རླུང་དང་ཁ་བརྡ་བྱེད་པ།

སྟག་འབུམ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        སྐུ་ལོ་ལགས།     ངས་ད་བར་དུ་རྩོམ་ཡིག་མང་པོ་འབྲི་དོན་ནི་ཀློག་མཁན་དག་ལ་ང་ཚོ་ནག་ཞར་སྡེ་བ་ངོ་སྤྲོད་བྱེད་སྙམ་པ་དེ་ཡིན་མོད།     འོན་ཀྱང་།  དམུན་པོ་ང་ལ་རྩོམ་འབྲིའི་ཆུ་ཚད་ཞན་པའི་དབང་གིས་དོན་འཁྱོལ་འབྱུང་མ་ཐུབ་པ་ནི་ཅི་འདྲའི་ཡིད་སྐྱོ་བ་ཞིག་རེད་ཨང་།     ཁྱེད་ཀྱིས་ཀྱང་མཁྱེན་གསལ་ལྟར་ཏེ།    ད་ལྟའི་བར་དུ་ནག་ཞར་སྡེ་བར་རྒྱལ་ཁབ་ཀྱི་ཟླ་ཕོགས་ལེན་པའི་ལས་བྱེད་པ་ཞིག་མེད་པ་ནི་ནག་ཞར་སྡེ་བའི་མང་ཚོགས་ལ་སློབ་གསོའི་འདུ་ཤེས་ཞན་པ་དེས་ལན་པ་ཁྱེད་ཀྱིས་ཀྱང་ཅི་ལ་མི་མཁྱེན།   

     

        ཡིན་ནའང་སྐུ་ལོ་ལགས།    ནག་ཞར་སྡེ་བའི་མི་གཅིག་ཀྱང་སློབ་གྲྭར་འགྲོ་མ་མྱོང་བ་མ་ཡིན་ཏེ།    ཐ་ན་ཡུལ་ཚོའི་སློབ་གྲྭའི་ཆེས་སྔ་བའི་སློབ་མའི་ཁྲོད་དུའང་ནག་ཞར་སྡེ་བའི་བྱིས་པ་ཡོད།    དཔེར་ན།     སྡེ་དཔོན་སྐྱ་བྷ་དང་ཚེ་ཐར་འབུམ།     ཀུན་བཟང་ཡག    ཐར་རེ་འཚོ་དག་ལྟ་བུ་རེད།     ཁོ་ཚོ་ནི་ཆེས་ཐོག་མར་སློབ་གྲྭར་འགྲོ་མཁན་ཡིན་པར་མ་ཟད་འཛིན་གྲྭ་གཅིག་པའི་སློབ་གྲོགས་ཀྱང་རེད།   ཁོ་ཚོའི་གྲས་ནས་ཐར་རེ་འཚོ་ཕུད་པའི་སྐྱ་བྷ་དང་ཚེ་ཐར་འབུམ།    ཀུན་བཟང་ཡག་གསུམ་ག་ནི་ནམ་རྒྱུན་སློབ་གྲྭ་ནས་ཡུལ་དུ་བྲོས་ཡོང་གིན་འདུག་པས།    ཁོ་ཚོ་སློབ་གྲོགས་རེད་ཟེར་བ་ལས་འབྲོ་གྲོགས་རེད་ཅེས་བཤད་ན་འགྲིག་པ་འདྲ། 

  

        སྐུ་ལོ་ལགས།   ཁོ་ཚོ་སློབ་གྲྭར་འགྲོ་དུས་ནི་རིག་གནས་གསར་བརྗེ་ཆེན་པོའི་ལས་འགུལ་མཇུག་འགྲིལ་མ་ཐག་པའི་སྐབས་ཡིན་པས།    མི་ཚང་མའི་སེམས་པ་ད་དུང་བདེ་ལ་འབབ་མ་ཐུབ་པར་འཇིགས་འཇིགས་སྐྲག་སྐྲག་ངང་ཡོད་ཅིང་།   ནམ་རྒྱུན་གོང་རིམ་ནས་ལས་བྱེད་ཚན་ཁག་གི་མི་སྣ་སྡེ་བའི་ནང་ཐོན་པ་ཐོས་འཕྲལ།    ཡང་བསྐྱར་བཀའ་གསུང་གལ་ཆེན་ཅི་ཞིག་དྲིལ་བསྒྲགས་ལག་བསྟར་བྱས་ཡོང་སྙམ་སྟེ་དབུགས་ཀྱང་ལེན་མི་ཕོད་པར་འགྱུར་གྱིན་ཡོད།   

 

        སྐབས་དེ་དུས་དངོས་གནས་ཧ་ཅང་འཇིགས་ཡེར་བའི་བཀའ་གསུང་དྲིལ་བསྒྲགས་བྱས་པ་ཧ་ཅང་མང་སྟེ།    དཔེར་ན།    སྐྱེས་ལྷ་ཨ་མྱེས་བ་ཡན་གྱི་མགོ་ནས་གཞུང་ལམ་ལས་དགོས་ཟེར་བ་ལྟ་བུ་དང་།     སྨན་ཆུ་བསིལ་མ་ས་འོག་ནས་འདྲེན་དགོས་གསུངས་པ་ལྟ་བུ་རེད།   ཐེངས་ཤིག་ལས་བྱེད་ཚན་ཁག་གིས་སྡེ་བའི་ནང་དུ་ཚོགས་འདུ་བསྡུས་ཏེ།  ཨ་མྱེས་བ་ཡན་གྱི་ཕྲག་པ་ནས་གཞུང་ལམ་ལས་དགོས་ཟེར་དུས།     ཀུན་བཟང་ཡག་གི་ཨ་མ་དག་ཞིང་ཧ་ཅང་སྐྲག་པར་གྱུར་ཏེ།    ཁ་ནས་རང་དབང་མེད་པར།   ཨ་ཙི།  ཨ་ཙི།    ཨ་མྱེས་བ་ཡན་ལ་དེ་ལྟར་བྱ་རུང་ངམ་ཞེས་ཤོར་བས།   ལས་བྱེད་ཚན་ཁག་གི་འགོ་བས་ཁོ་མོ་ཡར་ལངས་སུ་བཅུག་སྟེ་སྐད་ཆ་དེའི་ནང་དོན་ལ་རྩད་གཅོད་བྱས་པ་ན།    ཚེ་ཐར་འབུམ་གྱི་ཕ་དྲིན་ཆེན་དེས་དག་སེལ་བྱས་ཏེ་ལས་བྱེད་ཚན་ཁག་གི་མགོ་བར།  ཁོ་མོའི་སྐད་ཆར་ནང་དོན་གཞན་མེད་པ་སྟེ།    རི་བོ་མཐོན་པོ་གན་ལྟ་བུའི་མགོ་ནས་ལམ་ཞིག་ལས་རྒྱུ་ཧ་ཅང་དཀའ་རྒྱུ་རེད་ཟེར་བ་རེད་ཅེས་བཤད་པས་སྐྱོན་མེད་པར་གྱུར་ཅིང་།    ལས་བྱེད་ཚན་ཁག་གི་འགོ་བས་སྔར་བས་ཆེ་བའི་དཔའ་སྟོབས་ཤིག་བསྐྱེད་དེ།    རི་བོ་མཐོ་སྟེ་གནམ་ལ་ཐུག་ཡོད་ཀྱང་གཞུང་ལམ་ལས་དགོས།  ཞེས་གསུངས་བྱུང་བས་མི་ཐམས་ཅད་ཁ་གདངས་པར་གྱུར།      

 

        ཁྱེད་ཀྱིས་དགོངས་པ་བཞེས་དང་།    འདི་ལྟ་བུའི་སྐབས་སུ།   གོང་རིམ་གྱི་བཀའ་གསུང་གཞན་དག་ལ་མིན་དང་མི་ཕོད་ཟེར་ཕོད་མཁན་སུ་ཞིག་ཡོད་དམ།    ཡིན་ནའང་ཐེངས་འདིར་སྡེ་བའི་ནང་དུ་ཡོང་བའི་ལས་བྱེད་ཚན་ཁག་ལ་བཀའ་གསུང་བརྗིད་པོ་དེ་འདྲ་ཅི་ཡང་མི་འདུག   སྡེ་བའི་མང་ཚོགས་ཚང་མ་ཚོགས་འདུར་བསྡུས་ཏེ།    ཁྱིམ་ཚང་རེ་རེའི་བྱིས་པ་དག་སློབ་གྲྭར་བསྐྱལ་དགོས་པ་དང་བསྐྱལ་ན་བཟང་བའི་དགེ་མཚན་བརྗོད་ནས་སློབ་གསོ་གཏོང་བ་དེ་རེད།  

  

        ང་ཚོ་ནག་ཞར་སྡེ་བར་སྔོན་ནས་བཟུང་སྲོལ་ངན་ཞིག་ཡོད་པ་ནི།   བསྟོད་ན་བསྟོད་ཚད་མི་ཟིན་པ་དང་།  སྨད་ན་སྨད་ཚོད་མི་ཟིན་པར་གང་འདོད་ཀྱིས་ལོང་གཏམ་སྨྲ་བར་དགའ་བ་དེ་ཡིན་པ་ཁྱེད་ཀྱིས་ཀྱང་ཅི་ལ་མི་མཁྱེན།   བྱིས་པ་སློབ་གྲྭར་བསྐྱལ་བའི་དོན་འདིའི་ཐད་ནས་སྡེ་བའི་ནང་དུ་གྲགས་འགུལ་ཆེན་པོ་བསླངས་བྱུང་བར་མ་ཟད།  ཕ་མ་དག་ལ་འཇིགས་སྐྲག་ཆེན་པོ་བསླངས་སོང་།  

 

        ཅི་ཡང་མི་ཤེས་པ་ཞིག་གིས།   ཁོ་ཚོ་སློབ་གྲྭར་སོང་ན་ནམ་ཞིག་རྒྱ་རུ་གྱུར་ཨེ་འགྲོའམ་ཟེར།   མི་ཤེས་ཤེས་མདོག་ཅན་ཞིག་གིས།    བྱིས་པ་ཚོ་སློབ་གྲྭའི་ནང་དུ་བསྐྱལ་ན་ཁོ་ཚོས་རྒྱ་ནང་དུ་ཁྲིད་འགྲོ་བ་རེད།    ད་ནི་ནམ་ཡིན་ཡང་ཕ་མ་དང་ངོ་འཕྲད་ཐུབ་པ་མ་རེད་ཟེར།   ཧ་ཅང་དྲང་རྐྱང་ཡིན་པ་དེས།   ད་ནི་རྒྱལ་ཁབ་ཀྱི་བཀའ་ཡིན་པས།  བྱིས་པ་སློབ་གྲྭར་ལོས་བསྐྱལ་ཟེར་བས།   མི་ཕལ་ཆེར་ཁོའི་སྐད་ཆ་དེར་ཧ་ཅང་མ་རངས་པར་སྐེ་གཅུས་ཏེ་བསྡད་བྱུང་།   ཕལ་ཆེར་སྐད་ཆ་དེ་ཁ་ནང་ནས་བུད་པའི་སྐད་ཆ་མ་ཡིན་པར་རྐུབ་ཁུང་ལས་བུད་པའི་འོག་རླུང་ལྟར།   ད་དུང་སྐྱག་དྲི་ཁ་བོ་ཆིལ་ཆིལ་དུ་འཐུལ་གྱིན་པ་ལྟར་སྣ་ཕུ་ཐུང་དུ་བཅུག་ནས་བསྡད་བྱུང་།  

 

        ནག་ཞར་སྡེ་བའི་མི་རྣམས་ནི་འདི་འདྲ་ཞིག་རེད།    དེའི་རྐྱེན་གྱིས་མི་ཚང་མ་ཚེ་ཐར་འབུམ་ཚང་ལ་འདུས་ཏེ་གྲོས་བྱས་བྱུང་།    ཁྱིམ་བདག་དག་ནི་བྱིས་པ་ཚོ་དང་མ་ཤི་གསོན་བྲལ་བྱེད་དགོས་པའི་སྡུག་བསྔལ་གྱིས་རབ་ཏུ་གདུང་སྟེ་རྒད་པོ་རྣམས་ཀྱི་ངོ་གདོང་ཐལ་མདོག་ཏུ་གྱུར་བ་དང་།    རྒན་མོ་ཚོའི་མིག་ཆུ་ཐར་ཐོར་དུ་འགྲིལ་གྱིན།    དེས་ན་ད་ནི་ཅི་ཞིག་བྱས་ན་བཟང་ཟེར།   ཡིན་ནའང་།  གནད་འགག་གི་སྐབས་སུ་དེ་མི་རུང་དང་དེ་མི་འགྲིག་ཟེར་མཁན་མང་ཡང་།    རུང་བ་གང་ཡིན་པ་དང་འགྲིག་པ་གང་ཡིན་པ་འདྲི་དུས་སྟོན་མཁན་མེད་པ་དང་།    གྲོས་བྱེད་དུས་སྤྱང་མདོག་གིས་གཞན་གྱི་སྐད་ཆ་མ་ཐོས་པ་ལྟར་ཁ་ནས་ཚིག་མི་ཐོན་པའང་ནག་ཞར་སྡེ་བའི་ཁྱད་ཆོས་ཤིག་ཡིན། 

 

        མཇུག་མཐར་ཐར་རེ་འཚོའི་ཨ་མས་གྲེ་བ་བསངས་ཏེ།   བུ་མོ་ནམ་ཡང་ངའི་གམ་དུ་བཟུང་ནས་སྡོད་སྲོལ་མེད་པས་གང་ཞིག་ལ་འགྲོ་དགོས།    ད་ཐེངས་བུ་མོ་རང་ཉིད་ཀྱང་འགྲོ་འདོད་བྱེད་ཀྱིན་འདུག་པས།    ངས་བུ་མོ་འགྲོ་རུ་གཞུག་རྒྱུ་ཡིན་ཟེར་བས།    མི་ཚང་མ་རེ་ཞིག་རང་ཉིད་ཀྱི་རྣ་བར་ཡང་ཡིད་མི་ཆེས་པ་ལྟར་གྱུར་སོང་།    རྒད་པོ་ཚོ་ཡང་སེམས་ཞུམ་ཞིང་ངོ་ཤོར་ཏེ་ཐབས་ཟད་ཡོད་པའི་སྐབས་སུ།    བུད་མེད་ཅིག་ལ་དེ་འདྲའི་སྤོབས་པ་ཆེ་བ་མཐོང་བས་ཕལ་ཆེ་བ་ཞིག་ངོ་གནོང་ཞིང་ཁ་སྐྱེངས་པར་གྱུར་སོང་།    དེར་མཐུད་ནས་ཀུན་བཟང་ཡག་གི་ཕ་དྲིན་ཆེན་པོས་ཀྱང་བསམ་བློ་གཏོང་ཙམ་གྱིས་དུ་ཁུག་གི་ཁ་དམ་པོར་མདུད་དེ་རུམ་ལ་བཅུག་རྗེས་སེམས་ཐག་བཅད་པའི་ཚུལ་གྱིས།    མ་སྲུ་དུང་རལ་ཅན་ཞིག་ལའང་དེ་འདྲའི་སྤོབས་པ་ཡོད་ན།    ང་ཚོས་ཅི་བཤད་དམ།   ངས་ཞི་ལི་སློབ་གྲྭར་བསྐྱལ་རྒྱུ་ཡིན་ཞེས་བཤད་སོང་བས།    ཁྱིམ་བདག་གཞན་དག་ཁོང་གཉིས་ཀྱི་ཁ་རྗེས་སུ་མི་འབྲངས་ཀ་མེད་བྱུང་།    ཡིན་ནའང་ད་སྔོན་མི་རུང་དང་མི་འགྲིག་ཟེར་མཁན་དག་ཧ་ཅང་མ་དགའ་བར་རང་རང་གི་ཡུལ་དུ་བུད་སོང་།   དེར་བརྟེན་སྡེ་དཔོན་སྐྱ་བྷ་དང་ཚེ་ཐར་འབུམ།   ཀུན་བཟང་ཡག  ཐར་རེ་འཚོ་བཞི་བོས་རང་གི་བུ་ཕྲུག་ཡུལ་ཚོའི་སློབ་གྲྭའི་ནང་དུ་བསྐྱལ་བ་རེད་ལ།   ཁོ་ཚོའང་ཐོག་དང་པོའི་ནག་ཞར་སྡེ་བའི་སློབ་གྲྭ་བར་གྱུར་བ་རེད། 

 

        སྐབས་དེར་སློབ་གྲྭར་སོང་བའི་སྡེ་བ་གཞན་གྱི་སློབ་མ་ཡོད་ཚད་ད་ལྟ་རང་ས་གནས་ཀྱི་འགོ་ཁྲིད་དང་།   ལས་བྱེད་པ།   དགེ་རྒན་སོགས་ཀྱི་ལས་གནས་སུ་ཡོད་པ་ཁྱེད་ཀྱིས་ཀྱང་མཁྱེན་གསལ་རེད།    ཡིན་ནའང་ནག་ཞར་སྡེ་བའི་སློབ་མ་བཞི་བོའི་གྲས་ནས་འགོ་ཁྲིད་ཅིག་ལྟ་ཅི།   ཐ་ན་ལས་བྱེད་དཀྱུས་མ་ཞིག་ཀྱང་མ་ཐོན་པ་རེད།   ཐ་ན་བཟོ་པ་ཞིག་ཀྱང་མ་ཐོན་པ་རེད།    ངོ་མ་བཤད་ན།   ཐར་རེ་འཚོ་ཕུད་པའི་ཞི་ལི་གསུམ་པོ་ནི་སློབ་གྲྭར་སོང་བའི་ཉིན་གསུམ་པ་དེར་ཕྱིར་ཡུལ་དུ་བྲོས་ནས་ཐོན་བྱུང་།    སྐལ་ཐེའི་ཕ་རྒན་གྱིས་ཁོ་ཚོ་བྲོས་ཡོང་དོན་ཅི་ཡིན་ཞེས་དྲིས་པ་ན།    སྐལ་ཐེས་ཚེ་ཐར་འབུམ་གྱིས་འབྲོ་ཟེར་བས་བྲོས་ཡོང་བ་ཡིན་ཟེར།    ཚེ་ཐར་འབུམ་གྱིས་ཕྱིར་ལྡོག་གིས།   འབྲོ་ཟེར་མཁན་ང་མ་ཡིན་པར་སྐལ་ཐེ་རེད་ཟེར།   ཀུན་བཟང་ཡག་གིས་ང་ནི་ཁོ་གཉིས་ཀྱི་རྗེས་འབྲངས་ནས་ཡོང་བ་ཡིན།   རྒྱུ་མཚན་བཤད་རྒྱུ་མེད་ཟེར་བས་ཁྱིམ་མི་དག་གད་མོ་ཤོར།   གང་ལྟར་བྲོས་ཐོན་བྱུང་བས་ཁྱིམ་བདག་ཚོས་ཀྱང་གཅེས་གཅེས་ངང་ཟས་གང་ཞིམ་ཟ་རུ་བཅུག་ནས་སློབ་གྲྭར་འགྲོ་རྒྱུ་བཏང་སྙོམས་སུ་བཞག   

 

        ཡིན་ནའང་ཉིན་གཉིས་པའི་ཉིན་གུང་གི་སྐབས་སུ་དགེ་རྒན་མིག་ཤེལ་ཅན་དེ་ལྕགས་རྟར་ཞོན་ནས་སྡེ་བའི་ནང་དུ་ཡོང་སྟེ་ཁོ་ཚོ་ཕྱིར་ཁྲིད་སོང་།   དེ་ལྟར་ལན་མང་བྱས་ཏེ་མཇུག་མཐར་དགེ་རྒན་མིག་ཤེལ་ཅན་དེ་མར་ཞོལ་གྱི་སྡེ་བའི་ལམ་མདོ་ནས་ལྕགས་རྟར་ཞོན་ཏེ་ཕྲག་པ་གཡས་གཟུར་གཡོན་གཟུར་གྱིས་ཡོང་བ་མཐོང་ཚེ།    ང་ཚོས་ཀྱང་ཁོ་གསུམ་པོ་སླར་ཡང་ཡུལ་དུ་བྲོས་ཡོང་ཡོད་པ་ཤེས་ཐུབ།   

 

        ཐར་རེ་འཚོ་ནི་སློབ་གྲྭ་ནས་བསྡད་དེ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་པ་ལས་ནམ་རྒྱུན་ཡུལ་དུ་མི་ཡོང་ཞིང་།    དབྱར་དགུན་གནང་གི་སྐབས་སུ་ཡུལ་དུ་ཡོང་དུས་ཀྱང་སློབ་གྲྭས་གནང་བའི་དགའ་རྟགས་མང་པོ་སྟོན་རྒྱུ་འདུག  དེ་ལྟར་བྱས་པས་མཇུག་མཐར་ཁུལ་མི་རིགས་དགེ་ཐོན་སློབ་གྲྭའི་ནང་དུ་རྒྱུགས་འཕྲོད་པར་གྱུར་བ་རེད།   སྐབས་དེར་སྡེ་མི་རྣམས་ཀྱི་

གོ་རྟོགས་ཅུང་སད་པར་གྱུར་འདུག  ཁོ་ཚོས་སོས་དལ་གྱི་ཁ་བརྡ་བྱེད་དུས་རང་བཞིན་གྱིས་གླེང་གཞི་ཐར་རེ་འཚོའི་སྟེང་དུ་འཁོར་འགྲོ  བུ་མོ་ཐར་རེ་ནི་རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་ཏུ་མ་གྱུར་རང་འགྱུར་རེད་ཟེར།    ཡིན་ནའང་ཚེ་ཐར་འབུམ་སོགས་ཀྱིས་འབྲོ་ཞོར་དང་སློབ་ཞོར་བྱས་ཏེ་སློབ་ཆུང་མཐར་ཕྱིན་ཁུལ་བྱས་རྗེས་ཕྱིར་རང་ཡུལ་དུ་ཡོང་ནས་བསྡད་པ་རེད།   

 

        སྐུ་ལོ་ལགས།   ཁྱེད་ཀྱིས་གསུངས་པ་དངོས་གནས་རེད།   སློབ་གྲྭར་སོང་སྟེ་མཐར་མ་ཕྱིན་ཡང་།    སློབ་གྲྭའི་ནང་དུ་འཛུལ་བ་ཙམ་གྱི་ཕན་ཐོགས་བསམ་གྱིས་མི་ཁྱབ་པ་འདུག  ཁྱེད་ཀྱིས་གཟིགས་དང་།   ཏག་ཏག་ལོ་ལྔ་དྲུག་པོ་དེའི་རིང་ལ།    སྐྱ་བྷ་ནི་ནག་ཞར་སྡེ་བའི་སྡེ་དཔོན་དུ་བསྐོས་ཤིང་།  ད་བར་དུ་ལོ་ངོ་ཉི་ཤུའི་རིང་ལ་མང་ཚོགས་ཀྱིས་བསམ་འཆར་ཅི་འདྲ་བཤད་ཀྱང་བརྗེ་སྤོ་བྱ་མ་ནུས་པ་རེད།    ཚེ་ཐར་འབུམ་གྱིས་དེང་ཐོག་ཚོང་བརྒྱབ་པ་དང་དེ་རྗེས་སུ་ཚོང་རྫས་ཀྱི་ཁེ་སྤོགས་བསགས་ནས་ཞིང་བཏབ་པས།   ད་ལྟ་སྦྱིན་བདག་ཆེན་པོར་གྱུར་བར་མ་ཟད།    ཡུལ་གཙོ་དང་རྫོང་དཔོན་དག་ཀྱང་ཁོའི་ཟ་མ་ཟ་གྲོགས་དང་ཤོ་རྒྱག་རོགས་སུ་གྱུར་ཡོད།   ཀུན་བཟང་ཡག་གིས་ཁོའི་ཕ་རྒན་གྱི་ཤུལ་བཟུང་ནས་ལུག་འཚོ་བཞིན་ཡོད་ཀྱང་།    ཁོ་ནི་ནག་ཞར་སྡེ་བའི་དཀར་བོ་ཆོས་ལ་ཆེས་དད་པ་ལྡན་པའི་མང་ཚོགས་གཅིག་པུ་སྟེ།    རྩྭ་སའི་དོན་དུ་ཐེངས་གསུམ་ལ་རྡུང་རེས་བརྒྱབ་པ་མ་གཏོགས།    ཉིན་བཞིན་ལུག་རྗེས་ཁོ་ནར་འབྲངས་ནས་ཁ་བཏོན་ཆག་མེད་བྱེད་ཀྱིན་ཡོད་ཅིང་དམར་ཟས་ཚེ་གཅོད་བྱས་ཡོད།   

 

        ཐར་རེ་འཚོས་སློབ་ཆེན་བཏོན་ཏེ་མི་འགྱངས་པར་མཐར་ཕྱིན་ཏེ།  རྒྱལ་ཁབ་ཀྱི་ལས་བྱེད་པར་གྱུར་ནས་རྫོང་གཞན་ཞིག་ཏུ་བྱ་བ་སྒྲུབ་བཞིན་ཡོད།

 

 

        གཟའ་ཉི་མའི་ཉིན་ང་རང་གློག་ཀླད་ཀྱི་ཁ་གཏད་དུ་ཙོག་ཅིང་ལག་ཟུང་མཐེབ་གཞོང་ངོས་སུ་སྦྱར་ཏེ།   ནག་ཞར་སྡེ་བའི་སློབ་མ་ཚོའི་ལོ་རྒྱུས་ཤར་མར་བསྟར་བཞིན་པའི་སྐབས་དེར།   གློ་བུར་དུ།  ཁ་པར་ལས་རྣ་བར་ཧ་ཅང་གཟན་པའི་དྲིལ་བརྡ་སིལ་སིལ་དུ་གྲགས་བྱུང་།   དེ་ནི་ང་རང་ཕྱི་རོལ་དུ་ཆང་འཐུང་དུ་སོང་བ་ཚོར་དུས།   ཆུང་མས་ལེ་བདའ་བྱ་རྩིས་ཀྱིས་ཡོང་བའི་ཁ་པར་གྱི་དྲིལ་བརྡ་དང་གཅིག་མཚུངས་སུ་འདུག

 

        ཨང་གྲངས་ལ་བལྟས་པ་ན།   ཁ་པར་གཏོང་མཁན་ནི་ཐར་རེ་འཚོ་ཡིན་འདུག  ཁོ་མོས"ད་རེས་ང་རང་རྫོང་དུ་ལས་བསྒྱུར་བྱས་ཏེ་སློབ་གསོའི་ལས་འགན་འཁུར་དགོས་པས་ནག་ཞར་སྡེ་བའི་སློབ་གསོའི་སྐོར་ཁ་བརྡ་བྱེད་འདོད་ཀྱི་ཁྱེད་རང་ཁྱིམ་དུ་བཞུགས་ལགས་སམ"ཟེར། ངས"ང་ནང་དུ་ཡོད"ཅེས་སྒོར་ཐོན་པ་ན་སྡེ་དཔོན་སྐྱ་བྷས་སྣེ་ཁྲིད་ཅིང་དེ་སྔ་བྱིས་པ་སློབ་གྲྭར་གཏོང་རྒྱུར་མི་འདོད་པའི་རྣམ་འགྱུར་སྟོན་མཁན་ལོ་ལོན་འགའ་དང་ལྷན་དུ་ཡོད་གིན་འདུག

 

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས། 

 

 


རྩོམ་ཡིག་སྔོན་མ།
སྦྱིན་པ་རྣ་རལ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1