ཀརྨ་རྒྱལ་མཚན་ནས་བསྒྲིགས། ཀརྨ་བཀྲ་ཤིས་རྣམ་རྒྱལ་གྱིས་པར་བླངས།
དེ་ཡང་དཔལ་ཨོ་རྒྱན་ཆེན་པོའི་ལུང་གིས་བསྔགས་པའི་གནས་ཆེན་ཕག་མོ་གནམ་རྫོང་ཞེས་བྱ་འདི་ནི་དེང་སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་ཆུ་རྫོང་ཁོངས་སྲིད་གཞུང་གནས་ཡུལ་གྱི་ཤར་ཕྱོགས་རྫོང་ནས་སྤྱི་ལེ་24ཙམ་གྱི་ཕག་མོ་རི་ཞེས་གྲགས་པ་དེར་ཡོད། དེའི་རྒྱ་མཚོ་ངོས་ཀྱི་མཐོ་ཚད་སྨི་3988ཙམ་ཡིན། གནས་ནང་དུ་རྒྱལ་བ་བཀའ་བརྒྱུད་པའི་དགོན་སྡེ་དང་གནས་མིང་དགོན་པ་ལ་བཏགས་པའི་ཕག་མོ་ཆོས་འཁོར་དར་རྒྱས་གླིང་ངམ་ཕག་མོ་རི་དགོན་པ་ཞེས་ཡོད། ཕག་ལོ་ནམ་ཤར་དུ་གནས་འདུས་ཡིན་ལ། དུས་རྒྱུན་དུའང་རྩེ་སྐོར་དང་། བར་སྐོར། མཐའ་སྐོར། རྒྱང་སྐོར་སོགས་འགྲོ་སྲོལ་ཡོད།
གནས་ཆེན་ཕག་མོ་རི་ཡི་གནས་ཀྱི་དཀར་ཆག་ཅེས་པ་ལས། ཨཻ༔ གངས་ཅན་བོད་ཡུལ་ཤར་ཕྱོགས་ དཔལ་གྱི་རི༔ གནས་ཆེན་ཕག་མོ་གནམ་རྫོང་ཞེས་བྱ་འདིར༔ དང་པོ་མ་ཧཱ་གུ་རུ་ཐོད་ཕྲེང་ནི༔ རྫུ་འཕྲུལ་ཆེན་པོའི་སྟོབས་ཀྱི་ཉི་ཟེར་ལ༔ ཆིབས་ནས་དམ་སྲི་སྤུན་དགུ་དམ་བཏགས་ཤིང༔ བཀའ་བཞག་ཐ་ཚིག་རྡོ་རྗེ་སྲུང་མ་ཡི༔ ལྷ་མོ་འབར་བ་རྡོ་རྗེ་ཞང་གཤོག་ཅེས༔ གསང་མཚན་ཆེན་པོར་མངའ་གསོལ་སྲུང་མར་བཞག༔ གཤིན་རྗེའི་རྒྱུད་དང་ནོར་གཏེར་དཔག་མེད་སོགས༔ གཏེར་སྣ་བཅོ་བརྒྱད་སྦས་ཤིང་ཐ་ཚིག་བཀོད༔ དེ་འོག་བཻ་རོ་གཡུ་སྒྲ་སྙིང་པོ་གཉིས༔ དངོས་བྱོན་གནས་ལ་མངའ་གསོལ་སྒྲུབ་པ་མཛད༔ གཡུ་སྒྲའི་ཕུག་དང་བཻེ་རོའི་ཚེ་ཕུག་ནང༔ རང་བྱུང་ཚེ་རིལ་ཚེ་ཆང་ཨོ་རྒྱན་གྱིས༔ ཞབས་རྗེས་ཕྱག་རྗེས་བླ་ཤིང་བླ་ཆུ་བཞུགས༔ ནག་པོར་ཆེན་པོ་བསྒྲུབ་པ་རྒྱུད་མན་ངག༔ གཏེར་དུ་སྦས་ཤིང་སྲུང་མར་ཐ་ཚིག་བཞག༔ དེ་འོག་རྒྱ་གར་གྲུབ་ཆེན་མཛོད་ཁུར་པ༔ དངོས་བྱོན་གནས་ལ་བྱིན་རླབས་མངའ་གསོལ་བའི༔ གྲུབ་པའི་རྟགས་དང་བཀའ་རྟགས་ཕྱག་རྒྱ་ངོམ༔ དེ་འོག་རྒྱ་གར་བནྡེའི་བསམ་དཀར་གྱིས༔ ཊཱཀྐི་འབུམ་གྱི་བླ་རྡོ་རྡོ་རྗེའི་རྒྱ༔ དངོས་སུ་དྲངས་ཤིང་བཀའ་རྟགས་ད་ལྟ་ངོམ༔ དེ་འོག་གྲུབ་ཆེན་རྡོ་རྗེ་ཕག་མོ་བས༔ གནས་ལ་མངའ་གསོལ་རྡོ་རྗེ་ཕག་མོ་བསྒྲུབས༔ དངོས་སུ་གྲུབ་ཅིང་རྡོ་རྗེ་ཕག་མོ་ཡིས༔ རྫུ་འཕྲུལ་ལྟད་མོ་ཕག་ནག་གཡག་རྒོད་ཙམ༔ ཀུན་གྱིས་མཐོང་ཞིང་ཕག་ནག་ལོ་རྒྱུས་བརྗོད༔ དེ་ཚེ་ཕག་མོ་རི་ཞེས་མིང་དུ་བཏགས༔ ད་ལྟ་ཕག་མོ་རང་བྱུང་བཾ་ཡིག་དང༔ རི་རབ་ཁོང་སེང་ཕག་མོའི་ཕུག་པ་ཡོད༔ དེ་འོག་རྡོ་རྗེ་རྒྱལ་བ་ཞང་ཁྲོམ་གྱི༔ མན་ངག་གཏེར་གཏོན་གཤིན་རྗེའི་བསྒྲུབ་པ་མཛད༔ དངོས་སུ་གྲུབ་ཅིང་ཁྲོ་ཆུ་དམར་པོ་ཡི༔ ཁ་ཆར་འབབ་ཚེ་གནས་རི་དཀར་པོར་འགྱུར༔ སྡེ་བརྒྱད་ཆོ་འཕྲུལ་སྣ་ཚོགས་སྟོན་པ་རྣམས༔ བཙན་ལ་སྡོང་རྫོང་ཞེས་གྲགས་གཉེན་པོར་གྱུར༔ དེ་འོག་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཡི༔ སྤྲུལ་པའི་མི་གཟུགས་ཙི་ནའི་ཡུལ་ནས་བྱོན༔ གནས་ལ་མངའ་གསོལ་སྡེ་བརྒྱད་བྲན་དུ་བཀོལ༔
མ་ཧཱ་ཀླུ་ཐེའུ་ནག་པོ་དམ་ལ་བཞག དད་གུས་གསོལ་མཆོད་གཙང་མ་མ་བྱས་ཚེ༔ ད་ལྟ་རྗེས་འཇུག་གཉན་རིགས་ནད་ཀྱིས་འཆི༔ དེ་འོག་གྲུབ་ཆེན་མཚོ་ལུང་རས་པ་ཞེས༔ བཀའ་བརྒྱུད་བསྟན་འཛིན་བསྟན་པའི་གཞི་མ་བྱས༔ སྨོན་ལམ་སྟོབས་ཀྱིས་མཆོད་རྟེན་བརྒྱ་དང་བརྒྱད༔ མཐོང་ཐོས་དྲན་རེག་སྐུ་གཟུགས་སྣ་ཚོགས་གྲུབ༔ གནས་ལུང་དཔལ་གྱི་གཙུག་ལག་ཞེས་བྱ་འབྱུང༔ བདེ་མཆོག་གསང་བའི་དཀྱིལ་འཁོར་ཆེན་པོ་ཞེས༔ དེ་འོག་སྔགས་འཆང་རྡོ་རྗེ་མིང་ཅན་དང༔ ཌཱཀྐི་བདེ་ཆེན་ཡེ་ཤེས་སྒྲོལ་མ་ཞེས༔ གནས་ལ་མངའ་གསོལ་གྲུབ་བརྒྱད་ཟབ་མོ་རྙེད༔ ད་ལྟ་རྡོ་ནག་ཕྱག་རྗེའི་ལན་ཆགས་བཅས༔ མ་འོངས་འགྲོ་ལ་བརྡ་རྟགས་ཚུལ་དུ་བཞུགས༔ དེ་འོག་གྲུབ་ཆེན་ར་ལུང་དྲག་པོ་ཞེས༔ ཕྱག་རྡོར་བསྒྲུབས་ཅིང་ཀླུ་བཙན་བྲན་དུ་བཀོལ༔ དམངས་རིགས་གདོལ་པ་ནག་པོ་དམ་བཏགས་ཚུལ༔ གསང་ལམ་རྡོ་རྗེ་བྲག་གི་ཀྭ་བོ་ངོམས༔ གསང་ཕུག་གསུམ་དང་རང་བྱུང་འབུར་དོད་ཡོད༔ རི་བོ་ཤེལ་ལམ་བསྒྲོད་ཅིང་བརྡ་རྟགས་ནི༔ ད་ལྟ་གཡས་གཡོན་ཆུ་མིག་གཉིས་སུ་གྲུབ༔ ཕྱི་ལྟར་བདེ་མཆོག་དཔལ་གྱི་འཁོར་ལོའི་ཞིང༔ ནང་ལྟར་རྔ་ཡབ་དཔལ་རི་ཕག་མོ་རྫོང༔ གསང་བ་རང་བྱུང་ཨོ་རྒྱན་མཁའ་སྤྱོད་གནས༔ རི་བོའི་རྩེ་མོར་ཙིཏྟ་གཞལ་ཡས་ནང༔ རྡོ་རིང་ལྔ་དང་ཨོ་རྒྱན་རྗེས་འབང་དང༔ མཚན་བརྒྱད་ཚེ་དཔག་དགུ་དང་མགྱོག་མ་བ༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་ལྷ་ཚོགས་གྲུབ༔ བཞུགས་རྟགས་དུས་བཟང་གནས་ལ་འཇའ་ཟེར་དང༔སྒྲ་དང་རྔ་སྒྲ་སྣ་ཚོགས་རྒྱ་ཆེར་སྒྲོགས༔ རི་དཀྱིལ་ཡི་དམ་བདེ་མཆོག་དཀྱིལ་འཁོར་དུ༔ དྲག་པོ་ཁྲོ་བོ་རོལ་བའི་ལྷ་ཚོགས་བཞུགས༔ བརྡ་རྟགས་འཇིགས་རུང་སྡེ་བརྒྱད་ཀི་བསྭོ་སྒྲོགས༔ མཁའ་འགྲོ་བྲོ་ར་འབུམ་གྱི་ཐེབས་ཀྱུ་དང༔ ཌཱཀྐི་འབུམ་གྱི་བླ་ཤིང་བླ་ཆུ་སོགས༔ རྒྱ་ཆེར་གནས་ལ་མཆོད་འབུལ་ཚུལ་དུ་ཡོད༔ རྩ་བ་གཞལ་ཡས་ཕོ་བྲང་ཆེན་པོའི་དབུས༔ རིན་ཆེན་ཁང་བཟང་མཆོད་སྤྲིན་འཁྲིགས་པའི་དབུས༔ ཀླུ་དབང་རྒྱལ་པོ་ཀླུ་ཆེན་བརྒྱད་པོ་དང༔ དཀར་ཕྱོགས་སྐྱོང་བའི་རྡོ་རྗེའི་སྲུང་མ་རྣམས༔ ཏིལ་གོང་ཕྱུར་བཞིན་ཚོམ་བུ་གཅིག་དུ་བཞུགས༔ ཕྱི་ལྟར་རི་བོ་ནང་ལྟར་གཞལ་ཡས་ཁང༔ བསམ་གྱིས་མི་ཁྱབ་ཡོན་ཏན་གཞན་ལས་འཕགས༔ གནས་འདིའི་ཤར་ཕྱོགས་རྡོ་རྗེ་སེམས་དཔའི་གནས༔ ལྷོ་ཕྱོགས་སྒྲོལ་མ་ནུབ་ཕྱོགས་ཕྱག་རྡོར་དང༔ བྱང་ཕྱོགས་བཀའ་བརྒྱད་གནས་ཆེན་བཞི་ཡི་བསྐོར༔ ལྷོ་ནུབ་ཀྱཻེ་རྡོར་ནུབ་བྱང་བདེ་མཆོག་དཔལ༔ བྱང་ཤར་མཚམས་སུ་ཕྲིན་ལས་ཕུར་པའི་གནས༔ མཚམས་བཞིར་རྒྱུད་སྡེ་བཞི་ཡི་གནས་ཀྱིས་བསྐོར༔ གནས་རི་རིན་ཆེན་སྤུངས་འདྲའི་ཁོང་སེང་དུ༔ མི་འཇིག་རྡོ་རྗེ་སྒྲོམ་ཆེན་འབར་བའི་ནང༔ ཆོས་གཏེར་ནོར་གཏེར་གཏེར་རིགས་དཔག་མེད་སྦས༔ ཁྱད་པར་ལྔ་བདོའི་རྒུད་པ་སེལ་བའི་ཕྱིར༔ ཡིད་བཞིན་དབང་རྒྱལ་གནམ་ལྕགས་རྡོ་རྗེ་དང༔ ཕག་མོའི་གྲི་གུག་དུམ་གཅིག་བྷནྡྷ་དང༔ ཨོ་རྒྱན་མཐོང་སྐུ་ཁམས་གསུམ་རང་གྲོལ་ནི༔ ལི་མར་ལས་གྲུབ་ཁྲུ་གང་ཙམ་དུ་བཞུགས༔ དེའི་འཁོར་གཏེར་རིགས་སྣ་ཚོགས་གྲངས་མེད་རྣམས༔ སྔོན་ལས་སད་པའི་གང་ཟག་སོ་སོ་ཡི༔ རྒྱ་ཆེར་རྙེད་ཅིང་འགྲོ་བའི་དོན་འབྱུང་སྲིད༔ གནས་འདིའི་ཁོ་ར་ཁོར་ཡུག་ཚུན་ཆད་དུ༔ རྒྱ་ཡིག་བོད་ཡིག་སོག་ཡིག་རྣམ་གསུམ་གྱི༔ ཞི་དྲག་སྙིང་པོ་ཡི་གེ་གཟུགས་སུ་ཤར༔ ཞབས་རྗེས་སྐུ་རྗེས་ཕྱག་རྗེས་སོ་སོ་རྣམས༔ རྒྱ་ཆེར་བཞུགས་ལ་ལས་ལྡན་སོ་སོ་ཡི༔ གསོལ་འདེབས་དངོས་སུ་མཇལ་བས་བྱིན་རླབས་ཐོབ༔ དེ་བཞིན་གནས་ལ་ཕྱག་མཆོད་བསྐོར་བ་དང་༔ བསང་དང་རླུང་རྟ་མར་མེ་ཚེ་ཐར་དང་༔ ལམ་འཕྲང་བསལ་དང་དགེ་སྒྲུབ་སྡིག་སྤོང་རྣམས༔ གང་བྱས་འབུམ་ཐེར་འགྲོ་ཞེས་མཁའ་འགྲོའི་ལུང༔ དེ་ལྟར་བསྒྲུབས་པའི་སྐྱེ་འགྲོ་ཕོ་མོ་རྣམས༔ ཚེ་འདིར་རྐྱེན་བགེགས་ནད་དང་མི་འདོད་ཞི༔ ཕྱི་མ་བསླུ་མེད་བདེ་ལྡན་ཞིང་དུ་སྐྱེ༔ རྒྱ་ཁམས་སྤྱི་དང་བྱེ་བྲག་ཐམས་ཅད་ལས༔ མི་འདོད་ལོག་པའི་བར་ཆད་ཀུན་ཞི་ནས༔ བདེ་ལེགས་བཀྲ་ཤིས་ཡིད་བཞིན་དབང་ལྟར་འགྲུབ༔
ཅེས་འགོད་པ་ལྟར་གནས་འདིའི་འདབས་རོལ་དུ་དུས་བཟང་ཁྱད་པར་བ་དག་ལ་སྤྲིན་དཀར་ཤེལ་ལྟར་དྭངས་པ་འཁྱིལ་བའི་ངོས་སུ་སངས་རྒྱས་ཀྱི་འོད་ཟེར་ཞེས་པའི་འཇའ་ཁ་དོག་སྣ་ལྔས་བརྒྱན་པ་ལ་གནས་རི་དང་ཉེ་འཁོར་གྱི་དགོན་པའི་གཟུགས་དབྱིབས་སོགས་ལེགས་པར་འཆར་བའི་སྤྲིན་ངོ་མཚར་བ་ཞིག་ཡོད་པ་མ་ཟད། བར་སྣང་ལ་འཇའ་སྤྲིན་དྭངས་ཤིང་མཛེས་པ་ཟླུམ་པོར་བཀྲ་ཞིང་དུང་དང་མཁར་རྔ་སོགས་རོལ་མོ་སྣ་ཚོགས་ཀྱི་སྒྲ་དབྱངས་ངོ་མཚར་བ་གྲགས་རྒྱུ་ཡོད། གཅན་གཟན་སྟག་གཟིག་དོམ་དྲེད་འཕར་སྤྱང་དང་རི་དྭགས་གནའ་བ་དང་དགོ་བ་སྤྲ་སྤྲེའུའི་ཁྱུ་ཚོགས་ནང་ཕན་ཚུན་བྱམས་ཤིང་འཚེ་མེད་བག་ཡངས་སུ་རྩེན་ཞིང་བྱིའུ་འཇོལ་མོ་དང་གོང་མོ་ཙི་རིས་ཁོ་ལོང་སོགས་བྱ་རིགས་ཤིན་ཏུ་མཛེས་པའི་ཚོགས་བརྒྱ་ཕྲག་ལྷག་མི་དང་འགྲོགས་ཤིང་མི་ཟས་ལ་རོལ་ཏེ་གདངས་དབྱངས་སྙན་པའི་དྲུག་འགྱུར་རྣ་བར་འཇེབས་པ་འདྲ་མིན་སྣ་ཚོགས་བར་མེད་དུ་སྒྲོག་པ་ཡོད། ཅེས་གནས་ཡིག་རྙིང་པ་ལས་གསུངས།
དེར་ལྟར་གནས་ནང་དུ་རི་དྭགས་དང་བྱ་བྱེའུ་ཚོགས་བཅས་རྩྭ་མཉམ་ཟ། ཆུ་མཉམ་འཐུང་ཕན་ཚུན་གཅིག་ལ་གཅིག་བརྟེན་དུ་བདག་ཏུ་བཟུང་བས། ཉག་ཆུ་རྫོང་གི་སྐྱེ་ཁམས་སྲུང་སྐྱོང་དང་། རྒྱུན་བསྲིང་འཕེལ་རྒྱས། འོད་ཟེར་ལྡན་པའི་མ་འོངས་མདུན་ལམ་མངོན་འགྱུར་བྱེད་པ་ལ་ཕན་ནུས་མངོན་གསལ་དུ་ཐོན་ཐུབ་ལ། གནས་མཆོག་ཤམ་བྷ་ལ་དང་དབྱེར་མེད་པའོ། །