དུས་འགྱུར།

དབང་ལོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ཞོགས་པའི་ཉི་རྩེ་དེ་གསེར་ལུང་སྡེ་བའི་རྒྱབ་རིའི་ངོས་སུ་འཕྲོས་པ་དང་།  ཁྱིམ་ཚང་རེ་རེའི་དུ་ཁུང་ལས་སྔོ་ལྷོག་ལྷོག་ཏུ་འཕྱུར་བའི་དུ་སྨུག་གིས་གསེར་ལུང་སྡེ་བ་ཡོངས་སུ་གཡོགས་འདུག་ལ་དེ་ལས་ཁྱིམ་ཚང་སོ་སོས་ནངས་ཇ་སྐོལ་བཞིན་པའང་ཤེས་ཐུབ། ཨ་ཁུ་ཉི་མ་ནམ་རྒྱུན་དང་འདྲ་བར་ནངས་སྔ་མོ་ནས་ཡར་ལངས་ཏེ་ཁ་ལག་བཀྲུས་རྗེས་ཁ་བཏོན་བྱེད་པ་དང་མཉམ་དུ་མཆོད་ཁང་དུ་སོང་ནས་མཆོད་བཤམས་བྱེད་འགོ་བརྩམས། དེ་ནས་ཡུལ་ལྷ་གཞི་བདག་ལ་བསང་མཆོད་བྱེད་པ་དང་བུ་ལྷ་དཔལ་གྱི་བྱ་གཞག་ཐམས་ཅད་འགྲུབ་པའི་སྡོང་གྲོགས་དང་ནད་མེད་ཚེ་རིང་ཡོང་བའི་སྐྱབས་འཇུག་ཞུ་རྒྱུ་ནི་ཁོའི་ལོབས་ཕྱོགས་སུ་གྱུར་བའི་བྱ་བ་གལ་ཆེན་ཞིག་ཏུ་གྱུར་ཡོད། ༄

        ཨ་ཡེ་ལྕགས་མོའི་ནངས་ཇ་ཁོལ་རྗེས་ཨ་ཁུ་ཉི་མ་བོས་ཏེ་ཁོ་གཉིས་ཀྱིས་ནངས་ཇ་འཐུང་། ཨ་ཡེ་ལྕགས་མོས་ནངས་ཇ་འཐུང་ཞོར་ཨ་ཁུ་ཉི་མར། རྒད་པོ།  དེ་རིང་དོན་དག་གལ་ཆེན་ཞིག་ཁྱེད་ལ་གྲོས་ཞིག་བྱེད་དགོས།  ཞེས་བཤད་པ་ན།  ཨ་ཁུ་ཉི་མས་དོན་དག་ཅི་ཞིག་ཡོད་དམ།  ཞེས་དྲིས། ཨ་ཡེ་ལྕགས་མོ་འུ་ཚང་གི་ཁྱིམ་མཚེས་འགྱུར་མེད་ཀྱིས་བཤད་པ་ལྟར་ན། ད་ལོ་ང་ཚོ་སྡེ་བ་འདིར་ཤང་སྲིད་གཞུང་གི་ཁང་གསར་སྐྲུན་རྒྱུའི་རོགས་སྐྱོབ་མ་དངུལ་ཐོན་འདུག་ཟེར།  འུ་ཚང་ལ་ད་བར་དུ་སྲིད་གཞུང་གི་རོགས་སྐྱོབ་མ་དངུལ་ཐོབ་མ་མྱོང་བས་ད་ཐེངས་སྡེ་དཔོན་ཚེ་?ར་ལ་བཤད་དེ་རོགས་སྐྱོབ་མ་དངུལ་ཞིག་ལག་ཏུ་ཨེ་ཐོབ་བལྟ་དགོས་ཞེས་བཤད། ཨ་ཁུ་ཉི་མས་ཐོད་པའི་གཉེར་མ་རྣམས་གཅིག་ཏུ་བསྡུས་ཏེ་ཚེ་?ར་ཁྱི་ཕྲུག་དེར་བཤད་ཀྱང་འུ་ཚང་ལ་སྟེར་གྱི་མ་རེད། ཁྱི་ཞིག་ཡིན་རུང་དྲིན་ལན་བརྗེད་རྒྱུ་མ་རེད། ངོ་མ་ཁྱི་ཞིག་ལ་མི་དོ་བའི་སྐྱག་གཟན་ཞིག་ལ་བཤད་མ་བཤད་ཅི་ཡོད། ཅེས་ཨ་ཁུ་ཉི་མས་འཁངས་ར་དང་ལེ་བདའ་འདྲེས་མའི་སྐད་ཆ་ཞིག་བཤད་རྗེས་ཡར་ལངས་ཏེ་སྡེ་བའི་མ་ཎི་ཁང་གི་ཕྱོགས་སུ་བསྐྱོད། ཨ་རོགས།  ཉི་མ་ཁྱོད་སྔ་གའོ་ལེ།  འགྱུར་མེད་ཁྱོད་བུད་ཡོང་ནས། འོ་ལེ།  འོ་ལེ། 

        ཨ་ཁུ་ཉི་མའི་ཁ་ནས་མ་ཎི་འདོན་ཞོར་ལག་གིས་མ་ཎི་ཡི་གཟུངས་ཐག་ལ་འཇུས་ཏེ་མ་ཎི་སྐོར་འགོ་བརྩམས། དེ་ནས་ཅུང་མ་འགོར་བར་རྒན་པོ་ཚེ་བརྟན་གྱི་གཡོགས་མ་ཞིག་གཡེང་བཤམ་གྱིས་ཁ་ནས།  དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ཞེས་པདྨ་བཀའ་ཐང་འདོན་བཞིན་མ་ཎི་ཁང་གི་འཁྱམས་ར་རུ་བསྡད་དེ་ཁ་བརྡའི་འགོ་གླེང་། ༄

        ཨ་རོ་གཉིས།  གོ་ཐོས་ལྟར་ན་སྡེ་བའི་ཧྲུའུ་ཅི་སྐལ་ལོ་ཚང་དང་།  བསོད་བྷེ།  ཚང་གཉིས་མ་འགྲིག་ཟེར་ག ཅི་ཞིག་ལ་མ་འགྲིག་པ་ཡིན་ནམ།  ཁོ་གཉིས་ཀ་གཉེན་ཉེ་མ་ཡིན་ནམ། ཞེས་ཨ་ཁུ་ཉི་མས་ཐེ་ཚོམ་གྱི་ངང་ནས་དྲིས། རྒད་པོ་ཚེ་བརྟན་གྱིས་མགོ་བོ་ཐུར་དུ་གཡུག་བཞིན། དེང་སང་ནངས་ཁའི་མི་ཁོག་ལ་གདོན་ཞུགས་ཡོད་པ་འདྲ།  ཁོ་གཉིས་ཀྱིས་སྡེ་བའི་ཧྲུའུ་ཅིའི་གོ་གནས་བརྩད་དེ་རྒྱག་རེས་ཤོར་བ་རེད་ཟེར། སྐལ་ལོ་ཚང་དང་བསོད་བྷེ་ཚང་གཉིས་ཀ་སྡེ་བ་འདིའི་ནང་མི་ཤུགས་དང་རྒྱུ་ཤུགས་ཆེ་བ་ཡིན་པས།  ཁོ་གཉིས་ཀ་སྡེ་བ་འདིའི་ཧྲུའུ་ཅིར་འདུག་འདོད་ཡོད་པའི་རྐྱེན་གྱིས་སྡེ་བའི་ནང་ཡང་ཕྱོགས་ཁག་གཉིས་སུ་གྱེས་ཡོད། ད་དུང་སྡེ་དཔོན་ཚེ་?ར་ཡང་ཧྲུའུ་ཅི་སྐལ་ལོའི་རྒྱུག་ཁྱི་རེད་ཟེར་བཞིན་འདུག མིའི་ཁྲ་ཁྲ་ནང་དང་།  ཟོག་གི་ཁྲ་ཁྲ་ཕྱི་ཟེར་བ་ཅིས་མི་བདེན།   སྔོན་ཆད་ཚེ་?ར་ནི་ཅང་མེད་ཨ་ཡེ་རྒན་ཚང་ཞིག་གི་བུ་ཁེར་སྐྱེས་ཞིག་ཚང་མའི་སྙིང་རྗེ་བསམ་ནས་སྡེ་དཔོན་དུ་བདམས། ད་ལྟ་སྡེ་དཔོན་ལ་བསྡད་ནས་རྒྱལ་ཁབ་ཀྱི་དབུལ་སྐྱོབ་མ་དངུལ་དང་ཁང་གསར་འཛུགས་སྐྲུན་རོགས་སྐྱོབ་མ་དངུལ་སོགས་ཀྱི་རྣམ་གྲངས་ཁ་ཤས་རེག་རྗེས།  རང་ངོ་རང་གིས་ཟིན་གྱིན་མི་འདུག༄

        ཨེ། དུས་ནི་མི་འགྱུར་མི་ནི་འགྱུར་བ་ཡིན། ཟེར་བ་ཅིས་མ་བདེན།  དེང་སང་མི་འགྱུར་བ་མ་ཟད།  དུས་ཀྱང་འགྱུར་འདུག ཅེས་རྒན་པོ་ཚེ་བརྟན་ཡིད་ཆད་དང་གདུང་བ་མཉམ་སྐྱེས་བྱེད་བཞིན་བཤད།  རྒན་པོ་འགྱུར་མེད་ཀྱིས་མ་ཎི་འདོན་མཚམས་བཞག་སྟེ། ༄

        འོ་ལེ།  དེང་སང་རྒྱལ་ཁབ་ཀྱི་རོགས་སྐྱོབ་མ་དངུལ་འདི་ཐོན་པ་ནས་ནང་སྡེ་བ་ཁ་མི་མཐུན།  ལོ་ལོན་ཚོ་སེམས་བདེ་མི་ཐུབ།  གསར་བུ་ཚོས་བརྩི་བཀུར་མེད།  དཀོན་མཆོག་མཁྱེན།  བྱ་བཙོག་གི་ཡ།  སྔོན་ཆད་ནང་སྡེ་བ་ཁ་མཐུན་གྲོས་མཐུན་ཡིན་པ་མ་ཟད།  ལོ་ལོན་ཚོའི་ངོ་ན་སྐྱིད་ཀྱིས་ཁེངས་ཡོད། གསར་བུ་ཚོས་བརྩི་བཀུར་ཡོད། ད་དེང་སང་གི་དུས་འདི་ཅི་ཞིག་ཡིན་ནམ། མི་ཚང་མའི་སེམས་ལ་སྒོར་མོ་མ་གཏོགས་ཤར་གྱིན་མི་འདུག  མི་མ་ཤི་སྔོན་ལ་རིག་རྒྱུ་མང་རྒྱུ་རེད། ༄

        འོ་ལེ།  འོ་ལེ། ༄

        ཉི་མ་ཁྱེད་ཚང་ད་ལོ་རོགས་སྐྱོབ་མ་དངུལ་རྣམ་གྲངས་ནང་བཞག་ཡོད་དམ།  ཞེས་རྒན་པོ་འགྱུར་མེད་ཀྱིས་དྲིས་བྱུང་། ཨ་ཁུ་ཉི་མས་ཁ་སང་ང་སྡེ་དཔོན་ཚེ་?ར་ཚང་ལ་སོང་ནས་ད་ལོ་ངེད་ཚང་རོགས་སྐྱོབ་མ་དངུལ་རྣམ་གྲངས་ནང་འཇོག་རོགས། ངེད་ཚང་ལ་སྔོན་ཆད་དབུལ་སྐྱོབ་དང་ལྔ་སྐྱོང་སོགས་རྣམ་གྲངས་གང་ཡང་མ་ཐོབ་པས། ད་ཐེངས་ཆེད་དུ་ཁྱེད་ལ་ཞུ་བ་བྱེད་དུ་ཡོང་བ་ཡིན་ཞེས་བཤད་རུང་། ཁོས་ཁྱེད་ཚང་ལ་ཁང་གསར་ཕུབ་ས་མེད་པ་དང་ཁྱིམ་གྱི་ཆ་རྐྱེན་ཀྱང་བཟང་བས་རྣམ་གྲངས་གྲས་སུ་ཚུད་དཀའ་ཟེར།  ངེད་ཚང་ལ་རོགས་སྐྱོར་མ་དངུལ་སྟེར་མ་འདོད་པ་མ་གཏོགས། དེང་སང་ཆ་རྐྱེན་མེད་པའི་ཁྱིམ་ཚང་སུ་ཞིག་ཡོད་དམ། ཞེས་ཨ་ཁུ་ཉི་མའི་གདོང་ལ་ཁོང་ཁྲོ་ཡི་ཉམས་སྣང་ཞིག་ཤར་བཞིན་དེ་ལྟར་བཤད། རྒད་པོ་འགྱུར་མེད་དང་ཚེ་བརྟན་གཉིས་ཀྱི་སྲིད་གཞུང་གི་རོགས་སྐྱོབ་མ་དངུལ་དེ་སྡེ་བ་ཡོངས་ཀྱི་དབུལ་བོ་དང་ཕྱུག་པོ་མེད་པར་ཆ་སྙོམས་སུ་སྟེར་བཞིན་འདུག་པས།  ཁོས་ཁྱེད་ཚང་ལ་དེ་འདྲ་བྱེད་དགོས་དོན་མེད། ཁྱི་ཕྲུག་དེའི་མ་རྒན་མ་དེས། ཁོར་དགོན་པའི་གྲྭ་པ་ཚོར་འབུལ་རྒྱུའི་འབུལ་བའང་མེད་པར་ཁྱེད་ཚང་ལ་སྒོར་སྐྱི་རུ་ཡོང་བ་མ་ཡིན་ནམ། གལ་ཏེ་ཁྱེད་ཚང་མེད་ན་ཁོའི་མ་རྒན་མ་ལམ་འཇུག་ཀྱང་བྱེད་དཀའ། སྔ་དྲོ་རྟ་བོ་ཆས་ཀྱིས་གསོས་ན། ཕྱི་དྲོ་དྲིན་ལན་ཕྲ་ཡིས་འཇལ་ཟེར་བ་ཅི་མི་བདེན། ངོ་མ་རྒྱུ་འབྲས་མེད་ཀི་ཡ། ཞེས་རྒད་པོ་འགྱུར་མེད་དང་ཚེ་བརྟན་གཉིས་ཀྱིས་དེ་ལྟར་བཤད་བཞིན་མ་ཎི་བསྐོར།  ཁོ་ཚོའི་མ་ཎི་བསྐོར་ཞོར་ཁ་བརྡ་བྱེད་བཞིན་ཉིན་གུང་བསླེབས་པའང་མ་ཚོར།  ཨ་ཁུ་ཉི་མའི་ལག་གི་ཁ་པར་ལ་བལྟས་རྗེས། 

                ཨོ།  ཉིན་གུང་བསླེབས་བྱུང་།  ད་ཁ་བརྡ་བྱེད་ནས་འདུག་ཁོམ་མེད། ༄

        ད་དུང་ཁྱིམ་ལས་མང་པོ་ཞིག་ལས་ཚར་མེད། ༄

        ཡ།   ང་སྔོན་ལ་བུད་འགྲོ།  ཟེར་བཞིན་བྲེལ་འཚུབ་ངང་བུད་སོང་། ༄

 གཉིས། 

        དེ་རིང་ཨ་ཁུ་ཉི་མར་དོན་དག་གལ་ཆེན་ཞིག་ཡོད་པ་འདྲ། ཞོགས་པའི་སྐྱ་རེངས་ཤར་བ་ན་ལྷ་བསང་སྔོན་མོའི་དུ་བ་དགུང་ལ་མཉམ་པ་ཞིག་ཕུལ་ཏེ། ཡུལ་ལྷ་གཞི་བདག་དང་སྐྱེས་ལྷ་དགྲ་ལྷ་སོགས་ལ་བསང་མཆོད་བྱེད་པ་དང་སྡོངས་གྲོགས་མཛད་པར་སྐྱབས་འཇུག་ཞུས། དེ་ནས་ནངས་ཇ་བཏུངས་ཤིང་ང་ཁྱིམ་ལས་ཙག་ཙིག་ལས་ཚར་རྗེས། གདན་ཆུང་གྲུ་བཞི་ཞིག་ཉིན་ཁར་བཏིངས་ནས་ཁ་བཏོན་འདོན་བཞིན་སེམས་ལ་བུ་ལྷ་དཔལ་འདི་མྱུར་དུ་ཁྱིམ་དུ་ལོག་ཐུབ་ན་ཤང་སྲིད་གཞུང་དུ་སོང་ནས་ཤང་ཀྲང་ལ་ཁྱིམ་གྱི་གནས་ཚུལ་བཤད་དེ་ཁང་གསར་འཛུགས་སྐྲུན་གྱི་རྣམ་གྲངས་རེ་རེག་ཐུབ་ཚེ་སྒོར་ཁྲི་གསུམ་ལོན་པས། ཚ་མོ་ཆོས་སྐྱིད་ཀྱང་བདེ་བླག་ངང་སློབ་ཆེན་ཐར་ཕྱིན་ཐུབ། ཚ་བོ་དོན་གྲུབ་ཀྱང་ལོ་རྗེས་མ་ནས་སློབ་ཆེན་དུ་རྒྱུགས་སྤྲོད་དགོས་པས་སྒོར་མོའི་འགྲོ་སྒོ་ཧ་ཅང་མང་བསམ་བཞིན་ཁ་ཏོན་འདོན་འཕྲོ་སྐྱུར་ཏེ་བུ་ལྷ་དཔལ་ལ་ཁ་པར་བཏང་། ༄

        ཨ་ཁུ་ཉི་མའི་བུ་དང་མནའ་མ་གཉིས་ཀྱིས་མགོ་ལོག་རྨ་སྟོད་རྫོང་ཐོག་ཏུ་ཟ་ཁང་གཉེར་ནས་ལོ་བདུན་བརྒྱད་ཙམ་འགོར་ཡོད་པ་དང་། ཡོང་སྒོ་ཧ་ཅང་བཟང་བས་ལོ་གསར་མ་གཏོགས་ཡུལ་ལ་ལོག་ཐུབ་ཀྱིན་མེད། ཁོང་བཟའ་ཟླ་གཉིས་ཀྱིས་ཁོམ་པ་ཡོད་ཚེ་ནངས་དགོང་གཉིས་ཀར་ཕ་མ་གཉིས་ལ་ཁ་པར་བཏང་སྟེ་འཚམས་འདྲི་བྱེད་བཞིན་ཡོད་པས། དེ་རིང་ཨ་ཕས་གློ་བུར་དུ་ཁ་པར་ཡོང་བ་ཡིད་ལའང་མ་ཤར། ལྷ་དཔལ་གྱི་སེམས་སུ་ཁྱིམ་དུ་དོན་དག་གལ་ཆེན་ཞིག་བྱུང་བ་ཡིན་ནམ་སྙམ་སྟེ་ལག་གི་ཁ་པར་གྱི་ཁ་ཕྱེས་ཏེ་ཉན། ༄

        ཝེ།  ཨ་ཕ།  ཁྱིམ་ལ་དོན་དག་འདྲ་བྱུང་མེད་དམ།  ཞེས་འཚབ་འཚུབ་ངང་དྲིས་པ་ན།  ཨ་ཁུ་ཉི་མས་ནན་གྱིས་བཤད་དོན།  ཁྱིམ་དུ་དོན་དག་བྱུང་མེད།  ཕ་མ་གཉིས་ཀ་བདེ་མོ་ཡིན།  བཤད་རྒྱུ་ཞིག་ལ་ད་ལོ་ཤང་སྲིད་གཞུང་གི་ཁང་གསར་སྐྲུན་རྒྱུའི་རྣམ་གྲངས་འགའ་ཐོན་འདུག་ཟེར། ཁྱོད་ཡོང་ཁོམ་འདྲ་ཡོད་ཚེ་མྱུར་དུ་ཁྱིམ་དུ་ལོག་ཤོག་དང་།  སློང་སྟེ་ང་ཀྲང་སར་སོང་ནས་རྣམ་གྲངས་ཤིག་སློང་སྟེ་རེག་ཐུབ་ཚེ་སྒོར་ཁྲི་གསུམ་ཐོབ་ཐུབ་པས་བུ་བུ་མོ་གཉིས་ཀྱི་སློབ་ཡོན་ལ་འདང་རྒྱག་མེད།  ཁྱེད་བཟའ་མི་གཉིས་ཀྱི་དཀའ་ངལ་ཡང་སེལ་འགྲོ་བས་མི་བཟང་ངམ།  ཞེས་ཨ་ཁུ་ཉི་མའི་སེམས་ཁོངས་ཀྱི་སྐད་ཆ་དེ་དབུགས་ཐེངས་གཅིག་གིས་བཤད།  ལྷ་དཔལ་གྱིས་ཨ་ཕས་བཤད་པའི་སྐད་ཆ་དེར་ཉན་རྗེས་ཡུད་ཙམ་ལ་བསམ་བློའི་ཀློང་དུ་ཚུད།  དེ་ནས་ཕ་རྒན་ལ་ཨ་ཕ་ད་ལྟ་ཟ་ཁང་གི་ཚོང་ཧ་ཅང་བཟང་བའི་སྒང་ཡིན་པས་ང་ཡོང་ཐུབ་རྒྱུ་མ་རེད། འུ་ཚང་གི་ཟ་ཁང་གིས་ལོ་གཅིག་ལ་སྒོར་ཁྲི་བཅུའི་ཡན་ལོན་ཐུབ་པས་དེ་སྐྱུར་ནས་ཁྱིམ་དུ་ཡོང་རུང་རྣམ་གྲངས་མ་ཐོབ་ཚེ་ཚོང་ལ་འགོར་འགྱངས་བྱེད་པ་ལས་མེད།  འུ་ཚང་ལྟ་བུའི་ཁྱིམ་ཚང་ཕལ་པ་ཞིག་ལ་རྣམ་གྲངས་མི་ཐོབ་པ་ཁྱེད་ཀྱིས་ཤེས་གསལ་རེད། ད་དུང་ལོ་རྗེས་མ་ཟ་ཁང་གཞན་ཞིག་ཀྱང་ཕྱེ་རྒྱུའི་འཆར་གཞི་ཡོད། ཁྱེད་གཉིས་ནད་མེད་ཚེ་རིང་བྱུང་ན་དེ་ལས་ལྷག་པ་མེད། རྣམ་གྲངས་མ་རེག་ཀྱང་རང་ཁ་མི་སོས་པའི་སར་ལྷུང་མེད་པས་སེམས་ཁྲལ་བྱ་མི་དགོས།  ཞེས་བུ་ལྷ་དཔལ་གྱིས་ཨ་ཁུ་ཉི་མར་སེམས་གསོ་དང་བཅས་ཁ་བརྡའི་མཇུག་སྒྲིལ།  ཨ་ཁུ་ཉི་མ་ཁོང་ཁྲོ་དང་བཅས་ངས་ཁྱོད་བསམ་པ་མ་གཏོགས་ང་བསམ་པ་མ་རེད་ཅེས་ཁེར་བཤད་བྱེད་བཞིན་སྒོར་བུད་དེ་མ་ཎི་མཁར་སྒོ་ཐོན་རྗེས་དེ་ན་གསར་བུ་དང་རྒད་པོ་རྒད་མོ་སོགས་སྐོར་དང་སྐོར་བྱས་ཏེ་ཚོགས་ཡོད་པ་དང་། ཁོ་ཡང་དེ་དག་གི་གྲས་སུ་སོང་སྟེ་ཁོ་ཚོའི་སྐད་ཆར་ཉན། ཁོ་ཚོའི་ཁང་གསར་འཛུགས་སྐྲུན་གྱི་རྣམ་གྲངས་རྒྱན་འཕེན་རྒྱུའི་ཁ་བརྡ་དང་རྩོད་གླེང་བྱེད་བཞིན་འདུག 

        སུ་ཚང་ལ་བབ་ན་དེ་ཚང་ལ་སྟེར་རྒྱུ་བྱེད།  ཅེས་གསང་བདག་ཁ་ཆེ་ཡིས་བཤད་ཀྱིན་བཤད་ཀྱིན་སྐད་འགོ་ཇེ་མཐོ་ནས་ཇེ་མཐོ་རུ་གྱུར་བ་དང་། དེ་ཚེ་ཨ་ཡེ་?་སྐྱིད་བཤད་ཁ་མས་གསང་བདག་ཁ་ཆེ་ཁྱེད་ཚང་ལ་ན་ནིང་ཁང་སྐལ་ཕྱིན་པ་མ་ཡིན་ནམ། ད་ལོ་ད་དུང་ཁྱེད་ཚང་རྒྱན་ནང་ཞུགས་པ་ངོ་མི་ཚའམ། ཁྱེད་ཀྱི་ངོ་དེ་མི་ལྤགས་ཡིན་ནམ་གླང་ཀོ་ཡིན། ཞེས་མཚང་བྲུས་བྱུང་། ངེད་ཚང་ལ་བྱིན་པ་ནི་དབུལ་སྐྱོབ་རྣམ་གྲངས་ཡིན་པ་ལས་ཁང་གསར་འཛུགས་སྐྲུན་གྱི་རྣམ་གྲངས་མིན། ཞེས་གསང་བདག་ཁ་ཆེ་ངར་ལངས་བཞིན་བཤད། སྐྱག་ཁ་མ་ཁྱེད་ཚང་ལ་མ་ཕྱིན་ནམ། ཞེས་འབྲུག་རྒྱལ་ཧྭ་པ་གསང་བདག་ཁ་ཆེ་ཡི་རྒྱབ་རྩ་རུ་ལངས་ནས་བཤད། ༄

ཧོ་ཧོ་ཡ།  འབྲུག་རྒྱལ་ཧྭ་པ་ཁྱེད་ཚང་ཧྲུའུ་ཅི་སྐལ་ལོའི་རྒྱུག་ཁྱི་བྱས་ནས་ཁང་སྐལ་གཉིས་བླངས་པ་མ་ཡིན་ནམ།  མི་ལ་ངོ་ཚ་མེད་ན་ཁྱི་དང་།  ཁྱི་ལ་རྔ་མ་མེད་ན་འདྲེ་ཡིན་ཟེར་བ་དེ་རེད།  སྡེ་བའི་ཁྱིམ་ཚང་གཞན་དག་ལ་ཁང་སྐལ་གཅིག་རེའང་མ་འཐེན་པར་ཁྱེད་ཚང་གིས་ཁང་སྐལ་གཉིས་ལེན་པར་ངོ་མི་ཚའམ། ཞེས་ཨ་ཡེ་?་སྐྱིད་བཤད་ཁ་མའི་ཨ་ལན་ལ་ཐོ་ལན་སྤྲད་དེ་ཁ་རྩོད་བྱས།  ས་རུབ་ལ་ཉེ་ཡང་ཁོ་ཚོའི་རྩོད་པའི་མཇུག་མ་རྫོགས་པས། རྒན་པོ་འགྱུར་མེད་ཀྱིས་དེ་རིང་ང་ཚོ་རྩོད་པ་བྱས་ཀྱང་ཡོང་རྒྱུ་མེད།  སང་ཉིན་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན།  ད་དུང་སྡེ་བའི་ཁ་འགོ་བ་སྐོར་ཞིག་བོས་ཏེ་གྲོས་བྱས་ན་དོན་དག་འདི་ཐག་ཆོད་པ་མ་གཏོགས།  དེ་རིང་འདི་ནས་རྩོད་པ་བྱས་ཏེ་ཚང་མའི་བར་ལ་འགལ་བ་བྱུང་ན་ཚང་མ་མི་ཚེ་གང་བོ་སྡེ་བ་གཅིག་ཏུ་འདུག་དགོས་པ་མ་ཡིན་ནམ། དེང་སང་སྒོར་?ག་འགའ་ཡི་དོན་ལ་ནང་ན་ཟླ་དགྲ་རུ་བཟུང་།  ཆེ་ཆུང་བར་ལ་བརྩི་བཀུར་མེད།  འདི་འདྲ་གཞན་གྱིས་གོ་ན་ངོ་ཚ་མ་ཡིན་ནམ།   ཞེས་བཤད་པ་ན་ཚང་མ་འཐད་མི་འཐད་ཀྱིས་རང་རང་སར་གྲོལ་སོང་། ཨ་ཁུ་ཉི་མ་རང་ཁྱིམ་དུ་ལོག་ནས་ནུབ་ཚལ་འཐུང་རྗེས། ཨ་ཡེ་ལྕགས་མོར་དེ་རིང་མ་ཎི་མཁར་སྒོའི་གནས་ཚུལ་གྱི་ཁ་བརྡ་བྱེད་པ་དང་། བུ་ལྷ་དཔལ་ལ་ཁ་པར་བཏང་བའི་རྒྱུ་མཚན་བཤད་རྗེས་མལ་ཁང་དུ་སོང་ནས་ཉལ། ཨ་ཡེ་ལྕགས་མོ་ནི་སྔ་མོ་ནས་གཉིད་ཟིན་ནའང་། ཨ་ཁུ་ཉི་མ་མཚན་མོ་དེར་གཏན་ནས་གཉིད་མ་ཁུག  ཁོའི་དེ་རིང་གསང་བདག་ཁ་ཆེ་དང་འབྲུག་རྒྱལ་ཧྭ་པ།  ད་དུང་ཨ་ཡེ་?་སྐྱིད་བཤད་ཁ་མ་སོགས་ཀྱི་ཁ་རྩོད་བྱེད་པའི་སྐད་ཆ་དང་རྣམ་པ་རྣམས་རེ་རེ་བཞིན་མིག་ལམ་དུ་ཤར་ཞིང་བསམ་བློ་གཏོང་བཞིན། ད་དུང་ཁ་ནས་མ་གླེང་བར་ལྐོག་ཏུ་ཁང་སྐལ་ཐོབ་འདོད་ཀྱི་མི་ག་ཚོད་ཡོད་དམ། ཞེས་བསམ་བློ་གཏོང་བཞིན་གཏོང་བཞིན་མིག་ལམ་དུ་སྡེ་བའི་མི་རེ་རེ་ཡི་ཁོང་ཁྲོ་དང་ཞེ་སྡང་། གནོད་སེམས། སྒེར་སེམས་སོགས་གློག་བརྙན་བཞིན་འཆར་འོངས་བས། སེམས་ལ་སྐྲག་སྣང་དང་ཡིད་ཆད་སོགས་ཅིག་ཅར་དུ་སྐྱེས་ཤིང་། སྒོར་?ག་འགས་སྡེ་བ་མར་ཁུ་འདྲ་བོ་དཀྲུགས་ནས་ཉོག་བཞིན་བཏང་བ་འདི་རོགས་སྐྱོབ་ཡིན་ནམ་དཀྲུགས་ཤིང་ཡིན། ཞེས་འདང་རྒྱག་བཞིན་ནམ་གུང་བསླེབས་ཀྱང་གཏན་ནས་གཉིད་མ་ཁུག

        མཁའ་དབྱིངས་སུ་སྐར་མ་རྣམས་ཁྲ་ལམ་མེར་གནས་ཀྱང་དགུ་ཚིགས་ཁྲ་མོ་དེ་ཡང་ཤར་ནས་ནུབ་ཏུ་སྐྱ་ལམ་མེར་འཐེན་འདུག་ལ། ཨ་ཁུ་ཉི་མ་སྒོར་བུད་དེ་གཅིན་པ་བཏང་རྗེས་ཕྱིར་མལ་ཁང་དུ་ལོག་སྟེ་ཉལ། 

གསུམ། 

        ཕྱི་ཉིན་ཞོགས་པའི་ཉི་རྩེ་གསེར་ལུང་སྡེ་བའི་རྒྱབ་རིའི་ངོས་སུ་འཕྲོས་པ་ན་ཨ་ཁུ་ཉི་མ་ཡར་ལངས་ཏེ་ཁ་ཏོན་བྱེད་པ་དང་མཆོད་བཤམས་བྱས་རྗེས་ནངས་ཇ་བཏུངས། དེ་རིང་སྡེ་བ་འཚོགས་ཏེ་ཁང་སྐལ་རྒྱན་འཕེན་རྒྱུ་ཡིན་པས། ཁོ་སྔ་མོ་ནས་འཚོགས་སར་འགྲོ་རྒྱུའི་གྲ་སྒྲིག་བྱས་ནས་བསྡད། ཉི་མ་ཤར་ཏེ་ཐག་ཚད་ཞིག་ལ་བསླེབས་པ་དང་སྡེ་དཔོན་གྱིས་ཁྱིམ་ཚང་རེར་མི་རེ་ཏང་ཡོན་བྱ་འགུལ་ཁང་དུ་ཡོང་དགོས་པའི་བརྡ་བརྒྱབ། དེ་ནས་ཨ་ཁུ་ཉི་མ་དལ་བུར་སྡེ་བ་འཚོགས་སར་སོང་བ་ན།  སྡེ་མི་ཕལ་ཆེར་བསླེབས་ཡོད་པ་དང་།  ཧྲུའུ་ཅི་དང་སྡེ་དཔོན།  ད་དུང་སྡེ་བའི་ཁ་འགོ་བ་འགའ་ཡང་བསླེབས་ཡོད། སྡེ་དཔོན་ཚེ་?ར་གྱིས་སྐད་འགོ་ཇེ་མཐོ་རུ་བཏང་ནས། ཡ། ཚང་མས་ཉོན་དང་འཚོགས་འདུའི་འགོ་རྩོམ།  ད་ལོ་ཤང་སྲིད་གཞུང་གིས་ང་ཚོ་སྡེ་བར་ཁང་གསར་འཛུགས་སྐྲུན་གྱི་རྣམ་གྲངས་དྲུག་ཐོན་འདུག  ཨ་ཡེ་?་འཚོ་རྒན་ཚང་མར་ང་ཚོ་ཏང་ཀྲུ་པུའུ་ཧྲུའུ་ཅི་དང་སྡེ་བའི་ཁ་འགོ་བ་ཚོས་ཐག་བཅད་དེ་ཁང་སྐལ་གཅིག་བྱིན་པ་ཡིན། ཁོ་མོར་མཚོན་ན་སྡེ་བ་འདིའི་ནང་དཀའ་ངལ་ཆེས་ཆེ་བའི་ཁྱིམ་ཚང་ཞིག་ཡིན་པས་ང་ཚོས་ཐག་བཅད་དེ་བྱིན་པ་ཡིན། འཕྲོ་མའི་རྣམ་གྲངས་རྣམས་མདང་དགོང་སྡེ་བའི་ཧྲུའུ་ཅི་དང་ཁ་འགོ་བ་ཚོས་ཐག་བཅད་དེ་ཁྱིམ་ཚང་ལྔ་ལ་སྟེར་རྒྱུ་བྱས་ཡོད།  ཚང་མ་འཐད་པ་ཡིན་ན་ལག་པ་ཡར་ཁྱོག་ཅེས་བཤད་པ་ན། ཚང་མས་རང་རང་ས་ནས་མི་འཐད་པའི་ཤབ་ཤུབ་ཀྱི་སྐད་ཆ་བཤད་པ་ལས་སྡེ་དཔོན་གྱིས་གདོང་ལ་བུད་དེ་སྐད་ཆ་བཤད་མ་ཕོད།  སྐབས་དེར་དཀོན་མཆོག་ཁ་ཆུ་ཡར་ལངས་ཏེ་སྡེ་དཔོན་གྱིས་བཤད་པ་ལྟར་བྱེད། ང་འཐད་པ་ཡིན་ཞེས་སྡེ་དཔོན་གྱི་རྒྱབ་རྩ་ལངས། དེ་ནས་གསང་བདག་ཁ་ཆེ་དང་།  འབྲུག་རྒྱལ་ཧྭ་པ་སོགས་ཀྱང་སྡེ་དཔོན་དང་ཧྲུའུ་ཅི་གཉིས་ཀྱི་རྒྱབ་རྩ་ནས་ལངས་ཏེ་དེ་ལྟར་བྱེད་རྒྱུར་འཐད་པ་བྱུང་། མི་ཆོག  དེ་རིང་འདི་ནས་རྣམ་གྲངས་སྟེར་བའི་ཁྱིམ་མིའི་མིང་བཏོན་ཏེ་གསལ་བཤད་བྱེད་དགོས།  དེ་མ་བྱས་ཚེ་ཁྱིམ་ཚང་ལ་ལར་ཁང་སྐལ་གཉིས་རེ་ཐོབ་ཡོད་པ་དང་། ཁྱིམ་ཚང་ལ་ལར་ཁང་སྐལ་གཅིག་ཀྱང་ཐོབ་མེད། ཚང་མ་སྡེ་བ་གཅིག་ནས་འཚོ་བ་རོལ་དགོས་པས་རྒྱུ་འབྲས་དང་མཐུན་པའི་བྱ་བ་ལས་ན་བཟང་།  ཞེས་ཨ་ཡེ་གཡང་སྐྱིད་ཡར་ལངས་ཏེ་བཤད།  དེ་རྗེས་སུ་ཚང་མས།༄མི་ཆོག རྒྱན་འཕེན། རྒྱན་འཕེན།  ཞེས་ཚང་མ་འུར་འུར་ཟིང་ཟིང་དུ་གྱུར། རྒྱན་འཕེན་པ་ལས་སྔར་ཁང་སྐལ་མ་ཐོབ་པའི་ཁྱིམ་ཚང་ལྔ་ལ་བྱིན་ན་འགྲིག་ཅེས་ཨ་ཡེ་?་སྐྱིད་བཤད་ཁ་མའི་དེ་ལྟར་བཤད། ཨ་ཡེ་?་སྐྱིད་ཀྱིས་བཤད་པ་བདེན། ད་ཐེངས་ཀྱི་རྒྱན་ནང་སྔར་ཁང་སྐལ་ཐོབ་པ་རྣམས་ཞུགས་མི་ཆོག  ཅེས་རྒན་པོ་འགས་དེ་ལྟར་བཤད། གསང་བདག་ཁ་ཆེ་ཡར་ལངས་ཏེ་ཧྲུའུ་ཅི་དང་སྡེ་དཔོན་གཉིས་ཀྱིས་ཐག་བཅད་པ་ལྟར་མི་བྱེད་ན་རྒྱན་འཕེན།  སུ་ཚང་ལ་བབ་ན་དེ་ཚང་ལ་སྟེར་རྒྱུ་བྱེད།  ཅེས་བཤད། རྒྱན་འཕེན།  འབྲུག་རྒྱལ་ཧྭ་པ་ཡང་དེའི་རྗེས་དེད་ནས་བྱུང་། སྐབས་དེར་ཧྲུའུ་ཅི་སྐལ་ལོ་དང་སྡེ་དཔོན་ཚེ་?ར་གཉིས་སྐུབ་སྟེགས་རྒྱབ་སྙེ་མ་རེ་ལ་བསྡད་དེ་གདོང་ལ་ཡིད་ཚིམ་པའི་རྣམ་འགྱུར་གྱིས་ཁེངས་བཞིན་ལྟད་མོར་བལྟས་ནས་བསྡད། ༄

        ཧོ་ཧོ་ཡ།  དེ་རིང་ཡང་འདི་ན་ཁྱི་རྒན་བཞི་བོ་་བཞིན་འདུག་པར་བལྟས་ན་ཁང་སྐལ་ཞིག་ལག་ལ་བུད་ཡོང་བ་མིན་ནམ།  ཞེས་བསོད་བྷེ་ཚང་གི་འབྲུག་མཚོ་ཚོ་སྟུག་མའི་ཧབ་ཆ་བྱེད་བཞིན་བཤད། ༄

        སྐབས་དེར་བསོད་བྷེ་འཐད་མི་འཐད་ཀྱི་ཡར་ལངས་ཏེ་དེ་རིང་སྡེ་བའི་ཧྲུའུ་ཅི་སྐལ་ལོ་ཚང་གི་ཁྱི་བཞི་བོ་བཙན་ག སྡེ་མི་ཚོ་ཁོ་ཚང་གི་ཁྱི་བཞི་བོར་སྐྲག་ཀྱང་ང་བསོད་བྷེ་སྐྲག་གི་མ་རེད།  ད་ཐེངས་ཀྱི་རྣམ་གྲངས་འདི་རྒྱུ་འབྲས་དང་མཐུན་པ་ཞིག་མ་བྱས་ཚེ་རང་གར་མི་འཇོག་ཁོ་ཐག་ཡིན། ཞེས་སྐད་ཆ་ལྗིད་མོ་?་འདྲ་བ་ཞིག་བཤད་པ་ན། སྡེ་དཔོན་ཚེ་?ར་དང་གསང་བདག་ཁ་ཆེ། འབྲུག་རྒྱལ་ཧྭ་པ། ད་དུང་དཀོན་མཆོག་ཁ་ཆུ་སོགས་ངོ་གདོང་དམར་ནག་ཏུ་གྱུར་ཡང་ཁོ་ཚོ་བུ་རྒྱུ་གཉིས་ཀ་བསོད་བྷེ་ཡི་དོ་ཟླ་མིན་པས་ཁ་རྩོད་རྒྱག་མ་ཕོད་པར་ཁ་རོག་གེར་བསྡད།   ཡང་བསོད་བྷེས་བཤད་དོན།  ད་ལོ་ལོ་མཇུག་ཏུ་སྡེ་བའི་ཧྲུའུ་ཅི་དང་སྡེ་དཔོན་བརྗེ་རྒྱུ་ཡིན་པས།  སྐབས་དེར་ང་ཧྲུའུ་ཅི་ལ་འདུག་ཐུབ་ཚེ་ངས་སྐལ་ལོའི་བྱ་ངན་དེ་འདྲ་ལས་ཀྱི་མ་རེད།  སྐལ་ལོས་ན་ནིང་གི་དབུལ་སྐྱོབ་རྣམ་གྲངས་ཚང་མ་ཁོ་ཚང་གི་གཉེན་ཉེ་དང་གྲོགས་པོ་ཚོར་བྱིན་པ་མ་ཟད། ཁང་གསར་འཛུགས་སྐྲུན་གྱི་རྣམ་གྲངས་ཚང་མའང་འདི་ན་་བཞིན་པའི་རྒྱུག་ཁྱི་བཞི་ལ་བྱིན་པ་ཚང་མས་ཤེས་གསལ་རེད། ཁོ་ཚང་གི་གཉེན་ཉེ་ཚང་མ་དབུལ་བོ་ཡིན་ན་སྡེ་བ་འདིའི་ནང་དབུལ་བོ་མིན་པ་སུ་ཚང་ཡོད། ད་དུང་དེའི་ཚད་ཀྱི་མ་རེད། རང་སྡེ་མར་ཁུ་འདྲ་བོ་དཀྲུགས་ནས་ཉོག་བཞིན་བཏང་བ་དང་རྩྭ་ས་བཙོང་ནས་ཕྱུག་པོར་གྱུར་བ་ཧྲུའུ་ཅི་སྐལ་ལོ་མ་གཏོགས་སུ་ཞིག་ཡོད། ཅེས་མཚང་འདྲུ་བའི་ཞོར་སྡེ་མི་ཚོ་ལ་རང་ཉིད་སྡེ་བའི་ཧྲུའུ་ཅིར་འདུག་རྒྱུ་ཡིན་པ་དྲིལ་བསྒྲགས་བྱས་པ་དང་། ཧྲུའུ་ཅིར་འདུག་ཐུབ་པར་གདེང་ཚོད་ཡོད་པའི་སྐད་ཆ་དེ་སྐལ་ལོའི་སྙིང་དུ་ཟུག་ནས་སྡོད་མི་བཟོད་པར་གྱུར། ཁོ་ཚོས་ཉིན་དེར་སྡེ་བའི་དོན་དག་ཐག་གཅོད་པ་ལས་རང་རང་གི་དམིགས་ཡུལ་འགྲུབ་པའི་ཆེད་དུ་ཁ་རྩོད་བྱས་ཏེ་སྡེ་བའི་ནང་ཡང་ཕྱོགས་ཁག་གཉིས་སུ་གྱེར་བ་དང་། ཁྱིམ་ཚང་གཉིས་བར་གྱི་དོན་དག་ཛ་དྲག་ཅན་དེ་སྡེ་བའི་ཕྱོགས་ཁག་གཉིས་བར་གྱི་ཛ་དྲག་ཅན་གྱི་དོན་དག་ཏུ་བསྒྱུར་ཏེ་ཚང་མ་ར་ཁྱི་འཕྲད་པ་བཞིན།  སེམས་སུ་སྡང་སེམས་དང་གནོད་སེམས་ཀྱིས་ཁེངས་འདུག  ཉིན་དེར་ཁོ་ཚོས་རྩོད་པ་བྱས་བྱས་མཐར་དོན་དག་ཐག་གཅོད་མ་ཐུབ་པར་ལུས། ༄

དེའི་ཚེ་ཉི་མའང་ནུབ་ལ་ཉེ་ཞིང་། དགོང་ཁའི་ཉི་མ་ནི་ནུབ་རིའི་ཕག་ཏུ་འདར་སིག་སིག་གིས་ནུབ་ལ་ཉེ་ཞིང་གསེར་ལུང་སྡེ་བ་ཡང་རྡུལ་འཚུབ་ཅིག་གིས་བཏུམས་པ་བཞིན་མོག་མོག་པོར་གྱུར་འདུག ཨ་ཁུ་ཉི་མའི་གདོང་ལ་ཡིད་ཆད་ཀྱི་རྣམ་པས་ཁེངས་ཤིང་།  ཁ་ནས་ཤུགས་རིང་འབྱིན་ཞོར། ཡང་ན་མི་འགྱུར་འདུག  ཡང་ན་དུས་འགྱུར་འདུག  ཅེས་ཁེར་ལབ་བྱེད་བཞིན་རང་ཁྱིམ་དུ་ལོག་གོ།

རྩོམ་སྒྲིག་འགན་འཁུར་བ།  བསྟན་པ་ཡར་རྒྱས། 

 


རྩོམ་ཡིག་སྔོན་མ།
ཆང་།
རྩོམ་ཡིག་རྗེས་མ།
དྲན་ཤེས་རབ་རིབ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1