མདང་ནུབ་མཚན་གང་བབས་པའི་ཁ་བ་ད་དུང་ཆད་མེད། གཡང་དཔོན་པ་དོན་གྱིས་དུ་བ་འཕྱུར་བཞིན་པའི་རྫི་ཁང་ནས་ཕྱིར་ཐོན་ཏེ་གནམ་ངོ་རུབ་ཅིང་ཁ་བ་ལྷབ་ལྷུབ་ཏུ་འབབ་པའི་ནམ་མཁར་ལྟ་བཞིན། ཐུའེ། ཇག་གནམ་འདི། མདང་དགོང་ནས་ངུས་ངུས་པར་བསྡད་སོང་། ད་དུང་མཚམས་ཆད་མི་འདུག ཅེས་དམོད་པ་དང་། སླར་ཡང་ལྷས་འགྲམ་དུ་བཏགས་པའི་ཁྱི་རྒན་དེར་ཁྱི་ལྟོ་ཞིག་སྟེར་སྐབས་ཁྱིས་ཁ་གནམ་ལ་གཏད་དེ་ཟུག་ཙམ་བྱས་པ་ན། དེ་རིང་སྤྲང་ཁྱི་འདི་ཀྱང་ངུ་ཡི་འདུག ཅེས་བརྗོད་དེ་དངན་པ་རིང་པོ་ཞིག་འཐེན། ཁ་བ་འབབ་མཚམས་མ་ཆད་ན་ལུག་རྩྭ་སར་འཚོ་ཐབས་མེད་སྟབས་རྩིག་ངོས་མི་སྙོམས་ཤིང་ད་ལྟ་རང་ཀླད་རྡིབ་མི་ཡོང་ངམ་སྙམ་པའི་རྫི་ཁང་ནང་དུ་ཕྱིར་འཛུལ་ནས་ཁ་སྔོན་ལུག་བདག་གིས་བསྐྱལ་བའི་ལ་ཕུག་དེས་ཐུག་པ་ཞིག་བསྐོལ་དགོས་སྙམ། ཁོས་གོམས་གཤིས་ལྟར་རླུང་འཕྲིན་གྱི་གློག་སྒོ་ཕྱེ། རླུང་འཕྲིན་ནང་དགའ་དགའ་སྤྲོ་སྤྲོ་གནང་དང་། །སྐྱིད་པའི་རྩ་བ་ཚུགས་སོང་།། ཞེས་པའི་གཞས་ཤིག་བཏང་བྱུང་། རྣམ་ཀུན་ཡིན་ན་ཁོས་ལུག་ཁྱུ་རི་འགོའི་རྩྭ་སར་བཀྲམ་རྗེས་རང་ཉིད་གཅིག་པུ་རླུང་འཕྲིན་ནང་གི་གཞས་གདངས་དང་ལྷན་དུ་སྐད་གསང་མཐོན་པོས་གླུ་གཞས་ལེན་གྱི་ཡོད་མོད། འོན་ཀྱང་དེ་རིང་ནི་ཁ་བ་བབ་ནས་ཁོའི་ལུག་རྩྭ་སར་གཏོང་ཐབས་བྲལ། ཁོའི་སེམས་ནང་། ལྟས་ངན། དགའ་དགའ་སྤྲོ་སྤྲོ་རང་ཡོང་། ཇག་གནམ་འདི་ད་དུང་བབ་ན་ལུག་བདག་ཚོར་ལུག་རྩྭ་སྐྱེལ་བར་ཡོང་རྒྱུའི་ལན་གཏོང་རྒྱུ་ལས་འོས་མེད་སྙམ་བཞིན། རྣམ་ཀུན་ཆེས་ཉན་པར་སྤྲོ་བའི་རླུང་འཕྲིན་ལ་ཡང་སུན་སྣང་ཞིག་སྐྱེས་ཏེ་གློག་སྒོ་བཀག རྫ་ལའི་ནང་མེ་ལྕེ་དམར་ལམ་ལམ་དུ་འབར་བཞིན་འདུག་ལ། རྫ་ལའི་སྟེང་དུ་བསྐྱོན་པའི་ཐུག་ཆུ་ཡང་ཁོལ་བྱུང་བས་ལ་ཕུག་དང་ཐུག་?ར་དེའི་ནང་བཏབ། སླར་ཡང་རྫ་ལའི་ནང་ལྕི་བ་སྐམ་པོ་ཁ་ཤས་བཏབ་ནས་བསྡད་པ་ན། འདས་སོང་གི་འཚོ་བའི་བརྒྱུད་རིམ་ཞིག་ཡིད་ལ་ཤར།
དེ་ནི་ཁོ་དམའ་རིམ་སློབ་འབྲིང་དུ་འགྲིམ་པའི་སྐབས་སུ་རེད། སྐབས་དེར་ཁོ་སློབ་སྦྱོང་ལ་བརྩོན་ཞིང་སྤྱོད་ལམ་བཟང་བས། དགེ་རྒན་ཚོའི་མིག་ནང་གི་སློབ་མ་བཟང་པོ་ཞིག་དང་། སློབ་གྲོགས་ཚོའི་མིག་དཔེ་བལྟ་ཡུལ་ཞིག་ཡིན། ཁོའི་སེམས་ནང་ནམ་ཞིག་ངས་མི་དམངས་ཀྱི་སྨན་པ་བཟང་པོ་ཞིག་བྱ་དགོས་སྙམ་སྟེ་སློབ་སྦྱོང་ལ་སྔར་བས་འབད་བརྩོན་ལྷོད་མེད་བྱས་མཐར་གྲོང་ཁྱེར་གྱི་ལྟེ་བའི་མཐོ་འབྲིང་དུ་ཚུད། མཐོ་འབྲིང་དུ་ཚུད་པའི་ལོ་དེར། ཁོ་ཕོ་ལོ་བཅུ་བདུན་ཡིན། ཁོ་ནི་སློབ་སྦྱོང་ལ་སྦྱངས་བརྩོན་ཆེ་ཞིང་། ཕོ་ཉམས་དོད་ལ་བལྟས་པ་ཙམ་གྱིས་ཡིད་དབང་འཕྲོག་དགོས་པའི་སྐྱེ་གཟུགས་གཞན་དང་མི་འདྲ་བ་ཞིག་ཡོད་སྟབས། སློབ་ཕྲུག་བུ་མོ་ཚོའི་ཁྲོད་ན། གངས་དཀར་སེམས་ཀྱི་ཕོ་བྲང་ནང་ཉིན་དང་མཚན་ལ་སྒུག་པའི་སེམས་དབུས་ཀྱི་རྒྱས་སྲས་སུ་བསུ་བར་འདོད་མཁན་མང་ནས་མང་དུ་འགྲོ་བཞིན་ཡོད། དེ་དག་གི་དབུས་སློབ་མ་པད་མ་གཡང་སྐྱིད་གཞན་དང་མི་འདྲ་བའི་ཐབས་ལ་མཁས་པ་ཞིག་ཡིན། མོས་སློབ་ཕྲུག་གཞན་ཚོས་མ་ཤེས་སར་པ་དོན་གྱི་སྒྲོག་ཙེའི་ནང་དུ་རྔན་པ་བླུགས་པའམ་ཡང་ན་པ་དོན་གྱིས་རྒྱུན་དུ་ཆེས་མོས་པར་བྱེད་པའི་བོད་ཡིག་སློབ་དེབ་གསེང་དུ་སྒོར་མོ་ལྔ་བཅུ་ཙམ་ཡང་ཡང་བླུག་གི་ཡོད། གཅིག་བྱས་ན་ལོ་ཟླའི་འཁོར་རྒྱུགས་ཀྱིས་དེད་པའི་ལང་ཚོའི་དཔལ་ཡོན་རིམ་བཞིན་རྒྱས་ཏེ་བྱིས་དུས་སུ་རྟོགས་པར་དཀའ་བའི་འཇིག་རྟེན་གྱི་གསང་བ་མང་པོ་ཞིག་རིམ་བཞིན་ཤེས་འདོད་པས་ཡིན་ཀྱང་སྲིད་མོད། གང་ལྟར་པད་མ་གཡང་སྐྱིད་ཀྱིས་པ་དོན་ལ་འཛིན་པའི་དམིགས་བསལ་སྣང་ཚུལ་དེར། ཁོས་འགོག་རྒོལ་བྱ་བའི་སྤོབས་པ་བྲལ།
དེ་ནི་ཁོ་འདི་གར་སླེབས་ནས་ལུས་རྩལ་འགྲན་ཚོགས་ཐེངས་གཉིས་པ་གྲོལ་བའི་ཉིན་དེའི་དགོང་མོ་རེད། ཁོས་པད་མ་གཡང་སྐྱིད་ཀྱི་འཇམ་ལ་མཉེན་པའི་ལག་ཟུང་དམ་པོར་འཇུས་ཏེ་གྲོང་ཁྱེར་མཐའ་རུ་ཡོད་པའི་སྤྱི་གླིང་ནང་འཆམ་འཆམ་དུ་འགྲོ་བཞིན་ཡོད། གང་འཚམ་ཡོལ་རྗེས་ཁོ་གཉིས་རྐུབ་སྟེགས་ནར་མོ་ཞིག་གི་སྟེང་བསྡད་དེ་པད་མ་གཡང་སྐྱིད་ཀྱི་མགོ་བོ་རང་གི་དཔུང་པར་བསྙེས་ནས་ཕན་ཚུན་དབར་བཤད་ནས་རྫོགས་རྒྱུ་མེད་པའི་གཏམ་གླེང་ཅི་རིགས་ལ་རོལ་བཞིན་མུན་པས་ས་གཞི་ཡོངས་སུ་བཏུམས་ཤིང་ནམ་མཁའི་སྐར་གྲལ་ཁྲ་ལྷམ་མེར་འགྲིག འོན་ཀྱང་གཉིས་ཀའི་སེམས་པར་མངོན་མེད་འཆིང་ཐག་ཅིག་གིས་ཕན་ཚུན་དམ་པོར་སྦྲེལ་བ་ལྟར་འབྲལ་མི་འདོད་པར་སྣང་། པད་མ་གཡང་སྐྱིད་ཀྱིས་ཁྱིམ་ལ་ཁ་པར་བཏང་། པཱ་ལགས། དེ་རིང་ང་ཚོ་ལུས་རྩལ་འགྲན་ཚོགས་གྲོལ་བའི་ཉིན་དེ་ཡིན་སྟབས། རྒན་ལགས་ཀྱིས་དོ་ནུབ་སློབ་གྲོགས་ཚོ་དང་མཉམ་དུ་གླུ་གཏོང་གར་འཁྲབ་བྱ་རྒྱུ་ཡིན་ཟེར་གྱི་འདུག་ཅེས་བཤད། ཨ་ཕས་འོ་ན་རྒན་ལགས་ལ་ཁ་པར་སྤྲོད་དང་ཞེས་བརྗོད་པར། མོས་རྒན་ལགས། ངའི་པཱ་ལགས་ཀྱིས་ཞལ་པར་གསན་དང་གསུང་གི་འདུག་ཅེས་རྗོད་བཞིན་ཁ་པར་པ་དོན་ལ་སྤྲད། པ་དོན་གྱིས་ཁ་པར་ལག་ཏུ་བླངས་ཏེ། ཨོ། ཕ་ལགས་སྐུ་ཁམས་བཟང་། དོ་ནུབ་ངེད་འཛིན་གྲྭའི་སློབ་ཕྲུག་ཚོ་སྤྲོ་སྐྱིད་གཏོང་བཞིན་ཡོད་པས་སློབ་མ་ཕལ་ཆེ་བ་ཉལ་ཁང་ནང་འཇོག་རྩིས་ཡོད། ངས་ཁོ་ཚོར་རང་རང་གི་ཁྱིམ་ལ་ལན་ཐོངས་ཞེས་བརྗོད་པ་ཡིན་ཞེས་བཤད། ཕ་རོལ་ནས་ལགས་སོ་རྒན་ལགས་ཐུགས་རྗེ་ཆེ། ཐུགས་རྗེ་ཆེ་ཞེས་རྗོད་བཞིན་ཁ་པར་བཀག དེའི་ནུབ་མོར་ཁོ་གཉིས་མགྲོན་ཁང་ཞིག་ལ་སོང་། ཐོག་མར་ཕོར་ཐུག་རེ་སྦངས་ནས་བཏུངས་རྗེས་བརྙན་འཕྲིན་ལ་ལྟ་བཞིན་བསྡད། གང་འཚམ་དུ་བརྙན་འཕྲིན་ནང་དུ་གཞོན་ནུ་ཕོ་མོ་གཉིས་ཕན་ཚུན་བརྩེ་བ་ཆེན་པོས་མཆུ་དང་མཆུ་སྦྱར་ཞིང་། ལུས་དང་ལུས་འཁྱུད་དེ་ཕོ་མོ་ཟུང་གི་ལང་ཚོའི་བུ་རམ་ལ་མྱོང་རོལ་བྱེད་བཞིན་པ་མཐོང་། པ་དོན་གྱིས་ཀྱང་པད་མ་གཡང་སྐྱིད་ཀྱི་ལག་པར་འཇུས་ནས་རིམ་བཞིན་མོའི་དཔྲལ་བ་དང་། སྣ། མཆུ་སོགས་ལ་རྐང་དྲུག་བུང་བས་ཞིམ་མངར་རོ་བཅུད་ལྡན་པའི་སྦྲང་རྩིའི་བཅུད་ལ་རོལ་བ་ལྟར་བགྱིས་པ་ན། མོས་ཀྱང་དེ་ལ་འགོག་རྒོལ་གྱི་ཚུལ་ཙམ་མེད་པར་མིག་གཉིས་བཙུམས་བྱུང་། ……
ཁོ་ནི་པད་མ་གཡང་སྐྱིད་ཀྱི་ཞལ་ཁ་ཕྱེས་མ་ཐག་པའི་ལང་ཚོའི་མེ་ཏོག་གི་གེ་སར་འཐུ་མཁན་ཐོག་མ་དེ་ཡིན་ལ། པད་མ་གཡང་སྐྱིད་ཀྱང་པ་དོན་གྱི་མི་ཚེ་གཅིག་གི་རིང་ལུས་སེམས་གཉིས་ལ་བདེ་བ་འཛད་མེད་སྦྱིན་མཁན་གཅིག་པུ་དེའང་ཡིན། དེ་ནས་བཟུང་མོས་གཟའ་མཇུག་ཚེས་རིམ་བཞིན་ཕ་མ་གཉིས་ལ་ད་ཐེངས་བྱེད་སྒོ་འདི་འདྲ་ཞིག་ལ་ཞུགས་དགོས་ཟེར་བའམ་ཡང་ན། གཟའ་མཇུག་ཏུ་ཁ་གསབ་སློབ་ཚན་འཚོག་དགོས་ཞེས་བརྗོད་དེ་ནང་དུ་ལོག་གི་མེད་ལ། པ་དོན་གྱིས་ཀྱང་ཁྱིམ་ལ་ཁ་པར་གཏོང་རིམ་བཞིན་ད་ཐེངས་སློབ་དེབ་ཀྱི་རིན་པ་ག་ཚོད་ག་ཚོད་བསྡུ་དགོས་པའམ་ཡང་ན་དཔྱད་གཞིའི་ཡིག་ཚགས་ཉོ་བྱེད་ཀྱི་དངུལ་ག་ཚོད་ག་ཚོད་དགོས་ཞེས་བརྗོད་དེ་ཁོ་གཉིས་མགྲོན་ཁང་དུ་ཡང་ཡང་སོང་།
མཐོ་འབྲིང་ལོ་རིམ་གསུམ་པ་ནི་སུས་ཀྱང་ཤོད་མ་དགོས་པའི་འགག་རྩའི་དུས་ཤིག་རེད། མཐོ་རྒྱུགས་ཉེ་བར་བཅར་བའི་སྐབས་དགེ་རྒན་ཚོས་ཧ་ལམ་སློབ་ཚན་རེ་རེར་མཐོ་རྒྱུགས་ཀྱི་གལ་འགངས་རང་བཞིན་ཐེངས་རེ་གསུང་གི་ཡོད་ལ། སློབ་ཚན་སོ་སོའི་གཙོ་གནད་ཀྱི་ནང་དོན་དག་ནི་སློབ་མའི་གདོང་ལ་ཡི་གེ་མ་བྲིས་ཙམ་གྱི་བསྐྱར་སྦྱོང་ཡང་ནས་བསྐྱར་དུ་གནང་གི་ཡོད། སློབ་གྲོགས་ཕལ་ཆེ་བས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཚན་ལ་ཉན་ཞིང་། ཡིད་ལ་འཛིན་དཀའ་བ་རྣམས་རེ་རེ་བཞིན་ཟིན་བྲིས་བཏབ་སྟེ། རང་རང་གི་སེམས་ན་ཡོད་པའི་སློབ་གྲྭ་ཆེན་མོར་བསྐྱོད་རྒྱུའི་སྟ་གོན་བྱེད་བཞིན་ཡོད་མོད། འོན་ཀྱང་པ་དོན་དང་པད་མ་གཡང་སྐྱིད་གཉིས་དེ་ལྟར་མིན་པར་ལུས་པོ་སློབ་ཁང་ནང་དུ་ཡོད་ཀྱང་སེམས་པ་སློབ་ཚན་ཐོག་མི་གནས་པར་ཕན་ཚུན་དབར་ཤོག་འཛར་སྟེང་དུ་དེ་རིང་ཟ་མ་ཅི་ཞིག་བཟའ་རྒྱུའམ་ཡང་ན་སློབ་ཚན་གྲོལ་རྗེས་གློག་བརྙན་ཁང་དུ་ལྟད་མོ་གང་ཞིག་བལྟ་འདོད་ཡོད་ཅེས་པའི་ཡི་གེ་གཏོང་རེས་བྱས་ཏེ་སྡོད་ཀྱི་ཡོད།
ཐུག་ཆུ་ལྷོག་ལྷོག་ཏུ་ཁོལ་བཞིན་ལུད་དེ་རྫ་ལའི་སྟེང་དུ་ཐོར་བས་ཚུར་ཚུར་ཚུར་ཞེས་པའི་སྒྲ་ཞིག་གྲགས་པ་དང་ལྷན་གོ་ཐལ་སྐྱ་འཚུབ་འཚུབ་ངང་འཕྱུར་བྱུང་བ་ན། ཁོའི་དྲན་པའང་ནང་དུ་བཀུག ཁོས་མགྱོགས་མྱུར་ཚིལ་ལུ་རྙིང་པ་ཏོག་ཙམ་ཞིག་ཐུག་ཁོག་ནང་བླུགས་པས་ད་གིན་ལུད་ཡོང་བའི་ཐུག་པ་དེ་ཡང་རིམ་གྱིས་འཇགས། དེ་ནས་ཐུག་སྤག་ཡིད་ཚིམས་པ་ཞིག་ཟོས་རྗེས་ཕྱི་རོལ་ཏུ་སོང་བས་ཁ་བ་ད་དུང་ཡང་ཆད་མེད། ད་ནི་ལུག་བདག་ཚོར་ལན་ཞིག་གཏང་རྒྱུ་ལས་འོས་མེད་སྙམ་བཞིན་ཁ་པར་བླངས་ཏེ་ལྷས་ཀྱི་རྒྱབ་རིའི་སྟེང་དུ་ཁ་པར་ལ་བརྡ་རྟགས་མ་སླེབས་བར་འཛེགས།
ཕལ་ཆེར་ཕྱིར་འཁོར་ནས་ཆུ་ཚོད་གཉིས་ཙམ་འདས་ཟིན། སྒོ་ཁྱིས་ཟུག་སྐད་བརྒྱབ་བྱུང་། དེ་དང་ལྷན་དུ་རྟ་བོང་གི་སྐེའི་དྲིལ་སྒྲ་ཞིག་ཀྱང་བྲག་ཅ་འཁོར་བ་བཞིན་གསལ་ལ་མི་གསལ་ཞིག་ཐོས་ཡོང་། ཁོས་མགྱོགས་མྱུར་ཇ་ཐང་གར་པོ་ཞིག་བཟོས་རྗེས་ལུག་བདག་རྣམས་ཡོང་རྒྱུར་སྒུག་བཞིན་བསྡད།
མཐོ་རྒྱུགས་གཏོང་སྐབས་ཁོ་གཉིས་ཀྱི་རྒྱུགས་ར་ཁག་ཁག་ཡིན། ཁོའི་རྒྱུགས་ར་གྲོང་ཁྱེར་གྱི་ནུབ་ཏུ་ཡོད་པའི་སློབ་ཆུང་ཞིག་ཏུ་ཡིན་པ་དང་།
པད་མ་གཡང་སྐྱིད་ཀྱི་རྒྱུགས་ར་ནི་སློབ་གྲྭ་དེ་རང་དུ་ཡིན། མཐོ་རྒྱུགས་གཏོང་བའི་སྔ་དྲོ་དེར་ཁོ་ཆུ་ཚོད་དྲུག་པར་མལ་ལས་ལངས་པ་དང་། ཁ་ངོ་གཙང་མ་བཀྲུས་ཤིང་ཞོགས་ཟས་ཟོས་རྗེས། སྤྱི་སྤྱོད་རླངས་འཁོར་ལ་བསྡད་དེ་རྒྱུགས་རར་ཐོན། མོའི་ཕ་མ་གཉིས་ཀྱིས་པད་མ་གཡང་སྐྱིད་ཀྱང་རྒྱུགས་རར་བསྐྱལ། ཁོ་ཆུ་ཚོད་ཕྱེད་ཀ་ཙམ་གྱི་སྔོན་ལ་རྒྱུགས་རར་འཛུལ་ཞིང་། ཕ་ཡུལ་གྱི་བླ་སྤྲུལ་ག་གེ་མོས་ལྗགས་ཕུ་བཏབ་ཅིང་སྒྲུབ་པ་གནང་སྟེ་བསྐུར་ཡོང་བའི་སྲུང་མདུད་དེ་རང་གི་སྨྱུག་སྒམ་ནང་བཅུག་པ་དང་། བྲང་འོག་ཏུ་བཅུག་པའི་ཤོག་ལྷེབ་དེའི་སྟེང་ལག་པས་བནན་ཙམ་བྱས་ཏེ་སེམས་ཀྱི་དངངས་སྐྲག་འཇགས་ཐབས་བྱས། ཕལ་ཆེར་སྐར་མ་ཉི་ཤུ་ཙམ་ཡོལ་རྗེས་རྒྱུགས་དཔོན་མི་གསུམ་དུས་གཅིག་ཏུ་རྒྱུགས་རར་འཛུལ་ཡོང་བས། ད་ལྟ་འཇགས་མ་ཐག་པའི་ཁོའི་དངངས་སྐྲག་དེ་སླར་ཡང་འཕེལ། རྒྱུགས་དཔོན་གྱིས་ཡིག་ཚད་རྐུ་བཤུ་བྱས་ན་ཡིག་རྒྱུགས་གཏོང་བའི་ཐོབ་ཐང་མེད་པར་བཟོ་རྒྱུ་དང་། དེ་ལས་ཚབས་ཆེ་ན་ཁྲིམས་ཆད་འཕོག་སྲིད་པས་ཚང་མས་ཡིད་གཟབ་བྱ་དགོས་ཞེས་ནན་བཤད་བྱས་པ་ན། ཁོའི་རེ་བ་རྟ་རྔ་ཙམ་དེ་ཡང་རྨང་ནས་བཅོམ། རྒྱུགས་དཔོན་གྱིས་སློབ་མ་རེ་རེའི་ལག་ཏུ་རྒྱུགས་ཤོག་ཤོག་གྲངས་བདུན་རེ་དང་ལན་འདེབས་ཤོག་བྱང་རེ་སྤྲད། ཁོས་མིང་བྲིས་རྗེས་རྒྱུགས་ཤོག་གི་ནང་དོན་རྣམས་ལ་རེ་རེ་བཞིན་བལྟས་པ་ན། མང་པོ་ཞིག་ཉེ་ཆར་རྒན་ལགས་ཀྱིས་བསླབས་པའི་ནང་དོན་དང་འདྲ་ཡང་། ལག་པ་འགུལ་ནས་འབྲི་བར་རྩོམ་དུས་ཡང་དག་པའི་ལན་འདི་རེད་ཅེས་འབྲི་ཐུབ་པའི་དྲི་གཞི་རྐང་གཅིག་ཀྱང་མེད། ཉིན་གསུམ་གྱི་ཡིག་རྒྱུགས་དངངས་སྐྲག་དང་བློ་ཕམ་ལས་མ་འདས། ཡིག་རྒྱུགས་ཚར་རྗེས་ཁོ་རྒྱུགས་ར་ལས་བྲལ་ཏེ་སྨྱུག་སྒམ་ནང་གི་སྲུང་མདུད་ཕྱིར་བཏོན་ནས་འགག་རྩའི་སྐབས་སུ་ཕན་ཐོགས་གཅིག་ཀྱང་མི་འདུག་ཅེས་རྗོད་བཞིན་ཐང་ལ་གཡུགས་ཏེ་?ག་བརྫིས་བཏང་རྗེས་སློབ་གྲྭར་བསྐྱོད། སློབ་གྲྭའི་ནང་སློབ་གྲོགས་ཚོས་རྒན་ལགས་ལ་ཁ་བཏགས་གཡོགས་པ་དང་། སློབ་གྲོགས་ཕན་ཚུན་དབར་ཁ་བཏགས་གཡོག་རེས་བྱས་ཏེ་གྱེས་བྲལ་ཞུ་བཞིན་འདུག ཁོས་མགྱོགས་མྱུར་སློབ་གྲྭའི་སྒོ་འགྲམ་གྱི་ཚོང་ཁང་ལས་ཁ་བཏགས་ཆག་པ་གསུམ་ཙམ་ཉོས་ཏེ་གུས་ལུགས་མཚོན་ཕྱིར་ཐོག་མར་རྒན་ལགས་ལ་ཁ་བཏགས་གཡོགས་པ་དང་དེ་ནས་སློབ་གྲོགས་གཞན་ཚོར་རེ་རེ་བཞིན་ཁ་བཏགས་གཡོགས་ཏེ་མགྱོགས་མྱུར་ཉལ་ཁང་དུ་ཅ་དངོས་བསྡུ་གསོག་རྒྱག་པར་སོང་། ཉལ་ཁང་ནང་སླེབས་རྗེས་པད་མ་གཡང་སྐྱིད་ཀྱིས་སྤྲད་པའི་ཤེལ་ཕོར་དེ་དང་སློབ་གྲོགས་ཚོས་བྲིས་པའི་དྲན་རྟེན་གྱི་དེབ། ད་དུང་ཁོ་གཉིས་ཀྱིས་སྐད་ཆ་ཤོད་སའི་ཟིན་དེབ་དེ་ཕུད། གཞན་གྱི་སློབ་དེབ་དག་གཡུགས་པ་དང་། ཁྱིམ་ནས་ཁྱེར་ཡོང་བའི་ཉལ་ཆས་དེ་ཡང་རང་སར་བཞག་སྟེ་པད་མ་གཡང་སྐྱིད་ཁོ་གཉིས་འཛོམས་འདུས་བརྒྱབ་པའི་ས་ཆར་བསྐྱོད། དེའི་ནུབ་མོར་ཁོ་གཉིས་ཀྱིས་ཟ་ཁང་ཅུང་གྲ་རྒྱས་ས་ཞིག་ཏུ་གྱེས་བྲལ་གྱི་སྟོན་མོར་རོལ་རྗེས་མགྲོན་ཁང་ཞིག་ལ་སོང་། ཉིན་གསུམ་གྱི་རིང་ཁོས་པད་མ་གཡང་སྐྱིད་ལྷག་པར་དྲན་ཡང་། མོ་ཕ་མ་མཉམ་དུ་ཡོད་སྟབས་ཐུག་འཕྲད་བྱེད་ཐབས་བྲལ། ཁོ་གཉིས་འགྲུལ་ཁང་ནང་སླེབས་མ་ཐག་ཁྱི་ལ་གློ་བ་འཕྲད་པ་བཞིན་བསམ་ལོང་དྲན་ལོང་མེད་པར་མོ་ཉལ་ཁྲིའི་སྟེང་དུ་མནན་ནས་……
ཁོ་གཉིས་ཀྱི་དམག་འཐབ་མཇུག་གྲིལ་རྗེས། ཕན་ཚུན་གཅིག་གིས་གཅིག་ལ་བསྙེས་ཏེ་གཏམ་གྱི་སྨྲ་སྒོ་ཕྱེ། པ་དོན་གྱིས་པད་མ་གཡང་སྐྱིད་ལགས། ད་ཐེངས་ངའི་ཡིག་རྒྱུགས་དེར་རེ་བ་ཕྲན་ཙམ་ཡང་མེད། ཡིན་ནའང་ཁྱེད་རང་སེམས་ཁྲལ་བྱེད་མི་དགོས། ངས་ཁྱེད་དང་མཉམ་དུ་མི་ཚེ་སྐྱེལ་རྒྱུའི་དམ་བཅའ་བཞག་ཟིན་ཞེས་བརྗོད་པ་ན། མོས། པ་དོན་ལགས། གལ་སྲིད་ང་དང་མཉམ་དུ་མི་ཚེ་སྐྱེལ་འདོད་ཡོད་ན། ཁྱེད་ཀྱིས་ངེས་པར་དུ་ཡིག་ཚད་ལོན་པ་བྱེད་རོགས། ངའི་པཱ་ལགས་ཀྱིས་མི་གཞན་ལ་མངགས་ནས་ཡིག་ཚད་ལོན་ཐབས་བྱས་ཆོག་གསུངས་བྱུང་། གལ་ཏེ་ཁྱེད་རང་ཡིག་རྒྱུགས་མ་ལོན་ཚེ་ང་གཉིས་ཁ་འབྲལ་རྒྱུ་མ་གཏོགས་མེད། ཅེས་བཤད་དེ་ཉིན་ཤས་གོང་དམྱལ་བའི་འཕྲང་འགག་ལ་འགྲིམ་དགོས་ཀྱང་གཅིག་གིས་གཅིག་བློས་གཏོང་འདོད་མེད་པར་བཟའ་ཚང་ལྟ་བུའི་འཚོ་བར་རོལ་བཞིན་པའི་གཞོན་ནུ་ཟུང་ད་ཆར་ཁུ་སིམ་སིམ་ངང་རང་རང་གི་མ་འོངས་པར་འཆར་འགོད་བྱེད་བཞིན་ལུས།
གཡང་དཔོན་ལགས། བཞུགས་ཨེ་ཡོད། ཅེས་འབོད་པ་ཐོས་པ་ན། ཁོས་རང་ཉིད་འབོད་མཁན་གྱི་མི་དེ་ལུག་བདག་ཡིན་པ་གསལ་པོར་མཐོང་ཡང་། ཕྱི་རུ་ཁ་བའི་དཀྱིལ་དུ་ཡུན་རིང་ཡོང་མཁན་གྱི་ལུག་བདག་དེས་སྒེའུ་ཁུང་ཙམ་ཡང་མེད་པའི་ནག་ཐིང་ཐིང་གི་རྫི་ཁང་ནང་དུ་དངོས་པོ་ཅི་ལ་མཐོང་། ཁོས་ལུག་བདག་ལ་ཡར་ཕེབས་ཤོག་ཅེས་བརྗོད་དེ་སྔ་ས་ནས་གྲ་སྒྲིག་བྱས་ཟིན་པའི་ཇ་ཐང་དེ་ལས་ཕོར་པ་གང་བླུགས་རྗེས། མར་གཟེབ་ལས་མར་?ག་རྟ་སོ་ཙམ་ཞིག་ཕོར་པའི་ནང་བཏབ། ཁོ་གཉིས་ཕན་ཚུན་གནམ་གཤིས་དང་ར་ལུག་སྐྱེ་འཕེལ་སོགས་ཀྱི་སྐོར་ལ་གླེང་མོལ་བྱེད་བཞིན་བསྡད། དེ་ནས་རིམ་བཞིན་ལུག་བདག་གཞན་རྣམས་ཀྱང་འབྱོར། ལུག་བདག་ཚོ་སླེབས་རིམ་བཞིན་ཁོ་ལ་གཞི་ནས་རྒྱལ་ཁ་ཐོབ་པའི་སྣང་བ་ཞིག་བྱུང་། རྒྱུ་མཚན་ནི་ལུག་བདག་ཚོས་རྣམ་ཀུན་ཁོ་ལ་གཡང་དཔོན་མཆོད་དང་། གཡང་དཔོན་གནང་ཟེར་བཞིན་མཆོད་ཆང་འདེགས་པར་མ་ཟད། ཆེ་ཆུང་དང་མང་ཉུང་ལ་མ་ལྟོས་པར་འགའ་རེས་ཆང་འགྱིག་དམ་གང་ཙམ་དང་། ཤ་ཏོག་ཙམ། ཐུག་པའི་སྔོ་ཚོད་སོགས་སྟེར་གྱི་ཡོད་པས་ཡིན། ཁོ་ཚོས་ཇ་ཐང་ཁ་ངོམས་པ་ཞིག་བཏུངས་རྗེས་རྟ་བོང་ལ་བཀལ་བའི་རྩྭ་རྣམས་ཕབ་ནས་ཅུང་གཤོང་སའི་ན་ཁར་སྤེན་ཕྱགས་ཀྱིས་རོབ་ཙམ་ཕྱགས་ཏེ་རྩྭ་བཀྲམ་པ་དང་། གཡང་དཔོན་པ་དོན་གྱིས་ལྷས་ཀྱི་ལུག་རྣམས་རྩྭ་བཀྲམ་སའི་ཕྱོགས་སུ་དེད།
ད་ནི་ཁ་བ་ཡང་འབབ་མཚམས་ཆད་དེ་ཉི་མས་སྤྲིན་པའི་གསེབ་ནས་མགོ་བོ་འབུར་ཙམ་བྱས་བྱུང་། ལུག་བདག་ཚོ་ཡང་རྫི་ཁང་ལས་ཕྱིར་དོན་ཏེ་ལུག་ལྷས་འགྲམ་དུ་སླེབས། པ་དོན་གྱིས་འདི་ལོ་སྤྱིའི་ཆ་ནས་གནམ་གཤིས་ལེགས་པས་གཡང་མོའི་སྐྱེ་འཕེལ་བཟང་པོ་ཡོང་བཟོ་འདུག་མོད། ད་ཐེངས་ཀྱི་ཁ་བ་འདི་མུ་མཐུད་བབ་ན་གང་འདྲ་ཞིག་ཡོང་མིན་ཚོད་དཔག་བྱེད་དཀའ། རི་སྟེང་གི་གངས་དག་ཉིན་ཤས་མ་ཞུ་ཚེ། ལུག་རྣམས་ཁྱིམ་ཚང་སོ་སོའི་ནང་དུ་འཚོ་སྐྱོང་བྱ་བའམ་ཡང་ན་སླར་ཡང་རྩྭ་སྐྱེལ་བར་ཡོང་བ་གཉིས་གདམ་ག་གཏང་རྒྱུ་ལས་འོས་མེད་ཅེས་བརྗོད་པར། ལ་ལས་ཁ་བ་མ་ཞུ་ན་ལུག་རྣམས་ཁྱིམ་ཚང་སོ་སོས་འདེད་རྒྱུ་ཡིན་ཟེར་བ་དང་། ལ་ལས་དེ་རིང་གི་གནམ་གཤིས་ལ་བལྟས་ན་རི་སྟེང་གི་ཁ་བ་མ་ཞུ་རུང་རི་འདབས་ཀྱི་ཁ་བ་ཞུ་བཟོ་འདུག དོ་ནུབ་སླར་ཡང་ཁ་བ་མ་བབ་ན་སང་ཉིན་རི་གཤམ་གྱི་རྩྭ་སར་དེད་ན་འགྲིག་ཟེར་བ། ཡང་ལ་ལས་རང་གི་སྒོ་ཟོག་ལ་རང་གིས་རྩྭ་མང་ཙམ་སྐྱེལ་ཡང་སྐྱོན་མེད་ཟེར། དེས་ན་པ་དོན་གྱིས་དོ་ནུབ་ཁ་བ་སླར་མ་བབ་ཚེ་ལུག་བདག་རྣམས་ཡོང་མི་དགོས་པ་དང་། དོ་ནུབ་ཁ་བ་སླར་ཡང་བབ་ན་ལུག་རྣམས་ཁྱིམ་ཚང་སོ་སོར་སྤྲོད་རྒྱུ་ཡིན་ཞེས་བཤད་པ་ན། ཚང་མ་དེར་མོས་མཐུན་བྱས་ནས་ཕྱིར་ལོག ཁོ་སླར་ཡང་རང་ཉིད་གཅིག་པུར་ལུག་ལྷས་འགྲམ་དུ་ལུས་ཤིང་། ས་མཐིལ་ཏུ་ལྟག་འགྱེད་ལོག་སྟེ། ནམ་མཁར་ལྟ་བཞིན་མཆིས།
པ་དོན་རང་ཡུལ་དུ་ལོག་ནས་ཡིག་རྒྱུགས་ཀྱི་སྐར་གྲངས་ཐོན་རྒྱུར་བསྒུགས་ཡོད་ཀྱང་དོན་དངོས་ཐོག་མཇུག་འབྲས་གང་འདྲ་ཞིག་ཡོད་མེད་རང་གི་སེམས་ནང་གསལ་པོར་ཤེས་ཀྱི་ཡོད། ཁོ་གྲོང་མིའི་མདུན་དུ་ངོ་ཚ་ཁ་སྐྱེངས་མྱོང་དགོས་ཀྱང་རང་གིས་བཙོས་པའི་ཆང་ཡིན་སྙམ། འཁྱུག་ཙམ་ཞིག་ལ་ཟླ་ཕྱེད་ཡོལ་ནས་ད་ཆ་སྐར་གྲངས་ཐོན་ཡོད། ཁྱིམ་མཚེས་སྒྲོལ་མའི་སྐར་གྲངས237དང་། སྡེ་སྟོད་ཉི་མའི་སྐར་གྲངས340ཟིན་མོད། པ་དོན་གྱི་བསྡོམས་སྐར128ལས་མེད། ད་ནི་ཁོ་?་ལེབ་ཚ་པོའི་སྟེང་གི་གྲོག་མ་བཞིན་ལུས། འོན་ཀྱང་ཁོའི་བསམ་ཡུལ་ལས་འདས་པ་ནི་པད་མ་གཡང་སྐྱིད་ཀྱིས་སྐར280བླངས་ནས་དངོས་གཞིའི་ཚན་ཁག་ཏུ་ཚུད་པ་དེ་རེད། མ་གཞིར་ཁོས་པད་མ་གཡང་སྐྱིད་ཀྱི་སྐར་གྲངས་དེ་ཇི་ལྟར་བྱུང་མིན་གསལ་པོ་ཤེས་ཤིང་། སྔ་ས་ནས་ཁོ་ལ་གོ་བརྡ་གསལ་པོ་སྤྲད་ཟིན་པས་ད་ཆ་རང་འགུལ་གྱིས་མི་འདོད་བཞིན་དུ་མོ་དང་ཁ་འབྲལ་རྒྱུ་ལས་ཐབས་མེད།
དགའ་སྐྱེལ་ཟླ་བའི་ནང་། ལུང་པའི་ནང་དུ་སློབ་གྲྭ་ཆེ་འབྲིང་དང་རྒྱ་ནག་ལ་ཚུད་མཁན་ཚོས་དགའ་སྐྱེལ་བྱ་བའི་ཚ་རླབས་ཤིག་འཕྱུར་བཞིན་ཡོད་མོད། ཁོ་ནི་གཞན་གྱིས་སློབ་གྲྭ་གང་དུ་ཚུད་འདུག་ཅེས་སྐད་ཆ་དྲིས་རུང་། ཐད་ཀར་བརྗོད་མི་ནུས་པར་གནས་སྐབས་རིང་བརྡ་ཐོ་འབྱོར་མ་བྱུང་ཞེས་ལན་བརྒྱབ་སྟེ་སྐད་ཆ་གཞན་ལ་གཡོལ་རྒྱུ་ལས་མེད་ལ། རིམ་བཞིན་ཁྱིམ་གྱི་སྒོ་རུ་ཐོན་པ་ཉུང་ཞིང་ཁོ་དང་འདྲ་བའི་སློབ་མ་རྣམས་ལ་གཅིག་མཇུག་གཉིས་མཐུད་ངང་ཕ་མ་སྤུན་མཆེད་ཚོས་སྐེ་ལ་ཁ་བཏགས་གཡོགས་པ་དང་། ཁ་ཏ་བསླབ་བྱའི་སྐྱེལ་མ་བྱས་ནས་སློབ་ཆེན་རྒྱལ་སྒོར་འགྲིམ་བཞིན་པའི་སྐབས། ཁོའི་ཕ་མ་གཉིས་པོས། ལུང་པའི་མི་ལ་ཡང་ངོ་ཚ་བ། དེ་སྔ་ལུང་པའི་ནང་གི་སློབ་སྦྱོང་ཡག་ཤོས་དེ་ད་ཆ་རྐང་འདྲེན་ཞིག་ཏུ་གྱུར་འདུག ཅེས་གཤེ་བཞིན་ཡོད་ལ་ཁོས་ཀྱང་། ང་སྔ་ས་ནས་སློབ་གྲྭར་འགྲོ་འདོད་མེད་ཅེས་ཁ་ལན་བསློགས་ནས་ཁྱིམ་ཚང་ཡང་རིམ་བཞིན་མི་འཆམ་པར་གྱུར། ད་ནི་ལག་ལ་སྨྱུ་གུ་བཟུང་སྟེ་ཤེས་རིག་སྦྱོང་བའི་བསྐལ་པ་ཆད་ཟིན་པས་དཔུང་པ་ས་འོག་ཏུ་བཅུག་ནས་དཀའ་ལས་རྒྱག་པའི་ལས་དབང་ཞིག་ཁོའི་དཔྲལ་བར་བསྐོས་ཡོད་པ་འདྲ། དགོང་མོ་ཞིག་ལ་ཁྱིམ་མི་ཚོས་ཁོ་ཡོང་འབབ་གསོག་པར་གཏང་རྒྱུའི་གྲོས་ཐག་བཅད། མིག་སྔར་ཁོ་རང་ཉིད་ཀྱི་སེམས་ལའང་ལས་དེ་ལས་འཚམ་པ་ཞིག་མེད་སྙམ་ནས་ཁས་ལེན་བྱས་པར་མ་ཟད། སང་ཉིན་རང་ཐོན་རྒྱུ་ཡིན་ཞེས་བཤད་དེ་ཨ་མས་རྩམ་པ་རས་ཕད་ཆེ་བ་གང་དང་། མར་ལྟང་ཆུང་གཅིག ཤ་བཞི་ལིང་གཅིག ཉལ་ཆས་བཅས་བསྐུར་ནས་དེ་སྔོན་ནག་ཆུར་ཨར་ལས་སོང་མྱོང་བའི་ཅོག་བུ་ཆུང་མཉམ་དུ་བཏང་། ལས་ཡུལ་དུ་སླེབས་རྗེས་ཐོག་མའི་ཉིན་ཤས་རིང་ཁོས་སྡུག་རུས་ཀྱིས་ལས་ཀ་ཧུར་ཐག་བྱས་ཀྱང་རྣམ་ཀུན་ལས་ཀ་བྱས་མྱོང་དེ་ཙམ་མེད་སྟབས་ལག་པར་སེར་ཁ་གས་ཤིང་། ལུས་ཀྱི་ཆ་ཤས་གང་ས་གང་ནས་ན་ཚ་དང་ཟུག་གཟེར་མི་ཉུང་བ་ཞིག་གཏོང་བར་མ་ཟད། མལ་སར་སླེབས་ན་རང་སར་གཉིད་ལ་ཡུར་འགྲོ། དུས་ཡུན་ཟླ་བ་གཉིས་རིང་གི་ལས་ཀ་ཚར་རྗེས་རང་ཉིད་ཀྱི་མི་ཚེའི་ཁྲོད་དུ་ཐེངས་དང་པོར་བསགས་པའི་ཡོང་འབབ་སྒོར་བཞི་སྟོང་ཙམ་ཞིག་བྱུང་། འོན་ཀྱང་ཟླ་བ་གཉིས་རིང་གི་དཀའ་ལས་དང་ཡོང་སྒོ་གཉིས་དོ་སྙོམས་པ་ཞིག་མི་འདུག་སྙམ་ནས་ཡོང་འབབ་གསོག་པར་འགྲོ་འདོད་མ་བྱུང་།
ལུག་ཁ་ཤས་ཀྱིས་རྩྭ་བཟས་ཚར་རྗེས་གྲོག་ཤུར་གྱི་ཕྱོགས་སུ་རྒྱུག་འགྲོ་བཞིན་འདུག ཁོས་ཁོ་ཚོ་ཁ་སྐོམ་པ་མིན་ནམ་སྙམ་སྟེ་རྗེས་སུ་ལུས་པའི་ལུག་ཀྱང་གྲོག་ཤུར་ནང་གི་ཆུ་ཕྲན་སྐུད་པའི་ཕྲ་སྦོམ་ཙམ་དེའི་ཕྱོགས་སུ་དེད། ད་ལྟ་གནམ་གཤིས་དྭངས་ཀྱང་ཉིན་མ་ནུབ་རིའི་ཕྲག་པར་འགེལ་ལ་ཉེ་བས་ཁོས་ལུག་རྣམས་ཕྱིར་ལྷས་ནང་དུ་བཅུག་སྟེ། རྫ་ལའི་ནང་གི་ཐལ་བ་རྣམས་ཧ་ཡང་?ལ་པ་ཞིག་གི་ནང་དུ་བླུགས་ནས་ལུད་ཕུང་གི་སྟེང་དུ་བཤོས་རྗེས་གཅིན་པ་ཞིག་བཏང་། དེ་ནས་རྫི་ཁང་དུ་འཛུལ་ནས་མེ་ཁ་གསོས་ཏེ། རྫ་ལའི་སྟེང་དུ་སྔ་དྲོའི་ཐུག་ལྷག་དེ་བཀབ། ལུག་བདག་གིས་སྤྲད་པའི་མནག་ཤ་དེ་ལས་ཕོར་པ་ཕྱེད་ཀ་ཙམ་ཞིག་གཏུབས་ཏེ་དེའི་སྟེང་ཐུག་པ་ཚ་པོ་གང་བླུགས་ནས་བཏུངས། གློག་མེད་པའི་རྫི་ཁང་ནང་མཚན་མོ་འཕྱི་པོ་བསྡད་ན་མེ་ཤིང་ཟད་རོགས་དང་སྐྱོ་རོགས་ལས་མེད། ཁོས་སླར་ཡང་ཆང་ཕོར་པ་གསུམ་བཞི་ཞིག་བཏུངས་རྗེས་མལ་སར་འཛུལ། དེ་ལྟར་དོ་ནུབ་ཁ་བ་འབབ་མི་ཡོང་ངམ་སྙམ་པའི་སེམས་ཁྲལ་དང་ཕྱིར་དྲན་དུ་མ་ཞིག་གི་འགལ་འདུའི་འོག་གཡང་དཔོན་པ་དོན་རིམ་བཞིན་གཉིད་ལ་ཡུར།
ཐེངས་འདིའི་ཡོང་འབབ་གསོག་པར་བསྐྱོད་རྗེས་ཁོ་ལ་ཕམ་ཁ་ཟད་མཐའ་མེད་པ་ཞིག་སྦྱིན། མ་མཐར་ཁོས་དེ་ལྟར་བསམ་གྱི་ཡོད། གལ་ཏེ་མཐོ་རྒྱུགས་ཀྱི་སྐར་གྲངས་དེས་མིན་ན་ཁོས་ཡོང་འབབ་གསོག་པར་འགྲོ་མི་སྲིད་ལ་རྣམ་ཀུན་གུང་གསེང་སྐབས་སུ་ལས་ཀ་ཆུ་ལ་མཛུབ་མོ་འཛུགས་ཙམ་ཡང་མི་བྱེད་མཁན་ཞིག་གིས་ཡོང་འབབ་གསོག་པར་འགྲོ་རྒྱུ་ནི་ལས་སླ་པོ་ཞིག་ག་ལ་ཡིན། དེའང་འཇིག་རྟེན་ཐོག་དཀའ་ངལ་ཆེ་ཤོས་ནི་ལས་རྒྱུ་མེད་པ་དེ་ཡིན་ཟེར་བ་ཅིས་ཀྱང་བདེན། ཁོ་ཁྱིམ་དུ་ཕྱིར་སླེབས་རྗེས་ཉིན་ལྟར་གྲོང་ཚོའི་མདོར་ཡོད་པའི་ཇ་ཁང་དང་ཆང་ཁང་ཁོ་ནར་ཉུལ་བ་ལས་ལས་རྒྱུ་གཞན་མེད། རྔུལ་ཆུས་བསགས་པའི་བརྒྱ་ལོར་དག་ཀྱང་རིམ་བཞིན་རྐྱང་ལོར་ལ་གྱུར། ལོའི་དེ་དགུན་གཞུང་དུ་ཁ་བ་བསྟུད་མར་བབ་སྟབས་གྲོང་ཚོའི་ལུག་རྫིས་ལུག་རྣམས་བདག་སྐྱོང་མ་ཐུབ་པར་ལུག་བདག་སོ་སོར་རྩིས་སྤྲད། ཁོའི་ཕ་མས་འཇམ་པའི་ངག་དང་བརྩེ་བའི་ཁ་བརྡ་བྱེད་བཞིན་ཁོ་ལུག་འཚོ་བར་མངགས། མ་གཞིར་ཡུལ་དེའི་ཁྱིམ་ཚང་སོ་སོར་མང་ན་ལུག་བདུན་ཅུ་བརྒྱད་ཅུ་ཙམ་དང་། ཉུང་ན་ལུག་ཉི་ཤུ་སུམ་ཅུ་ཙམ་ལས་མེད། པ་དོན་གྱིས་ཁྱིམ་མཚེས་ཀྱི་ལུག་ཀྱང་མཉམ་དུ་འཚོ་བར་མ་ཟད། ཁོས་ལུག་འཚོ་བའི་ལོ་དེར་ལུག་ལ་ཤི་གོད་མ་བྱུང་ཞིང་། ལུ་གུ་ཡང་མི་ཉུང་བ་སྐྱེས་པས་རིམ་བཞིན་ལུག་བཅོལ་མཁན་མང་ནས་མང་དུ་སོང་སྟེ། ཕྱི་ལོའི་དབྱར་ཁ་ནས་བཟུང་གཡང་དཔོན་རྙིང་པའི་ལས་འགན་རྦད་དེ་ཁུར།
ལོ་ཟླའི་འགྲོས་ཀྱིས་ཁོ་ནི་ཕོ་ལོ་སུམ་ཅུར་ལོན་ཡོད། མ་གཞིར་འཇིག་རྟེན་མཐུན་འཇུག་བྱ་བའི་དུས་ཚོད་སྔ་ས་ནས་ཡོལ་ཟིན་རུང་། དེང་སྐབས་ཕྱི་ཕྱོགས་སུ་ཡོང་འབབ་འཚོལ་བར་བསྐྱོད་དེ་ཕྱིར་འཁོར་མཁན་གྱི་གཞོན་ནུ་མ་ཆེས་ཉུང་ཤས་ལས་མེད་ལ། མི་ཚེ་རི་ལ་སྐྱེལ་མཁན་གྱི་གཡང་དཔོན་ཅིག་ལ་བློ་སེམས་གཏོད་མཁན་ད་བར་བྱུང་མེད་ཅིང་། ཕྱིས་སུ་འབྱུང་མིན་ཡང་ཚོད་དཔག་བྱེད་དཀའ། འོན་ཀྱང་ཚང་མའི་ངག་ལ་གཡང་དཔོན་པ་དོན་ནི་གྲོང་ཚོའི་ནང་ཅུང་སྐད་གྲགས་ཆེ་བའི་ལུག་རྫི་བཟང་པོ་ཞིག་ཡིན་ཞེས་རྗོད་ཀྱི་ཡོད།
རྩོམ་སྒྲིག་འགན་འཁུར་བ། ལྷ་གཡང་ནོར་བུ།