི་རྩད་བྱས་ནས་སོང་མཐར་ཤིང་ཁང་རྙིང་པ་ཉིས་ཐོག་ཅན་ཞིག་གི་སྒོ་ནང་དུ་འཛུལ་བ་ན་གྲགས་པ་རྒྱ་མཚོ་གཞི་ནས་རྙེད་བྱུང་། ཁོས་སྐྲ་བཞར་ནས་མགོ་རིལ་ཞིག་ཏུ་བཏང་འདུག་ལ། ལུས་ཀྱི་རྒྱ་ལྭ་རྙིང་ཧྲུལ་དེ་ཕུད་ནས་མདོག་དམར་སྨུག་གི་གྲྭ་ལྭ་ལུས་ཚད་དང་རན་པ་ཞིག་གྱོན་འདུག 

 

        གྲྭ་རྒན་རྒྱགས་པ་དེས་ཁོ་གཉིས་ནང་དུ་བསུས་ནས་འོ་ཇ་དཀར་ཡོལ་གང་རེ་བླུགས་རྗེས་ཚོགས་སྐལ་གྱི་གོ་རེ་རྣམས་སྡེར་མའི་ནང་དུ་བསྒྲིགས་ནས་ཁོ་གཉིས་ལ་སྣེ་ལེན་བྱས་རྗེས་ངས་ཨ་ལགས་ཚང་ལ་གྲྭ་པའི་ལས་གསོག་ཡོད་མེད་ཀྱི་ཕྱག་མོ་ཞུས་པ་ཡིན། མོ་ཧ་ཅང་ཡག་པོ་བབས་འདུག  མཚན་ལ་གྲགས་པ་རྒྱ་མཚོ་ཞེས་ཐོགས་དང་བསྟན་པའི་ཁུར་ཆེན་འདེགས་པའི་གྲྭ་པ་དཔེ་མེད་ཅིག་འཁྱོངས་སྲིད་ཟེར། སྔོན་བསགས་སྨོན་ལམ་བཟང་པོའི་དབང་གིས་མཚན་ཡང་བརྗེ་མ་དགོས་པར་རང་བཞིན་གྱིས་འབྱོར་འདུག་པ་འདི་ནི་རྟེན་འབྲེལ་དང་སྨོན་ལམ་ཐེབས་པའི་དན་རྟགས་ཤིག་ཅི་ལ་མིན་ཨང་། ཁོས་དེ་ལྟར་ལབ་ཞོར་སྤྱན་ཟུང་དུ་དད་གུས་ཀྱི་མཆི་མ་བར་མེད་དུ་འགྲིལ། གྲགས་པ་རྒྱ་མཚོ་ཆོས་གྲྭར་ཞུགས་ནས་ཟླ་ངོ་གཉིས་ལས་མ་འགོར་བར་རྒྱུན་སྤྱོད་ཀྱི་འདོན་ཆོ་ག་རྣམས་བློ་ངོར་ཤར་ཤར་དུ་སྐྱོར་ཐུབ་པས་གྲྭ་བ་རྒན་པ་ཚོས་བསྟོད་པའི་མཛུབ་མོ་ཀེར་བཞིན།  ཁོ་ནི་སོ་སྐྱེས་ཕལ་བ་ཞིག་ཡིན་མི་སྲིད་ཟེར་བཞིན་དད་པའི་ལག་ཟུང་གི་ཐལ་མོ་སྦྱོར་བར་བྱེད།  ཡིན་ནའང་ལུང་ཁོག་འདིའི་མི་མང་པོ་ཞིག་ལ་གྲགས་པ་རྒྱ་མཚོ་སོ་སྐྱེས་ཕལ་བ་ཡིན་ཚུལ་ལས་མིན་ལུགས་ཀྱི་རྒྱུ་མཚན་བགྲངས་རྒྱུ་མང་སྟེ།  ཁོའི་པྲ་ཚགས་དང་མ་རབས་ཀྱི་གཤིས་སྤྱོད་མཚར་པོ་དེ་བྱི་ལོང་གིས་ས་འབུར་སློག་པ་བཞིན་སྐབས་འགར་ཕྱིར་མངོན་འོང་། ཁོས་ཚོགས་འདོན་གྱི་སྐབས་སུ་བན་ཕྲུག་ཚོའི་ཕྱི་ལྟག་ཏུ་ཐལ་ལྕག་ཚ་བེར་བེར་རེ་གཞུས་རྗེས་ཅི་ཡང་མ་བྱུང་བ་ལྟར་མིག་ཟུང་བཙུམ་ནས་འདོན་པ་རྩེ་གཅིག་གིས་སྐྱོར་ལ། བན་ཕྲུག་ཚོས་ན་ཟུག་མ་བཟོད་པར་གྲལ་མཚེས་ཀྱི་བན་ཕྲུག་གང་རུང་ལ་སྐྱིན་པ་ལེན་ཆེད་ཁུར་ཚུར་?་ལོག་འདྲ་རེ་གཞུ་ངེས་ཤིང་། དེ་དང་བསྟུན་ནས་ཉེས་མེད་ཉེས་འགེལ་གྱི་འཁྲུག་རྩོད་ཆེན་པོ་ཞིག་རང་ཤུགས་ཀྱིས་འབྱུང་ངེས་ཤིང་། ཁོས་འཛུམ་མུལ་ལེར་ཛ་དྲག་གི་ཟློས་གར་དེ་ལ་ལྟད་མོ་ཡིད་ཚིམ་པ་ཞིག་བལྟས་རྗེས། གཡོ་སྒྱུའི་བཅོས་འཛུམ་ཤིག་ཤིག་ངང་ཁོ་གཉིས་པོའི་བར་བཤོལ་ནས་འདུམ་འགྲིག་བྱེད་ངེས། སྐབས་འགར་ཚོགས་སུ་འདུག་ཡུན་རིང་དུས་ཁོས་དཀྱིལ་ཀྲུང་བྱེད་མ་ཐུབ་པར་ཨ་ཡོ་ཨ་ན་ཟེར་བཞིན་རྐང་པ་མར་བསྲིངས་ནས་འདུག་ལ། དེ་དང་བསྟུན་ནས་གཏི་མུག་གཉིད་ཀྱི་བདེ་བས་བཟི་ནས་དགེ་བསྐོས་ཀྱི་དབྱུག་པའི་གཅེར་རྡུང་མ་རེག་ཚེ་གཉིད་ལས་སད་མི་སྲིད།  སྤྱིར་ན་ལུང་དགོན་པ་ནི་འུར་ཟིང་དང་འདུ་འཛི་བྲལ་བའི་དབེན་གནས་ཤིག་ཏུ་ཆགས་ཡོད་ལ། གནས་མཇལ་གནས་སྐོར་སོགས་ལ་འགྲོ་དགོས་ཚེ་འཁོར་ལོའི་རིགས་ཐར་དཀའ་བས་རྐང་ཐང་དུ་ལ་ཀྱོག་ལུང་ཀྱོག་མང་བོ་བརྒལ་དགོས་མོད། ད་ལྟ་སྲིད་གཞུང་གིས་ཡུལ་སྐོར་ཐོན་ལས་ལ་བརྟེན་ནས་ས་གནས་དཔལ་འབྱོར་དར་རྒྱས་གཏོང་བའི་སྲིད་ཇུས་ལག་ལེན་བསྟར་བས། རི་མཐོ་ས་དང་ཆུ་དྭངས་ས། ས་གཙང་ས་ཀུན་ལ་གཞུང་ལམ་འོད་ཀྲིག་ཀྲིག་རེ་ལས་ཡོད་པས། སྔོན་ཆད་རྐང་ཐང་དུ་ཉིན་ལམ་གཅིག་ལ་བགྲོད་དགོས་པའི་སར་ད་ལྟ་རླངས་འཁོར་བསྡད་ཚེ་ཆུ་ཚོད་གཅིག་གི་ནང་བདེ་བླག་ངང་ཐོན་སྲིད་པ་ནི་སུས་ཀྱང་བློ་ཡིད་ལས་འགོངས་པའི་བྱ་བ་ཞིག་ཡིན་ལ། གལ་སྲིད་ཁྱེད་རང་རྐང་ཐང་དུ་མཇལ་སྐོར་འགྲོ་མྱོང་མཁན་ཞིག་ཡིན་ཚེ། ད་ལྟ་ནག་ཞར་སྡེ་བ་དང་ན་ལུང་རི་ཁྲོད་གཉིས་ཀྱི་བར་ཐག་དེ་ཇེ་ཐུང་དུ་སོང་བའི་ཚོར་སྣང་ཞིག་དབང་མེད་ངང་སྟེར་ངེས། ལོ་འདི་འགར་དབྱར་འགོ་ཚེས་མ་ཐག་ནང་ལོགས་ནས་ཚད་པས་གདུང་བའི་ཡུལ་ལུང་བཞན་གྱི་སྐོར་བ་ཚོ་འབུ་ནག་ཤ་ལ་རུབ་པ་བཞིན་བོད་ཁམས་ཀྱི་ཡུལ་ལུང་གང་སར་འཚང་འོང་། དེ་དང་བསྟུན་ནས་གྲགས་པ་རྒྱ་མཚོ་འང་ཆུང་དུས་སློབ་གྲྭར་འགྲིམས་ནས་ཀ་ངོ་ཡིག་ངོ་ཙམ་ཆོད་ལ། ཨ་ལགས་ཀུན་རིག་ཚང་གི་སྐུ་གཞུག་དེད་ནས་རྒྱའི་ཡོན་བདག་དང་བླ་མའི་བར་གྱི་ལོ་ཙཱ་བྱས། ད་ལྟ་གྲགས་པ་རྒྱ་མཚོའི་སྐུ་ཤ་རྒྱས་ནས་གདོང་ན་སྣུམ་ཞགས་ཆིལ་ལེར་ཡོད་ལ། ལུས་ཀྱི་མགོ་མཇུག་བར་གསུམ་གང་ལ་བལྟས་ཀྱང་བསོད་བྷ་འདྲེ་མིག་དང་ཆ་མཚུངས་པའི་ཆ་ཤས་ཅི་ཡང་མངོན་རྒྱུ་མི་འདུག

 

        ཉིན་དེར་གྲགས་པ་རྒྱ་མཚོ་ཕྱིར་ཕ་ཡུལ་དུ་འབྱོར་འདུག  རླངས་འཁོར་དཀར་པོ་སྒོ་ང་འདྲ་བ་ཞིག་གི་ནང་ཁོ་བོ་ལས་གཞན་ནང་ལོགས་ཀྱི་རྒྱ་མོ་མགོ་སྐྲ་སེར་པོ་གཅུས་རིས་ཤིག་ཤིག་ཅི་སྒོར་བུད།  མོ་ནི་ནང་ལོགས་ཀྱི་སྦྱིན་བདག་ཆེན་མོ་ཞིག་ཡིན་པ་དང་ལྷག་པར་དུ་ཨ་ལགས་ཀུན་རིག་ཚང་གི་མཛད་པ་འཕྲིན་ལས་ཀྱི་བྱིན་གྱིས་བརླབས་ནས་ཆེད་དུ་ཁོང་ཚང་གི་སློབ་མ་བྱེད་དུ་ཡོང་བ་ཞིག་རེད། ཁོས་ནག་ཞར་སྡེ་བའི་སློབ་ཆུང་གི་སློབ་མ་ཚོར་རོགས་སྐྱོར་རེ་བྱ་ཆེད་ད་ཐེངས་གནས་ཚུལ་རྒྱུས་ལོན་བྱ་རྒྱུ་རེད།  ཅེས་གྲགས་པ་རྒྱ་མཚོས་ལག་གཅིག་གིས་གཟན་སྣེ་ཡར་སྐྱོར་ཅིང་ལག་གཅིག་གིས་གདོང་གི་མིག་ཤེལ་ཡར་འདེད་ཙམ་བྱས་རྗེས་སྡེ་དཔོན་ལ་གནས་ཚུལ་གསལ་བཤད་བྱས།

 

        སློབ་གྲྭའི་རྩལ་སྦྱོང་ར་བ་དེ་ནི་ན་ནིང་གསར་དུ་ལས་པའི་སྡེ་གསར་འཛུགས་སྐྲུན་གྱི་ལས་གཞིའི་རྣམ་གྲངས་གྲས་ཤིག་ཡིན་ལ། སྡེ་བའི་ལྒང་རྩེད་ར་བ་དང་སློབ་གྲྭའི་རྩལ་སྦྱོང་ར་བ་གཉིས་ཀྱི་གོ་གཉིས་ཆོད་དུ་སོང་བའི་ར་སྐོར་ཆུང་ཆུང་འདི་རུ་སློབ་མ་རྣམས་གྲལ་ཤར་རེ་རེ་བྱས་ནས་སར་ཙོག་ཡོད་ལ། དེའི་གཞུག་ཏུ་ནག་ཞར་སྡེ་བའི་ཕོ་མོ་རྒན་གཞོན་ཚང་མས་ཨོང་ཞབས་སུ་ཤོག་སྒམ་རྙིང་ཧྲུལ་རེ་བཏིངས་ནས་སར་བཙོག་འདུག  མདུན་ཕྱོགས་སུ་ཚོན་མདངས་ཡལ་བའི་སྒྲོག་ཙེ་སྣ་རིང་གཉིས་རིང་གཤར་བྱས་ནས་སྒྲིག་ཡོད་ལ། སྐེ་ལ་ཁ་བཏགས་རིང་པོ་གཡོགས་པའི་སྦྱིན་བདག་རུས་ཀྲང་གིས་གྲགས་པ་རྒྱ་མཚོར་མིག་བརྡ་རེ་བསྟན་ནས་དཔེ་ཁུག་དང་སློབ་སྦྱོང་གི་ཡོ་ཆས་རྣམས་མར་སྤྲོད་དགོས་པའི་བརྡ་བསྟན་པ་ན། གྲགས་པ་རྒྱ་མཚོ་དང་སྡེ་དཔོན་གཉིས་ཀ་གཅིག་འཕྲོ་གཅིག་མཐུད་ངང་ཡར་ལངས་ཏེ་སློབ་མ་རྣམ་ལ་དཔེ་ཁུག་དང་སློབ་སྦྱོང་ཡོ་ཆས་རྣམས་སྟེར་འགོ་བརྩམས། མོའི་ཁ་ལོ་བ་དེས་པར་ཆས་མཆུ་ཏོ་རིང་པོ་ཅན་ཞིག་བཟུང་ནས་ཟུར་དང་ངོས་མི་འདྲ་བ་རེ་རེ་ནས་པར་སྣ་ཚོགས་བརྒྱབ་བྱུང་། སིག་སིག་ལོང་ལོང་གི་འདུ་འགོད་ཡུན་གྱིས་འཇགས་རྗེས་གྲགས་པ་རྒྱ་མཚོས་གཞི་ནས་གསུང་བཤད་གནང་བྱུང་།  སྤྱིར་ང་གྲྭ་པ་གྲྭ་རྐྱང་། སྣམ་བུ་ཁེར་རྐྱང་ཞེས་པའི་དཔེ་བཞིན་ཁྱེད་ཚོར་ཕན་ཐོགས་རྒྱུ་ཟེར་ན་དཀའ་པོ་ཡིན་མོད།  འོན་ཀྱང་ང་སྟོན་པའི་རྗེས་འཇུག་གི་དགེ་འདུན་པ་ཞིག་གིས་གཞན་ཕན་སྙིང་རྗེ་ཡི་ཀུན་སློང་བཟང་པོ་ཞིག་ནམ་ཡང་རྒྱུད་ལས་འབོར་མྱོང་མེད་།   དེ་བས……ཞེས་འཆད་བཞིན་འཆད་བཞིན་སྐད་གདངས་ཇེ་མཐོར་བཏང་ཞིང་།  རྒྱལ་སྲས་ལག་ལེན་དང་གུང་ཐང་བསླབ་བྱ་སོགས་ཀྱི་ཚིགས་བཅད་འགའ་རེ་བཏོན་རྗེས་འགྲེལ་བཤད་དཔེ་དོན་འབྱོར་མོ་རེ་བྱེད་ལ། ཐར་མདོ་དང་མཛངས་བླུན་ལས་བདག་ཅག་གི་སྟོན་པས་སྐྱེ་རབས་མང་བོར་སེམས་ཅན་གྱི་དོན་མཛད་དེ་དཀའ་བ་སྤྱད་ཚུལ་སོགས་ཁ་གསལ་གོ་བདེའི་སྒོ་ནས་གཏམ་རྒྱུད་འཆད་འཆད་བྱས་པས། ནག་ཞར་སྡེ་བའི་རྒན་རྒོན་ཚོས་དད་པའི་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་བཞིན་གསོལ་བ་ཤུགས་དྲག་ངང་འདེབས་ལ། བླ་མ་?་རྗེ་ཚང་མཁྱེན། ཚེ་སྔོན་མའི་བག་ཆགས་ངན་པའི་དབང་གིས་སངས་རྒྱས་མངོན་སུམ་རྩིབས་ན་བཞུགས་རུང་།  ཆུ་བུར་མིག་གིས་མ་རིག་པ་རེད། སངས་རྒྱས་གོས་ཧྲུལ་ནང་ནས་འཁྲུངས་ཞེས་པ་ཅིས་མ་བདེན་ཟེར་བཞིན་རང་རང་ས་ནས་གྲགས་པ་རྒྱ་མཚོར་ཕྱག་འཚལ་འགོ་བརྩམས། དེ་དང་བསྟུན་ནས་རུས་ཀྲང་ཡིན་པའི་སྦྱིན་བདག་ཆེན་མོ་དེ་སེམས་འགུལ་ཆེན་པོ་ཐེབས་ནས་མིག་ཟུང་མཆི་མས་ཁེངས་ཡོད་ལ། ཁོ་མོ་འདུག་སྟེགས་ལས་ཡར་ལངས་ཏེ་ལག་ཟུང་ཕྱག་རྒྱ་བྱས་ནས་མང་ཚོགས་ལ་མགོ་བོ་སྒུར་སྒུར་བྱེད་བཞིན་མཆིས། བསོད་བྷ་འདྲེ་མིག་དྲུག་ཅུ་ལོ་ཡིས་ཐུལ་ཏེ་ཁོག་སྟོད་གཞུ་མོ་ལྟར་འཁྱོག་ཅིང་ཕྱི་ལྟག་དང་སྐེ་མཇིང་སོགས་ན་སྐྲ་དཀར་གྱི་ཉག་མ་ཐ་ཐོར་རེ་སྐྱེས་ཡོད་མོད།  འོན་ཀྱང་ཁོའི་རྣམ་རིག་སྔར་བཞིན་གསལ་ལ་སྲན་?ག་ལྟ་བུའི་མིག་ཟུང་དེ་གཡས་སྐོར་གཡོན་སྐོར་བྱེད་བཞིན་ཕར་བལྟ་ཚུར་ལྟ་བྱས་ནས་ཁ་ཡ་བྱེད་མཁན་ཨེ་ཡོད་ལ་རེ་མོད། ཚང་མས་ལག་ཟུང་ཕྱག་རྒྱ་བྱས་ནས་བློ་གཅིག་སེམས་གཅིག་གིས་ཆོས་བཤད་ལ་ཉན་ཡོད་པས། ཁོ་ལ་ཟུར་ལྟ་ཙམ་ཡང་བྱེད་མཁན་མ་བྱུང་། མཐར་ཁོས་ཆམས་པ་ཁོག་ལུད་འགའ་བྱས་རྗེས་གདོང་ལ་འཛུམ་གྱིས་ཁེངས་བཞིན་བུ་ཞིག་ཡིན་ན་སྙིང་ཞིག་དགོས། གྲི་ཞིག་ཡིན་ན་རྣོ་ཞིག་དགོས་ཟེར་བའི་ཤོད་སྲོལ་ཡོད་པ་མིན་ནམ།  །ང་བསོད་བྷ་འདྲེ་མིག་ལ་རིག་ན་བྱ་ཆུང་ཆུང་གི་སྒོ་ང་ཞིག་གང་ནས་ཡིན་སྲིད། ཁོས་འདི་ལྟར་རང་གིས་རང་ལ་ཁེར་ལབ་བྱས།  ཁོའི་མི་ཚེའི་ལོ་རྒྱུས་ཁྲོད་བྲིས་མ་འཁྱོངས་པའི་ངོ་མཚར་གྱི་ལེའུ་དག་ད་ལྟ་གྲགས་པ་རྒྱ་མཚོས་ཡོངས་སུ་ཁ་སྐོང་ཐུབ་སོང་བའི་ཚོར་བ་ཞིག་དབང་མེད་ངང་རྒྱུད་ལ་སྐྱེས་བཞིན་མཆིས། གྲགས་པ་རྒྱ་མཚོས་གསུང་བཤད་གནང་ཚར་རྗེས་ལག་ཟུང་ཕྱག་རྒྱ་བྱས་ནས་མང་ཚོགས་ལ་མགོ་བོ་སྒུར་ཙམ་བྱེད་བཞིན་རླངས་འཁོར་དཀར་པོ་སྒོ་ང་འདྲ་བ་དེའི་ནང་བསྡད་ནས་རྡུལ་འཚུབ་ཉིལ་ལེར་གནས་གང་ཞིག་ཏུ་སྐར་མདའ་འཕངས་པ་བཞིན་བཞུད་སོང་། གང་ཟག་གི་ཚོད་གང་ཟག་གིས་མི་ཟིན་ཟེར་བ་ཅིས་མ་བདེན།  གྲྭ་ས་ཆོས་སྒོར་འགྲིམས་པའི་ཡོན་ཏན་དེ་སུས་ཀྱང་གཏིང་ལོན་པ་ཞིག་མ་རེད། ནག་ཞར་སྡེ་བའི་རྒད་པོ་ཚོས་མགོ་བོ་ཅོག་ཅོག་བྱེད་བཞིན་གྲགས་པ་རྒྱ་མཚོར་བསྟོད་ར་སྣ་ཚོགས་བྱེད།

 

 

ལྔ།

 

 

        གྲགས་པ་རྒྱ་མཚོར་དངོས་གནས་མི་སེམས་འགུག་བྱེད་ཀྱི་ལྕགས་ཀྱུ་རྣོན་པོ་ཞིག་ཡོད་པ་ལྟར་སྦྱིན་བདག་མ་རུས་ཀྲང་བྱས་པ་དེ་ཤེས་མེད་ཚོར་མེད་ངང་ཁོའི་རྩིབས་ལ་བཀུག་སོང་། དང་ཐོག་ཁོས་ཨ་ལགས་ཀུན་རིག་ཚང་གི་དབང་བཀའ་ཆོས་རྣམས་ཁོ་མོར་ཆད་ལྷག་མེད་པར་ལོ་ཙཱ་བྱེད་ལ། ཁོ་མོས་ཀྱང་གསུང་ཚིག་རྣམས་ཟིན་བྲིས་སུ་བཏབ་ནས་ཡིད་ངོར་འཛིན་ཅི་ཐུབ་བྱེད། ཕྱིས་སུ་ཁོང་ཚང་གནས་སྐོར་དུ་ཕེབས་སྐབས་ཁོ་མོས་རང་འགུལ་ངང་དབང་བཀའ་ཆོས་གསན་རྒྱུ་ཡིན་ཟེར་བཞིན་གྲགས་པ་རྒྱ་མཚོའི་ཤག་ནས་ཉི་མ་ནུབ་རིར་མ་བརྒལ་བར་དུ་ཕྱིར་མི་ལོག  གྲྭ་པ་རེ་འགས་སྣང་ཚུལ་འདིས་དགོན་པའི་སྒྲིག་སྲོལ་དང་མཚན་སྙན་བརླགས་སྲིད་བསམ་ནས་ཨ་ལགས་ཀུན་རིག་ཚང་ལ་ཡར་ཞུ་བྱས་མོད། འོན་ཀྱང་ཁོང་ཚང་གིས་དབུ་འཕྲེད་གཡུག་བྱེད་བཞིན། སེམས་ཅན་གྱི་ཁ་སངས་རྒྱས་ཀྱིས་མི་ཆོད་ཅེས་པ་ངོ་མ་ཡིན་འདུག  སྣོད་ལྡན་བུ་སློབ་ཚོར་ཆོས་ཀྱི་བདུད་རྩིས་ཚིམ་པར་བྱས་ན། དགོན་པའི་མཚན་སྙན་ལ་གང་ནས་གནོད་འོང་ཞེས་དབུ་འཕྲེད་དུ་གཡུག་བཞིན་དེ་ལྟར་དྲི་བ་གཟབ་ནན་རེ་བཏོན་འོང་བས། གྲྭ་པ་ཚོས་ལན་འདེབས་རྒྱུ་མེད་པར་མགོ་བོ་སྒུར་སྒུར་གྱིས།  ལགས་སོ་ཟེར་བཞིན་ཁོང་ཚང་གི་གཟིམ་ཆུང་ལས་ཕྱིར་བསྣུར་བྱས། 

 

        ལོ་དེར་གྲགས་པ་རྒྱ་མཚོས་ཨ་ལགས་ཀུན་རིག་ཚང་ལ་ཉིན་འགའི་གནང་བ་ཞུས་རྗེས་རུས་ཀྲང་བྱས་པའི་སྦྱིན་བདག་དང་ལྷན་དུ་རྒྱལ་ནང་གི་གནས་ཆེན་སྐོར་ཞིག་ལ་མཇལ་སྐོར་དུ་སོང་།  རྒྱ་སྐད་ཆུ་བཞུར་བཞུར་དུ་བཤད་ཤེས་པའི་ཁོ་བོ་ས་གང་དུ་སོང་ཡང་རང་ས་རང་ཡུལ་དུ་སླེབས་པ་བཞིན་དཀའ་ལས་སྐུ་ཚེགས་ཅི་ཡང་མེད་ལ། ལྷག་པར་དུ་རུས་ཀྲང་བྱས་པའི་བུད་མེད་སྦྱིན་བདག་དེ་ཁོ་བོར་ཧ་ཅང་བྱམས་པས་ཆུང་དུས་མྱོང་མ་ཐུབ་པའི་བདེ་སྐྱིད་དང་སྤྲོ་ཁོལ་ཡོད་ཚད་ད་ལྟ་གཞི་ནས་མྱོང་ཐུབ་སོང་བའི་སྐྱིད་སྣང་ཞིག་ཡིད་ལ་ཤར་བྱུང་།  ཁོ་ཚོ་དང་ཐོག་རླངས་འཁོར་དུ་བསྡད་ནས་གནམ་གྲུའི་འབབ་ཚིགས་སུ་སླེབས་རྗེས་གནམ་གྲུར་བསྡད་དེ་ཨ་སྔོན་མཐོན་པོའི་སྤྲིན་གྱི་བང་རིམ་གཏོར་ཏེ་སྔོ་བསང་བསང་གི་མཁའ་དབྱིངས་སུ་འཕུར་བ་དང་། སྐྱེས་གཟུགས་མཛེས་ཤིང་ཤ་མདངས་དཀར་བའི་མཁའ་འགྲུལ་གྱི་ཞབས་ཞུ་བ་རྣམས་ལྷའི་བུ་མོ་བཞིན་སྤྲོ་འཛུམ་ཤིག་ཤིག་ངང་གསོལ་ཇ་དང་བཟའ་བཏུང་སོགས་འཁྱེར་འོང་ནས་སྐུ་མགྲོན་ཚོར་ཁ་འཇམ་ཞེ་འཇམ་ངང་།  སྐུ་ཉིད་ཀྱིས་ག་ལེར་བཞེས་རོགས་ཞེས་བཤད་འོང་དུས། གྲགས་པ་རྒྱ་མཚོས་ཡིད་ཀྱི་སྤྲོ་བ་གནོན་མ་ཐུབ་པར་འདུག་སྟེགས་ལས་གློ་བུར་ཡར་ལངས། མཐའ་འཁོར་གྱི་སྐུ་མགྲོན་ཚོས་དོགས་མི་བདེ་བའི་མིག་ཞགས་རང་དབང་མེད་པར་ཁོའི་སྟེང་དུ་བསྐོར་བྱུང་ལ།  དེར་མཐུད་ནས་རུས་ཀྲང་བྱས་པའི་སྦྱིན་བདག་དེས་ཁོའི་ལྭ་འདབས་ནས་འཐེན་ཙམ་བྱས་ཏེ་སར་ཙོག་དགོས་པའི་བརྡ་བསྟན། ཁོ་བོ་འདུག་སྟེགས་སུ་བསྡད་རུང་ཡིད་ཀྱི་སྤྲོ་བ་སྔར་བཞིན་གནོན་ཐབས་མེད་པ་འདྲ།  ཁོའི་ཡིད་ལ་མཚར་སྣང་སྐྱེས་བཞིན།  ཚན་རིག་ཟེར་བ་དེ་ངོ་མ་བློ་ཡིད་ལ་ཤོང་བ་ཞིག་མ་རེད། ནང་པའི་ཆོས་གཞུང་ན་གསུངས་པའི་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ཟེར་བ་འདི་འདྲ་ཞིག་ལ་ཟེར་དགོས་པ་ལོས་ཡིན་ཞེས་ཁེར་ལབ་བྱས།  ནང་སའི་གྲོང་ཁྱེར་དེར་སླེབས་མ་ཐག་ཁོའི་ཐོག་མའི་ཚོར་བ་ནི་རོང་འགག་དོག་མོ་ཞིག་ཏུ་སླེབས་པ་ལྟར་ཕྱོགས་བཞིའི་ཁང་བརྩེགས་མཐོན་པོ་དག་བྲག་རི་བཞིན་དགུང་སྔོན་གནམ་ལ་ཟུག་འདུག་ལ། བཟོད་དཀའ་བའི་ཚ་སྡུག་དེས་ཐ་ན་རྔུབ་པའི་དབུགས་དེའང་ཚ་སོབ་སོབ་བྱེད། གྲོག་ཚང་བ?ལ་འདྲའི་མི་ཚོགས་དག་འཚང་ཁ་ཤིག་ཤིག་ངང་ཆུ་རྒྱུན་གྱི་འགྲོས་ལྟར་ཕྱོགས་གང་ཞིག་ཏུ་བཞུར་ནས་འགྲོ་ཞིང་། བྲང་གཞུང་དང་གསང་གནས་མ་གཏོགས་མི་ཁེབས་པའི་གྱོན་གོས་སྲབ་བུ་གྱོན་མཁན་གྱི་གྲོང་ཁྱེར་བ་དེ་དག་ངོ་ཚ་དང་རྫུ་བག་བྲལ་ཅིང་། གཅིག་གིས་གཅིག་ལ་འཐམ་ཅིང་འཁྱུད་དེ་བག་མེད་ངང་འགྲོ་བའི་སྣང་ཚུལ་དེས་ཁོའི་གདོང་ཚ་ལམ་ལམ་དུ་བཏང་། ཁོས་དེ་མུར་མགོ་བོ་དཀྲུག་ཙམ་བྱེད་བཞིན་ཅུང་དོགས་མི་བདེ་བའི་ངང་སྦྱིན་བདག་མ་ཀྲང་གི་རྣམ་འགྱུར་ལ་ལྟ་ཙམ་བྱས་མོད། ཁོ་མོས་དེ་དག་ལ་ཅི་མི་སྙམ་པར་མིག་ཤེལ་ནག་པོ་དེ་སྣ་སྟེང་ལ་བཀལ་ནས་སྣ་གླུ་ལེན་བཞིན་ས་བལྟ་ཡུལ་བལྟ་བྱེད་བཞིན་འདུག  ཁོ་གཉིས་ཁང་བརྩེགས་གནམ་ལ་ཟུག་འདྲ་ཞིག་གི་མདུན་སྒོ་འཛུལ་ནས་ནང་དུ་སླེབས་པ་ན། མདོག་དམར་སྨུག་གི་ཕྱུར་བ་གྱོན་པའི་བུད་མེད་གཟུགས་བྱད་ཡག་པ་ཞིག་གིས་འཛུམ་མདངས་ལྷུག་ལྷུག་ངང་གུས་ཉམས་སྟོན་བཞིན་ཁོ་གཉིས་ནང་དུ་བསུས། ཐོ་འགོད་བྱས་རྗེས་གློག་སྐས་ལ་འཛེགས་ཏེ་ཁང་བརྩེགས་བཅུ་བདུན་པའི་སྟེང་དུ་བབས་རྗེས་ཁང་བཟང་ཡིད་དུ་འོང་བ་ཞིག་གི་ནང་དུ་སླེབས། ཁང་པ་དེའི་ནང་གི་བཀོད་སྒྲིག་ཧ་ཅང་རྒྱས་གཤོམ་ཆེ་བའི་ཁར་ཤེལ་ལས་གྲུབ་པའི་ཁྲུས་ཁང་དང་ཚོན་མདོག་དམར་སེར་གྱི་ས་གདན། དཀར་ཞིང་གཙང་བའི་མལ་ཁྲི་དང་།  འོད་ཀྲིག་ཀྲིག་བྱེད་པའི་མདུན་ཅོག་སོགས་རང་རང་ས་ན་གྲལ་དག་སེ་ཡོད་ཅིང་། ལྷག་པར་དུ་ཤེལ་ཡོལ་དམར་སེར་དེ་ཕར་ཅུང་ཙམ་ཕྱེ་བ་ན་གྲོང་ཁྱེར་འདིའི་མཐའ་འཁོར་གྱི་ཁང་བརྩེགས་དང་གླིང་ག  གཙང་པོ་དང་ལྗང་ནེམ་ནེམ་གྱི་ར་སྐོར་སོགས་ཀྱི་མཛེས་ལྗོངས་མཐའ་དག་མིག་ལམ་དུ་བསྟར་བར་བྱེད། ཁོ་མོ་ཁྲུས་ཁང་དུ་འཛུལ་ནས་ཡུད་ཙམ་སོང་རྗེས་དཀར་འཇམ་གྱི་ནང་གོས་སྲབ་བུ་ཞིག་གོན་ནས་སྒོར་བུད་བྱུང་། ཁོ་མོའི་སེར་ཞིང་གཅུས་རིས་ཤིག་གི་སྐྲ་ལོས་རྒྱབ་གཞུང་ཡོངས་སུ་ཁེབས་ཤིང་། དར་ཟབ་ཀྱི་ནང་གོས་འཇམ་པོ་དེའི་འོག་ན་མཁྲང་ཟླུམ་གྱི་འོ་འཛིན་ཟུང་དེ་ནང་གོས་ཀྱི་སྒྲོག་གུ་བརྟོལ་ནས་ཕྱིར་འབུར་མི་འོང་ངམ་སྙམ་པའི་དོགས་པ་རེ་སྐྱེ་འོང་། ཕྱིའི་ལུས་ལ་འབྱར་ཙམ་ཡོད་པའི་ནང་གོས་དེའི་འོག་ན་ཁོ་མོའི་ཁམ་བུ་ལྟར་སྨིན་པའི་བྲང་གཞུང་དང་དེའུ་འབུར་བཞིན་བརྒྱངས་པའི་དཔྱི་མགོ ད་དུང་མཁྲང་རྒྱས་ཀྱི་བརླ་ཤ་སོགས་སྟོན་གྱི་ཤིང་འབྲས་བཞིན་སྨིན་ནས་ཕྱི་རུ་འཇུར་ལ་ཁད་བྱེད།    ཚ་བ་འདི་འདྲ་ཆེ་བས།   ངལ་དུབ་སངས་ཆེད་ཁྲུས་ཤིག་བྱ་མི་འདོད་དམ།  ཞེས་ཁོ་མོའི་མིག་ཟུང་དུ་འོད་མདངས་ཁྱད་པ་བ་ཞིག་འཕྲོ་བཞིན་གྲགས་པ་རྒྱ་མཚོ་དེ་ལྟར་ལབ་བྱུང་།   ང……ཨ……ཨུན་ཞེས་གྲགས་པ་རྒྱ་མཚོ་རེ་ཞིག་བླ་འཁྱམས་པ་ལྟར་ངག་ནས་ཚིག་འཁྲོལ་མ་བྱུང་།  ཁོའི་གདོང་མདོག་མཚལ་ལྟར་དམར་བོ་གྱུར་ཅིང་།  དཔྲལ་བའི་མཚམས་སུ་རྔུལ་ཆུའི་?ག་པོ་རེ་ཟུང་འགྲིལ་བྱུང་།  ནམ་རྒྱུན་གྲགས་པ་རྒྱ་མཚོས་ཁོ་མོར་ནང་ཆོས་ཀྱི་རྒྱུན་ཤེས་འགའ་རེ་ངོ་སྤྲོད་གནང་དུས། མོས་རྐང་བཙུགས་ནས་ཁོའི་གམ་ལ་བཅར་བཞིན་དཀར་གཙང་གི་དཔུང་ཤ་འཇམ་པོ་དེ་ཁོའི་དཔུང་པར་ཐུག་ཙམ་ཐུག་ཙམ་བྱེད་ལ། དེ་མུར་འཇམ་བསིལ་བསིལ་གྱི་བདེ་བ་སྨྲ་མི་ཤེས་པ་ཞིག་ལུས་ཀྱི་ཕྱི་ནང་ཀུན་ལ་འཐིམ་ནས་འགྲོ། དེར་མཐུད་ནས་ངོ་སྣུམ་གྱི་དྲི་མ་ངར་པོ་ཞིག་གིས་ཁོའི་སྣའི་བུ་ག་འགག་ལ་ཁད་བྱེད་ནའང་། དེ་ནི་ཁོས་ནམ་ཡང་བདེ་སྐྱིད་ཅིག་ཏུ་སྒོམ་བཞིན་ཡོད་ལ། སྐབས་འགར་ཁོས་འཇིག་རྟེན་འདིར་བུད་མེད་ལས་ལྷག་པའི་ཚོར་བ་དྲག་པོ་ཞིག་སྦྱིན་ཐུབ་མཁན་ཕལ་ཆེར་ཡོད་མི་སྲིད་སྙམ། ཁོས་འདི་ལྟར་བསམ་བློ་གཏོང་བཞིན་ཡིད་ལ་མི་དྲན་དགུ་དྲན་མང་པོ་ཞིག་དྲན་འོང་ལ། ཐ་ན་རང་ཉིད་འདུལ་ཁྲིམས་སྲུང་བའི་གྲྭ་པ་ཞིག་ཡིན་པའང་བརྗེད་ལ་ཉེ་དུས།  རྗེ་ལྷ་ཁང་གི་གཡེར་དྲིལ་དེ་དྲན་སྐུལ་གྱི་ཅོང་བརྡ་བཞིན་རླུང་བུས་སྒུལ་ཏེ་སྒྲ་སང་སིང་དུ་གྲགས་པ་ན།  ཁོས་ད་གཟོད་གཉིད་ལས་སད་པ་ལྟར་འགྱོད་བཤགས་ཀྱི་ཚུལ་དུ་བཛྲ་འདོན་བཞིན་ལུས་ངག་གི་སྤྱོད་པ་དྲང་པོར་སྲོང་ཐུབ། ཡིན་ནའང་དེ་རིང་ཁོའི་ཡིད་ཀྱི་མཚོ་རླབས་དེ་ཅིས་ཀྱང་འཇགས་ཐབས་མ་བྱུང་། ཁོས་ཐོད་པའི་རྔུལ་ཆུ་འབྱིད་ཙམ་བྱེད་བཞིན་སེམས་མགོ་གནོན་ཐབས་བྱས་ནའང་སྙིང་ཏིག་ཏིག་དུ་ལྡིང་བའི་སྒྲ་དེ་སྔར་བས་ཇེ་ཆེར་གྱུར་བའི་སྣང་བ་བྱིན་འོང་།   མོས་ཁོ་བོར་ཟུར་མིག་ཁྱད་པར་བ་རེ་སྟོན་བཞིན་ཁྲུས་ཁང་དུ་འཛུལ་ནས་ཁྲུས་བྱེད་འགོ་བརྩམས།  ཆུ་བྱོ་བའི་སྒྲ་ཤག་ཤག་ཏུ་གྲག་པ་དང་བསྟུན་ཤེལ་གྱི་ཁྲུས་ཁང་དེ་སྨུག་རླངས་དཀར་བོས་ཡོངས་སུ་བསྟུམས་སོང་ལ།   ད་ལྟ་ཁོ་མོའི་ལུས་ཀྱི་བྱད་དབྱིབས་དེ་རི་མོ་བས་སྐྱ་ཐིག་ཕབ་པའི་རགས་གཟུགས་བཞིན་ཁྲུས་ཁང་གི་ཤེལ་ངོས་སུ་ཅུང་མག་མོག་ངང་འཆར་འོང་། ཤག་ཤག་བྱོ་བའི་ཆུ་སྒྲ་དེ་གཞི་ནས་མཚམས་ཆད་སོང་། ད་ལྟ་ཁོ་མོས་དུང་ལྟར་དཀར་བའི་ལུས་པོའི་སྟེང་གི་མུ་ཏིག་?ག་པོ་བཞིན་བསྟར་བའི་ཆུ་ཐིགས་རེ་རེ་གཙང་མར་འབྱིད་ཀྱིན་ཡོད་ངེས། ད་དུང་གཡུ་རལ་བཞིན་འཕྱོ་བའི་སྐྲ་ལོ་དང་ཁམ་བུ་ལྟར་སྨིན་པའི་འོ་འཛིན། མཁྲང་ཞིང་ཟླུམ་པའི་བརླ་ཤ་དང་པད་མའི་ལྒང་བུ་བཞིན་རྒྱས་པའི་དཔྱི་མགོ་སོགས་སུ་འགྲིལ་བའི་ཆུ་ཐིགས་ཀྱི་?ག་པོ་རེ་རེ་འབྱིད་ཙམ་ཕྱིས་པ་ན། ཁོས་དེ་ལྟར་བསམ་ཞོར་སྙིང་ལྡིང་བའི་ལྟིག་སྒྲ་དེ་སྔར་བས་ཆེ་རུ་སོང་ཞིང་། གདོང་ལ་ཟིལ་བ་ལྟར་འཛུམ་པའི་རྔུལ་ཆུའི་?ག་པོ་དག་ཡང་ཡང་འཕྱི་དགོས་བྱུང་། ཁོ་མོ་གཞི་ནས་ཁྲུས་ཁང་ནས་སྒོར་བུད་བྱུང་། དར་ཟབ་ཀྱི་ནང་གོས་འཇམ་པོ་དེ་སྔར་བཞིན་ལུས་ལ་གྱོན་ཡོད་ལ། ལུས་གསེང་ན་བསུང་ཞིམ་གྱི་དྲི་ངད་ཞིག་ཐོལ་གྱིས་ལྡང་འོང་། ཁོ་བོས་ཞེད་སྣང་གི་མིག་ཟུང་ཁོ་མོའི་སྟེང་ལ་བསྐོར་རྗེས་ཅུང་ཕྱིར་སྣུར་ཙམ་བྱས། ངའི་ལུས་ན་ཚེར་མ་ཡོད་པ་མིན་ནམ། ཁྱེད་ཀྱིས་ང་ལ་དེ་འདྲ་འཛེམ་དོན་ཅི།  མོས་དེ་མ་ཐག་ཅི་མི་སྙམ་པར་དེ་ལྟར་ལབ་རྗེས་ཁོའི་གམ་དུ་བཅར་ནས་ལག་གཅིག་གིས་ཁོའི་མགུལ་ལ་འཁྱུད་རྩིས་བྱས། གྲགས་པ་རྒྱ་མཚོས་དང་ཐོག་ཁོ་མོ་ཕྱིར་འདེད་ཙམ་བྱེད་བསམ་མོད་། འོན་ཀྱང་ཁོ་མོའི་མཆུ་སྒྲོས་དེས་བསམ་དབང་དྲན་དབང་མི་སྟེར་བར་ཁོའི་སྐེ་དང་མཇིང་།  ལྟག  རྣ་རྩ་སོགས་ལ་ཡང་ཡང་སྦྱར་བས།  གྲགས་པ་རྒྱ་མཚོ་ནི་རྣམ་ཤེས་བྲལ་བའི་བེམ་པོ་བཞིན་རེ་ཞིག་ཧད་དུ་བཅུག་ཅིང་། ཅུང་འགོར་རྗེས་ཁོ་བོ་ནི་རྩྭ་ཕོན་སྐམ་པོ་ཞིག་ལ་མེ་སྦར་བ་བཞིན་ལུས་ཀྱི་གསོན་ཤུགས་རྒྱས་ཤིང་འདོད་པའི་མེ་སྟག་མཆེད་པས་རྒྱུག་རྩལ་ལ་གོམས་པའི་རྟ་པ་བཞིན་རྔུལ་ནག་ཁྲོམ་ཁྲོམ་ངང་དགའ་མགུའི་བདེ་བས་ཡོངས་སུ་བཟི་བར་གྱུར། གྲགས་པ་རྒྱ་མཚོས་སྡོམ་པ་ཤོར་སོང་། དོན་དེས་ཨ་ལགས་ཀུན་རིག་ཚང་གི་ཐུགས་དཀྲུགས་པས་གྲྭ་ཚང་བསྡུས་ནས་གཏོར་མ་མི་གཟུགས་ཙམ་ཞིག་ལས་རྗེས་ཁོའི་རྗེས་ལ་དམོད་བཞིན་འདུག་ཟེར། གཏམ་ཡན་དེ་རླུང་བསེར་བུའི་རྒྱུན་དང་འགྲོགས་ནས་ནག་ཞར་སྡེ་བར་མཆེད་ཅིང་། རིམ་གྱིས་ཨ་མ་འཛོམས་སྐྱིད་ཀྱི་རྣ་བར་ལྷུང་། ཁོ་མོས་དང་ཐོག་འདི་ནི་རྣམ་སྨིན་རེད་ཟེར། གལ་སྲིད་ང་འདྲེ་མིག་སྣ་ཉག་གི་གཡོ་སྒྱུས་བསླུས་མེད་ཚེ་?་རྗེར་ཁྲེལ་མེད་ཀྱི་བྱ་བ་འདི་འདྲ་བྱེད་མི་སྲིད་ལ། གྲགས་པ་རྒྱ་མཚོས་ཀྱང་ཕའི་བྱམས་སྐྱོང་མ་ཐོབ་པའི་སྡུག་དེ་འདྲ་མྱོང་ག་ལ་དགོས། ད་ཅི་བཤད་ཀྱང་ཡོད་ཚད་ཚར་སོང་། ད་ལྟ་གྲགས་པ་རྒྱ་མཚོ་གནམ་ལ་འཕུར་བའི་གཤོག་པ་མེད། ས་ལ་འཛུལ་བའི་སྡེར་མོ་མེད་པའི་ཚད་དུ་ལྷུང་སོང་། ཨ་ཧོ་ཡ། འདྲེ་མིག་སྡུག་ཤི་རྒྱག་རྒྱུ།  ཞེས་ཨ་མ་འཛོམས་སྐྱིད་ཀྱིས་སྙིང་རླུང་སྟོད་ལ་འཚངས་བཞིན་བསོད་བྷ་འདྲེ་མིག་ལ་ཡང་ཡང་སྡིག་བཞིན་འདུག  ད་ལྟ་ནག་ཞར་སྡེ་བའི་མི་ཚོས་སེམས་ཕངས་པའི་ཤུ་རིང་ནར་ནར་འབྱིན་གྲགས་པ་རྒྱ་མཚོའི་སྐོར་གྱི་གཏམ་རྒྱུད་སྣ་ཚོགས་འཆད་བཞིན་འདུག  ལ་ལས་ཟེར་ན་གྲགས་པ་རྒྱ་མཚོའི་སྡོམ་པ་འཕྲོག་མཁན་དེ་རུས་ཀྲང་ཡིན་པའི་བུད་མེད་སྦྱིན་བདག་མ་དེ་མིན་པར་ཟི་ལིང་གི་ནང་མ་ཁང་ཞིག་གི་གླུ་མ་ཞིག་ཡིན་རབས་གླེང་བྱུང་ལ། ཁོས་གླུ་མ་དེ་ཁྲིད་ནས་ཡུལ་གཞན་དུ་འགྲོ་རྩིས་བྱས་མོད་། མཐའ་སྲུང་དམག་གི་ལག་ཏུ་ཚུད་ནས་ད་ལྟ་བཙོན་ན་ཡོད་རབས་གླེང་བྱུང་། ལ་ལས་ཟེར་ན་ཁོས་ནང་ས་ནས་ཡོང་བའི་བུད་མེད་ཡུལ་སྐོར་བ་ཞིག་དང་འགྲོགས་འདྲིས་བྱས་རྗེས་ཁོ་མོར་མངལ་ཆགས་པས། བུད་མེད་དེས་ཁོ་མོ་དང་གཏན་འགྲོགས་མི་བྱེད་ཚེ་ཁྲིམས་གཏུགས་བྱ་རྒྱུ་ཡིན་ཞེས་བརྗོད་ནས་མཐར་ཁོ་ཅི་བྱ་གཏོལ་མེད་ངང་བུད་མེད་དེའི་མག་པར་འདུག་དགོས་བྱུང་སོང་ཟེར། ལ་ལས་ཟེར་ན་ཁོས་ལྷ་མཐོང་འདྲེ་མཐོང་གི་མངོན་ཤེས་ཅན་ཡིན་ཚུལ་བསྒྲགས་ཏེ་ནང་སར་དབང་ཤེད་ཆེ་བའི་དཔོན་པོ་དང་རྒྱུ་སྟོབས་འཛོམས་པའི་ཚོང་པ།  ལང་ཚོས་སྙེམས་པའི་བུད་མེད་སོགས་མགོ་གཡོ་རྫུན་སྐོར་སྣ་ཚོགས་བྱས་ནས་རྒྱུ་ནོར་གཡོ་ལེན་དང་འདོད་སྲེད་འཆལ་སྤྱོད་ཀྱི་ལས་ཀ་མང་དུ་བསྒྲུབས་པས། ད་ལྟ་སྤྱི་བདེ་ལས་ཁུངས་ཀྱིས་དུས་བཀག་བཙོན་འཇུག་བྱས་ཡོད་ཟེར། གང་ལྟར་གྲགས་པ་རྒྱ་མཚོའི་སྐོར་གྱི་གཏམ་རླུང་འཚུབ་གཡུགས་གཡུགས་བྱེད་ཚུལ་ལ་བརྟག་ན་ཁོ་ནི་ཁ་ཡོད་ཡོད་ཀུན་གྱི་གླེང་གཞིར་གྱུར་བའི་མི་སྣ་གནད་དོན་ཅན་ཞིག་ཏུ་གྱུར་ཡོད་པ་གསལ་ལེར་རྟོགས་འོང་།

 

 

རྩོམ་སྒྲིག་འགན་ཁུར་བ།  ལྷ་གཡང་ནོར་བུ། 

 


རྩོམ་ཡིག་སྔོན་མ།
ཁྱི་མོ།
རྩོམ་ཡིག་རྗེས་མ།
བུ་མོ་རྟ་གོའི་ཉིན་གཅིག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1