༄༅།། རྩའི་འཕར་ཚུལ་དང་འཕར་གྲངས་ཀྱི་ཁྱད་པར་བཤད་པ།

ཚུལ་ཁྲིམས་རིན་ཆེན། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-18


ཚུལ་ཁྲིམས་རིན་ཆེན།
གཅིག ནད་དང་ནད་མེད་ཀྱི་རྩའི་འཕར་གྲངས་ཆུ་ཚོད་སྐར་མ་དང་སྦྱར་བ
        ནད་པ་དང་ནད་མེད་པའི་རྩའི་ཁྱད་པར་གང་ཞེ་ན། ནད་མེད་པའི་མིའི་དུས་རྒྱུན་གི་རྩ་ནི། སྨན་པ་དར་མ་ཁམས་སྙོམས་པའི་དབུགས་ཕྱི་རོལ་དུ་འབྱིན་པ་ལ་ལན་གཉིས་དང༌། ནང་དུ་རྔུབ་པ་ལ་གཉིས། དེ་གཉིས་ཀྱི་བར་མཚམས་སུ་གཅིག་བཅས་མདོར་ན་དབུགས་འབྱིན་རྔུབ་གཅིག་གི་ཡུན་ལ་རྩ་ལན་ལྔ་འཕར་བ་ནི་ནད་མེད་ཐ་མལ་གི་རྩ་ཡིན། དེ་ཡང་ཕྱི་ནང་དབུགས་ལ་ལན་ལྔ་འཕར་བ་དེ་འོལ་སྤྱིར་ཙམ་འོང་སྲིད་པས་ལན་གྲངས་བརྒྱ་ཡི་བར་དུ་རེས་ཆེ་རེས་ཆུང་དང༌། རྩ་སྟོད་སྨད་མི་མཚུངས་པ་དང༌། རེས་དྲག་རེས་དལ་བ་དང༌། རེས་བྱིང་རེས་རྒྱས་པ་དང༌། སྡོད་པ་སྟེ་འཕར་མཚམས་སྡོད་པ་དང༌། འཐེན་པ་སྟེ་རྩ་གཞན་མཉམ་དུ་འཕར་ནས་གཅིག་རྗེས་སུ་འཕར་བ་དང༌། ཐང་པ་སྟེ་གྲིམས་པ་དང༌། ལྷོད་པ་བཅས་ཀྱི་སྐྱོན་མེད་པ་འཕར་ཚུལ་གཅིག་ཏུ་འཕར་ན་ནད་མེད་ཐ་མལ་གྱི་རྩ་ཡིན། །
        ཆུ་ཚོད་འཁོར་ལོ་དང་སྦྱར་ན། ཉིན་ཞག་གཅིག་ལ་དབུགས་ཉིས་ཁྲི་ཆིག་སྟོང་དྲུག་བརྒྱ་རྒྱུ་བ་དེ་ཆུ་ཚོད་ཉེར་བཞི་ལ་བགོས་ན། སྐར་ཆ་བཞི་ལ་དབུགས་གཅིག སྐར་མ་གཅིག་ལ་དབུགས་བཅོ་ལྔ། ཆུ་ཚོད་གཅིག་ལ་དབུགས་དགུ་བརྒྱ། ཉིན་ཞག་གཅིག་སྟེ་ཆུ་ཚོད་ཉེར་བཞི་ལ་དབུགས་ཉིས་ཁྲི་ཆིག་སྙོང་དྲུག་བརྒྱ་ཐོབ། དེས་ན་དབུགས་རེ་ལ་རྩ་ཐེངས་ལྔ་རེ་འཕར་བ་དང༌། སྐར་མ་གཅིག་ལ་དབུགས་བཅོ་ལྔ་རྒྱུ་ཞིང་རྩ་ཐེངས་དོན་ལྔ་རེ་འཕར་བ་ནི་ནད་མེད་ཐ་མལ་གྱི་རྩ་ཡིན།
        ནད་ཅན་གི་རྩ་ནི། དེ་ལས་ལྡོག་པ་ནད་ཅན་གྱི་རྩ་སྟེ་ཕྱི་ནང་དབུགས་ལ་ལན་ལྔ་ལས་མང་དུ་འཕར་ན་ཚ་བ་དང༌། ཉུང་ངུ་འཕར་ན་གྲང་བ་ཡིན་པར་འདོད་དོ། །དེ་ཡང་བཀྲ་འབུམ་བཀའ་འགྲེལ་ལས། མང་འཕར་ཚ་བ་ཉུང་འཕར་གྲང་བ་ཡིན། ཞེས་དྲུག་འཕར་ན་ཚ་བ། བདུན་འཕར་ན་རབ་ཏུ་ཚ་བ། བརྒྱད་འཕར་ན་ཚ་བ་མཆོག དགུ་འཕར་ན་ཚ་བ་ལ་ལས་འདས་པས་བཅོས་སུ་མེད། ཕྱི་ནང་དབུགས་ལ་ལན་ལྔ་འཕར་བ་ལས་ཉུང་ནས་བཞི་འཕར་ན་གྲང་བ། གསུམ་འཕར་ན་གྲང་བ་འབྲིང༌། གཉིས་འཕར་ན་མཆོག་ཏུ་གྲང་བ། གཅིག་འཕར་ན་གྲང་བ་གཏིང་འཁར་བས་བཅོས་སུ་མེད་ཅེས་གསུངས།
        འོན་ཀྱང་ནད་མེད་ཡིན་ཡང་རྒྱུན་རྩ་རང་བཞིན་གྱི་སྐྱོན་ཅན་ཡོད་དེ། རྩ་རྒྱུད་མུ་ཏིག་གི་ཕྲེང་བ་བཞིན་དུ་མཐོ་དམན་མི་སྙོམས་པ་དང༌། གོང་བརྒལ་ཞེས་ལག་ངར་གྱི་རྒྱབ་ཕྱོགས་སུ་འགྲོ་བ་སྟེ། དེ་ཡང་ཚོན་རྩ་གོང་བརྒལ་ཅན་དང༌། ཚོན་ཀན་གཉིས་གོང་བརྒལ་ཅན་དང༌། ཚོན་ཀན་ཆག་གསུམ་ཀ་གོང་བརྒལ་ཅན་ཡོད་པ་དང༌། དོན་སྣོད་གང་རུང་གི་རྩ་མ་ཚང་བ་དང༌། རྩ་སྡོད་ཅན་དང༌། འཐེན་པ་སྟེ་སྡོད་ལ་ཁད་དུ་འཕར་བ་དང༌། གཞན་ཡང་ལྕམ་དྲལ་ཏེ་རྩ་གཉིས་སུ་གྱེས་པ་དང༌། དྲག་དལ་མི་སྙོམས་པ་སོགས་སྐྱོན་གྱི་རིགས་སྣ་ཚོགས་ཡོད་སྲིད་དོ། །
        དེས་ན་ནད་པ་བརྟག་དཔྱད་བྱེད་སྐབས་ཐོག་མར་གཞི་རྩ་གང་ཡིན་ཤེས་པར་བྱ་དགོས་ཏེ། རྒྱུན་རྩ་ལ་སྡོད་སྐྱོན་ཡོད་མེད་དང༌། ཕོ་མོ་མ་ནིང་གི་རྩ་རྒྱུད་གང་ཡིན་ལེགས་པར་འདྲི་དགོས། དེ་ལྟར་མ་ཤེས་ན་ཁ་དམར་གང་གདགས་པ་ཐམས་ཅད་ལོག་པར་འགྲོ་སྟེ། ཕོ་རྩ་སྦོམ་ལ་རགས་པ་དང༌། མོ་རྩ་ཕྲ་ལ་མྱུར་བ། བུ་རྩ་སྟེ་སྦྲུམ་མའི་རྩ་ནི་འབུར་ལ་འདྲིལ་བ་གསུམ་ནི་ཚ་བའི་རྩ་དང་ཚུལ་རྗེས་སུ་མཐུན་པས་འཁྲུལ་སྲིད་ཀྱང་ལེགས་པར་བརྟགས་ན་རྒྱུན་རྩ་འདི་དག་ནི་ཕྱི་ནང་གི་དབུགས་གཅིག་ལ་ལན་ལྔ་ལས་མི་འཕར་རོ། །བྱང་ཆུབ་སེམས་རྩ་རྒྱུད་རིང་འཇམ་ལ་མཉེན་པ་དང་གྲང་བའི་རྩ་འཁྲུལ་གཞི་ཡོད་ཀྱང༌། དེ་ཡང་ལེགས་པར་བརྟགས་ན་འཕར་གྲངས་ཀྱིས་མི་ནོར། དེ་བཞིན་དུ་རྩ་མ་ཚང་བ་དང༌། འཕར་འཕྲོ་གཅོད་ཅིང་སྡོད་པ་ལ་སོགས་པའི་རྩ་སྐྱོན་ཅན་འདི་དག་འཆི་རྩ་དང་འཁྲུལ་སྲིད་པས་དེས་ན་རྒྱུན་དུ་རྩ་སྐྱོན་ཡོད་མེད་ལེགས་པར་མ་དྲིས་ན། འདི་ལ་འཁྲུལ་སོ་བསལ་བའི་ཐབས་དཀའ་བའོ། །

གཉིས། ནད་སོ་སོར་ངོས་བཟུང་བའི་རྩའི་ཁྱད་ཆོས་བཤད་པ།
        སྤྱི་རྩ་དྲུག་གིས་ཚ་གྲང་ལ་ཤན་དབྱེ། ཞེས་པར། «ངོས་འཛིན་རྟགས་ཀྱི་རྣམ་བཤད།» ལས། དྲག་རྒྱས་འདྲིལ་མགྱོགས་གྲིམས་མཁྲང་དྲུག་པོ་ཚ་བའི་རྩ་དང༌། ཞན་བྱིང་གུད་བུལ་ལྷོད་སྟོང་དྲུག་པོ་གྲང་བའི་རྩ་རུ་སྤྱིར་ངོས་འཛིན་དགོས། དེ་ལའང་ཚ་གྲང་གཉིས་ཀྱི་རྩ་ལ་ཡང་རྩའི་རང་བཞིན་ངོ་བོའི་གནས་ཚུལ་མི་འདྲ་བ་གསུམ་དང༌། འཕར་ཚུལ་མི་འདྲ་བ་གསུམ་རེ་ཡོད་པར་ཤེས་དགོས།

ཚ་གྲང་སོ་སོའི་སྤྱི་རྩ་དྲུག་གི་རེ་མིག

        དེ་ཡང་ཚ་བའི་རྩའི་ངོ་བོ་ལ། རྒྱས་ཞེས་པ་ཤའི་ཁར་ཡར་དོན་པ། གྲིམས་ཞེས་པ་གཞུ་རྒྱུད་ལྟར་ཐིང་ངེར་གནས་པ། མཁྲང་ཞེས་པ་གོང་བའི་དོན་སྟེ་མནན་ན་སྟོང་སྙོབ་མི་བྱེད་པ་བཅས་སོ། །ཚ་བའི་རྩའི་འཕར་ཚུལ་ནི། དྲག་ཅེས་པ་འཕར་ཤེད་ཆེ་བ། འདྲིལ་ཞེས་པ་ཤའི་ནང་དུ་འབུར་འབུར་ཀྲིལ་ཀྲིལ་དུ་འཕར་བ། མགྱོགས་ནི་མྱུར་དུ་འཕར་བ་བཅས་སོ། །
        གྲང་བའི་རྩའི་ངོ་བོ་ལ། བྱིང་ཞེས་པ་ཤའི་གཏིང་དུ་མར་བྱིང་བ། ལྷོད་ཅེས་པ་རེག་ན་བལ་སྐུད་ལྟར་ལྷོད་པ། སྟོང་ཞེས་པ་མནན་ན་སྟོང་སྟེ་མི་མངོན་པར་ཆགས་པ་བཅས་སོ། །གྲང་བའི་རྩའི་འཕར་ཚུལ་ནི། ཞན་ཞེས་པ་འཕར་ཤེད་ཆུང་བ། གུད་ཅེས་པ་ཤའི་ནང་དུ་ཁྱུག་གེར་མི་མངོན་པ་འཕར་ཚུལ་གསལ་ལ་མི་གསལ་བའི་རྣམ་པ་ཅན། བུལ་ཞེས་པ་འཕར་ཚུལ་དལ་བ་བཅས་སོ། །དེ་ལྟར་སྔོན་ཆད་མཁས་བླུན་སུས་ཀྱང་མ་བཤད་པའི་སྤྱི་རྩ་དྲུག་ལ་རྩའི་ངོ་བོ་དང་འཕར་ཚུལ་གཉིས་རེའི་རྣམ་གཞག་བྱས་ཡོད་པ་འདི་ནི་ཁོ་བོས་བོད་སྐད་ཀྱི་བརྡ་སྤྲོད་རིག་པའི་སྤྱི་འགྲོས་དང་བསྟུན་ནས་འགྲེལ་བཤད་བྱས་པ་ཡིན་ལ། འདི་དག་གི་ཚིག་དོན་ལ་གོ་བ་གསལ་པོར་ལེན་དགོས་པ་ནི་ཧ་ཅང་གལ་གནད་ཆེན་པོ་ཞིག་མཐོང་སྟེ། ཞེས་གསུངས་སོ། །

ཚ་གྲང་གི་རྩའི་ངོ་བོ་དང་འཕར་ཚུལ་གི་རེའུ་མིག


        སྤྱིར་དེང་དུས་དེང་རབས་ཅན་གི་འཕྲུལ་ཆས་ཀྱིས་ནད་གཞི་ལ་བརྟག་དཔྱད་བྱེད་པའི་སྐབས་འདིར་གནའ་བོའི་རྗེས་དཔག་གི་སྒོ་ནས་རྩ་ཆུ་བརྟག་པའི་ཐབས་འདི་དག་དགོས་གལ་ཧ་ཅང་མི་ཆེ་ཡང་། ང་ཚོ་བོད་ཡུལ་ལྟ་བུ་ད་རུང་ཡང་འགྲིམས་འགྲུལ་སྟབས་མི་བདེ་བ་དང་། ས་ཁུག་ཀྱོག་དུ་བསྡད་པའི་ནད་པ་རྣམས་ལ་དེང་རབས་ཚན་རིག་གི་འཚོ་བའི་ཆ་རྐྱེན་ཤིན་ཏུ་ནས་ཀྱང་དབུལ་པོར་ཆགས་ཡོད་པས། གནའ་བོའི་གསོ་རིག་ལུགས་ཀྱི་རྩ་ཆུ་བརྟག་ཐབས་འདི་དག་གནས་སྐབས་མཁོ་སྤྱོད་ཡོད་པ་ཞིག་ཡིན་སྟབས། ང་ཚོས་ངེས་པར་དུ་དོ་སྣང་དང་ཞིབ་འཇུག་བྱ་དགོས་པ་ཞིག་རེད། ནད་བཅོས་བྱེད་པ་ལ་ཐོག་མར་ནད་དེ་གང་ཡིན་ངོས་འཛིན་གསལ་པོར་བྱེད་ཐུབ་དགོས་པ་ནི་ཧ་ཅང་གལ་ཆེ་སྟེ། ནད་ངོས་མ་ཟིན་ན་བོད་སྨན་ལ་ཇི་ལྟར་གྱི་ནུས་པ་ཡོད་ཀྱང་ཕན་པ་དཀའ་སྟེ། ནད་ངོས་མ་ཟིན་པའི་ནད་ཐོག་སྨན་ཚོད་གཏོང་གིས་ཕན་པ་ག་ལ་ཡོང་། ནད་གཞི་དེ་གང་ཡིན་ངོས་ཟིན་ཡག་པོ་བྱུང་རྗེས། ནད་ཚབ་ཆེ་ཆུང་དང་། བཅོས་ཐུབ་མིན། དེ་ལ་བོད་སྨན་དང་ཕྱི་སྨན་གང་ཞིག་གིས་ཕན་ཐོག་པ་གསལ་པོར་ཤེས་ཐུབ། །
        སྨན་པའི་ལས་ཀ་གཙོ་བོར་དེ་སྨན་བཙོང་རྒྱུ་ཙམ་མ་ཡིན་པ་ནད་པ་གང་དེའི་ནད་ངོས་འཛིན་བྱེད་རྒྱུ་དེ་གཙོ་གནད་གཅིག་ཆགས་ཡོད། ནད་ངོས་མ་ཟིན་པ་སྨན་ཚོད་གཏོང་བྱེད་པ་ནི་ནད་པ་དེ་ཉིད་ཞིབ་འཇུག་དང་ཚོད་ལྟའི་ཡུལ་ཆགས་སྟབས། སྟབས་ལེགས་པ་བྱུང་ན་སྨན་གང་གཏོང་དེས་ཕན་ནས་དྲག་སྐྱེད་ཡོང་སྲིད་ལ། གལ་སྲིད་སྟབས་མ་ལེགས་པ་བྱུང་ན་ནད་དེ་བཅོས་པའི་ལས་ཀ་ལ་འཐུས་ཤོར་དང་། ཕྱིར་འགྱངས་ཤོར་ནས་ལས་སླ་མོས་བཅོས་ཐུབ་པའི་ནད་ཀྱང་ཡུན་རིང་པོར་བཅོས་མི་ཐུབ་པ་དང་། འཆི་བའི་རྐྱེན་ཀྱང་བྱེད་སྲིད་པས་སྨན་པ་རྣམས་ཀྱིས་ཐོག་མར་ནད་ངོས་གསལ་པོར་འཛིན་ཐུབ་པར་བྱ་རྒྱུ་གལ་ཆེ། །

གསུམ། བལྟ་ཚུལ་བཤད་པ།

        རྩ་བརྟག་པའི་ཚུལ་ནི། ལག་པའི་སོར་མོ་ལ་གྲང་ལྷག་གིས་མ་གདུང་བ་དང༌། ལས་ཀའི་དབང་གིས་སོར་མོའི་པགས་པ་མཐུག་ཅིང་རྩུབ་པོར་མ་ཆགས་པ། པགས་པ་འཇམ་ཞིང་མཉེན་ལ་དྲོད་དང་བཅས་པའི་སོར་མོས་རེག་དགོས། དེ་ཡང་ནད་པ་ཕོ་ཡིན་ན་ཐོག་མར་ལག་པ་གཡོན་པ་ལ་བརྟགས་པར། སྨན་པའི་ལག་པ་གཡས་པའི་ཚོན་གྱི་འོག་ཏུ་ཡར་ཟུར་སྙིང་དང་མར་ཟུར་རྒྱུ་མའི་རྩ། ཀན་གྱི་འོག་ཏུ་ཡར་ཟུར་མཆེར་པ་དང་མར་ཟུར་ཕོ་བའི་རྩ། ཆག་གི་འོག་ཏུ་ཡར་ཟུར་མཁལ་མ་གཡོན་པ་དང་མར་ཟུར་བསམ་སེའི་རྩ་དང༌། དེ་ནས་ནད་པའི་ལག་པ་གཡས་པ་ལ་བརྟགས་ཚེ་སྨན་པའི་ལག་པ་གཡོན་པའི་ཚོན་གྱི་འོག་ཏུ་ཡར་ཟུར་གློ་བ་དང་མར་ཟུར་ལོང་རྩ། ཀན་གྱི་འོག་ཏུ་ཡར་ཟུར་མཆིན་པ་དང་མར་ཟུར་མཁྲིས་པའི་རྩ། ཆག་གི་འོག་ཏུ་ཡར་ཟུར་མཁལ་གཡས་དང་མར་ཟུར་ལྒང་པ་རྣམས་ཀྱི་རྩ་བརྟགས་དགོས། དེང་དུས་མི་རེ་འགས། བསམ་སེའུ་ནི་རྒྱ་སྐད་སན་ཅའོ་ཟེར་བ་དེ་དང་དོན་གཅིག་ཡིན་ཞེས་སྨྲ་བ་ནི། བླུན་པོའི་མཁས་མདོག་གི་གཏམ་སྟེ། བཀྲ་འབུམ་བཀའ་འགྲེལ་ལས། བསམ་སེའུ་ནི་བླུན་པོ་འགའ་ཞིག་བུ་སྣོད་ཡིན་ཟེར་བ་འཁྲུལ་ཏེ། བཤད་རྒྱུད་དུ་བསམ་སེའུ་ནི་ནོར་གྱི་བང་མཛོད་འདྲ་ཞེས། ཕོ་མོ་གཉིས་ཀར་ཡོད་ཅིང་ཕོ་ལ་ཁམས་དཀར་པོ་དང་མོ་ལ་དམར་པོའི་སྣོད་ཡིན། ཞེས་ཁམས་དཀར་དམར་གྱི་སྣོད་ཡིན་པ་གསལ་པོར་གསུངས་ཡོད་པའི་ཕྱིར་རོ། །དེས་ནས་བསམ་སེའུ་ཞེས་པ་དེ། ཕོའི་བསམ་སེའུ་ནི། རྒྱ་སྐད་དུ། 精囊ཟེར་བ་དེ་དང་། མོའི་བསམ་སེའུ་ནི་རྒྱ་སྐད་དུ། 卵巢ཟེར་བ་དེ་ཡིན། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1