ཆང་།

ལྷ་མགོན་ཐར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ནམ་རྒྱུན།  ཞོགས་དུས་བེའུ་རྫིར་འོང་མ་ཐག་ནས་འགྱུར་མེད་ཀྱིས་ས་རུབ་པར་སྨོན་ཞིང་།  དེ་རིང་ཡང་ཞོགས་པ་དང་ཉིན་གུང་། ད་དུང་ཕྱི་དྲོ་ཞེས་པའི་དུས་ཀྱི་བགྲོད་པ་དེ་དག་བརྒལ་མཐར།  ད་ནི་ཉི་མ་ཚང་དུ་ནུབ་པར་ཐག་ཚད་ཙམ་ལས་མི་འདུག་ལ།    སྲོད་ཀྱི་གྲིབ་སོ་ནག་ཡོམ་མེར་ལུང་ཁོག་འདི་དང་ཉེ་རུ་བཅར་བས་ཁོས་དགའ་སྤྲོའི་ངང་བེའུ་དེད་དེ་ཡུལ་ལ་ལོག་སོང་། 

 

        ཁོས་ས་རུབ་པ་ནི་བདེ་སྐྱིད་ཅིག་སྟེ།  དུས་དེར་ད་གཟོད་ཉིན་དཀར་ལྟར་བེའུ་དག་གི་རྗེས་སུ་ཡར་རྒྱུག་མར་རྒྱུག་བྱེད་མི་དགོས་ལ།  བཟའ་མི་ཡོངས་ཚ་ཐབ་ཏུ་བསྡད་དེ་ནུབ་འཚལ་འཐུང་ཞོར་འགུལ་རིས་བརྙན་འཕྲིན་ལ་བལྟས་ཆོག་ཟེར།  འོན་ཏེ།  བདག་ལ་མཚོན་ན། ས་རུབ་ཐེངས་རེ་རེ་ནི་སེམས་ཁྲལ་དང་སུན་སྣང་གི་གོ་རིམ་རིང་མོ་ཞིག་ཡིན།   གལ་སྲིད་ཉིན་དཀར་བེའུའི་རྗེས་སུ་ཅི་ཙམ་བརྒྱུག་དགོས་བྱུང་ཡང་།  མྱུར་བར་མུན་པ་མཐར་བསྐྲད་དེ་ཞོགས་པའི་ཉི་གཞོན་བསུ་རྒྱུ་བྱུང་ན་ཅི་མ་རུང་སྙམ།  དེ་ལྟར།  འགྱུར་མེད་ནི་ཉི་ནུབ་ལ་སྤྲོ་ཞིང་། ང་ནི་ཉི་ཤར་ལ་སྨོན་པའི་བྱིས་པ་ཞིག་ཏུ་གྱུར། 

                       

        བདག་གིས་འགྱུར་མེད་ཀྱིས་བེའུ་དེད་དེ་དབོ་ཉག་ཁ་ནས་མར་འགྲོ་བའི་རྒྱབ་གཟིགས་ལ་མིག་སྐྱེལ་བྱས།  ཁོའི་བེའུ་རྒོད་པོ་དེ་དག་གིས་མཚམས་ཚིགས་མེད་པར་རྔ་གཡུག་དང་འཕྲ་འཚུབ་བྱེད་ཞོར་གནམ་ལྡིང་ས་ལྡིང་གིས་ཞོགས་པའི་མོད་ལ།  ཁོ་རང་ཡང་རྦབ་?་གྲིལ་བ་ལྟར་བེའུ་དག་གི་རྗེས་སུ་རྒྱུག་པར་བྱེད། ཚུལ་དེས་ང་ལ་འགྱུར་མེད་ཀྱིས་ནི་བེའུ་དེད་དེ་འགྲོ་བ་མིན་པར་བེའུ་དག་གིས་འགྱུར་མེད་ལ་སྣ་ཐིག་ཅིག་བརྒྱུས་ཏེ་ཁྲིད་ནས་འགྲོ་བཞིན་པའི་ཉམས་སྣང་བྱིན། སྐད་ཅིག་ཙམ་གྱི་རིང་ལ།  བེའུ་དག་ཞོགས་ཏེ་གདོང་ག་ཞིག་གི་ཕག་ཏུ་ཡལ་སོང་ལ།  འགྱུར་མེད་ཀྱང་དེ་ལྟར་བེའུ་དག་གི་རྗེས་སུ་བརྒྱུགས་ཏེ་གདོང་སྣེ་དེར་ཐོན་པ་ན།  བདག་གིས་ཁོའི་རྒྱབ་གཟུགས་འཚོས་ཡོད་པ་ཚོར་སོང་བ་ཡིན་ནམ། ཡང་ན་ཅི་ཞིག་དྲན་པའི་ཟོལ་གྱིས་གློ་བུར་དུ་གོམ་སྟབས་ལྷོད་ཅིང་།  ཁ་ཕྱིར་འཁོར་ཏེ་ང་ལ་ཕྱོགས་ནས"བདེ་མོ་བྱོས།  བདེ་མོ་བྱོས"ཞེས་པའི་ལག་བརྡ་སྦྲན་བྱུང་། 

 

        ངས་ཀྱང་ལན་དུ་ལག་བརྡ་ཙམ་བྱས་རྗེས། མཐོང་སྣེ་རྒྱང་དུ་བསྲིངས་པ་ན། དབོ་ལུང་ཞེས་པའི་རུ་སྡེ་འདི་ཉིད་ཁྲ་ལམ་མེར་བདག་གི་མིག་མདུན་དུ་མངོན་བྱུང་།  དུས་དེར། དབོ་ལུང་དུ་འབོད་པའི་ལུང་བ་འདི་ཉིད་རྒན་པ་ཚོས་བཤད་པ་ལྟར་ལག་མཐིལ་གྱི་དཔེ་རུ་བླངས་ཚེ།  རང་ཉིད་ད་ལྟ་དབོ་ཉག་གར་འབོད་པའི་མཐེ་བོང་དང་གོང་མཛུབ་བར་གྱི་ཉག་ག་དེར་འདུག་པར་ཡིད་འཇོག་བྱུང་། 

 

        ད་ནངས་ཞོགས་པར།  འགྱུར་མེད་ངེད་གཉིས་ཉག་ག་འདིའི་ཕ་རོལ་དུ་བེའུ་འཚོ་རུ་སོང་།  ཁོས་ནི་རྣམ་ཀུན་ལྟར་ས་རུབ་པར་ངང་སྒུག་བྱས་བྱས་མཐར།  ད་ནི་སྲོད་ཀྱི་གྲིབ་སོ་ལུང་ཁོག་འདི་དང་ཉེ་རུ་ཕྱིན་པས།  སྔོན་ཏག་ཏག་ལ།  ཉག་ཁ་འདི་ནས་རང་གི་བེའུ་དེད་དེ་ལག་མཐིལ་ལྟ་བུའི་དབོ་ལུང་དུ་ཆས་སོང་།      

 

        དབོ་ལུང་གི་དུད་ཁྱིམ་རེ་རེའི་དུད་ཁུང་ལས་དུ་བ་སྔོ་རྒྱང་རྒྱང་བྱེད་བཞིན་འདུག་ཅིང་།  ང་རང་ལྟོགས་དྲགས་པས་མིན་ཚེ།  བསིལ་རླུང་གི་རྒྱུ་བ་དང་བསྡོངས་ནས་བཟའ་བཏུང་གཡོས་སྦྱོར་བྱེད་པའི་དྲི་ཞིམ་ཞིག་ཀྱང་བདག་གི་སྣོམ་བྱེད་ལ་གཟས་ཏེ་ཐུལ་བྱུང་།  དྲི་ཞིམ་དེས་དར་ཅིག་གི་རིང་བརྗེད་ཟིན་པའི་ལྟོགས་མགོ་སླར་ཡང་གསོས་པས་ཕོ་བས་མྱུར་བར་ཡུལ་ལ་ལོག་ཅིག་ཅེས་གསལ་འདེབས་བྱས་བྱུང་།  འོན་ཀྱང་།  རང་ཚང་གཅིག་པུའི་དུད་ཁུང་ནི་དེ་རིང་ཡང་སྐྱ་གོག་གེར།  དབུགས་རྨེག་གེར་འདུག་པས་སྙིང་དབུས་སུ་བྲེད་ཤ་ཞིག་བར་མེད་དུ་བརྒྱུགས་བྱུང་།   

 

        ཏག་ཏག་སྐབས་དེར།  ནུབ་ཁའི་ཉི་ཟེར་གྱི་འོག་ཏུ་ངའི་གྲིབ་གཟུགས་ནི་ཨ་ཕ་ལྟ་བུའི་གཟུགས་རིང་ཞིག་ཏུ་གྱུར་འདུག ཨ་ཕ་ལྟ་བུའི་རང་ཉིད་ཀྱི་གྲིབ་གཟུགས་རིང་བོ་དེས"ཁྱོད་ནར་སོན་ན་ཨ་ཕ་ལྟར་ཆང་འཐུང་ཚེ། ང་ཨེ་ལྡོམ་ཀི་ལྟོས"ཞེས་པའི་ཨ་མའི་ཉེན་བརྡ་དེ་སླར་ཡང་དྲན་པར་བྱས་བྱུང་ལ། ནམ་རྒྱུན་མགོ་བོ་ན་བར་བྱེད་པའི་དྲི་བ་དེ་དག་གིས་ཀྱང་འགྲེ་ལྡོག་བརྒྱབ་བྱུང་། དུས་ཡུན་ག་ཚོད་ཅིག་ལ། བདག་གིས་བསམ་གཞིག་གི་གྲི་ཁ་ཡང་ཡང་བརྡར་མཐར་ཆང་ཞེས་པའི་དཀར་གཙང་གཙང་གི་གཤེར་ཁུ་དེ་ཅིས་ཀྱང་ཆུ་དང་འདྲ་བར་སྙམ་མོད། དོན་དུ་ཆང་ཞེས་པ་དེ་ཨ་ཕས་འཐུང་པའི་མཇུག་འབྲས་ནི་བདག་གིས་ཆུ་འཐུང་བ་ལྟ་བུ་ཞིག་ཡེ་ནས་མིན་པས། བདག་གིས་ཆང་ཞེས་པ་དེར་ངོས་འཛིན་གསར་དུ་མི་བྱེད་ཐུ་མེད་བྱུང་།  དེ་ལྟ་ནའང་།  བདག་གིས་ཆང་དང་ཆུ་ཞེས་པའི་དཀར་གཙང་གཙང་གི་གཤེར་ཁུ་དེ་གཉིས་བར་ཧེ་བག་ག་འདྲ་ཞིག་ཡོད་པ་རྟོགས་མ་བྱུང་ལ།  ཆང་ནི་དོན་དམ་ཅི་ཞིག་ཡིན་པའི་དྲི་གཞི་དེས་སླར་ཡང་མགོ་བོ་ན་བར་བྱས་སོང་།  རྒྱུ་མཚན་ནི་ཨ་ཕས་ཆང་འཐུངས་ཚེ། ཉིན་རྒྱུན་ཐང་དཀར་གྲོང་བརྡལ་དུ་འཁྱམས་ནས་སྡོད་པ་ལས་ཡུལ་གྱི་བྱ་བར་གཏན་ནས་དོ་ཁུར་མི་བྱེད།  ཁོས་ཕྱི་ནས་ཆང་འཐུང་གིན་འཐུང་གིན་ཤོ་བརྩེས་ཤིང་། མཐའ་མར་ངེད་ཚང་གི་མཛོ་མོ་དམར་ལིང་མ་དང་། མཛོ་ཁྱུང་ཁྲ་ཡང་ཐང་དཀར་གྲོང་བརྡལ་གྱི་མི་འགས་དེད་སོང་། ཚུལ་འདིས་རྣམ་ཀུན་སྟོང་འཇགས་གང་ཞིག་སྔས་སུ་བསྟེན་པའི་སྡེ་མི་ཚོར། འུར་ཟིང་གི་དབུགས་དབྱུང་ལན་གཅིག་བསྩལ་བྱུང་བ་འདྲ་སྟེ།  རྒན་དར་གཞོན་གསུམ་ཚང་མས་མཛོ་མཛོ་མོ་དེ་གཉིས་གླེང་བར་བྱེད། ད་དུང་ང་རང་སྡེ་མི་སུ་ཞིག་ལ་འཕྲད་ནའང་།  ཁྱེད་ཚང་གི་མཛོ་དང་མཛོ་མོ་དོམ་ལ་ཤོར་སོང་ཨང་།  ཁྱེད་ཀྱི་ཨ་ཕ་སྐྱ་བྷ་རེད་ཨང་།  ཁྱོད་ཀྱང་ཨ་ཕར་རིག་ན་ཆང་རྐྱལ་ཞིག་ཡིན་པ་གདོན་མི་ཟའོ་ཞེས་སྨྲ་བར་བྱེད། ཐ་ན་སྔགས་རལ་ཕོན་པོ་དབུ་རུ་དཀྲིས་ཏེ་མཚམས་ལ་བཞུགས་ཡོད་པའི་ཨ་མྱེས་ཀྱང་གློ་བུར་དུ་མཚམས་ལས་བུད་བྱུང་། ཁོང་གིས་ཨ་ཕས་ད་དུང་ཆང་དང་ཤོ་མ་གཅོད་མ་ཐུབ་ཚེ།   ནམ་ཞིག་ཨ་མ་ངེད་གཉིས་ཀྱང་མཛོ་དང་མཛོ་མོ་བཞིན་སུ་ཞིག་ལ་རྒྱན་དུ་འཆོར་ཀྱང་སྲིད་ཟེར། 

        ཨ་མྱེས་ཀྱིས་གྲོལ་མི་རུང་བའི་རང་གི་མཚམས་ཀྱང་གྲོལ་བར་བྱས་ཏེ་ཨ་ཕར་ཁ་ཏ་བྱས་པའི་མཇུག་འབྲས་ནི་ཨ་ཕ་སྔོན་ཆད་ཁྱིམ་མི་ཡོངས་དང་འདྲ་བར་ཨ་མྱེས་གཙུག་ཏུ་བཀུར་ཞིང་། ཁོང་གི་ཅི་གསུང་ལ་ལེགས་སོ་ཞུ་མཁན་ཞིག་ནས་ད་ནི་ཁོང་གི་ཅི་གསུང་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་མཁན་ཞིག་ཏུ་གྱུར་བ་མ་ཟད། སྔར་ལས་ཀྱང་ཆང་དང་ཤོ་ལ་གཡེང་བར་བྱེད་ཅིང་། དེ་རིང་ཡང་ཐང་དཀར་གྲོང་བརྡལ་དུ་ཆས་སོང་། 

 

        ཨ་ཕ་ཆང་ལ་སོང་ཞིང་། ང་རང་བེའུ་རྫིར་ཡོང་། ཨ་མའང་གཡུལ་གཅོག་ཏུ་སོང་ཤུལ་དུ་ངེད་ཚང་གི་ཡུལ་སྲུང་ནི་ཁྱི་གུ་རྒྱ་ཕྱུག་གཅིག་པུ་ཡིན།  སྤྱིར་ན་བདག་གིས་རྒྱ་ཕྱུག་བེའུ་འཚོ་རོགས་སུ་ཁྲིད་འདོད་ཆེ་ནའང་།  ཨ་མས་རྒྱ་ཕྱུག་གིས་ཡུལ་བསྲུང་དགོས་ཟེར་བས་ད་གཟོད་མི་བསྐྱུར་ཐུ་མེད་བྱུང་། གལ་སྲིད་ཨ་ཕས་ཨ་མར་རོགས་བྱས་ཡོད་ཚེ། རང་ཚང་གིས་ཀྱང་འགྱུར་མེད་ཚང་དང་འདྲ་བར་སྔ་མོ་ནས་གཡུལ་བཅག་ཚར་ཡོད་སྲིད་པས།  ཨ་མ་གཅིག་པུས་ཉིན་འདི་འདྲའི་མང་པོ་ཞིག་ལ་སྡུག་འདག་མི་དགོས། དེ་ལྟར་ན། ད་ནི་ཨ་མས་ཡུལ་དུ་འོ་ཇ་མངར་མོ་ཞིག་བསྐོལ་ཏེ་ང་ལ་བསྒུགས་ཡོད་ངེས་ཤིང་། རང་ཚང་གི་དུད་ཁུང་ལས་ཀྱང་ད་ལྟ་དུ་ཞགས་སྔོ་རྒྱང་རྒྱང་བྱེད་བཞིན་ཡོད་སྲིད་ལ། དུ་ཞགས་དེ་ནི་དབོ་ལུང་གི་དུད་ཁྱིམ་ཀུན་ལས་ཆེས་སྔོ་ཤོས་དང་ཆེ་ཤོས་དེ་ཡིན་པར་ཡང་གདོན་མི་ཟ་ཨང་།  

 

 

        སྲོད་ཀྱི་མུན་པས་ལག་མཐིལ་ལྟ་བུའི་ལུང་ཁོག་འདི་ཁྱུར་མིད་བྱས་ཚར་ལ་ཉེ་དུས ཨ་མས་གཞི་ནས་གཡུལ་གཅོག་མཚམས་བཞག་སྟེ་ཡུལ་ལ་བསླེབས་བྱུང་།  མོས་བདག་གིས་དེ་རིང་འབྲི་མོ་གཅིག་ཀྱང་མ་འདྲེས་སུ་བཅུག་མེད་པ་མཐོང་བས། "ད་ནི་ཁྱོད་རང་ལག་ཆགས་འདུག"ཅེས་སྐེད་པ་མར་སྒུར་ཏེ་བདག་གི་མགོ་ལ་བྱིལ་བྱིལ་བྱས་བྱུང་། མོའི་སྐྲའི་ལན་བུའི་གསེབ་ཏུ་རྩྭ་ཆག་དང་ས་རྡུལ་གྱིས་ཁེངས་འདུག་ཅིང་།   གདོང་ཡང་ཉི་མས་འཚིག་པས་སྐྱི་ཤུན་རབ་དང་རིམ་པ་བྱས་ཏེ་བཀོག་གིན་འདུག་པ་དང་།  ལག་མཐིལ་དུའང་ལྭ་བ་ནག་པོ་ཞིག་ཆགས་འདུག དེའི་མུར་བདག་གིས་དབང་མེད་དུ་ཨ་མར་སྙིང་རྗེ་ཞིག་སྐྱེས་བྱུང་ལ། ཨ་ཕའི་སྟེང་དུ་སྡང་སེམས་ཤིག་ཀྱང་སྐྱེས་བྱུང་། དྲང་མོར་ཞུས་ན། ཨ་མར་སྙིང་རྗེ་དང་ཨ་ཕར་སྡང་སེམས་སྐྱེས་ཐེངས་ནི་ད་རེབ་ཁོ་ན་ཙམ་མ་ཡིན། ཡིན་ནའང་། ཨ་མར་སྙིང་རྗེ་སྐྱེས་པ་ནི་རྟག་ཏུ་སྙིང་དབུས་ནས་ཡལ་རྒྱུ་མ་བྱུང་མོད། ཨ་ཕར་སྐྱེས་པའི་སྡང་སེམས་ནི་ཅུང་ཙམ་གྱི་རྗེས་སུ་ཆུ་ཁའི་ཝུ་བ་ལྟར་ཡལ་བར་འགྱུར། བདག་གིས་རང་གི་གཏན་ཚིགས་མེད་པའི་སེམས་པ་འདི་ལ་ཨ་ཕར་འདི་ལྟར་གུ་ཡངས་སྟེར་མི་རུང་ཞེས་ཡང་ཡང་གདམས་ཀྱང་། སྨྲ་བརྗོད་ཀྱིས་མཚོན་པར་ཁག་པའི་སྟོབས་ཤུགས་ཤིག་གིས་ཨ་ཕར་བཅངས་པའི་སྡང་སེམས་དེ་ཡང་ཡང་ཁྱུར་མིད་དུ་གཏོང་བར་བྱེད། 

 

        "ད་ནི་ཁྱོད་རང་ལག་ཆགས་འདུག"ཅེས་པའི་ཨ་མའི་སྐད་ཆ་འདི་ནི་བདག་སེམས་སུ་ཡུན་རིང་བརྣག་པའི་འདུན་པ་ཞིག་ཡིན།  དུས་ནམ་ཞིག་ནས་བཟུང་།  བདག་གིས་ཉི་ཤར་ལ་སྨོན་པ་ལྟར་རང་ཉིད་ལག་ཆགས་པར་སྨོན་ལམ་ཕུར་ཚུགས་སུ་བཏབ་མྱོང་།  གལ་སྲིད་ང་རང་ཆེན་པོར་ཆགས་ཚེ།  བདག་གིས་ཨ་ཕར་ཆང་མ་ཐུངས་ཞེས་བཤད་ན།  ཁོས་ཁྱོད་ཕྲུ་གུ་སྐྱག་པ་གར་གཏོང་མི་ཤེས་པ་ཞིག་གིས་ང་ལ་སློབ་གསོ་གཏོང་ངམ་ཞེས་བདག་གི་སྐད་ཆ་སྣང་མེད་དུ་འཇོག་མི་སྲིད།  ཨ་ཕས་ཆང་བཅད་ཚེ།  ཨ་མ་ངེད་གཉིས་ཀས་ཉིན་མཚན་ལྟོས་མེད་དུ་ཨ་ཕར་སེམས་ཁྲལ་བྱེད་མི་དགོས་ཤིང་།  ཨ་མས་ལག་པར་ལྭ་བ་ཆགས་རག་བར་དུ་ངལ་རྩོལ་ཡང་བྱེད་མི་དགོས།  དོ་ནུབ།  ཨ་མས་ཐེངས་དང་པོར་ང་རང་ལག་ཆགས་འདུག་ཟེར་བས་རང་སེམས་སུའང་ད་ནི་རང་ཉིད་དངོས་གནས་ཆེན་པོ་ཆགས་འདུག་ཨང་སྙམ་ལ། སང་ཉིན་ཡང་འབྲི་བེའུ་མ་འདྲེས་སུ་གཞུག་མི་རུང་སྙམ། 

 

        དོ་ནུབ་ཀྱང་ཨ་མ་ངེད་གཉིས་སྔར་ལྟར་ཁང་བའི་སྒོ་ཐེམ་དུ་ཙོག་སྟེ། དབོ་ཉག་གའི་ཕྱོགས་སུ་བལྟས་ནས་བསྡད། འདི་ནི་ཨ་ཕས་འཕྲུལ་རྟ་ཉོས་རྗེས་ང་དང་ཨ་མར་གོམས་ལོབས་སུ་སོང་བའི་ཁོར་སྒུག་སྟངས་ཤིག་ཡིན་ལ། དབོ་ཉག་ཁ་ནས་གློག་འོད་ཆེམ་ཆེམ་འཕྲོ་བའི་འཕྲུལ་རྟ་ཞིག་མངོན་ཚེ། དེ་ནི་ཨ་ཕ་ཨེ་ཡིན་གྱི་རེ་བས།  གློག་འོད་འཕྲོ་བའི་འཕྲུལ་རྟ་དེ་རང་ཚང་ལ་ཡོང་སའི་ལམ་དུ་མ་ཞུགས་པར་གཞན་དུ་དཀྱོགས་རག་བར་མིག་གིས་འཚོས་ཏེ་བསྡད་པ་ཡིན། 

 

        ཏག་ཏག་སྐབས་འདིར།  ངེད་ཚང་གི་མཛོ་ཁྱུང་ཁྲའི་རྭ་ཅོ་ལྟ་བུའི་ཚེས་རིས་དེ་ཤར་ཕྱོགས་ཀྱི་མཁའ་མཐའ་ན་ཁེར་ཧྲེང་ངེར་མཐོ་ནས་མཐོ་རུ་འཕག་གིན་འདུག་ཅིང་།  ཡུད་ཙམ་ནས་སྤྲིན་པ་ནག་པོ་ཞིག་གིས་བསྒྲིབས་པས་མི་སྣང་བར་གྱུར།   ཨ་སྔོན་གྱི་མཐོ་ས་ཞིག་ན།  མིག་ཟུང་གྲངས་མེད་ཅིག་དང་འདྲ་བར་ཀེམ་ཀེམ་གཡོ་བཞིན་པའི་སྐར་མ་དེ་དག་གིས་ཀྱང་ཨ་མ་ངེད་གཉིས་ལྟར་ཁོ་ཚོའི་ཨ་ཕའི་ལོག་ཕེབས་ལ་བསྒུགས་ཏེ་ཡོད་པ་ཡིན་ནམ།  ངས་ནི་ཅིས་ཀྱང་དེ་འདྲ་མིན་ནམ་སྙམ།  

 

        ་མ་ངེད་གཉིས་དབོ་ཉག་གའི་ཕྱོགས་སུ་ཅེར་སྡོད་དུས།  སྐར་མདའ་ཞིག་མིག་རྡེབ་དབང་ཙམ་གྱི་ཡུན་ལ།  མཁའ་དབྱིངས་ཀྱི་ཆེས་མཐོ་ས་ཞིག་ནས་མཁའ་མཐའ་གང་རུང་ཞིག་ཏུ་གྲིལ་སོང་།  བགྲང་བྱ་འགའི་སྔོན་དུ།  ཨ་མ་ངེད་གཉིས་དོ་ནུབ་དང་འདྲ་བར་སྒོ་ཐེམ་དུ་ཙོག་སྟེ།  ཨ་ཕར་སྒུག་སྐབས།  ཏག་ཏག་དོ་ནུབ་ཀྱི་སྐར་མདའ་དེ་ལྟ་བུ་ཞིག་ཚམ་ཚོམ་ཅི་ཡང་མེད་པར་མཁའ་དབྱིངས་ནས་སའི་གོ་ལའི་གས་སྲུབས་གང་རུང་ཞིག་ཏུ་ལྷུང་སོང་།  དེ་མ་ཐག ཨ་མས་སྐད་མགོ་ཇེ་མཐོར་བཏང་སྟེ། ་མ་ཎི་པདྨེ་ཧཱུྃ་ཞེས་ལན་གསུམ་ལ་བཏོན་བྱུང་། དེར་བདག་གིས་མཚར་སྣང་དང་བཅས་དེ་ནི་ཅི་ཞིག་ཡིན་པ་དྲིས་པར་ཨ་མས་དེ་ནི་སྐར་མདའ་རེད། མི་ཞིག་འཆི་བས་ཁྱེར་ཚེ། སྐར་མདའ་རེ་ལྷུང་བར་འགྱུར་ཟེར།  འོན་ཏེ།  མཚན་མོ་དེར།  བདག་གིས་འཆི་བ་ནི་ཅི་ཞིག་ཡིན་པ་དང་། མི་ཞིག་འཆི་བས་ཁྱེར་ཕྱིན་ཅིའི་ཕྱིར་སྐར་མདའ་རེ་ལྷུང་འགྲོ་བ་ཡིན་ནམ་སྙམ། ༄

        ཨ་མས་འཆི་བ་ནི་ཡུལ་མི་ཉེ་འབྲེལ་ཀུན་བསྐྱུར་ཏེ་ཡུལ་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་པ་ལ་ཟེར་གསུངས་།  དེར་བདག་གིས་ང་ལ་འཆི་རྒྱུ་ཡོད་མི་སྲིད་དེ།  རང་ཉིད་ཀྱིས་དུས་གཏན་དུ་ཨ་མྱེས་དང་ཁྱེད་ཚོ་བསྐྱུར་ཏེ་ཡུལ་ཐག་རིང་ཐག་རིང་ཞིག་ཏུ་འགྲོ་མི་སྲིད་ཅིང་། གལ་སྲིད་དེ་ལྟར་ཕྱིན་རྗེས་ཕྱིར་ལོག་མ་ཐུབ་ཚེ། ཁྱེད་ཀྱིས་སེམས་ཚེགས་བྱས་ཏེ་ཡང་ཨ་ཕར་སྒུག་པ་ལྟར་སྒུག་དགོས་བྱུང་ན་ཅི་བྱ་ཨང་ཞེས་བཤད།  དེར་ཨ་མ་དགོད་ཞོར་དུ་གནས་དེར་འགྲོ་རན་ལ་བསླེབ་ཚེ།  ཅིས་ཀྱང་མི་འགྲོ་ཐུ་མེད་ཡིན་ཟེར། ༄

བདག་གིས་གལ་སྲིད་ས་ཆ་ཐག་རིང་དེར་འགྲོ་རན་ལ་སླེབས་ནའང་། བདག་ནི་ནམ་ཡང་ཁྱེད་ཅག་དང་ལྷན་དུ་འདུག་རྒྱུ་ཡིན་ཞེས་བཤད། ༄

        མཚན་མོ་དེར།   བདག་གིས་ཐེངས་དང་པོར་འཆི་བ་ཞེས་པའི་དྲི་བ་རྒྱུས་མེད་ཅིག་ལ།   ཡང་ཡང་བསམ་བློ་བཏང་བ་སྟེ། འཆི་བ་ཞེས་པ་དེ་ནི་ཅིའི་ཕྱིར་ཡུལ་མི་ཉེ་འབྲེལ་ཀུན་བསྐྱུར་ཏེ་ཐག་རིང་ཐག་རིང་ཞིག་ལ་འགྲོ་དགོས་པ་ཞིག་ཡིན་ནམ།  དེ་གར་སོང་ཕྱིན།  ཕྱིར་ལྡོག་ཐུབ་བམ།  དེ་བས་ཀྱང་འཆི་བ་ནི་དངོས་གནས་འགྲོ་རན་ཚེ།   མི་འགྲོ་ཐུ་མེད་ཅིག་ཡིན་ཚེ།  དེར་ཕྱིན་ཏེ་ཕྱིར་ལོག་ཐབས་ཤིག་ཀྱང་ཅི་བས་ཡོད་དགོས་ཨང་སྙམ།  ཡིན་ནའང་།  བདག་གིས་ཇི་ལྟར་བསམ་བློ་བཏང་ཡང་སྔར་ཆང་ནི་ཅི་ཞིག་ཡིན་པ་མ་ཤེས་པ་ལྟར་ཀླད་པའི་ནང་དུ་དྲི་རྟགས་མང་པོ་ཞིག་ཉིས་འབྲེལ་སུམ་འབྲེལ་གྱིས་བརྩེགས་པ་ཙམ་མོ། ། ༄

ཕྱིས་སུ་བདག་གིས་འཆི་བ་ཞེས་པ་དེ་ནི་དངོས་འབྲེལ་ཡུལ་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་པ་ཞིག་མིན་གྲང་སྙམ།  དེ་ཡང་སྐར་མདའ་ལྷུང་བའི་མཚན་མོ་དེར།  ཨ་ཕའི་ཆང་གྲོགས་དྭངས་མ་སྟེ།  ཨ་ཁུ་ཟླ་བ་ཆང་གིས་ར་བཟི་རྗེས།  འཕྲུལ་རྟར་ཞོན་ཏེ་ཟོང་སྐྱེལ་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་པས་ཚེ་ལས་འདས་སོང་ཟེར། ༄

        དང་ཐོག་བདག་གི་རྣར་དེ་འདྲ་མ་སོང་མོད།  གང་སྲིད་ཁོ་རང་དངོས་གནས་འཆི་བ་ཞེས་པའི་ཡུལ་ཐག་རིང་ཐག་རིང་དེར་བུད་སོང་བ་བདེན་ཚེ།  ཉིན་དཀར་ཨ་ཕ་དང་མཉམ་དུ་ཕྱི་རུ་འཁྱམས་ཤིང་།  མཚན་དཀྱིལ་ལ།  བདག་གིས་ངོ་ཤེས་མིན་གྱི་མི་སྐོར་ཞིག་དང་བཅས་ངེད་ཚང་དུ་འོང་ནས་ཆང་འཐུང་སྟེ།  སུན་པོ་བཟོ་མཁན་གྱི་ཆང་རྐྱལ་གཅིག་གིས་ཇེ་ཉུང་དུ་སོང་བ་ཡིན་པས་དེ་ནི་གཏམ་བཟང་ཞིག་མིན་ནམ་སྙམ།  ༄

ཕྱིས་སུ་ཨ་ཕ་དང་ཨ་ཞང་ཉི་མ་གཉིས་ཀས་སྔར་ལྟར་མཚན་ཞག་བསྐྱལ་ཏེ་ཆང་འཐུང་བར་བྱེད་མོད།  ཨ་ཁུ་ཟླ་བའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མ་བྱུང་།  ཁོང་གཉིས་ཆང་གིས་བཟི་བའི་སྐབས་དག་ཏུ་ཟླ་བ་དགའ་ལྡན་པོ་ཞེས་ཨ་ཁུ་ཟླ་བའི་མིང་གི་སྔོན་ལ་དགའ་ལྡན་པོ་ཞེས་པ་ཞིག་སྦྱར་ཏེ་འབོད་པར་བྱེད་ཅིང་།  ཡུན་གྱིས་ཁོང་གཉིས་ཀའི་མིག་ཟུང་མཆི་མས་བརླན་བཞིན་བཤུམ་པར་བྱེད།  དེ་བས།  བདག་གིས་ཨ་ཁུ་ཟླ་བ་དངོས་འབྲེལ་ཡུལ་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་ཟིན་པ་རྟོགས་ཤིང་། སྣང་བ་ཞིག་ལ་ཁོ་རང་ཕྱིར་དབོ་ལུང་དུ་ལོག་ཐབས་ཤིག་ཀྱང་ཅི་བས་ཡོད་ངེས་ཨང་སྙམ། ཡིན་ནའང་།  ཁོ་རང་ཇི་ལྟར་ཕྱིར་ལོག་དགོས་སམ། བདག་གིས་དེ་ལྟར་བསམ་བློ་བཏང་། ༄

        དང་ཐོག་བདག་གིས་ཨ་ཁུ་ཟླ་བ་དེ་ལྟར་ཡུལ་ཐག་རིང་ཐག་རིང་ཞིག་ཏུ་ཕྱིན་པ་ནི་བཀྲ་ཤིས་པའི་ལྟས་བཟང་ཞིག་ཏུ་སེམས་མོད། མ་བསམ་ས་ནས་ཁོ་རང་རྒྱང་དུ་ཆས་ཐེངས་དེས་ཨ་མ་ངེད་གཉིས་སྔར་བས་ཀྱང་སེམས་ཁྲལ་ལ་གཏད་བྱུང་། ཨ་མས་ཨ་ཕས་འཕྲུལ་རྟ་མི་ཞོན་པར་རྟར་ཞོན་ན། མོའི་སེམས་ཁ་བདེ་ལུགས་བཤད་ཀྱང་ཨ་ཕས་འཆི་བ་མགོར་ཐོན་ན་ལྡོག་ཐབས་ག་ལ་ཡོད། དེ་ནི་རང་རང་གི་ལས་ལ་ཐུག་ཡོད་ཅེས་འཕྲུལ་རྟ་བསྐྱུར་ཏེ་སླར་ཡང་རྟ་ཕོར་གཏན་ནས་ཞོན་མ་བྱུང་། ༄

         དེ་ལྟར།  ཨ་ཕ་འཕྲུལ་རྟར་ཞོན་ཏེ་ཐང་དཀར་གྲོང་རྡལ་དུ་སོང་བའི་མཚན་ཞག་རེ་རེར། ཨ་མ་ངེད་གཉིས་སྒོ་ཐེམ་དུ་ཙོག་སྟེ་སྒྲོལ་མ་འདོན་ཞོར་ཁོ་རང་འཕྲུལ་རྟའི་གློག་འོད་ཆེམ་མེར་ཡུལ་ལ་ལོག་འོང་བར་རེ་སྒུག་བྱས།  ཡིན་ནའང་།  ཨ་ཕ་ནི་རྣམ་ཀུན་དུས་ལྟར་ཡུལ་ལ་ལོག་པའི་སྐལ་བ་ནི་ཤིན་ཏུ་ཉུང་། ༄

 ད་ནི་དུས་ཚོད་ཀྱང་སྔ་རྒྱུ་མེད་པ་མཐོང་བས་ཨ་མས་མྱུར་བར་ང་ལ་ནུབ་འཚལ་འཐུང་སྟེ་ཉོལ་ཟེར།  འོན་ཀྱང་།  དོ་ནུབ་གཉིད་ཀྱི་ན་བུན་སྟུག་པོ་དེ་གཏན་ནས་སླེབས་རྒྱུ་མ་བྱུང་།  དེ་ནི་དོ་ནུབ་མཁའ་མཐའ་གཤགས་ཏེ་མར་ལྷུང་སོང་བའི་སྐར་མདའ་དེས་ལན་པ་འདྲ་ལ།  ཡང་ན་གཞན་ཞིག་གིས་ཉེས་པའང་འདྲ།  གང་ལྟར།   དོ་ནུབ་བདག་གིས་ནམ་རྒྱུན་ལས་ཀྱང་ཨ་ཕར་སེམས་ཁྲལ་བྱེད་དགོས་བྱུང་། ༄

          ཨ་མ་ངེད་གཉིས་སྒོ་ཐེམ་དུ་ཙོག་སྟེ།  སྒྲོལ་མ་འདོན་ཞོར་ཨ་ཕར་ཇི་ལྟར་བསྒུགས་ནའང་།  ཁོ་རང་དོ་ནུབ་ཀྱང་དུས་ལྟར་ཡུལ་དུ་སླེབས་མ་བྱུང་བ་ནི་དུས་ཚོད་ཀྱི་འཁོར་རྒྱུག་ཁྲོད་གཏན་ཆགས་སུ་སོང་བའི་གྲུབ་ཆ་ཞིག་ཡིན་དགོས་པ་འདྲ། ༄

        བདག་གིས་མགོ་བོ་མལ་ཐུལ་གྱིས་གཅུད་དེ་མལ་དུ་ཉལ་ནས་བསྡད་ཀྱང་གཉིད་ཀྱི་ན་བུན་སྟུག་པོ་དེ་ད་དུང་སླེབས་རྒྱུ་མ་བྱུང་།  གལ་སྲིད་ཨ་ཕ་དང་ཁོའི་ཆང་གྲོགས་དག་མ་སླེབས་སྔོན་ལ་གཉིད་མ་ཐུབ་ཚེ།  ཁོང་ཚོ་སླེབས་ཚུན་གཉིད་སྐྱིད་པོ་ཞིག་གཏན་ནས་ལོག་ཐབས་མེད།  གལ་སྲིད་དོ་ནུབ་འདི་ལྟར་གཉིད་བཅག་ཕྱིན།  སང་ཉིན་བེའུ་རྫིར་སོང་ཚེ།  ཤེས་མ་ཤེས་ཀྱི་བར་ནས་གཉིད་ལ་ཤོར་སྲིད་ཅིང་།  དེ་ལྟར་ན།  ཡང་འབྲི་བེའུ་མ་འདྲེས་པར་འགྱུར་ངེས།  དེ་བས།  ད་ནི་ཅིས་ཀྱང་གཉིད་དགོས།  གཉིད་དགོས།  ཡིན་ནའང་།  ཨ་ཕས་འཕྲུལ་རྟ་ཞོན་འོང་དུས་ཅི་ཞིག་བྱས་ཨེ་འགྲོར་སྙམ་པའི་སེམས་ཁྲལ་དེ་ནམ་ཡང་ཞུ་ཐབས་མ་བྱུང་། ༄

 གཉིད་གུང་དུ་སིལ་ཏོག་གི་དྲི་མ་ལྟ་བུའི་དྲི་ཞིམ་ཞིག་གིས་བདག་གི་སྣ་ཤེས་ལ་ཡང་ཡང་བསླུ་བྲིད་གཏོང་བར་བྱེད་ཅིང་།  གཉིད་ལས་སད་དུས།  ཁང་བའི་ནང་ཡོངས་ཆང་དྲི་སྟུག་པོ་ཞིག་གིས་ཁྱབ་འདུག མ་གཞིར་དོ་ནུབ་ང་རང་གཉིད་ལས་དཀྲོགས་མཁན་ནི་ཨ་ཕ་དང་ཁོའི་ཆང་གྲོགས་ཀྱིས་བསྐྱེད་པའི་འུར་ཟིང་མ་ཡིན་པར་ཆང་དྲི་ཡིན་འདུག མ་གཞིར་ཆང་དང་ཆུ་ཡི་མི་འདྲ་ས་གཅིག་ནི་ཆང་ལ་ཏག་ཏག་སིལ་ཏོག་གི་དྲི་ཞིམ་ལྟ་བུ་ཞིག་མངའ་བ་དེ་ཡིན་ནམ་ཅི།༄ 

        བདག་གི་དྲན་པས་ཟིན་ཚོད་ཅིག་ནས་ཨ་ཕས་ཆང་འཐུང་བཞིན་འདུག་ཅིང་།  ཆང་དྲིའི་ཀློང་ནས་ཁོ་བོས་གྱ་ཙེ་གོམ་ཙེ་བསླབས་ཤིང་བེའུ་རྫིར་ཕྱིན།  ཡིན་ནའང་།  དོ་ནུབ་ཆང་ལའང་སིལ་ཏོག་གི་དྲི་ཞིམ་ལྟ་བུའི་སྙིང་ཉེ་ཉེའི་ཟུར་ཞིག་ཡོད་པ་ཐོག་མར་རྟོགས།  རེད་ཡ།  ཆང་གི་དྲི་མ་ནི་སིལ་ཏོག་གི་དྲི་ཞིམ་ལྟ་བུ་ཞིག་ཏུ་འདུག་པས་ཨ་མས་ཅིའི་ཕྱིར་ང་ལ་སིལ་ཏོག་ཟ་རུ་འཇུག་ཅིང་།  ཆང་མ་ཐུངས་ཟེར་བ་ཡིན་ནམ།   དེ་ནི་ཆུ་ལ་སིལ་ཏོག་གི་དྲི་ཞིམ་དེ་ལྟ་བུ་ཞིག་མེད་པས་ཡིན་ནམ།  ད་ནི་སྤྱིར་ན་དྲི་བའི་རྐྱ་གང་ཞིག་ཞིག་ན་འགྲིག་མོད།  དེ་ལས་ལྡོག་སྟེ་སླར་ཡང་མདུད་པ་ཞིག་བརྒྱབ་བྱུང་། ༄

སིལ་ཏོག་གི་དྲི་ཞིམ་ལྟ་བུའི་ཆང་དྲིའི་ཀློང་དུ་ཨ་ཕ་དང་ཨ་ཞང་ཉི་མས་འགྱུར་མེད་ཀྱི་ནུ་བོ་ལྷག་བསམ་ནི་ཨ་ཁུ་ཟླ་བའི་རྣམ་ཤེས་རེད་ཟེར་བཞིན་འདུག"ཆང་རྐྱལ་དེ་ལྟ་བུ་ཞིག་གིས་ད་དུང་སྐྱེ་བ་མི་ལུས་ཤིག་ལེན་ཐུབ་པ་ངོ་མ་ལས་སླ་བོ་ཞིག་ག་ལ་ཡིན།"  ཨ་ཕས་ཐོད་པར་གཟབ་ནན་གྱི་གཉེར་མདུད་ཅིག་བརྒྱབ་སྟེ་དེ་སྐད་ཟེར། 

        "ཆང་གྲོགས་དགའ་ལྡན་པོ་སླར་ཡང་དབོ་ལུང་དུ་སླེབས་པར་ཞབས་དག"༄

        "ད་དུང་རང་གི་ཁྱིམ་མཚེས་ཚང་དུ་སྐྱེས་འདུག ངོ་མ་ངར་བ་རེད། "༄

        ནམ་རྒྱུན་སྐབས་འདིར།  ཆང་གིས་ར་རོར་གྱུར་ཡོད་པའི་ཆང་འཐུང་འདི་གཉིས་དོ་ནུབ་ད་དུང་བཟི་མེད་པ་ཡིན་ནམ།  གང་ལྟར་གོང་གི་སྐད་ཆ་འདི་དག་འཆད་དུས་ཉོབ་ཚུགས་ཤིག་ཡེ་ནས་མི་འདུག་ལ།  གཟབ་ནན་གྱི་ཉམས་འགྱུར་ཞིག་གིས་ཀུན་ནས་བརྟས་འདུག ༄

        སྔོན་ཆད་ཅིག་ལ།  འགྱུར་མེད་ཀྱིས་ང་ལ་ཁོའི་ནུ་བོ་འགྲོ་ཤེས་ཙམ་ནས་ཨ་ཁུ་ཟླ་བ་ཚང་དུ་འབྲོ་ལ།  སྐད་ཆ་འབྲུ་གཅིག་སྨྲ་ཤེས་ཙམ་ནས་ཨ་ཁུ་ཟླ་བའི་བུ་རྒྱ་མཚོ་ཡི་མིང་ནས་ཡང་ཡང་འབོད་པར་བྱེད།   དེ་བས།  ཕུ་བོ་རྒྱ་མཚོས་ཀྱང་ལྷག་བསམ་རང་གི་ཕ་ཡི་རྣམ་ཤེས་ཡིན་པ་འདྲ་བས་ཨ་ལགས་ཚང་ལ་ལུང་བསྟན་ཞིག་ཞུ་དགོས་ཟེར་བཞིན་འདུག་ཅེས་བཤད་མྱོང་།  མ་གཞིར་ཨ་ཁུ་ཟླ་བ་འཆི་བ་ཞེས་པའི་ཡུལ་རྒྱང་རིང་དེར་ཕྱིན་རྗེས།  ད་ནི་རྣམ་ཤེས་ཞེས་པ་དེར་བརྟེན་ཏེ་སླར་ཡང་དབོ་ལུང་དུ་སླེབས་སམ་ཅི།  བདག་གི་ཉམས་སྣང་ཞིག་ལ་ཨ་ཁུ་ཟླ་བ་འཆི་བ་ཞེས་པའི་ཡུལ་རྒྱང་རིང་དེར་ཕྱིན་ཀྱང་ཕྱིར་ལོག་ཐབས་ཤིག་ཅིས་ཀྱང་ཡོད་ངེས་སྙམ་པའང་འདི་འདྲ་ཞིག་ཡིན་ནམ།  འོན་ཏེ།  རྣམ་ཤེས་ཟེར་བ་དོན་དམ་ཅི་ཞིག་ཡིན་ནམ།  དྲི་བ་མང་པོ་ཞིག་གིས་སླར་ཡང་ཀླད་པའི་ནང་དུ་འགྲེ་ལྡོག་བརྒྱབ་བྱུང་།  དོན་དུའང་ནར་སོན་གྱི་གོ་རིམ་ནི་དྲི་བ་གཅིག་གི་དྲི་ལན་རྙེད་རྗེས།  སླར་ཡང་དྲི་ལན་གཞན་ཞིག་འཚོལ་དགོས་པའི་དྲི་བ་ཞིག་ཡིན་པ་འདྲ། ༄

     བདག་གིས་ཁོང་གཉིས་ཀས་མུ་མཐུད་དུ་ཨ་ཁུ་ཟླ་བའི་རྣམ་ཤེས་ཀྱི་སྐོར་རེ་གླེང་རྒྱུ་བྱུང་ན་སྙམ་མོད། མི་ཆེན་འདི་དག་གིས་རྣམ་ཀུན་བྱིས་པ་དག་གིས་མཉན་པར་འདོད་པའི་དོན་དེའི་རིགས་ཟུར་ཙམ་ལས་མི་གླེང་ཞིང་། དེ་ལས་ལྡོག་པ་རྐྱང་རྐྱང་ཡང་ཡང་གླེང་བར་བྱེད།༄ 

        "ངས་ཆང་འཐུང་ཞིང་ཤོ་བརྩེས་པ་བདེན་པ་ཡིན། ཡིན་ནའང་། དེ་ཙམ་གྱིས་སྟག་རོང་ཚང་གི་མིང་བརྫད་སོང་ཟེར་ན། དེ་ནི་ཁྱེད་ཀྱི་ཨ་ཁུ་ཡང་ཚད་ལས་བརྒལ་དྲགས་སོང་།" ཨ་ཕས་བསྟུད་མར་ཆང་ལ་ཧུབ་འགའ་བྱས་རྗེས། ཐོག་མར་གོ་ཁར་སྡོད་པའི་ཨ་མར་ལན་གཅིག་བལྟས་ཤིང་། དེ་ནས་ཁོའི་ཁ་གཏད་དུ་ཡོད་པའི་ཨ་ཞང་ལ་ཕྱོགས་ཏེ་དེ་སྐད་བཤད་ཅིང་། བཤད་ཚར་མ་ཐག་སླར་ཡང་ཆང་ལ་ཧུབ་གཅིག་བྱས་སོང་། ༄

        ཨ་ཞང་གིས་འཐུང་གྲབས་བྱེད་བཞིན་པའི་ཆང་ཕོར་བ་གང་བོ་ཕྱིར་ཅོག་ཙེའི་སྟེང་དུ་བཞག་རྗེས"ངོ་མ་བཤད་ན། སྟག་རོང་ཚང་གི་མིང་ནི་བརྫད་ཡོད་པ་འདྲ། ད་དེ་དག་སྐྱུར་ཞོགས། འུ་སྤུན་གཉིས་ཀས་ཆང་སྐྱིད་པོ་ཞིག་ཐུངས"ལག་པས་ཨ་ཕའི་ཕྲག་མགོར་རྡེབ་ཙམ་བྱས་ཤིང་། སླར་ཡང་ཆང་ཕོར་བཏེགས་བྱུང་། ༄

        "ཁྱེད་སྟག་རོང་ཚང་གི་མཚན་སྙན་བརྫད་ཡོད་ན་ཁྱོད་ཀྱིས་བརྫད་ཡོད་སྲིད། དེ་དག་ང་མག་པ་ཞིག་གི་མགོར་འཕེན་དོན་ཅི།"ཨ་ཕ་གློ་བུར་དུ་ཚ་ཐབ་ལས་ཡར་ལངས་ཤིང་།  མིག་རྩའང་དམར་ཧྲིག་གེར་འགྱུར་བཞིན་ཨ་ཞང་ཉི་མའི་ཐོང་རྩར་འཇུས་སོང་ལ། ཨ་ཞང་ཉི་མ་ཡང་ཕྱིར་ཨ་ཕའི་ཐོང་རྩར་འཇུས་ཏེ་ཁོང་གཉིས་ཀས་གཡུགས་རེས་བྱས་བྱུང་། ཨ་ཕའི་རྐང་བ་སྤོ་ཉེས་ཤིག་གིས་རྐང་འདྲེད་ཤོར་བས་ཨ་ཞང་ཉི་མས་ཨ་ཕ་འོག་ཏུ་མནན་བྱུང་། དེར་ང་རང་རྟབ་རྟབ་པོར་གྱུར་ཞིང་། ཅི་ཞིག་བྱས་ན་དགའ་ཨང་སྙམ་དུས། རྩེད་རའི་ནང་དུ་བསྐྱུར་ཡོད་པའི་ལྕགས་ཀྱི་མགོ་སྐོར་དེ་དྲན་པས་དེའི་མུར་ཕྱི་རུ་བརྒྱུགས། ༄

        ཨ་མས་ཨ་ཕ་ནང་དུ་བཅུག་སྟེ་སྒོར་ཐེ་ལུང་བརྒྱབ་འདུག་ཅིང་།  ཨ་ཞང་ཉི་མ་ཕྱིར་ནང་དུ་འགྲོ་རྩིས་ཀྱིས་ཤོར་བཞིན་འདུག སྒེའུ་ཁུང་ལས་འཕྲོས་པའི་སྒྲོན་འོད་འོག་ཏུ་ཁོའི་ཁ་སྣ་ཡོངས་ཁྲག་གིས་དམར་པོར་བསྒྱུར་འདུག༄

        བདག་གིས་ཨ་ཞང་ཉི་མ་སྒོ་ཁར་ཡོད་པ་མཐོང་མ་ཐག་གང་མགྱོགས་སྒོས་མགོ་སྐོར་ལྟག་རྒྱབ་ཏུ་སྦས་པ་ཡིན། ༄

        ང་ལ་དོན་དམ་ཅི་ཞིག་བྱུང་སོང་ངམ།  སྔོན་ཏག་ཏག་ལ།  ཨ་ཞང་ཉི་མས་འོག་ཏུ་མནན་ཡོད་པའི་ཨ་ཕ་བསྐྱབ་ཆེད་མགོ་སྐོར་ལེན་པར་སོང་མོད།  ད་ནི་ཁོས་མཐོང་བར་དོགས་ཏེ་སྦས་དགོས་པ་ག་རེ་ཡིན་ནམ།  མ་གཞིར་ཁོ་རང་ཡང་བདག་གི་ཨ་ཞང་ཡིན་པས་ལན་ནམ། ༄

        ཨ་མས་ཨ་ཞང་ཉི་མར་ཞུ་བ་བྱེད་བཞིན་བཙན་གྱིས་སྒོ་རའི་ཕྱི་རོལ་དུ་ཁྲིད་སོང་།  "ཁོས་གང་ནུས་ཀྱིས་ཕྱིར་འཐེན་བྱེད་བཞིན་ཆང་རྐྱལ་ཁྱོད། ཁྱོད་ཀྱིས་ངེད་སྟག་རོང་ཚང་གི་མཚན་སྙན་བརླག་སོང"ཞེས་ཨ་ཕར་སྡིགས་མོ་གཏོང་བཞིན་སྒོའི་ཕྱིར་བུད་སོང་།  དོན་དུ་ཨ་ཕ་ཐང་དཀར་གྲོང་བརྡལ་དུ་ཆས་ཐེངས་ཤིག་ལ། ཁོ་རང་མ་སོང་བའི་སྐབས་ཤིག་ཕལ་ཆེར་མེད་ལ། ཨ་ཕ་ཆང་གིས་བཟི་མེད་དུས་ཀྱང་ཁོ་རང་བཟི་ནས་ཡོད། དེ་ལྟ་ནའང་། མི་རྒན་རྣམས་ཀྱིས་ནམ་རྒྱུན་རང་གི་བྱས་ཉེས་གང་ཞིག་གཞན་སྟེང་ལ་སྦྱོར་བར་བྱེད་པ་ལས། རང་ཉིད་ཀྱང་ཏག་ཏག་དེ་འདྲ་ཞིག་ཡིན་ལུགས་ཚོར་གྱིན་མེད་པ་འདྲ། ༄

        ཨ་མ་ངེད་གཉིས་ཁྱིམ་ལ་ཐོན་དུས།  ཨ་ཕས་སྔོན་ཏག་ཏག་ལ་ཁ་བཏོད་མ་ཐག་གི་ཆང་དམ་བུ་གང་བོ་དེ་བདག་གིས་ཆུ་འཐུང་དུས་ཀྱི་བཟོ་ལྟ་ཞིག་གིས་སྒོ་གེར་མིད་ཀྱིན་འདུག་ཅིང་།  ཆང་དམ་བུ་གང་བོ་དེ་འཐུངས་ཚར་དུས།  ཨ་ཕའི་གོམ་ཁ་འཁྱོར་ཞིང་། མིག་ཟུང་ཡང་རབ་རིབ་ཅིག་ཏུ་གྱུར་འདུག བདག་གིས་ད་ནི་ཁོ་རང་ར་བཟི་འདུག་པས་མདང་ནུབ་ཨ་མར་བཏོན་པའི་དྲི་བ་དེ་ཡང་གཏིང་བརྗེད་དུ་གྱུར་ཡོད་ངེས་སྙམ།  འོན་ཏེ།  ཆང་འཐུང་རིག་པ་ཁོག་ན་ཡོད་ཅེས་པ་ནི་དངོས་གནས་བདེན་པ་འདྲ་སྟེ།  ཁོས"ད་ནི་ང་ལ་མུ་མཐུད་དུ་སྟག་རོང་ཚང་གི་སྙན་གྲགས་བརྫོད་པའི་སྤོབས་པ་མི་འདུག ང་སྟག་རོང་ཚང་ལས་འབུད་རྒྱུ་ཡིན། ཁྱོད་ངེད་ཕ་བུ་གཉིས་དང་མཉམ་དུ་འགྲོའམ་མི་འགྲོ"ཞེས་འདྲི་བར་བྱེད།༄ 

        ཨ་ཕས་མདང་ནུབ་ཀྱང་དྲི་བ་འདི་ཉིད་ཨ་མར་ཡང་ཡང་དྲིས་མོད། ཨ་མས་ལན་ཅི་ཡང་བཏབ་མ་བྱུང་བས།  མཐར་འུ་ཐུག་པར་གྱུར་བ་ཡིན་ནམ་ཅི།  སང་ཉིན་དགོང་མོར་ཅིས་ཀྱང་ལན་ཞིག་གདབ་དགོས་པར་བརྗོད་ཅིང་། ད་ནི་ཁོས་དྲི་བ་འདིར་ཅིས་ཀྱང་ལན་ཞིག་དགོས་ཟེར་བཞིན་འདུག༄ 

"ད་ཁྱོད་བཟི་འདུག"༄

         ཨ་ཕས་དྲི་བ་འདི་ཉིད་ཡང་དང་བསྐྱར་གྱིས་དྲིས་མོད། ཨ་མས་དོ་ནུབ་ཀྱང་མདང་དགོང་བཞིན་མགོ་བོ་སྒུར་ཏེ་འདུག་པ་ལས་ཨ་ཕར་དགོས་ངེས་ཀྱི་ལན་ཅི་ཡང་བཏབ་མ་བྱུང་། 

        "སྔགས་རྒན་ཀླད་དམར་དེས་རང་གི་ཚ་བོས་སྟག་རོང་ཚང་གི་སྙན་གྲགས་བརྫད་སོང་ལུགས་ཏོག་ཙམ་ཡང་མི་གླེང་དོན་ཅི་རེད།  ང་མག་པ་ཡིན་པས་ཨེ་རེད།"༄

        "ཁྱོད་འགྲོ་བསམས་ཀྱང་ང་འགྲོ་མིན་ཅི་ཤེས།"༄

        ཨ་མས་གློ་བུར་དུ་ཁ་གྲག་བྱུང་། ཨ་ཕའི་དྲི་བ་དེར་ལན་ཞིག་ལྡོན་ཡོད་པ་འདྲ་ལ། མེད་པའང་འདྲ། འོན་ཏེ། ཨ་ཕ་ནི་གློ་བུར་དུ་རླུང་ལངས་ཤིང་། གོག་མ་ནུར་གྱིས་ཚ་ཐབ་ལས་བབས་ཤིང་། འགྱེད་མ་ལངས་ཀྱིས་ཨ་མ་ཡོད་སའི་གོད་ཁར་བརྒྱུགས་སོང་། ཨ་ཕས་ཁུ་ཚུར་གཡུགས་ཚེ།  ཨ་མས་ལན་རེར་གཞའ་བ་དང་ལན་རེར་རྒོལ་ལན་རེ་ཡང་སྤྲོད་ཐུབ་པར་འགྱུར།  མཚམས་ཤིག་ཨ་མའི་ངག་ལས་ཨག་རིང་ཞིག་ཤོར་སོང་། མ་གཞིར་ཨ་ཕས་མོའི་སྐྲའི་ལན་བུ་ནས་བཟུང་འདུག་ཅིང་།  ཁོས་ཨ་མའི་ལན་བུ་དག་ནས་བཟུང་སྟེ།  གཡས་སྤྲུགས་གཡོན་སྤྲུགས་བྱེད་བཞིན་འདུག སྐབས་དེར། ཨ་མར་ཕྱིར་རྒོལ་གྱི་ནུས་པ་མེད་སོང་བ་ཡིན་ནམ། རྒྱ་ཁྲས་བཟུང་བའི་བྱེའུ་ཞིག་  ལྟར་གཉོམ་དུང་ངེར་ཨ་ཕས་ཇི་དགར་སྤྲུགས་སྤྲུགས་བྱེད་པའི་དབང་དུ་གྱུར་འདུག༄

        ཨ་ཕས་རང་གིས་རྒྱལ་ཁ་ཆེན་པོ་ཞིག་ལོན་སོང་བར་སྙམ་པ་ཡིན་ནམ་ཅི།  དེ་ལྟར་ཨ་མའི་ལན་བུ་དག་ནས་བཟུང་སྟེ།  སྤྲུགས་སྤྲུགས་བྱེད་དུས་ཅི་ཞིག་ལ་ཐོགས་ཏེ་ཐང་དུ་འགྱེལ་སོང་།  གླགས་དེ་དང་བསྡོངས་ནས་ཨ་མ་མྱུར་བར་སྒོའི་ཕྱིར་བྲོས་སོང་། ༄

 

        བདག་གིས་ཡིད་འཇོག་བྱུང་དུས།  ཨ་མ་ངེད་གཉིས་རང་ཚང་དང་ཐག་མི་རིང་སའི་བྲག་སྐྱ་ལྡང་གི་གམ་དུ་ཐོན་འདུག་ཅིང་།  བདག་གིས་ད་དུང་ངུ་ཤུམ་བྱེད་བཞིན་འདུག

        "ཁ་རོག  ཁོས་ཐོས་ཚེ།  ངེད་གཉིས་བཙལ་ནས་བསླེབ་སྲིད།"༄

        བདག་གིས་མྱུར་བར་ངུ་སྐད་འདོན་མཚམས་བཞག་མོད།  མིག་ཆུ་ནི་ད་དུང་མཚམས་ཚིགས་མེད་པར་བཞུར་བར་བྱེད་ཅིང་། ཁོག་གི་སྙིང་ཡང་ལུ་གུ་ཞིག་ལྟར་ལྟིག་ལྟིག་ལྟིག་ལྡང་གིན་འདུག༄

        སྔོན་ཏག་ཏག་ལ།  ཨ་མ་སྒོའི་ཕྱིར་བྲོས་མ་ཐག ང་ཡང་རང་དབང་མེད་པར་མོའི་རྗེས་སུ་བརྒྱུགས། ༄

        "མོ་འགྲོ་ས་ཡོད་ན་འགྲོ་རུ་ཆུགས།  ཁྱོད་གང་དུ་འགྲོའམ།" ཨ་ཕས་རྗེས་ན་ཨ་མ་ངེད་གཉིས་བདའ་བཞིན་འདུག་ཅིང་།  ཨ་མ་ངེད་གཉིས་དབུགས་ཧལ་ཧལ་གྱིས་བྲོས་བྲོས་མཐར་བྲག་སྐྱ་ལྡང་གི་གམ་དུ་ཐོན་བྱུང་ལ། ཨ་ཕ་ནི་གང་ཞིག་ནས་ལུས་སོང་བའང་ཚོར་མ་བྱུང་། ༄

        ས་རུབ་ཁར་བདག་གིས་རང་ཉིད་གཞི་ནས་ལག་ཆགས་སོང་བར་སྙམ་མོད།  སྔོན་ཏག་ཏག་ལ།  ངས་ནི་སྐད་ཤུགས་ཆེན་མོས་ངུད་མོ་བྱེད་པ་ལས་ཅི་ཡང་བསྒྲུབས་ཐུབ་མ་སོང་། ཐ་ན་ཨ་ཕར་བཀག་འགོག་གི་སྐད་ཆ་ཙམ་ཡང་བརྗོད་ཐུབ་མ་སོང་།  དེས་ནི་རང་ཉིད་ད་དུང་ལག་ཆགས་མེད་པ་མཚོན་པ་ཡིན་ནམ།༄ 

        "ངེད་གཉིས་ཀྱིས་ཨ་ཕ་ཨ་མྱེས་ལ་གཏུག་པར་གྱིས།"༄

        དོ་ནུབ། ཨ་ཕའི་སྟེང་དུ་སྔར་མེད་ཀྱི་སྡང་སེམས་ཤིག་སྐྱེས་བྱུང་བས། ཁོ་རང་ཨ་མྱེས་ལ་གཏུགས་ཏེ་བཀའ་བཀྱོན་ཕོག་ཏུ་བཅུག་ན་ད་གཟོད་སྙིང་ཁའི་?ག་?ག་པོ་དེ་མར་དབབ་ཐུབ་སྣང་བྱུང་། ༄

        "ད་ནི་ཁོས་ཨ་མྱེས་ཀྱི་ཁར་ཡང་མི་ཉན་པས་ཁོང་གི་ཐུགས་དཀྲུགས་པ་ཙམ་ལས་ཅི།"ཨ་མས་དེ་ལྟར་ཟེར། ༄

        བདེན་དེ། ཉིན་འགའི་སྔོན་ལ། ཨ་མྱེས་ཀྱིས་ངེད་ཚང་གི་མཛོ་དང་མཛོ་མོ་ཡང་ལྐུགས་ལ་ཤོར་བ་ཐོས་པས་རང་གི་མཚམས་ཀྱང་གྲོལ་བར་བྱས་ཤིང་། ཨ་ཕས་ད་ནི་ཆང་མ་བཅད་ཚེ། ཨ་མ་ངེད་གཉིས་ཀྱང་མཛོ་དང་མཛོ་མོ་བཞིན་སུ་ཞིག་ལ་རྒྱན་དུ་ཤོར་བར་ངེས་ཟེར། ༄

        ཁོང་གིས་ཨ་ཕར་ཅིས་ཀྱང་ཆང་གཅོད་དགོས་ཚུལ་གྱི་བསླབ་བྱ་ཇི་ལྟར་བྱས་ན། ཨ་ཕས་ཀྱང་དེ་ལྟར་ཕྱིར་ཆང་མི་ཆོད་ལུགས་ཀྱི་གནས་ལུགས་བཤད་འོངས་པས་མཐར་ཁོང་ཐུགས་བརྒྱལ་བཞེངས་ཏེ"ཁྱོད་ཀྱིས་སྟག་རོང་ཚང་གི་མཚན་སྙན་བརླག་སོང"ཞེས་བཤད།  དོན་དུ་སྐད་ཆ་དེ་ནི་ཨ་མྱེས་ཀྱིས་མག་པས་ཐེངས་དང་པོར་རང་གི་ངག་བཞིན་མ་སྒྲུབ་པས་སྤོ་གཏམ་བཤད་པ་ཡིན་ཡང་སྲིད་མོད། ཚེར་མ་མིན་པའི་སྐད་ཆ་དེ་ཨ་ཕའི་སྙིང་ལ་ཚེར་མ་བཞིན་དུ་ཟུག་སོང་། ༄

        གང་ལྟར་ད་ནི་ཨ་ཕས་ཨ་མྱེས་ཀྱི་ཁ་ལའང་མི་ཉན་པས་ངས་ཁོ་སུ་ཞིག་ལ་གཏུག་དགོས་ཤེས་མ་བྱུང་ལ།  དོ་ནུབ་ཨ་མ་ངེད་གཉིས་དངོས་གནས་ཐང་དུ་འདུག་དགོས་བྱུང་ཚེ།  སྤྱང་ཀི་འདྲ་སླེབས་ཨེ་ཡོང་ལའང་འཇིགས་སྣང་སྐྱེས་བྱུང་། ༄

    "ཁྱོད་ནར་སོན་ན་ཨ་ཕ་ལྟར་ཆང་འཐུང་ཚེ། ང་ཨེ་ལྡོམ་ཀི་ལྟོས"༄

    ཨ་མས་དོ་ནུབ་ཀྱང་འདི་ལྟར་བཤད་བྱུང་།  སྐད་ཆ་འདི་ཐོག་དང་པོར་ང་ལ་བཤད་དུས་ནི་ནམ་ཞིག་ཡིན་པ་གསལ་བོར་མི་དྲན་མོད།  ཉིན་དེར།  འགྱུར་མེད་ངེད་གཉིས་ཀྱིས་ཆང་གི་ཤེལ་དམ་དག་གི་ནང་དུ་ཆུ་བླུགས་ཏེ་ཆང་ཡིན་པའི་ཟོལ་གྱིས་ཨ་ཕ་དང་ཨ་ཞང་ཉི་མ་ལྟར་འཐུང་སྟེ། རྩེད་མོར་གཡེང་སྐབས། ཏག་ཏག་ཨ་མ་ཆུ་ལེན་དུ་འོང་བ་དང་ཁེལ་ཞིང་། ཨ་མས་དམ་བུའི་ནང་གི་དཀར་གཙང་གཙང་གི་གཤེར་ཁུ་དེར་བསྣོམས་ཙམ་བྱས་རྗེས། ཐོད་པར་གཉེར་མདུད་ཟབ་མོ་ཞིག་བརྒྱབ་སྟེ།  "ཁྱོད་ནར་སོན་ན་ཨ་ཕ་ལྟར་ཆང་འཐུང་ཚེ། ང་ཨེ་ལྡོམ་ཀི་ལྟོས"ཟེར། ༄

          གལ་སྲིད་བདག་གིས་ཆང་འཐུང་ཚེ། ཨ་མ་དངོས་གནས་ལྡོམ་པར་ངེས་པས།  ཉིན་དེ་ནས་བཟུང་། ཆུ་ཡང་ཆང་ཡིན་པའི་ཟོལ་གྱིས་འཐུང་བར་མ་ཕོད་ལ། ནམ་ཞིག་བདག་གིས་ཨ་མའི་སྐད་ཆ་བརྗེད་དེ་ཆང་འཐུང་བས་མོ་རང་ལྡོམ་ཨེ་འགྲོར་ཡང་ཡང་སེམས་ཁྲལ་བྱས་ལ། སྐད་ཆ་འདི་ཉིད་ཡིད་ལ་དམ་པོར་བཟུང་བ་ཡིན། ཨ་མས་དོ་ནུབ་ཡང་བསྐྱར་སྐད་ཆ་འདི་འཆད་དུས། བདག་གིས་མི་འཐུང་ཁོ་ཐག་ཡིན་ཞེས་ཡང་ཡང་ཁས་ལེན་བྱས།   དེས་ན་བདག་གི་རྨོ་མོ་སྟེ།  ཨ་ཕའི་ཨ་མས་ཁོ་རང་ལ་"ཁྱོད་ནར་སོན་ན་ཆང་འཐུང་ཚེ། ང་ཨེ་ལྡོམ་ཀི་ལྟོས"ཞེས་བཤད་མྱོང་ངམ། གལ་སྲིད་རྨོ་མོས་དངོས་གནས་དེ་ལྟར་བཤད་ཡོད་ཚེ། ཨ་ཕས་ད་དུང་ཅིའི་ཕྱིར་ཆང་འཐུང་དགོས་པ་ཡིན་ནམ།     ཁོ་རང་རྨོ་མོ་ལྡོམ་ཨེ་འགྲོར་མི་སྐྲག་གམ། བདག་གིས་ད་ནི་ཨ་མ་ངེད་གཉིས་གང་ཞིག་ཏུ་འགྲོ་དགོས་པར་ཡང་ཡང་བསམ་བློ་བཏང་ནའང་། ཨ་མས་ཐུགས་དཀྲུག་མི་རུང་བར་གདམས་པའི་ཨ་མྱེས་ཚང་དང་རང་ཁྱིམ་ལས་འགྲོ་འོས་ས་ཞིག་ཡིད་ལ་འཁོར་མ་བྱུང་།     དེ་བས།   མྱུར་དུ་ནམ་ལངས་རྒྱུ་བྱུང་ན་ཅི་མ་རུང་སྙམ།   སྐབས་ཤིག་ལ།   ཨ་མས"ད་ནི་ཕྱིར་འགྲོའོ"ཟེར། "སང་ཞོགས་ཨ་ཕ་བཟི་དྭངས་ཡོད་དུས།  ད་གཟོད་ཡུལ་ལ་འགྲོ།  དེ་མིན་ཁོས་ཡང་ངེད་གཉིས་བདའ་ངེས་ཡིན་ནོ"ངས་སེམས་ཁྲལ་གང་ཞིག་གནོན་མ་ཐུབ་པར་དེ་ལྟར་བཤད།  

        "ངེད་གཉིས་སོང་སྟེ་ཨོང་བའི་ནང་ནས་ཉལ་ཡ"ཟེར། བདེན་གི  ཨོང་བའི་སྟེང་དུ་ཆུ་ཤོག་ཀྱང་བཀབ་ཡོད་པས་དེའི་འོག་ཏུ་འཛུལ་ནས་ཉལ་ཆོག་ཆོག་ཡིན་ཨང་། ཇི་ལྟར་ཡུལ་དང་ཇེ་ཉེར་ཕྱིན་པ་ན།  ཨ་མ་ངེད་གཉིས་དེ་ལྟར་རྐང་འཇབ་ལག་འཇབ་ཀྱིས་ཕྱིན་པ་ཡིན་ལ།  བདག་གིས་དབུགས་ཀྱང་ཅི་ནུས་སྒོས་ཁོག་ཏུ་བསྡུས་ཏེ་གོམ་ཁ་བསྒྱུར་བ་ཡིན། གློ་བུར་དུ་ཁྱི་གུ་རྒྱ་ཕྱུག་གིས་ངེད་གཉིས་ཀྱི་གྲག་འགུལ་ཚོར་བས་ངེད་ཚང་གི་སྒོ་ཁ་ནས་ཡང་དང་བསྐྱར་གྱིས་སྐད་ཆེན་པོས་ཟུག་གིན་ཕར་རྒྱུག་ཚུར་རྒྱུག་བྱེད།  རྣམ་ཀུན་བདག་གིས་གཅེས་སྐྱོང་ཚད་མེད་བྱས་མྱོང་བའི་ཁྱི་གུ་འདིས་ད་ནི་ང་ཡང་ངོ་ཤེས་ཀྱིན་མེད་པ་ཡིན་ནམ།  ཡང་ན་ཁོས་ཀྱང་ཨ་ཕ་ལྟར་ཨ་མ་ངེད་གཉིས་སྒོའི་ཕྱིར་བདའ་འདོད་པ་ཡིན་ནམ། 

        ཨ་མ་ངེད་གཉིས་ཨ་ཕས་ཚོར་ཨེ་འགྲོར་སྐྲག་སྟེ། རྐང་འཇབ་ལག་འཇབ་ཀྱིས་དབུགས་ཀྱང་ཁོག་ཏུ་བསྡུས་ཏེ་ཡོང་སྒང་འདིར།  ཁྱི་གུ་རྒྱ་ཕྱུག་དེ་ལྟར་འབ་བྱུང་བར་ངས་ནི་ནམ་ཞིག་ཨ་ཕ་ཐོན་ཨེ་འཇོག་ལ་སེམས་ཁྲལ་བྱས། ༄

        ཨ་མས་རང་གི་རས་ལྭ་ཕུད་དེ་གདན་གྱི་ཟོལ་དུ་བཏིང་བྱུང་།  ངས་ཀྱང་སློག་པ་འཕུད་རྩིས་བྱེད་དུས་ཨ་མས་སློག་པ་ཕུད་ཚེ།  གྲང་འཁྱག་ཤོར་ཏེ་ཆམས་ནད་འཕོག་ཀྱང་སྲིད་པས་གྱོན་ཏེ་ཉོལ་ཟེར། ཨ་མ་ངེད་གཉིས་མོའི་རས་ལྭའི་ཁུད་དུ་ཉལ་ཞིང་།  ཨོང་སྤུངས་ཐོག་གི་ཆུ་ཤོག་ཕྱེད་ཀ་ཕྱེ་སྟེ་སྟེང་དུ་བཀབ།   དེ་ལྟར།  ཆུ་ཤོག་འོག་ཏུ་ཉལ་སྡོད་དུས།   སྟེང་གི་ཆུ་ཤོག་ལ་སུ་ཞིག་གིས་རེག་རེག་བྱེད་ཀྱིན་པའི་ཉམས་སྣང་ཞིག་བྱུང་སོང་།   འཕྲལ་དུ་ཨ་མར"ཆུ་ཤོག་སུ་ཞིག་གིས་འབྱེད་བཞིན་འདུག་ཨང་།"ཞེས་བཤད།  ཨ་མས་མགོ་བོ་ཀྲོག་སེར་ཡར་བཏེགས་ཏེ་མཉན་ཙམ་མཉན་ཙམ་བྱས་རྗེས། "རླུང་རེད།  མྱུར་དུ་གཉིད་རོགས"ཟེར། ༄

མ་གཞིར་རླུང་གིས་ཆུ་ཤོག་གི་སྣེ་གང་ཞིག་འཕྱོ་ཙམ་འཕྱོ་ཙམ་གྱིས་བསྐྱོད་བཞིན་པ་ཡིན་འདུག་ཨང་།  ངས་ནི་ཡང་ཨ་ཕ་སླེབས་ཟིན་པ་མིན་ནམ་བསམས། 

           ཅི་ཞིག་གི་སྟེང་དུ་ཆར་ཐིགས་ཤག་ཤག་འཇོ་བའི་སྒྲ་དེས་ང་རང་སྟུག་པོ་གཉིད་ཀྱི་ཞིང་ཁམས་ལས་དཀྲོགས་བྱུང་།  དེ་ནི་ཇི་འདྲའི་རྒྱུས་མངའ་ཡོད་པ་ཞིག་དང་བདེ་སྐྱིད་ཀྱི་སྣང་བ་ཞིག་རེད་ཨང་།  ནམ་རྒྱུན་རུ་དབྱར་སར་བཀལ་བ་ན། ང་རང་ཞོགས་པ་རེ་རེར།  སྦྲའི་སྟེང་འཇོ་བའི་ཤག་ཤག་གི་ཆར་སྒྲ་དང་སྦྲའི་རེ་ལྡེའི་ལྟེབ་ཁུག་གང་རུང་ལས་ནང་དུ་འཐོར་པའི་ཆུ་རྡུལ་ཕྲ་མོ་དེ་དག་གིས་གཉིད་ལས་སློང་བར་བྱེད་ཅིང་།  དེ་རིང་ཞོགས་པར་ཡང་རང་ཉིད་སྦྲའི་ནང་དུ་ཉལ་ཡོད་པའི་ཉམས་སྣང་བྱུང་།  གཉིད་མ་སད་ཀྱི་བར་གླགས་ཤིག་ལ།  ཤག་ཤག་འཇོ་བའི་ཆར་སྒྲ་ནི་དེ་འདྲའི་རྒྱུས་ཡོད་ཡོད་ཅིག་གིས་དྲན་ཤེས་ཀྱི་གཏིང་སར་སིམ་པའི་མོད། དེ་རིང་ཆུ་རྡུལ་ཕྲ་མོ་དེ་དག་གདོང་ལ་འཇོ་བཞིན་མེད་པར་ཡིད་འཇོག་བྱུང་སོང་།  མིག་ཟུང་ཕྱེ་ནས་ལྟ་དུས།  ད་གཟོད་ཨོང་བ་འགེབ་བྱེད་ཀྱི་ཆུ་ཤོག་འོག་ཏུ་ཉལ་ཡོད་པ་ཚོར་བྱུང་།   འོན་ཀྱང་།  ཨ་མ་གམ་དུ་ཉལ་མི་འདུག མོ་གང་ཞིག་ཏུ་བུད་སོང་ངམ།  ཆུ་ཤོག་གི་འོག་ནས་ཕྱིར་བུད་པ་ན།  ཨོང་སྤུངས་དང་ཐག་མི་རིང་སའི་ནོར་ལྷས་སུ་འབྲི་མོ་བཞོ་བཞིན་འདུག་ཅིང་། ཤེལ་དཀར་གྱི་སྐུད་པ་གྲངས་མེད་ཅིག་དང་འདྲ་བར་ཤག་ཤག་འཇོ་བའི་ཆར་རྒྱུན་གྱིས་མོ་རང་ཕྱི་བརྟོལ་ནང་བརྟོལ་བྱས་འདུག ང་རང་མྱུར་བར་ཨ་མའི་གམ་དུ་ཕྱིན་པ་ན།  མོས"མྱུར་དུ་ཡུལ་ལ་སོང"ཟེར། ༄

        "ཆར་བ་འབབ་མཚམས་བཞག་རྗེས། ད་གཟོད་འབྲི་མོ་བཞོས་ཆོག་ཨང་། ཁྱོད་ཀྱང་ཡུལ་ལ་འགྲོ"བདག་གིས་ཨ་མ་ཡང་ང་དང་མཉམ་པོར་ཡུལ་ལ་འགྲོ་ཞེས་བཤད་པ་ཡིན། ༄

        "ད་ནངས་ང་རང་བཞོ་ཟེའུ་ལེན་དུ་སོང་མོད།  ཁྱོད་ཀྱི་ཨ་ཕས་ཡང་བདའ་བྱུང་།  ངས་འབྲི་མོ་བཞོ་ཡ།  ཁྱོད་མྱུར་བར་ཡུལ་ལ་སོང་ཞིག"༄

        བདག་གི་གོམ་པ་སྒོ་ཐེམ་དུ་སྤོས་མ་ཐག ཚ་ཐབ་སྟེང་ཉལ་ཡོད་པའི་ཨ་ཕས་སུ་ཞིག་གི་གོམ་སྒྲ་ཐོས་བྱུང་བ་ཡིན་ལས་ཆེ། གློ་བུར་དུ་མལ་སའི་ནང་ནས་གྲིམ་རིལ་ཞིག་བརྒྱབ་སྟེ།  ཙོག་པུར་བསྡད་བྱུང་ལ།  ཁྱིམ་དུ་ཡོང་བཞིན་པ་ནི་བདག་ཡིན་པ་མཐོང་འཕྲལ་ཕྱིར་ཉལ་བྱུང་། དེ་ནི་ཨ་མ་སླར་ཡང་ཡུལ་ལ་སླེབས་བྱུང་བས་ཡང་བདའ་དགོས་སྙམ་པ་ཡིན་ནམ།  ཏག་ཏག་སྐབས་འདིར།  ཡང་ཁོའི་སྟེང་ལ་སྡང་སེམས་འགོག་མེད་ཅིག་སྐྱེས་བྱུང་། ༄

        མ་གཞིར་དེ་རིང་ཡང་ཨ་ཕར་ཆང་གིས་གནོད་འདུག ཁོ་རང་ཕྱིར་མལ་སའི་ནང་དུ་ཉལ་རྗེས།  ཨུ་ཤུ་བར་མེད་དུ་འདོན་པར་བྱེད།  ནམ་རྒྱུན་ལྟར་ན།  ཨ་ཕ་ཆང་གིས་གནོད་དེ་ཨུ་ཤུ་འདོན་པའི་སྐབས་འདིར་ངའི་སེམས་ཀྱི་སྡང་སེམས་མཐའ་དག་ཆུ་ཁའི་ཝུ་བ་བཞིན་མཐོང་མེད་དུ་འགྱུར་མོད།  འོན་ཀྱང་།  དེ་རིང་།  དེ་ལྟ་མིན་པར་ཨ་ཕར་ཆང་གིས་གནོད་འདུག་པ་མཐོང་བས་སེམས་སུ་སྤྲོ་སྣང་རིགས་ཤིག་རྒྱས་བྱུང་།  ༄

        "གློག་དེམ་ནང་དུ་ཆུ་ཁོལ་ཡོད།  རང་གིས་གཏུལ་མ་ཐུངས་དང"ཨ་ཕས་ཨུ་ཤུ་བར་མེད་དུ་འདོན་བཞིན་མིག་ཟུང་ཟ་མ་ཟུམ་ཞིག་ཕྱེ་སྟེ་དེ་སྐད་ཟེར། ༄

        "ང་ལ་ཆུ་འཁྱག་ཕོར་གང་ལྡུགས་རོགས"ཅུང་ཙམ་ནས་ཡང་དེ་ལྟར་ཟེར། ༄

        ཆུ་འཁྱག་ལྡུག་དགོས་སྙམ་སྐབས་མདང་ནུབ་ཀྱི་དོན་དེ་དག་ཐང་གའི་ངོས་ཀྱི་རི་མོ་ཇི་བཞིན་ཁྲ་ལམ་མེར་ཡིད་ངོས་སུ་འཕོས་བྱུང་།  དེ་བས།  སྔོན་ཏག་ཏག་ལ།  ཇེ་སྙིར་འགྲོ་བཞིན་པའི་སེམས་པ་སླར་ཡང་ཇེ་སྲར་གྱུར་བས་ཅི་ཡང་མ་ཐོས་པའི་ཟོལ་གྱིས་བསྡད། ༄

        "གཅེས་ལོ། ཨ་ཕ་སྐོམ་ནས་ཤི་ཐལ། ཆུ་འཁྱག་ཕོར་གང་བླུགས་དང་།"༄

        སྐད་ཆ་འདིས་བདག་གི་ཡིད་སེམས་ཀྱི་ཟབ་ས་ཞིག་ལ་ཟུག་རྔུ་ཞིག་བསྐྱེད་བྱུང་།  ཟུག་རྔུ་དེ་ནི་ཉི་འོད་ཅིག་དང་འདྲ་བར་སྔོན་ཏག་ཏག་ལ་སེམས་སུ་ཕྱུར་བུར་གཏིབས་པའི་ཞེ་སྡང་གི་རླངས་པ་དེ་དག་ཕྱོགས་གང་ཞིག་ཏུ་བདས་སོང་ལ། བདག་གིས་འཕྲལ་དུ་ཨ་ཕར་ཆུ་འཁྱག་ལྡུད་འགོ་བརྩམས། ཨ་ཕ་ནི་ངེད་ཚང་གི་མཛོ་མོ་དམར་ལིང་མས་ཕྱུར་ཁུ་འཐུང་བ་ལྟར་ངོམས་རྒྱུ་ཞིག་མི་འདུག་ཅིང་། བསྟུད་མར་ཆུ་འཁྱག་ཕོར་བ་གསུམ་འཐུངས་བྱུང་། ༄

        ཨ་ཕས་ཆུ་འཁྱག་ཕོར་བ་དེ་དག་སྒོག་གེར་སྒོག་གེར་འཐུང་བཞིན་པའི་སྐབས་དེར། བདག་གིས་ཆང་འཐུང་སྟེ། སྐོམ་པ་མི་ཟད་པ་འདི་འདྲ་བྱུང་ཚེ། སླར་ཡང་ཆང་མི་འཐུངས་བར་ཅིའི་ཕྱིར་ཆུ་འཐུང་ནས་སྐོམ་སེལ་དགོས་སམ་སྙམ། འོན་ཀྱང་། ཆང་ནི་དོན་དམ་ཅི་ཞིག་ཡིན་ནམ།   རང་གིས་ནམ་ཞིག་ཨ་མར་ཁས་ལེན་བྱས་པའི་དམ་བཅའ་བརྗེད་དེ་ཆང་འཐུང་ཨེ་འགྲོར་སྐྲག་སྣང་རིགས་ཤིག་སྐྱེས་བྱུང་ལ། འབྱུང་འགྱུར་དོན་ཅི་བྱུང་ཡང་ཆང་ནི་ཅིས་ཀྱང་བཏུང་མི་རུང་སྙམ། ༄

        ཨ་ཕ་ཆུས་ངོམས་རྗེས། སྔས་འབོལ་དུ་ལག་པ་གཉིས་བསྣོལ་མར་བཞག མ་ནེ་ལག་པ་གཉིས་ཀའི་བསྣོལ་མཚམས་དེར་ཁེན་ཏེ་ཁ་སྦྲིབ་ཀྱིས་ཉལ་ཞིང་། མིག་ཟུང་ཡང་བཙུམས་ཏེ་སྔར་བཞིན་ཨུ་ཤུ་འཐེན་པར་བྱེད།  སྐབས་དེར།  བདག་གིས་ཁོ་ལ་ཞིབ་མོར་བལྟས་དུས། ཨ་ཕའི་གདོང་ནི་སྔར་ལས་ཀྱང་སྔོ་ནག་ཅིག་ཏུ་གྱུར་འདུག་ལ།  ཨུ་ཤུ་རེ་འཐེན་སྐབས།  གདོང་གི་ཤ་སྐྱི་དག་ཡང་ཡང་བསྙེར་བར་བྱེད། བལྟས་ཚོད་ལ་ཁོག་པའི་ནང་གང་རུང་ཞིག་ཏུ་གྲོག་མ་ཞིག་གིས་སོ་འབྲད་བྱེད་བཞིན་པ་འདྲ། ༄

        "ད་ང་ལ་བལྟས་བསྡད་ནས་ཅི་བྱེད། རེམས་མ་གཏུལ་མ་ཟོ་ཡ"

        ང་དེ་འཕྲལ་ཕར་ལ་འགྲོ་ཙམ་བྱས་མོད། ཨ་མས་ཀྱང་ནངས་ཇ་འཐུང་མེད་པ་དྲན་བྱུང་། ༄

        "ཨ་མ་ཐོན་ཚེ། ད་གཟོད་མཉམ་དུ་བཟའ་ཡ"༄

        "མོ་འགྲོ་ས་ཡོད་ན་འགྲོ་རུ་ཆུགས། ད་ནི་ཕྱིར་ཡོང་ས་ཞིག་གང་ན་ཡོད"ཨ་ཕས་སྐད་ངར་དང་བཅས་དེ་སྐད་ཟེར་ཞིང་། ༄

        གལ་སྲིད་ཨ་ཕས་དངོས་གནས་ཨ་མ་ཁྱིམ་ལ་ཡོང་དུ་མ་བཅུག་ཚེ། མོས་ཅི་ཞིག་བཟའ་ཨང་།  དེ་བས།   རང་གིས་ཅིས་ཀྱང་མོར་ཟ་མ་ཞིག་འཁྱེར་ཐབས་བྱེད་དགོས་སྙམ།  ༄

        དེར་བདག་གི་ཡིད་ལ་བཀོད་པ་གཞན་ཞིག་དྲན་བྱུང་།  དེ་ནི་གཏུལ་མ་ཟ་བ་ལས་རྩམ་པ་ཞིག་ཟོས་པ་ཡིན་ན།  རང་གིས་ཕྱེད་ཀ་དང་ཕྱེད་ཀ་ཨ་མར་འཁྱེར་ཆོག་པ་མིན་ནམ། ༄

        "སྟག་ཤ་རས་ནངས་རྩམ་མི་ཟ་ཟེར་བ་རེད། རྗེས་ཕྱོགས་ནངས་རྩམ་ཟ་མི་རུང་། གཞན་གྱིས་འཕྱ་སྨོད་བྱ་ངེས།"༄

        བདག་གིས་རྩམ་པ་རྫི་བཞིན་པ་མཐོང་བས་ཨ་ཕས་ཨུ་ཤུ་འཐེན་བཞིན་དེ་སྐད་སྨྲས་བྱུང་། ༄

        "དེ་རིང་ལྟོགས་དྲགས་པས་གཏུལ་མ་ཞིག་གིས་བརྒྱགས་ཐབས་མི་འདུག"ཅུང་དོགས་བདེ་བཞིན་མེད་པའི་ཉམས་ཀྱིས་དེ་ལྟར་ལན་བསློགས། ༄

        "མོ་འགྲོ་ས་ཡོད་ན་འགྲོ་རུ་ཆུགས། ཁྱོད་ནམ་ཡང་ངའི་གཅེས་ལོ་ཡིན། མདང་ནུབ་ཨ་མ་བྲོས་ཚེ།   རང་ཉིད་ཀྱང་བྲོས་ནས་ཅི་བྱེད། ཁྱོད་ལ་ད་དུང་ཨ་ཕ་ཡོད་པ་མིན་ནམ།"༄

        སྐབས་འདིར་ཨ་ཕས་སྔར་བཞིན་ཨུ་ཤུ་འཐེན་བཞིན་འདུག་མོད། གདོང་གི་ཤ་སྐྱི་དག་བསྙེར་མཚམས་བཞག་སྟེ། ཧ་ཅང་གཟབ་ནན་གྱིས་དེ་སྐད་ལབ་བྱུང་། ༄

        མིད་ཁར་ཐོན་ཟིན་པའི་སྐད་ཆ་ཇི་སྙེད་ཅིག་ཅིས་ཀྱང་ཨ་ཕར་བཤད་དགོས་བསམ་མོད། ཡང་ཁྱོད་ཕྲུ་གུ་སྐྱག་པ་གར་གཏོང་མི་ཤེས་པ་ཞིག་གིས་ཨ་ཕར་སློབ་གསོ་གཏོང་ངམ་ཞེས་སྡིགས་མོ་ལན་གཅིག་ཉོ་བ་ལས་ཅི་ཡང་མེད་པས་ཁ་རོག་གེར་རྩམ་པ་བརྫིས་ཏེ་བསྡད།༄  

        རྩམ་པ་ཕྱེད་ཀ་དེ་ཟོས་ཚར་བ་ན། ད་ནི་ཕྱེད་ཀ་དེ་ཨ་མར་འཁྱེར་ཐབས་བྱེད་དགོས་པ་དྲན། ཡུན་གྱིས་ཨ་ཕར་ལན་གཅིག་བལྟས་པར་ཁོས་མིག་ཟུང་བཙུམ་ཞིང་། ཁ་སྦྲིབ་ཏུ་ཉལ་ཏེ་སྔར་ལྟར་ཨུ་ཤུ་འཐེན་བཞིན་འདུག བདག་གིས་རྩམ་པའི་ཕྱེད་ཀ་ཁོས་སྒོའི་ཕྱིར་ཕུད་པའི་ཨ་མར་འཁྱེར་འགྲོ་བ་ཀླད་པའི་མཐིལ་ལའང་དྲན་གྱིན་མེད་ངེས། ༄

        ཨ་ཕས་མཉམ་འཇོག་བཞིན་མེད་པའི་གླགས་དང་བསྟུན་ཏེ་མྱུར་དུ་རྩམ་པ་ཁྱེར་ནས་འགྲོ་དགོས་འདོད་མོད། གནམ་གཤིས་འདི་འདྲ་འཁྱག་པས་ཨ་མར་ཆུ་ཁོལ་ཚ་འདེ་ཞིག་བཏུང་རྒྱུ་ཡོད་ན་ཇི་འདྲའི་བཟང་ཨང་།  དེ་ནས་དཀར་ཡོལ་དུ་ཆུ་ཁོལ་གང་བླུགས་ཤིང་། རྐང་འཇབ་ལག་འཇབ་ཀྱིས་ཁང་བའི་སྒོ་ཐེམ་ལས་མར་འབུད་དུས། ཨ་ཕ་གློ་བུར་དུ་མལ་ས་ལས་ཙོག་པུར་བསྡད་ཅིང་། "ཁྱོད་ཀྱིས་རྩམ་པ་དང་ཆུ་ཁོལ་གང་དུ་འཁྱེར་བསམ་པ་ཡིན། བསྐྱུར་ཞོགས།"ཞེས་སྐད་འགྲགས་ཤིག་བརྒྱབ་བྱུང་། དེའི་མུར་ང་རང་རྟབ་རྟབ་པོར་གྱུར་ཞིང་། མྱུར་དུ་ཆུ་ཁོལ་དང་རྩམ་པ་བསྐྱུར་ཏེ་སྒོའི་ཕྱིར་བྲོས་པ་ཡིན།

        སྐབས་དེར། ཆར་བའི་འབབ་རྒྱུན་ད་དུང་འཇགས་མི་འདུག་ཅིང་། རི་ངོས་དང་ལུང་བའི་མཐིལ་དུ་ཤ་འོད་རྒྱུག་གིན་འདུག འགྱུར་མེད་ཀྱིས་རང་ཚང་གི་བེའུ་དེད་དེ་དབོ་ཉག་ཁ་རུ་ང་ལ་བསྒུགས་ཏེ་འདུག་ཅིང་།   བདག་གིས་ཀྱང་བེའུ་དེད་དེ་ཁོའི་ཕྱོགས་སུ་སོང་།   དུས་དེར།  དེ་རིང་རང་ཉིད་ཅིས་ཀྱང་བེའུ་རྫིར་འགྲོ་མི་རུང་སྙམ་བྱུང་། གལ་ཏེ་ང་རང་བེའུ་རྫིར་སོང་ཤུལ་དུ་ཨ་ཕས་ཡང་ཨ་མར་གཅེར་བྱུང་ཚེ་ཅི་བྱ་ཨང་། ༄ 

        འགྱུར་མེད་དང་ཐོག་བདག་གིས་བེའུ་འཚོ་རྒྱུར་འཐད་པ་མ་བྱུང་མོད།  མཐར་འགྱུར་མེད་ཀྱིས་དེ་རིང་གཅིག་པུར་བདག་གི་བེའུ་འཚོས་ན།  ཕྱིས་སུ་རང་གིས་ཉིན་གསུམ་ལ་ཁོའི་བེའུ་འཚོ་རྒྱུར་ཁས་ལེན་བྱས་པས་ད་གཟོད་དགའ་སྤྲོའི་ངང་བེའུ་དེད་དེ་དབོ་ཉག་ཁ་ནས་ཕར་ལ་ཆས་སོང་། ༄

         ང་རང་ཡུལ་དུ་སླེབས་དུས།  ཨ་མས་ལྕི་བ་འཕུད་བཞིན་འདུག་ཅིང་། བཞོ་ཟེའུ་ནང་དུ་ལྟེམས་མེར་འཁྱིལ་བའི་དཀར་ཤག་ཤག་གི་འོ་མ་ཁྱིམ་གྱི་ཟོ་ནང་དུ་བླུགས་མེད་པར་བཞོ་ཟེའུ་དང་བཅས་ནོར་ལྷས་ཀྱི་མཐའ་ན་བཞག་འདུག ངས་ཅིའི་ཕྱིར་འོ་མ་ཟོའི་ནང་དུ་མ་བླུགས་ཚུལ་དྲིས་པ་ན།  ཡང་ཨ་ཕས་ཨ་མ་ཁྱིམ་ལ་ཡོང་དུ་མ་བཅུག་པར་སྒོའི་ཕྱིར་བདའ་བྱུང་བ་ཡིན་འདུག༄

      ད་ནི་ཅི་ཞིག་བྱས་ན་དགའ་འམ།  ང་རང་དངོས་གནས་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་།    སུ་ཞིག་ལ་གཏུགས་བཤེར་བྱས་ན་ད་གཟོད་ཨ་ཕས་ཁོའི་ཁ་ལེན་ཚིག་བརྩི་བྱས་ཏེ་ཨ་མ་ངེད་གཉིས་སྒོའི་ཕྱིར་མི་བདའ་འམ།   ལག་མཐིལ་ཅིག་གི་དབྱིབས་སུ་ཡོད་པའི་དབོ་ལུང་དུ་དེ་འདྲའི་མི་ཞིག་སུ་ཡིན་ནམ།  ཇི་ལྟར་འདང་བརྒྱབ་ནའང་། ཨ་མྱེས་མ་གཏོགས་དེ་འདྲའི་མི་ཞིག་གཏན་ནས་བསམ་པའི་རྒྱུད་ལ་འཁོར་མ་བྱུང་། འོན་ཏེ། ཁོས་ད་ནི་ཨ་མྱེས་ཀྱི་ཁར་ཡང་མི་མཉན་པས་ཅི་ཞིག་བྱ་ཨང་།༄ 

          ང་རང་དེ་ལྟར་ཅི་བྱ་གཏོལ་བྲལ་གྱི་ངང་དུ་ཡོད་དུས།  གཏེ་གེ་དཀར་ལྡང་ལྟ་བུའི་སྡེ་དཔོན་གྱི་རླངས་འཁོར་བསྟར་ལ་བསྒྲིགས་པའི་དབོ་ལུང་སྡེ་བའི་དུད་ཁྱིམ་རེ་རེའི་བར་གསེང་བརྒྱུད་དེ་ངེད་ཚང་གི་ཕྱོགས་སུ་ཡོང་བཞིན་འདུག༄

        སྡེ་དཔོན་གྱི་རླངས་འཁོར་དེ་ལྟར་ཡོང་ཡོང་མཐར། ཏག་ཏག་ངེད་ཚང་གི་སྒོ་འགྲམ་དུ་ཏན་སེར་བསྡད་བྱུང་། ༄

        སྡེ་དཔོན་ངེད་ཚང་ལ་མགྲོན་དུ་སླེབས་ཡོད་པས་ཨ་ཕས་ད་ནི་ཨ་མ་ངེད་གཉིས་སྒོའི་ཕྱིར་བདའ་མ་བྱུང་།  སྡེ་དཔོན་གྱིས་ཡིག་ཆ་འགའ་རེ་ཨ་ཕར་སྟོན་བཞིན་མང་པོ་ཞིག་བཤད་བྱུང་། མི་རྒན་རྣམས་ནམ་རྒྱུན་འདི་འདྲ་ཞིག་ཡིན་ཏེ་དོན་ཆུང་ཆུང་ཤིག་ལྟ་བུ་ཞིག་ཕ་རོལ་བར་བརྡ་སྤྲོད་སླད་དུའང་གཏམ་རིང་རེ་འཐེན་པར་བྱེད། ཁོའི་སྐད་ཆ་དེ་དག་མདོར་དྲིལ་ན། ཁྱེད་ཚང་གི་བུ་ད་ལོར་ལོ་བརྒྱད་ལ་སོན་ཟིན་པས་ངེས་པར་དུ་སློབ་གྲྭར་འགྲོ་དགོས་ལུགས་དང་། མ་སོང་ན་ཆད་པ་ཡོད་ཅེས་པ་དེ་རེད། སློབ་གྲྭར་འགྲོ་རྒྱུར་བདག་གིས་ཉི་ཤར་ལ་སྨོན་པ་ལྟར་ཡུན་རིང་རེ་སྒུག་བྱས། ཡིན་ནའང་། སྡེ་དཔོན་གྱིས་གཏམ་བཟང་དེ་སྐབས་འདི་འདྲ་ཞིག་ལ་བཤད་པས་ང་རང་སེམས་ཁུར་གཞན་ཞིག་གི་ཀློང་ལ་དྲངས་སོང་། ང་རང་སློབ་གྲྭར་སོང་ཤུལ་དུ་ཨ་ཕ་ཡང་ཐང་དཀར་གྲོང་རྡལ་དུ་སོང་སྟེ། ས་རུབ་ནའང་ཕྱིར་ལོག་མ་བྱུང་ན། ཨ་མ་གཅིག་པུ་སྐྲག་ནས་ཡུལ་དུའང་སྡོད་མི་ཚུགས་ཁོ་ཐག་ཡིན། ང་རང་སློབ་གྲྭར་སོང་ཤུལ་དུ། ཨ་ཕས་ཡང་ཨ་མར་གཅར་ཏེ་སྒོར་ཕུད་ཚེ་ཅི་བྱ་ཨང་།   ད་ནི་ངོ་མ་བློ་ཉིས་འགལ་དུ་གྱུར་སོང་།སྡེ་དཔོན་སོང་མ་ཐག  བདག་གིས་ཨ་ཕས་སླར་ཡང་ཨ་མ་ངེདགཉིས་སྒོའི་ཕྱིར་བདའ་ཨེ་འཇོག་ལ་སེམས་ཁྲལ་བྱེད་དགོས་བྱུང་།༄  

        འོན་ཏེ།   ཨ་ཕས་ད་ནི་ཨ་མ་ངེད་གཉིས་སྒོའི་ཕྱིར་བདའ་མ་བྱུང་།  "ཨ་མས་ཁྱོད་ལ་ཤ་ཁུ་ཞིག་གདུ་ཨང"ཞེས་དྲིས་ཀྱང་ཨ་ཕས་མ་གོ་བའི་ཚུལ་གྱིས་ལན་ཅི་ཡང་མི་འདེབས་པར་སྔར་བཞིན་ཨུ་ཤུ་འཐེན་པར་བྱེད། དེ་ནས་ཨ་མ་ཁྱིམ་ལས་ལ་བྲེལ་སོང་། ང་རང་སྒོའི་ཕྱིར་སོང་ནས་རྩེད་མོ་རེ་རྩེ་བསམ་ཡང་སེམས་ཁ་ཅི་ཞིག་གིས་མནན་པ་ལྟར་ལྗིད་ཏིག་ཏིག་བྱེད། 

        སྐབས་ཤིག་ལ།   ཨ་ཕས་ང་ལ་ཁོའི་སྒལ་བ་འཕྲུག་རོགས་ཟེར།  ཨ་ཕས་བཀའ་བཀྱོན་རེ་གནང་ཨེ་ཡོང་ལ་སྐྲག་སྟེ། བདག་གིས་དེ་འཕྲལ་ཨ་ཕའི་སྒལ་བ་འཕྲུག་པ་ཡིན། སྔོན་ཆད་ཨ་ཕའི་སྒལ་བ་འཕྲུག་དུས་ཁོའི་རྒྱབ་ལ་ཁ་ཆུ་བྱུགས་པ་དང་མཆན་ཁུང་ལ་ཨི་ཙི་ཀུ་ལུ་སྒོག་པ་སོགས་ཀུ་རེ་རྩེ་མོ་གང་མང་བྱས་མྱོང་། ཡིན་ནའང་། དེ་རིང་ཁོའི་སྒལ་བ་འཕྲུག་པའི་གོ་རིམ་ཧྲིལ་བོར་ཧ་ཅང་གཟབ་ནན་བྱས་པ་ཡིན།  དེ་ལྟར།  ཁོའི་སྒལ་བའི་ཟ་འཕྲུག་སོད་དུས། བདག་གི་ལག་པ་ན་བ་མ་ཟད། ཐང་ཡང་ཆད་འདུག་པ་འདྲ།   ཨ་ཕའི་གམ་དུ་ལོག་ནས་ཅུང་བསྡད་པའི་མུར་སྣང་བ་བན་བུན་གྱི་ངང་གཉིད་དུ་ཡུར་སོང་ལ། སླར་ཡང་སྣང་བ་བན་བུན་གྱི་ངང་གཉིད་ལས་སད་དུས། ཨ་ཕ་དང་ཨ་མ་གཉིས་ཀྱིས་འཁོན་རེས་བྱེད་བཞིན་འདུག  གློ་བུར་དུ་བན་བུན་གྱི་སྣང་བ་དེ་གར་སོང་ཆ་མེད་དུ་གྱུར་སོང་ལ། བདག་གིས་ད་དུང་གཉིད་ཡོད་པའི་ཟོལ་གྱིས་ཁོང་གཉིས་ཀྱིས་ཅི་བཤད་ལ་ཉན་ཏེ་བསྡད་པ་ཡིན། FL)〗

རྩོམ་སྒྲིག་འགན་འཁུར་བ། རྒྱལ་ལོ།


རྩོམ་ཡིག་རྗེས་མ།
དུས་འགྱུར།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1