སྦྱིན་པ་རྣ་རལ།

གཉལ་བུ་བཟང་དགྲ་འདུལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ང་ཚོ་ཁྱིམ་ནས་ཐོན་དུས་ཉིན་བྱེད་དབང་པོ་གྲོང་ཚོའི་ཤར་རིའི་རྩེ་ནས་འཆར་རྒྱུ་ཡིན་ཞིང་སྟོན་ཁའི་གྲང་ཟུག་ངར་བས་མི་ཚང་མས་ཁ་མིག་སྣ་གསུམ་མ་གཏོགས་མགོ་བོ་ཧྲིལ་པོ་བཀབ་ཐུབ་པའི་ཨུ་སུའི་ཞྭ་མོ་ཇ་ཁུ་མདོག་རེ་གྱོན་ཡོད། 

  

        སྦྱིན་པ་རྣ་རལ་གྱིས་ཐ་མག་གི་དུ་དྲེག་གིས་སེར་པོར་ཆགས་པའི་ཡས་སོ་རོང་རོང་དེ་ཕྱིར་བཏོན་ནས"ང་རང་ཚོ་ནི་བརྙན་འཕྲིན་ནང་མཐོང་རྒྱུ་ཡོད་པའི་འཇིགས་གཏུམ་རིང་ལུགས་པ་འདྲ་པོ་ཅིག་འདུག"ཅེས་བརྗོད་པ་དང་ཁའི་གཡས་གཡོན་དུ་གུག་རྟགས་འདྲ་བའི་གཉེར་རིས་ཆ་རེ་མངོན་ཡོང་བས་རང་གི་ན་ཚོད་དངོས་ལས་རྒ་བར་མངོན།   གང་ལྟར་ངེད་ཚང་མ་ཕན་ཚུན་ལྟ་བཞིན་དགོད་སྒྲ་ལྷང་ངེར་བྱུང་། 

  

        ང་ཚོའི་ཡུལ་དུ་ལྷ་བབས་དུས་ཆེན་གོང་དུ་ལོ་གཅིག་དུས་གཅིག་གི་རང་རང་གི་ཁང་ཁྱིམ་གྱང་ལ་དཀར་རྩི་གསོལ་གྱི་ཡོད།   དེ་ཉིན་ང་དང་སྦྱིན་པ་རྣ་རལ།    སྦྱིན་པ་རྣ་རལ་གྱི་གཅེན་པོ་དབང་ལགས་བཅས་ང་ཚོ་ཁུག་ཆ་གྲོང་ཚོའི་ཕོ་ལོ་ཉི་ཤུ་ཡོལ་ཙམ་གྱི་ན་གཞོན་གསུམ་ཁ་ཟླ་བྱས།  བོང་བུ་དགུ་དེད།   ཀ་རྫོང་དང་ཁ་རྫོང་གཉིས་སྦྲེལ་བའི་འཕྲུལ་འཁོར་བགྲོད་བའི་སྣུམ་ནག་གཞུང་ལམ་བརྒྱུད་ལུང་པའི་ཆུ་གཞུང་གི་མདའ་ནས་ཕུ་རུ་ས་དཀར་སྔོག་ལེན་བྱ་པར་ཆས། 

  

        ངས་ཀྱང་སྦྱིན་པ་རྣ་རལ་ཞེས་ཁོང་གི་མཚང་མིང་ཁ་ནས་ཤོར་སོང་།   སྦྱིན་པ་ལོ་དགུ་ལོན་པའི་དགུན་ཁར།   ཁྱིམ་མཚེས་བྱིས་པ་ཁག་ཅིག་དང་མཉམ་དུ་གྲོང་ཚོའི་གཡས་ངོས་རྒྱུགས་ཆུ་དེའི་འཁྱག་པའི་ཐོག་རྩེད་འཇོར་རོལ་དུས།    གློ་བུར་དུ་བྱིས་པ་ལོ་བདུན་བྱས་པ་ཞིག་རྐང་འོག་འཁྱག་པ་?ལ་ནས་ཆུ་ནང་ལྷུངས་པས།    བྱིས་པ་གཞན་ཚོ་ཞེད་ཐག་ཆོད་ནས་ཅི་བྱ་གཏོལ་བྲལ་དུ་ལུས།   ཆུ་རུ་ལྷུངས་པའི་བྱིས་པ་དེ་འཆི་གསོན་གྱི་ཉེན་ཁར་ཐུག་པའི་ཛ་དྲག་གི་སྐབས་དེར།  སྦྱིན་པ་ནི་བྱིས་པ་དེ་དག་ཁྲོད་རྒན་མགོ་མ་ཡིན་པས་ཐེ་ཚོམ་མེད་པར་འཁྱག་པ་?ལ་སའི་མཐའ་ནས་རང་ཉིད་ཀྱི་ལག་ཆུང་གཉིས་ཀྱི་ཤེད་ཤུགས་ལ་བརྟེན་ནས་བྱིས་པ་དེའི་སྲོག་སྐྱོབ་ཐུབ་པ་བྱུང་།   འོན་ཀྱང་སྐབས་དེར་སྦྱིན་པ་རང་ཉིད་འཁྱག་དྲེད་ཤོར་ནས་བརྡབ་པས་རྣོ་ངར་ཅན་གྱི་འཁྱག་རྩེ་ཞིག་སྦྱིན་པའི་རྣ་ལྕོག་གཡས་པར་ཟུག་ཅིང་ཁྲག་དམར་ཆིལ་ལེར་ཐོན།   ལོ་དགུ་ལོན་ཙམ་གྱི་སྦྱིན་པས་རང་གི་བདེ་སྡུག་སྣང་མེད་ངང་འཁྱག་དོང་ནང་ལྷུངས་པའི་བྱིས་པ་གཞན་གི་སྲོག་བསྐྱབས་པ་ན་ངེད་ཡུལ་གྱི་གྲོང་སྟོད་གྲོང་སྨད་ཡོངས་སུ་བུ་སྦྱིན་པ་ནི་སེམས་བཟང་ཅན་གྱི་དཔའ་བོ་ཆུང་ཆུང་ཞིག་ཡིན་ཚུལ་རླུང་ལྟར་གྲགས་པ་བྱུང་།   དུས་དེ་ནས་བཟུང་སྦྱིན་པའི་རྣ་ལྕོག་གཡོན་མའི་ཐོག་རྨ་རྗེས་བྱིའུ་ཁ་ལྟ་བུ་ཞིག་ཆགས།   ང་ཚོ་གྲོང་ཚོ་གཅིག་པའི་ན་ཟླ་ན་མཉམ་ཚོས་ཁོ་ལ"སྦྱིན་པ་རྣ་རལ"ཞེས་འབོད་རྐྱང་བྱེད་ལ་ཁོས་ཀྱང་འཁང་ར་མེད་པར་ཨ་ལན་སྟེར་རྐྱང་བྱེད།  

  

        བསྟན་བཤིག་ཚ་བའི་སྦྱིན་པ་རྣ་རལ་གྱི་ཁ་སོ་སེར་པོའི་དབུས་ནས་ཕྱུང་བའི་གཅིག་མཇུག་གཉིས་མཐུད་ཀྱི་གཏམ་རྒྱུད་ཀྱིས་འདྲེན་པའི་དགོད་སྒྲ་དང་།  བོང་བུའི་སྐེ་རུ་དཔྱང་པའི་དྲིལ་བུའི་སྒྲ་དབྱངས་ལ་བརྟེན་ནས་ང་ཚོས་ཞོགས་པའི་གྲང་ངར་ལས་རྣམ་པར་རྒྱལ།   ཁུག་ཆ་གྲོང་ཚོའི་ས་ལམ་ཆུང་ཆུང་གྲོལ་ནས་སྣུམ་ནག་གཞུང་ལམ་ཐོག་སླེབས་དུས་ཉིན་བྱེད་ཤར་རིའི་ཕང་བ་ནས་གསེར་ཞལ་བཞད་བྱུང་།   གཞུང་ལམ་ཐོག་སྲིད་གཞུང་དཔོན་རིགས་ཀྱི་རླངས་འཁོར་ཆུང་གྲས་དང་དམག་མིའི་རླངས་འཁོར་ས་དོག་སར་ཐུག་དུས་ང་ཚོས་བོང་བུའི་རྐུབ་ལ་ཚོད་མེད་གཞུས་ནས་གང་མགྱོགས་ལམ་གཡོལ། 

  

        ང་ཚོས་གང་དྲག་གྱོན་པ་གྱོན་རུང་གྲོང་ཁྱེར་ནང་གི་མི་ཚོ་ཇི་བཞིན་ལྟ་སྣང་དོད་པོ་ཞིག་ཆགས་ཀྱི་མི་འདུག  ང་ལུས་པོ་རྒྱགས་པ་དང་སྦྱིན་པ་ལུས་པོ་རིད་ཙམ་ཡོད།   དབང་ལགས་གཟུགས་པོ་རིང་ཙམ་ཡོད།    ང་ཚོ་བོང་བུར་བཞོན་ཏེ་ཆུ་ཚོད་གཉིས་ལྷག་གི་འགྲུལ་བཞུད་ཟིན་རྗེས།  གཞུང་ལམ་དང་བར་ཐག་ཉེ་བའི་ས་དཀར་སྔོག་སའི་གླིང་དེར་འབྱོར་བྱུང་།   ངེད་ཚོ་ཚང་མས་ས་ཁུང་རེ་བཙལ་ནས་འཕྱི་བས་རང་ཚང་འདྲུ་བ་ལྟར་བྲེལ།   ཕྱི་དྲོ་ཁྱིམ་དུ་འབྱོར་དགོས་པས་ཚང་མ་རང་ཉིད་གཞན་གྱི་རྗེས་སུ་མ་ལུས་པའི་ཆེད་དུ་དཔྲལ་བའི་རྔུལ་ཆུའང་ཕྱིས་ཁོམ་མེད་པར་ས་དཀར་ལ་འབྲད།    

  

        དུས་ཡུན་ཆུ་ཚོད་གཉིས་ལྷག་འདས་ཙམ་ན།   ང་ནི་ས་དཀར་བོང་བུའི་རྒྱབ་ཆ་ལོངས་ནས་ངལ་གསོ་རྒྱག་རྩིས་ཡོད།   གློ་བུར་དུ"ད་ག་སྡོད།   ཉེན་རྟོག་པ་ཡིན།"ཞེས་པའི་སྐད་སྒྲ་ངར་པོ་ཞིག་ངའི་རྣ་བའི་བུ་གར་ལྷུང་བས།   ང་ཧོབ་སྟེ་འདྲོགས་པ་དང་བཅས་མགོ་བོ་རང་བཞིན་དུ་ཡར་བཏེགས་ནས་བལྟས་པས་མིག་ལམ་དུ་འཆར་བ་ནི་མགོ་ལ་རྨོག་དང་།   ལུས་ལ་ཚོས་གཞི་སྔོ་ནག་གི་དྲག་ཆས་སྤྲས་པའི་ཉེན་རྟོག་པ་ཕོ་གཞོན་ཞིག་གིས"ཁྱོད་ཀྱི་ལག་པའི་སྦྱག་མ་དེ་ཕར་བཞག་ནས་ཡར་འདོན་ཤོག"ཅེས་ང་ལ་སྡིར་ནས་ངར་སྐད་སྒྲོག་བྱུང་།   མཚམས་འདིར་ངའི་བློ་ངོར་ཞེད་སྣང་དང་དངངས་སྐྲག   རྨོངས་འཐོམ།   མ་ཉེས་ཁ་གཡོག་སོགས་རྣམ་རྟོག་སྣ་ཚོགས་འཆར་བྱུང་།   འོན་ཀྱང་མིག་མདུན་དུ་ཁ་ཚ་དགོས་གཏུགས་སུ་བྱེད་དགོས་པ་ནི་གློག་བརྙན་ནང་གི་བཟུང་དམག་ཞིག་དང་འདྲ་བར་ས་དོང་ནས་ཡར་འདོན་ཡོང་རྒྱུ་དེ་རེད།   

  

        ཉེན་རྟོག་པ་དེའི་བཀའ་བཀོད་ལྟར་ཡར་ཐོན་རྗེས།   ངའི་མིག་ལམ་དུ་འཆར་བ་ནི།   གཞུང་ལམ་གྱི་ལམ་ཟུར་དུ་ཐོག་ཁར་གློག་བཞུ་དམར་པོ་འཁྱིལ་བཞིན་པའི་རླངས་འཁོར་ཆེ་ཆུང་གཉིས་བཞག་འདུག   ད་དུང་ང་ཚོ་མི་རེའི་སར་ཉེན་རྟོག་པ་རེ་མེ་མདའ་འཁྱེར་ནས་ལངས་འདུག  གློག་བཞུ་དམར་པོ་འཁྱིལ་བ་མཐོང་དུས་ངའི་སེམས་པའི་ནང་དུས་དེ་རིང་ཡག་རྟགས་ཤིག་བྱུང་མ་སོང་སྙམ་བཞིན་ཁོག་པའི་སྙིང་ཁ་ཡང་གློག་དམར་དེ་དང་བསྟུན་ནས་མཆོངས་ལྡིང་བྱེད།   རླངས་འཁོར་དེ་གཉིས་ཚོས་གཞི་དཀར་པོ་ཡིན་པར་འཕྲེད་ཐིག་སྔོ་ནག་འཐེན་ཞིང་ང་ཚོ་ཞིང་པས་ཀློག་མི་ཐུབ་པའི་ཡི་གེའང་བྲིས་འདུག  

  

        དུས་རྒྱུན་མི་མེད་ལུང་སྟོང་མིན་ཙམ་གྱི་འབྲོག་སའི་ཁུལ་དེར་བྱ་བྱེའུའི་སྐད་ཐར་ཐོར་ལས་གོ་རྒྱུ་མེད་ལ་གཡས་གཡོན་ནི་སྔོ་རྩྭ་སྐྱ་ལོག་ཟིན་པའི་སྤང་རི་དང་དབུས་ཀྱི་ཐང་གཤོངས་ཆེན་པོ་དེར་གཡག་རོ་ལུག་རོ་ཙམ་གྱི་ཕ་བོང་དཀར་པོ་དང་རྫ་མདོག་ཐ་རེ་ཐོ་རེ་མ་གཏོགས་ས་དཀར་གྱི་ཐང་སྡེར་ཡིན།   ཐང་སྡེར་སྐྱ་བོའི་དབུས་སུ་དྲག་ཆས་སྔོ་ནག་སྤྲས་པའི་

ཉེན་རྟོག་པ་ཕོ་གཞོན་ཞིག་འབྱོར་བ་དང་ཁོང་ཚོའི་ལག་ཏུ་ཐོགས་པའི་མེ་མདའ་དེ་དག་སྟོན་དྭངས་མའི་ཉི་མའི་འོག་འོད་ཟེར་ལྷམ་ལྷམ་དུ་འཚེར་ཡོང་བ་མཐོང་དུས་ངའི་བློ་ངོར་དེ་རིང་ས་དཀར་ཐང་དུ་ལྷགས་པའི་གནས་ཚུལ་ནི་ཆུང་ཆུང་ཞིག་མ་ཡིན་པ་ཐག་ཆོད་སྙམ་བྱུང་ལ།  གློ་བུར་དུ་ཉེན་རྟོག་པ་འབྱོར་ནས་ང་ཚོ་འཛིན་བཟུང་བྱེད་དོན་ཅི་ཞིག་ཡིན་པའི་འདྲི་བ་དེ་ཀླད་པར་གཤོངས་དཀའ་བའི་ཚད་ལ་སླེབས།  

  

        ངས་ལུས་པོ་འདར་སིག་སིག་དང་སྐད་ཆ་གྲལ་སྒྲིག་ལ་མ་སྒྲིག་ངང"རྒན་ལགས།  ངས་ལས་ཀ་སྡུག་པ་གང་ཡང་བྱས་མེད།   ཁྱེད་ཚོས་ནོར་བ་ཐག་ཆོད"ཅེས་བཤད་པས།   ཉེན་རྟོག་པ་དེས་ང་ལ་ལན་བརྒྱབ་མ་བྱུང་།   དེ་ནས་གློ་བུར་དུ་ངའི་གཞོགས་གཡས་ངོས་ཐག་མི་རིང་བའི་སར་ཉེན་རྟོག་པ་ཞིག་གིས"ད་ག་སྡོད།   ཉེས་ཅན་པ་འདིར་འདུག"ཅེས་སྐད་ཤུགས་ཆེན་པོས་བོས་སོང་།   ངས་ཕར་བལྟས་དུས་སྦྱིན་པ་རྣ་རལ་ཡོད་ས་དེར་རེད་འདུག   ད་གཟོད་ཉེན་རྟོག་པས་ང་ཚོར་ཇུས་གཏོགས་མི་བྱེད་པར་ཚང་མས་སྦྱིན་པ་རྣ་རལ་གྱི་མཐའ་འཁོར་སོང་།    ང་དང་དབང་ལགས་ཀྱིས་གནས་ཚུལ་ཚབས་ཆེན་ག་རེ་ཐོན་པ་ཡིན་ནམ་སྙམ་ནས་ཉེན་རྟོག་པ་དང་མཉམ་དུ་ཁོ་ལ་བལྟ་བར་སོང་། 

  

        སྦྱིན་པ་རྣ་རལ་གྱིས་ཉེ་སར་ཐག་སྒྲ་ལྡིག་སྒྲ་ཐོས་རུང་དུས་རྒྱུན་དགོད་ཁར་དགའ་བའི་ཁོང་གིས་མགོ་བོ་ཡར་མ་བཏེགས་པར་ཁ་ནས"ཏོག་ཙམ་སྒུག་དང་།   འདི་ཆད་རན་ཡོད"ཅེས་བརྗོད་པ་ནི་དགོད་སློང་བ་ག་ལ་ཡིན།   ལག་པས་ས་དཀར་པོའི་གཏིང་ནས་ཤིང་གི་རྩ་བ་ལྟ་བུའི་གློག་སྐུད་ནག་པོ་ཞིག་གི་སྣེ་མོ་གཅིག་བཅད་ནས་སྣེ་མོ་གཞན་དེ་ས་འོག་ནས་འདོམ་པ་དོ་ལྷག་ཙམ་ཞིག་ཐོན་པ་དེ་ཤུགས་ཀྱིས་ཡར་ཧོབ་འཐེན་རྒྱག་བཞིན་འདུག   

  

        ཉེན་རྟོག་པས"འགུལ་སྐྱོད་རྒྱག་ཆོག་མི་ཡོང་།   ད་དུང་འགུལ་སྐྱོད་བརྒྱབ་ན་མེ་མདའ་རྒྱག་གི་ཡིན་དཱ།   ལམ་སེང་ཡར་ཐོན་ཤོག"ཅེས་དྲག་འབོད་བྱས་ཁར"ཁོའི་རྣ་ཅོག་རལ་པ་དེར་བལྟས་པ་ཙམ་གྱིས་མི་ཡག་པ་ཅིག་རེད་མི་འདུག"ཅེས་བརྗོད་སོང་བས་དེ་དུས་སྦྱིན་པས་གཞི་ནས་ཉེན་རྟོག་པའི་མེ་མདའ་མཐོང་བ་འདྲ།   

  

        ཁོའི་ངོ་གདོང་དེ་མར་དམར་སྨུག་ཏུ་གྱུར་ནས་ལམ་སེང་ཡར་ཐོན་ཡོང་བ་དང་གཟུགས་པོ་འདར་འཁྲུག་འཁྲུག་བྱེད་ཅིང་ཁ་ནས"ཁྱེད་ཚོས་ང་གསོད་རྩིས་ཡོད་པས།   ངས་ལས་ཀ་སྡུག་པ་ག་རེ་བྱས་སོང"ཞེས་སྨྲས།   ཁོའི་གྱོན་གོས་གང་སར་ས་དཀར་འགོས་ཡོད་པ་དང་མངོན་གསལ་དོད་པའི་སྔངས་འདར་ཞིག་གོས་ཐུང་གི་སྣེ་མོ་ནས་ཀྱང་འདར་ཞིང་སིག་པར་བྱེད། 

  

        ཉེན་རྟོག་པས"སྐད་ཆ་མང་པོ་ཤོད་མི་དགོས།   ང་ཚོ་ཚང་མས་མིག་མཐོང་ལག་ཟིན་བྱུང་ནའི་ད་དུང་ལས་ཀ་སྡུག་པ་བྱས་མེད་ཟེར་གྱི་ཡོད་པས"ཞེས་བརྗོད་རྗེས།   "འགྲོ།  ང་ཚོ་མཉམ་དུ་རྫོང་སྤྱི་བདེ་ཅུས་ལ་འགྲོ"ཞེས་བཤད་ནས་རླངས་འཁོར་ནང་འཁྲིད་རྩིས་བྱས།  

  

         ལོ་ཅུང་རྒན་པའི་ཉེན་རྟོག་པ་དེས"ཁྱོད་ཀྱིས་ས་འོག་གི་གློག་སྐུད་བཅད་པ་འདི་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་རེད།   བྱས་ཙང་ཁྲིམས་ལུགས་ལྟར་ཐག་གཅོད་བྱེད་དགོས་ཀྱི་རེད"ཅེས་པའི་གཏམ་དེ་དག་ང་དང་དབང་ལགས་ཀྱི་རྣ་བའི་བུ་གར་ལྷུང་མ་ཐག་ང་གཉིས་ཧོན་ཐོར་བ་དང་གཅིག་གྱུར་ཐོག་མིག་གི་མདའ་མོ་སྦྱིན་པ་རྣ་རལ་གྱི་ལུས་ཐོག་འཕངས་ཤིང་སེམས་ཁྲལ་སྐྱེ་འགོ་འཚུག

  

        ཉེན་རྟོག་པ་དང་མཉམ་དུ་ད་དུང་གོས་ཀྱི་ཚོས་གཞི་ས་མདོག་གྱོན་ཞིང་ལག་ཏུ་ལྕགས་སྒམ་ཆུང་ངུ་སྤུས་དག་སེར་པོ་རེ་འཁྱེར་བའི་མི་གཉིས་ཡོད་པ་དེ་གཉིས་ཀྱིས་སྦྱིན་པས་ས་དཀར་འདྲུས་ནས་གློག་སྐུད་བཅད་ཡོད་པའི་ས་ཆ་དངོས་ལ་པར་ལེན་བྱས་པ་དང་དེ་རྗེས་ལྕགས་སྒམ་སེར་པོའི་ནང་ནས་ལག་ཆ་སྣ་ཚོགས་བཏོན་ནས་བྲེལ་འཚུབ་ཆེན་པོས་གློག་སྐུད་འབྲེལ་མཐུད་རྒྱག་འགོ་འཚུག་སོང་།    དེ་དུས་ཉེན་རྟོག་པ་ཚོས་ང་ཚོ་མི་གཞན་ལ་ཁ་ཡ་མི་བྱེད་རུང་སྦྱིན་པ་ཁོ་གློད་རྩིས་རྩ་བ་ནས་མི་བྱེད། 

  

        དུས་ཡུན་ཆུ་ཚོད་གཅིག་ཙམ་འདས་རྗེས་ལག་པར་སྐམ་པ་ཐོགས་པའི་མི་དེ་གཉིས་ཀྱིས་ཁ་པར་ཐོག་སྐད་ཆ་མང་པོ་བཤད་རྗེས་ལས་མཇུག་སྒྲིལ་བའི་བཟོ་བསྟན། 

  

        དེས་ན་ཉེན་རྟོག་པ་རྒན་པ་དེས་བཀའ་གང་ཞིག་བཏང་སོང་བས་ཉེན་རྟོག་ཕོ་གཞོན་ཞིག་གིས་དེ་མར་སྐེད་པ་ནས"སི་ལིང"ཞེས་པའི་སྒྲ་དང་བཅས་ལག་ལྕགས་ཤིག་དངུལ་འོད་ལྷམ་མེར་བཏོན་ཏེ་སྦྱིན་པ་རྣ་རལ་གྱི་ལག་པར་བརྒྱབ་སོང་།   དེས་ན་ངའི་མཆིལ་མའི་ནང་གྲང་ཅང་ཅང་གི་ལྕགས་དྲི་ཞིག་ཁ་བྱུང་ལ་འཇིགས་སྣང་ཞིག་མིག་གི་ཚོར་སྣང་བརྒྱུད་སྙིང་ཁོངས་སུ་འཛུལ།   མིག་མདུན་དུ་ལྷགས་པའི་གནས་ཚུལ་དེ་ནི་དུས་རྒྱུན་བརྙན་འཕྲིན་ནང་མ་གཏོགས་མཐོང་མ་མྱོང་།   ཉི་མ་དེ་རིང་དངོས་སུ་རང་ཉིད་ཀྱི་མིག་ལམ་དུ་ཤར་དུས་གནམ་དྭངས་མོ་ནས་ཐོག་བརྒྱབ་པ་ལྟ་བུ་མི་སྲིད་སྲིད་པར་བྱུང་བའི་སྣང་བ་ཡ་མ་ཟུང་ཞིག་གིས་ལུས་ཧྲིལ་པོའི་རྩ་ལག་བརྒྱུད་དེ་བཞུར་བྱུང་བས་ས་དཀར་ལེན་པའི་ལས་ཀ་རྟིང་བརྗེད་སོང་འདུག་ལ།  གནས་ཚུལ་ཐག་གཅོད་བྱེད་པའི་ཐབས་ཤེས་ཅིའང་མ་རྙེད་པར་སེམས་པ་འཚབ་བེ་འཚུབ་བེར་ལུས་བྱུང་།   

  

        སྦྱིན་པའི་གཅེན་པོ་དབང་ལགས་ཀྱིས་གློ་བུར་སྐད་སྦོམ་པོས་ངུས"སྐུ་མཁྱེན།   མི་འདི་ངའི་གཅུང་པོ་ཡིན་པས་ཁྱེད་ཚོས་གློད་རོགས་གནང་།   སྐུ་མཁྱེན།    ཁོ་གློད་རོགས་གནང"ཟེར་བས་དེར་ཡོད་ཀྱི་ཉེན་རྟོག་པ་འདྲོགས་སོང་ལ་ངའང་འདྲོགས་བྱུང་།   ངས་ཀྱང་དབང་ལགས་དང་མཉམ་དུ་གཅིག་མཇུག་གཉིས་མཐུད་ཀྱིས་ཉེན་རྟོག་པའི་མདུན་བཀག་ནས་ཞུ་བ་ཚད་མེད་འཐེན།   ས་འོག་སྐུད་པ"དེ་ཅི་ཡིན་མ་ཤེས་པར་བཅད་པ་ལས་ཤེས་བཞིན་དུ་རྐང་བཙུགས་ནས་བཅད་པ་མིན"ཞེས་ཉེན་རྟོག་པར་ཞུ་བ་འཐེན་ཚེ་མི་གློད་གཏོང་བྱེད་ངེས་བསམས་བྱུང་།    ངས་ཉེན་རྟོག་པ་རྒན་པ་དེར་སྦྱིན་པའི་ཁྱིམ་ཚང་ནང་གཅོང་ནད་ཅན་གྱི་བཟའ་ཟླའི་ཨ་མ་རྒན་མོ་ཞིག་ཡོད་པ་དང་།  ད་དུང་ཕྲུ་གུ་ཆུང་ཆུང་གསུམ་ཡོད།    ངལ་རྩོལ་ནུས་ཤུགས་ཁོ་རང་དང་བཟའ་ཟླ་ལས་མེད་ལ།   ཁྱིམ་ཚང་གི་འཚོ་བ་སྐྱོ་པོ་ཡོད་ཚུལ་ཞུས་ནས་གློད་གྲོལ་གཏོར་རྒྱུར་ཞུ་བ་འཐེན།   སྦྱིན་པའི་གཅེན་པོ་དབང་ལགས་ཀྱིས་ཉེན་རྟོག་པའི་མདུན་དུ་པུས་མོ་བཙུགས་ནས་མུ་མཐུད་དེ"སྐུ་མཁྱེན།   ཐུགས་རྗེས་གཟིགས།   མི་འདི་ངའི་གཅུང་པོ་ཡིན།   ཁོ་དུས་རྒྱུན་མི་སེམས་བཟང་ཅན་ཞིག་རེད།   ད་རེས་ཁོས་བཅད་པའི་གློག་སྐུད་ཀྱི་རིན་པ་དེ་ང་རང་གིས་ཁྱིམ་གྱི་གཡག་ལུག་བཙོང་ནས་སྐྱིན་ཚབ་སྒྲུབ་ཆོག  ཁོ་བཙོན་ལ་མི་འཇུག་རོགས"ཞེས་ངུ་སྐད་དང་ཆབས་ཅིག་ཞུ་བ་བརྒྱབ་སོང་། 

  

         ཉེན་རྟོག་པ་རྒན་པ་དེས་ངག་དལ་པོས"ཨོ།   རང་མི་དེའི་གཅེན་པོ་ཡིན་པས།   རང་པུས་མོ་བཙུགས་མི་དགོས།   པུས་མོ་བཙུགས་ནའི་ཕན་ཐོགས་མེད།   རང་གི་གཅུང་པོས་རྒྱལ་སྲུང་འོད་ཚི་སྐུད་ལམ་བཅད་པ་དེ་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ་རེད།   རྫོང་ཁྲིམས་ཁང་ནས་འགྲོ་ལུགས་ལྟར་ཁྱིམ་བདག་ལ་འབྲེལ་བ་བྱེད་ཀྱི་རེད།   གནས་ཚུལ་འདི་བྱུང་ཟིན་པས་ང་ཚོས་རང་གི་གཅུང་པོ་རྫོང་སྤྱི་བདེ་ལས་ཁུངས་ལ་མི་སྐྱེལ་ཀ་མེད་རེད།"ཅེས་བརྗོད། 

  

        དབང་ལགས་ཀྱིས་ད་ནི་གཅུང་པོས་ཉེས་པ་ཆེན་པོ་བསགས་ཐག་ཆོད་རེད་སྙམ་ཞིང་མུ་མཐུད་པུས་མོའི་སླ་ང་ལ་ས་ལ་བཙུགས་ཏེ་ངུ་སྐད་དང་སྦྲགས"བྱས་ན་ངའི་གཅུང་པོ་སྲོག་ཐོག་གཏོང་མི་དགོས་པ་ཅིག་དཔོན་པོ་ལགས་ཁྱེད་རང་གིས་ཅི་ནས་གནང་རོགས་གནང་།   སྐུ་མཁྱེན་དཔོན་པོ་ལགས།    ངའི་གཅུང་པོ་སྲོག་ཐོག་མི་གཏོང་རོགས་གནང"ཞེས་ཨུ་ཚུགས་ལན་མང་བརྒྱབ་སོང་།   ངས་ཀྱང་ཨུ་ཚུགས་རྒྱག་རོགས་བྱས་པ་ཡིན།  

   

        ཉེན་རྟོག་པ་རྒན་པ་དེས"སྔོན་ལ་ཁྱེད་རང་ཡར་ལོངས་དང་།   གནས་ཚུལ་དེ་རྫོང་ནས་ཁྲིམས་ལུགས་གཞིར་བཞག་ཐག་གཅོད་དྲང་པོ་དྲང་གཞག་བྱེད་ཀྱི་རེད།   ཁྱེད་རང་སེམས་ཁྲལ་མ་བྱེད་ཅིག"ཅེས་བརྗོད་པ་དང་ངོ་གདོང་ནག་ཙམ་དང་འཛུམ་ཙམ་གྱི་བྱ་དཀའ་བྱེད་གཏད་ཀྱི་རྣམ་འགྱུར་མངོན།   

  

        ཉེན་རྟོག་པ་བྱིང་གིས་སྦྱིན་པ་རླངས་འཁོར་ཕྱོགས་སུ་ཁྲིད་འགྲོ་དུས་སྦྱིན་པ་ཡི་མིག་ལ་མཆི་ཞགས་འཁོར་བཞིན་གཅེན་པོའི་དཔུང་པར་བཅག་བཅག་ཅིག་བྱས་ནས"གཅེན་པོ། …  གཅེན་པོ།……"ཞེས་བརྗོད་པ་ལས་ཐ་ན་བཟའ་ཟླ་བུ་ཕྲུག་ལ་ལན་ཞིག་གམ་ཡང་ན་དོན་དག་ཡོད་པའི་སྐད་ཆ་ཚིག་གཅིག་ཀྱང་ཁ་ནས་འདོན་ཐུབ་མ་སོང་།   དེ་དུས་སྦྱིན་པ་རྣ་རལ་གྱི་ངོ་གདོང་ནས་སྔར་དོན་མ་མྱོང་བའི་རྣམ་འགྱུར་སྐྱུར་མོ་ཞིག་མངོན་འོང་བ་ནས་ཁོའི་སེམས་པའི་གཏིང་དུ་མྱོང་སྣང་སྣ་ཚོགས་བྱུང་ཚུལ་ནི་ཁོས་ཁ་གྲགས་པ་ལས་མང་བ་འདུག  

  

        ཉི་མ་ལ་ཁར་བཞུད་ལ་ཉེ་བས་གྲང་ངར་ཆེ་བའི་རླུང་བུ་ཞིག་ལྡང་བྱུང་།   ས་དཀར་ཐང་གི་རྡུལ་རླུང་འཚུབ་པའི་དབུས་སུ་མིག་ལ་གཟན་པའི་ཉེན་རྟོག་པའི་རླངས་འཁོར་གྱི་

        གློག་ཞུ་དམར་པོ་དང་རྣ་བར་གཟན་པའི་ཛ་དྲག་གི་ཉེན་བརྡའི་བྲག་ཆ་དང་སྦྲེལ་ནས་རྒྱང་རིང་དུ་སོང་བ་ནི་ལག་ལྕགས་བརྒྱབ་པའི་སྦྱིན་པ་རྣ་རལ་རེད།

     

          ས་དཀར་ཐང་ནས་ཕྱིར་ལྡོག་ཡོང་བའི་ས་དཀར་དོ་པོ་བསྐལ་བའི་བོང་བུ་དགུ་པོའི་སྐེའི་ལྕགས་དྲིལ་གྱི"ཏོ་ལོང་ཀོ་ལོང"ཞེས་པའི་སྒྲས་འདྲེན་པ་ནི་ཁུག་ཆ་གྲོང་ཚོའི་ཁྲིམས་རྨོངས་པ།   ང་གཉིས་ཀྱིས་ངག་བསྡམས་ནས་ཁོག་ནང་སྦས་ཡོད་པ་ནི་ཉིན་དེར་གློ་བུར་བྱུང་བའི་གནས་ཚུལ་མགོ་མེད་མཇུག་མེད་དེར་དམིགས་པའི་མནོ་བསམ་ཟབ་མོ་ཡིན།   

        ཉིན་བཅོ་ལྔའི་རྗེས་སུ།   ཀ་རྫོང་ཁྲིམས་ཁང་གི་ཁྲིམ་རྭའི་ཐོག་སྐད་སྒྲ་བསྒྲགས།   

  

        "ཞུ་སྦྱོར་ཕྱི་མ་ཁྱོད་ཀྱིས་རྒྱལ་ཁབ་ཀྱི་འཕྲིན་གཏོང་འོད་ཚི་སྐུད་ལམ་གཅོད་པའི་དམིགས་ཡུལ་ག་རེ་ཡིན།"

  

        "ངས་གློག་སྐུད་དེ་བཅད་ནས་ཐུང་ན་ནམ་རྒྱུན་བོང་བུ་འདེད་བྱེད་ལྕག་ཚན་བྱེད་ཆོག   རིང་ན་གྱོན་གོས་སྐམ་བྱེད་སྐུད་གདང་ཡོང་བསམ་བྱུང་།"

  

        "རྒྱལ་སྲུང་འཕྲིན་གཏོང་འོད་ཚི་སྐུད་ལམ་བཅད་ཚེ་ཁྲིམས་དང་འགལ་ཡོད་པ་ཞུ་སྦྱོར་ཕྱི་མ་ཁྱོད་ཀྱིས་ཤེས་ཀྱི་མེད་པས"

  

        "ལགས།    མི་ཤེས།   འཕྲིན་གཏོང་འོད་ཚི་སྐུད་ལམ་ཟེར་བ་དེ་ག་རེ་རེད།  ……"ཅེས་པ་ནི་ཡི་གེ་ཀ་གཅིག་མི་ཤེས་པའི་སྦྱིན་པའི་སྐད་ཆ་རེད།    

  

        སྦྱིན་པས་ས་དཀར་ཐང་དུ་འཕྲིན་གཏོང་གློག་སྐུད་པ་བཅད་ཙང་ཀ་རྫོང་ནས་ཁ་རྫོང་བར་གྱི་ཁ་པར་སོགས་འཕྲིན་ལམ་ཐམས་ཅད་སྐར་མ་བཞི་བཅུ་ཞེ་གསུམ་རིང་འབྲེལ་བ་ཆད་པ་དང་ད་དུང་ཁ་པར་ལས་ཁུངས་ལ་དཔལ་འབྱོར་གྱོང་གུན་ཆེན་པོ་ཕོག་པར་གྲགས་པ་ནི་བདེན་གཏམ་རེད་ཟེར།། 

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས།  


རྩོམ་ཡིག་སྔོན་མ།
གཡང་དཔོན།
རྩོམ་ཡིག་རྗེས་མ།
རླུང་དང་ཁ་བརྡ་བྱེད་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1