༄༅།། བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར་གྱི་གནའ་ གཞུང་མཛེས་རྟོག་ལ་དཔྱད་པ།

བཙུན་པ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།གངས་ལྗོངས་ཉི་གཞོན་དྲ་བ། སྤེལ་དུས། 12-18



བཙུན་པ་ཚེ་རིང་།
དང་པོ། 《 བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》གྱི་སྒྱུ་རྩལ་ཁྱད་ཆོས།
        ཟློས་གར་ཧྲིལ་བོ་སྙན་ངག་གིས་ཕྱུག་པ་དང་གཏམ་རྒྱུད་ཀྱི་བྱུང་རིམ་གཅིག་འཇགས་གཅིག་ལངས་ཀྱི་རྣམ་པས་ཁེངས་བ། མི་སྣའི་གཤིས་ཀ་མངོན་གསལ་དོད་པ། བསམ་བློའི་ཀུན་རྟོག་གི་རི་མོ་ཕྲ་ཞིང་ཞིབ་པ། ལྗོངས་ཁམས་ཁོར་ཡུག་གི་ཞིབ་འབྲི་དང་མི་སྣའི་བསམ་བློའི་བར་འབྲེལ་ཆགས་ཞིང་། ཚིག་གི་སྦྱོར་བ་སྙན་ངག་ཕུན་སུམ་ཚོགས་པའི་རྒྱན་གྱིས་སྤྲས་ཏེ། ལུས་ཀྱི་ཉམས་འགྱུར་དང་དབྱངས་ཀྱི་བྱེ་བྲག་རྣམས་རོལ་མོ་དང་བསྡེབས་ནས་བསྒྱུར་བའི་ལུགས་སུ་སྤེལ་བས། བརྗོད་བྱའི་དོན་དང་རྗོད་བྱེད་ཚིག་ཕན་ཚུན་དཀྱུས་གཅིག་ཏུ་འདྲེས་ཡོད། ལྷག་པར་དུ་སློབ་དཔོན་ནག་མོའི་ཁོལ་གྱི་སྨྱུག་རྩེའི་བྱ་ལེན་མ་ནི་དགའ་སྐྱོ་ཆགས་སྡང་གི་སྤུ་རིས་མངོན་པར་གསལ་ཞིང་། ཡ་རབས་སྤྱོད་བཟང་གི་རྒྱན་ཐ་དག་གིས་ཀུན་ནས་བཅིངས་པས། ཁོང་གིས་མཁས་པ་གཞན་གྱིས་བསྒྲུན་དུ་མེད་པའི་རྒྱ་གར་ལུགས་ཀྱི་བུད་མེད་མཛངས་མའི་སྣང་བརྙན་ཆེད་དམིགས་ཀྱིས་བཞེངས་སྐྲུན་བྱས་པ་འདིས་ཀུན་གྱི་བློ་ངོར་ཞི་དུལ་བག་ཡོད་དང་ལྷད་མེད་སྐྱོན་གྱིས་མ་གོས་པའི་བུད་མེད་ཅིག་གི་སྣང་བརྙན་གསོན་པོ་ཞིག་འཆར་འོང་བར་བྱས་ཡོད། 《 བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》ལས་རྒྱལ་བོ་གདུལ་དཀའ་དང་དགེ་སྦྱོང་མ་བྱ་ལེན་མ་གཉིས་བར་གྱི་སེམས་འགུལ་ཐེབས་ཞིང་ཚ་རླབས་འཕྱུར་བའི་མཛེས་སྡུག་དང་བདེ་སྐྱིད། ཀྱག་ཀྱོག་དང་སྐྱོ་ཤས་ཆེ་བའི་བརྩེ་དུང་གི་གཏམ་རྒྱུད་ཞིབ་བརྗོད་བྱས་ཡོད་པ་དང་། གཏམ་རྒྱུད་འདི་དེ་རིང་གི་མི་བུ་ཚོའི་མིག་མདུན་སྤོངས་དུས། འདི་ནི་ཆེས་སྤྱིར་བཏང་གི་བརྩེ་དུང་གི་གཏམ་རྒྱུད་ཞིག་ལས་མ་འདས་མ་མོད། སློབ་དཔོན་ནག་མོའི་ཁོལ་གྱིས་ཟློས་གར་གྱི་སྐད་རིགས་ལ་བརྟེན་ནས་གཏམ་རྒྱུད་འདི་གར་སྟེགས་སྒྱུ་རྩལ་དུ་བསྒྱུར་དུས། འདི་དེ་མ་ཉིད་དུ་རླབས་ཆེ་བའི་རྩོམ་རིག་བརྩམས་ཆོས་ཤིག་ཏུ་འགྱུར་བར་མ་ཟད་གནའ་བོའི་རྒྱ་གར་གྱི་ལེགས་སྦྱར་གནའ་གཞུང་རྩོམ་རིག་གི་གྲུབ་ཆ་གལ་ཆེན་ཞིག་དུའང་གྲུབ་ཡོད། ཟློས་གར་ཧྲིལ་བོར་འདུ་འཛི་དང་གཡོ་འགུལ། བསོད་འཕྲོག་དང་ཟིང་འཚུབ་སོགས་ཅི་ཡང་མེད་པར་དྭངས་གསལ་དང་ལྷང་འཇགས། ཞི་འཇམ་དང་བབ་ཆགས། རི་མོ་དང་སྙན་ངག་སོགས་ཞི་བདེའི་སྣང་བརྙན་དག་གིས་ཡོངས་སུ་བཅིངས་པ་དང་། རྩོམ་པ་པོས་སྤྲིན་དཀར་ལྷོད་ཀྱིས་རྒྱུ་བ་དང་ཆུ་ཕྲན་དལ་གྱིས་འབབ་པ་ལྟ་བུའི་སྒོ་ནས་རྩོམ་གྱི་སྒྲིག་གཞིའི་ཚགས་དམ་པོར་སྤེལ་ཞིང་། ལྷུག་པོར་བརྗོད་པའི་སྙན་ངག་གི་སྐད་རིགས་ལ་བརྟེན་ནས་གཏམ་རྒྱུད་ཀྱི་བྱུང་བ་གཅིག་འཇགས་གཅིག་ལངས་སུ་སྐྲུན་ཏེ་མི་སྣའི་སྣང་བརྙན་གསོན་ཉམས་ལྡན་པར་བསྒྱུར་ཏེ་ཀློག་པ་པོར་འཆར་ཡུན་གྱི་བསམ་བློ་ཡངས་མོ་ཞིག་གི་སྒོ་གླེགས་ཕྱེ་ཡོད། གཞན་སྙན་ངག་མཁན་ནག་མོའི་ཁོལ་གྱི་ཚད་མཐོ་བའི་སྐད་རིགས་ཀྱི་ནུས་པ་དང་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་གྱིས་ང་ཚོས་ཟློས་གར་གྱི་ཁྱད་དུ་འཕགས་པའི་འགུག་ཤུགས་དང་མཛེས་པའི་ཚོར་བའང་ཇི་བཞིན་དུ་རྟོགས་ཐུབ། ཏག་ཏག་ལ་ཟློས་གར་གྱིས་རང་དབང་དང་དྲང་བཞག འཆར་ཡུན་གྱིས་ཕྱུག་པའི་བརྩེ་དུང་ལ་བསྟོད་བསྔགས་བྱས་ནས་ང་ཚོར་སྒྱུ་རྩལ་གྱི་མཛེས་སྡུག་ལ་རོལ་མྱོང་བྱ་རུ་བཅུག་ཡོད་ནའང་། བརྩེ་དུང་དང་སྒྱུ་རྩལ་གཉིས་ནི་སྒྱུ་རྩལ་གྱི་ཡོད་ཚད་ཡིན་པའི་ངེས་པ་མེད་ལ་ཟློས་གར་གྱིས་ང་ཚོར་གཏམ་རྒྱུད་ཀྱི་བྱུང་བ་བརྗོད་པའི་ཞོར་ནས་མངོན་སུམ་དང་རྗེས་དཔག་གི་སྒོ་ནས་སྒྱུ་རྩལ་མ་ཡིན་པའི་དངོས་པོ་མང་པོ་ཞིག་ཞོར་ནས་བསྟན་ཡོད། གལ་ཏེ་ང་ཚོས་ཟློས་གར་འདིའི་ཁྲོད་དུ་སུམ་འཛུལ་བྱས་ཡོད་པའམ་ཡང་ན་གཙོ་བོ་མ་ཡིན་པའི་ནང་དོན་འདི་དག་སྣང་མེད་དུ་བཞག་ནས་མི་སྣ་གཙོ་བོའི་བརྩེ་དུང་ཁོ་ན་ལ་མཉམ་འཇོག་དང་དོ་སྣང་བྱས་ན། ཟློས་གར་འདི་གཞན་པའི་བརྩེ་དུང་གི་གཏམ་རྒྱུད་དང་ཁྱད་པར་ཅི་ཡང་མེད་ལ་སྒྱུ་རྩལ་ལས་ཐོན་པའི་རྩོམ་རིག་གི་རིན་ཐང་སོགས་ཅི་ཡང་གསར་རྙེད་བྱེད་མི་ཐུབ། ཡང་གཞན་ཐད་ནས་བཤད་ན། གོང་ནས་བརྗོད་པའི་སྒྱུ་རྩལ་མ་ཡིན་པའི་དངོས་པོ་འདི་དག་གིས་ད་གཟོད་ཟློས་གར་དང་ཟློས་གར་ཁྲོད་ཀྱི་མི་སྣའི་མཛེས་པ་གསལ་པོར་མཚོན་ཐུབ་ཅིང་། ཟློས་གར་རང་སྟེང་ན་གནས་པའི་ཚད་མཐོ་བའི་སྒྱུ་རྩལ་དང་སྤྱི་ཚོགས་ཀྱི་རིན་ཐང་ཡང་དམར་རྗེན་དུ་ཀློག་པ་པོའི་མིག་སྔར་འདྲེན་ཐུབ།
གཉིས་པ། 《 བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》ལས་ཐོན་པའི་སྤྱི་ཚོགས་ཀྱི་ཤུགས་རྐྱེན་དང་རིན་ཐང་།
        《 བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》ནི་རྩོམ་རིག་བརྩམས་ཆོས་ཤིག་ཡིན་པའི་ཆ་ནས། འདི་ལ་སྤྱི་ཚོགས་ཀྱི་ནུས་པ་གལ་ཆེན་ལྡན་ཡོད་དེ། ཕྱི་ཚུལ་ནས་བལྟས་ན་བརྩམས་ཆོས་འདི་ནི་སློབ་དཔོན་ནག་མོ་ཁོལ་གྱི་པུར་རྩེ་ལས་ཐོན་པའི་ཕོ་མོ་བར་གྱི་བརྩེ་དུང་དང་འཇིག་རྟེན་མཐུན་འཇུག་ལ་རོལ་བའི་གཏམ་གྱི་བྱུང་བ་གྲགས་ཅན་ཞིག་ཡིན་མོད། དོན་དངོས་སུ་རྩོམ་པ་པོས་རང་ཉིད་འཚོ་སྡོད་བྱེད་པའི་སྤྱི་ཚོགས་ཀྱི་ངོ་བོ་དང་། འདུ་ཤེས་འཛིན་སྟངས། མི་དང་མིའི་བར་གྱི་འབྲེལ་བ། རིམ་གྲས་མི་འདྲ་བའི་བར་གྱི་ཁེ་ཕན་སོགས་བསྟན་ཏེ་མི་གཤིས་འཛུགས་སྐྲུན་དང་། ཕན་ཚུན་བར་གྱི་འགལ་འདུ་སྙོམས་སྒྲིག་བྱེད་པ། སྤྱི་ཚོགས་ཡར་ཐོན་དང་འཆམ་མཐུན་ཡོང་བར་སྐུལ་ལྕག་གཏོང་བའི་སྨོན་འདུན་ཟུར་ཤུགས་སུ་བསྟན་ཡོད་པས། རྒྱ་གར་རྩོམ་རིག་ལོ་རྒྱུས་སུ་གོ་གནས་གལ་ཆེན་བཟུང་ཡོད་པ་མ་ཟད། འཛམ་གླིང་རྩོམ་རིག་བང་མཛོད་ཀྱི་གཅེས་ནོར་སུའང་གྱུར་ཡོད།
གཅིག ངེས་འཛིན་དང་སློབ་གསོའི་ནུས་པ།
        འཁྲབ་གཞུང་ལས་སྔ་རྗེས་སུ་དཀའ་ཐུབ་པ་དང་བྱ་ལེན་མ། སྒོ་སྲུང་དང་ལྟ་སྲུང་བ། རྒྱལ་པོ་དང་དྲང་སྲོང་གཞོན་ནུ། བཙུན་མོ་དང་ཞལ་ཏ་མ། ཕོ་བྲང་དང་གཡོག་མོ། བརྒྱ་བྱིན་དང་ཤིང་རྟའི་ཁ་ལོ་བ། བློན་པོ་དང་བཙུན་མོའི་གཡོག་མོ། བརྒྱ་བྱིན་གྱི་བུ་དང་ཚངས་པའི་བུ་སོགས་མི་སྣ་མང་པོ་བྱུང་ཡོད། མི་སྣ་འདི་དག་རྒྱ་གར་གྱི་རིགས་རུས་ལྟར་དགར་ན། རྒྱལ་བོ་མཚོན་བྱེད་དུ་གྱུར་བའི་རྒྱལ་རིགས་དང་། དཀའ་ཐུབ་པ་དང་དྲང་སྲོང་མཚོན་བྱེད་དུ་གྱུར་བའི་རྗེ་རིགས། བྱ་ལེན་མའི་གྲོགས་མོ་དང་སྒོ་སྲུང་བ། གཡོག་མོ་སོགས་ཀྱིས་མཚོན་བྱེད་དུ་གྱུར་པའི་དམངས་རིགས། ཉ་བ་སོགས་མཚོན་བྱེད་དུ་གྱུར་པའི་གདོལ་རིགས། གཞན་མི་ཡུལ་ལས་རིང་དུ་བདའ་བའི་བརྒྱ་བྱིན་སོགས་ཀྱིས་མཚོན་པའི་ལྷའི་རིགས་སོགས་མདོར་ན། སྤྱི་ཚོགས་ཀྱི་ལས་གནས་སོ་སོ་དང་རིམ་གྲས་མི་འདྲ་བ་ནས་ཐོན་པའི་ཚབ་བྱེད་ལ་གཞིགས་ན། གཏམ་རྒྱུད་ཁྲོད་ཀྱི་བྱ་ལེན་མ་དང་རྒྱལ་བོའི་བར་གྱི་བརྩེ་དུང་དེ་མ་གཞི་རང་ཉིད་ནས་ཐག་གཅོད་ཆོག་རུང་། ཐོག་མཐའ་བར་གསུམ་དུ་ལྷའི་བར་ཆད་དང་ལྷའི་བཀོད་སྒྲིག་བྱེད་པ་དང་། རྒྱལ་པོ་བྱ་ལེན་མའི་རིགས་རུས་ལ་ཐེ་ཚོམ་སྐྱེས་པ་དང་། བྱ་ལེན་མ་རང་ཉིད་ལ་ཆ་མཚོན་ན། ཡུན་རིང་སྒུག་པའི་བརྩེ་དུང་ངོ་མ་དེ་མིག་མདུན་དུ་སླེབས་དུས། དོགས་གཞི་དང་སྐྲག་སྣང་། མྱི་ཁ་དང་སྤྱི་ཚོགས་ཀྱི་གཏམ་གླེང་གང་ལའང་མི་འཛེམ་པར་གཏན་བརླིང་དང་བབ་ཆགས་ཀྱི་བརྩེ་དུང་རྣལ་མའི་ཕུགས་བསམ་བརྩོན་ལེན་བྱེད་དུས། རྒྱལ་པོས་ཁོ་མོར་བཅིངས་པའི་བརྩེ་བ་དེ་ཁོ་མོའི་སྐྱེ་གཟུགས་ལང་ཚོ་ཁོ་ན་ལ་ཆགས་པ་མ་གཏོགས་བྱ་ལེན་མའི་ཆེས་སྤྱིར་བཏང་དང་ཡང་ཆེས་སྤྱིར་བཏང་མ་ཡིན་པའི་རྒྱ་གར་གནའ་གཞུང་བུད་མེད་ཀྱི་ནང་སེམས་ཀྱི་མཛེས་པ་དང་། ཕྱི་ལུས་ཀྱི་ཡ་རབས་སྤྱོད་བཟང་དང་བབ་ཆགས་ཀྱི་ཡོན་ཏན་ལ་ཞེ་འཁོར་མེད་པ་དང་། དེའི་བར་ནས་ལྷ་རྣམས་ཀྱིས་དམོད་མོ་བོར་ནས་ཁོ་གཉིས་བར་གྱི་བརྩེ་དུང་གི་རྒྱུན་ཐག་རེ་ཞིག་ཆད་པ། གཞན་རྒྱལ་བོ་གདུལ་དཀའ་རང་ཉིད་དབང་སྒྱུར་བ་ཞིག་ཡིན་པའི་ཆ་ནས་རང་ཉིད་ཀྱི་འདོད་པ་དེ་གཟབ་ནན་གུས་ལུགས་ཀྱི་དབང་དུ་གྱུར་ནས་བྱ་ལེན་མའི་རིགས་རུས་ལ་དོགས་པ་ཟ་དུས་དང་རྗེས་ནས་རྟོག་དཔྱོད་རྩད་འདྲི་བྱས་པས་བྱ་ལེན་མ་དང་རང་ཉིད་རིགས་རྒྱུད་གཅིག་ལ་གཏོགས་པ་ཚོར་རྗེས་ཡང་དགའ་བ་ཆེན་པོ་སྐྱེས་པ་སོགས་ཀྱག་ཀྱོག་གི་མི་ཚེའི་གཏམ་རྒྱུད་ལ་བརྟེན་ནས་རྩོམ་པ་པོས་ལྡོག་ཕྱོགས་ནས་གནའ་བོའི་རྒྱ་གར་གྱི་བཀས་བཀོད་རྒྱུད་འཛིན་གྱི་མིས་མི་ཟ་བའི་རིམ་གྲས་ཀྱི་འདུ་ཤེས་ལ་དགག་རྒྱག་ནན་མོ་བྱས་ཡོད་པ་དང་། དབང་སྒྱུར་བའི་བག་མེད་ལོངས་སྤྱོད་དང་། རང་ཚུགས་མེད་པ། འབངས་མིའི་བདེ་སྡུག་ལ་སེམས་ཁུར་མི་བྱེད་པའི་ཡ་ང་བའི་སྤྱི་ཚོགས་གི་སྣང་ཚུལ་ཐེར་འདོན་བྱས་ཡོད་པ་དང་། དྲང་ཕྱོགས་ནས་བྱ་ལེན་མ་གཙོ་བྱས་པའི་རང་ཉིད་དང་ཁོར་ཡུག་གཅིག་ན་ཡོད་པའི་མི་རྣམས་ཀྱིས་བདེ་སྐྱིད་འཚོ་བ་ལ་སྨོན་པའི་རེ་བ་དང་ལུས་སེམས་གཙང་མའི་མི་གཤིས་སོགས་ལ་བསྟོད་བསྔགས་བྱས་ནས་རྒྱལ་བོ་དང་བྱ་ལེན་མ་གཉིས་དྲང་ལྡོག་ཕྱོགས་ཀྱི་མི་སྣ་གཉིས་སུ་བཞེངས་སྐྲུན་བྱས་ཏེ་མི་རྣམས་ལ་རང་ཉིད་ཀྱི་བརྩེ་དུང་རང་ཉིད་ཀྱིས་བརྩོན་ལེན་བྱེད་དགོས་པ་དང་། མི་སུ་ཡིན་རུང་ཕན་ཚུན་ལ་ཡིད་རྟོན་བྱེད་པ་འབྲེལ་བའི་རྩ་བར་བཟུང་ན་སྤྱི་ཚོགས་བདེ་འཇགས་དང་མི་ཚེ་བདེ་སྐྱིད་ལྡན་པ་ཡོང་ཐུབ་པར་ཁ་ཚོན་བཅད་ཡོད།
གཉིས། མཛེས་རྟོག་དང་སྤྲོ་གཡེང་གི་ནུས་པ།
        སྤྱིར་བཏང་དུ་མཛེས་རྟོག་གི་ཚོར་བ་ནི་རྩོམ་རིག་བརྩམས་ཆོས་ལ་རོལ་མྱོང་བྱེད་དགོས་སུ་བརྩམས་ཆོས་ཁྲོད་ཀྱི་མི་སྣ་དང་དོན་རྐྱེན་ཁོར་ཡུག་བཅས་ཀྱིས་ཀློག་མཁན་གྱི་སེམས་ལ་བསྩལ་བའི་ནུས་པ་ཁྱད་པར་ཅན་ཞིག་ལ་སྟོན་གྱི་ཡོད་ལ། སྐབས་འདིར་ཤེས་དགོས་པ་ནི་《བྱ་ལེན་མ་མངོན་པར་ཤེས་པའི་ཟློས་གར།》ནི་མཛེས་པ་ཁྱད་ཆོས་སུ་བཟུང་བའི་འཁྲབ་གཞུང་ཅིག་ཡིན་པའི་ཐད་ནས། དེར་གནའ་གཞུང་ལེགས་སྦྱར་སྐད་ཀྱི་ཟློས་གར་སྐད་རིགས་ཀྱི་མཛེས་པ་དང་། དམིགས་བསལ་གྱི་ཀུན་རྟོག་སྒྱུ་རྩལ་གྱི་ཐབས་ལ་བརྟེན་ནས་བསྟི་གནས་ནགས་ཚལ་གྱི་སྙན་ངག་ལྟར་བརྗོད་དོན་གྱིས་ཕྱུག་ཅིང་རི་མོ་ལྟར་མཛེས་པའི་རང་བྱུང་གི་མཛེས་པ། བརྩམས་ཆོས་ཁྲོད་ཀྱི་མི་སྣ་གཙོ་བོའི་རང་གྲུབ་ཀྱི་མཛེས་པའི་སྣང་བརྙན་དང་བབ་ཆགས་སྤྱོད་བཟང་གི་སེམས་ཀྱི་མཛེས་པ། དེ་ལས་ཀྱང་བརྩམས་ཆོས་ཀྱི་བསྟོད་བསྔགས་བྱ་ཡུལ་དུ་གྱུར་བའི་བློ་སེམས་དཀར་ཞིང་དཀའ་ངལ་ལ་མགོ་མི་སྒུར་བའི་བརྩེ་དུང་གི་མཛེས་པ་སོགས་མཛེས་དཔྱོད་ཀྱི་ཆ་མང་དུ་གནས་པས་རྩོམ་པ་པོས་མཛེས་པ་དེ་དག་སྙན་ངག་གི་རྒྱན་མི་འདྲ་བ་དུ་མས་བཅིངས་ཡོད། དཔེར་ན། ལེའུ་དང་པོ་ལས། རྒྱལ་པོས་བསྟི་གནས་ནགས་ཚལ་ན་རི་དྭགས་རྔོན་སྐབས། རི་མོ་ལྟར་མཛེས་པའི་ཕྱི་རོལ་ཡུག་གྱི་བྱ་དངོས་ཀྱི་མཛེས་པ་དེ་སྡུག་པའི་ལས་སུ་མི་འགྱུར་བའི་ཆེད་དུ། དཀའ་ཐུབ་པས། བསྟི་གནས་ཀྱི་རི་དྭགས་འདི་མ་གསོད་ཅིག མ་ཡིན་མ་ཡིན་འཇམ་གཉེན་པདྨའི་ཚོགས་ལ་དྲགས་པོའི་མེ་ལྕེ་བཞིན། །མཛེས་པའི་རི་དྭགས་འདི་ཡི་ལུས་ལ་སྒྲོ་ལྡན་མཚོན་གྱིས་མ་འདེབས་ཤིག ཨ་ཧོ་སྡུག་གུ་ཉམ་ཆུང་འདི་ཡི་འདར་བའི་སྲོག་ནི་ཅི་ཙམ་ཞིག །རྡོ་རྗེ་སྙིང་བོ་རྣོ་ངར་འབབ་པ་ཁྱོད་ཀྱི་ཉག་ཕྲན་ཅི་ལྟ་ཞིག །རྒྱལ་བོ་དེའི་ཕྱིར་ལེགས་པར་སྦྱར་བ་ཡི། །མདའ་འདི་བོར་ཅིག་གང་ཕྱིར་ཁྱོད་ཀྱི་མཚོན། །ཉོན་མོངས་སྐྱེས་བུ་བསྲུང་བའི་སླད་དུ་སྟེ། །ཉེས་པ་མེད་རྣམས་གཞོམ་པའི་སླད་དུ་མིན། །ཞེས་དཔེ་རྒྱན་ལ་སྦྱར་ཏེ་མཚོན་བྱ་དམིགས་ཡུལ་གྱི་མཛེས་པ་དེ་འཛུགས་སྐྲུན་བྱེད་པ་ལྟ་བུ། གཞན་རབ་རྟོག་གི་རྒྱན་མང་དུ་བཀོལ་ནས་ལྗོངས་དང་ཁོར་ཡུག་ན་གནས་པའི་མཛེས་པའི་བྱ་དངོས་མ་ལུས་པའི་ཡོན་ཏན་དང་རང་བྱུང་ཁམས་ཀྱི་ཉིང་བཅུད་གཅིག་ཏུ་བསྡུས་བའི་བདག་ཉིད་དེ་བྱ་ལེན་མའི་མཛེས་པ་ལ་ཆ་འགོད་དང་སྡུརབ་བྱས་ཡོད་པ་དཔེར་ན། ཕྲག་པའི་ཡུལ་དུ་ཕྲ་མོའི་མདུད་པ་བཅས། ནུ་མའི་འབུར་གྱིས་མཐོ་བའི་ཤིང་ཤུན་འདིས། ལོ་མ་སེར་སྐྱས་གཡོགས་པའི་མེ་ཏོག་བཞིན། གཞོན་ལུས་འདི་ལ་ལང་ཚོ་སྤེལ་མ་བྱས་ཞེས་པ་ལྟ་བུའོ། ཟློས་གར་ལས་རྒྱལ་པོ་དང་བྱ་ལེན་མ་གཉིས་བར་གྱི་ལྷད་མེད་པའི་བརྩེ་དུང་གི་མཛེས་པ་དེ་ལེའུ་སྔོན་མ་དག་ལས། གཙོ་བོ་རྒྱལ་བོ་གདུལ་དཀའ་བྱ་ལེན་མའི་མཛེས་པ་ལ་ཡིད་ཤོར་པའི་གནས་སྐབས་མང་པོ་ཞིག་རྩོམ་པ་པོས་སེམས་ཁམས་ཞིབ་འབྲིའི་ཐབས་ལ་བརྟེན་ནས་བརྗོད་ཡོད་ལ། ལྷག་པར་དུ་ལེའུ་གསུམ་པའི་ནང་དོན་གཙོ་བོ་རྒྱལ་བོ་དང་བྱ་ལེན་མ་གཉིས་འཇིག་རྟེན་མཐུན་འཇུག་གི་ལས་སུ་སོང་བ་གཙོར་བཀོད་ཡོད་པས་བརྩེ་དུང་གི་མཛེས་པ་དེ་ཕྱི་ལུས་ཀྱི་མཛེས་པ་དང་ནང་སེམས་ཀྱི་དུང་བ་ཆུ་དང་འོ་མ་འདྲེས་པ་བཞིན་ཕན་ཚུན་ལ་ཆགས་པའི་སེམས་ཀྱི་རྦ་རླབས་དྲག་ཏུ་གཡོས་ཏེ་ནམ་མཁའ་འགོམས་པར་བྱེད་པ་དང་། འདོད་པའི་མེ་ལྕེས་ས་གཞི་ལན་བརྒྱར་བསྲེགས་པའི་ཚོར་བ་འགོག་ཐབས་མེད་པ་བྱུང་ཡོད་ལྟ་བུའོ།
        ལྷག་པར་དུ་བརྩམས་ཆོས་ཁྲོད་ཀྱི་རྒྱན་མང་པོའི་ནང་དུ་མཛེས་མའི་དཔེ་ལ་ཟླ་བ་དང་པདྨ་སོགས་མང་པོ་ཡང་དང་བསྐྱར་དུ་བཞག་ཡོད་ལས། སའི་ཆགས་སྟེང་གི་ཐད་ནས་བཤད་ན། རྒྱ་གར་གྱི་ས་ཆ་ཕལ་ཆེར་ཐིག་དམར་དང་ཐིག་དམར་གྱི་གོང་འོག་ཏུ་འཁེལ་བའི་དབང་གིས་ཚ་ཁུལ་ཏུ་གཏོགས་པས་ཚ་བ་ཆེ་དུས་སུ། ཟླ་བ་དང་པདྨ་སོགས་བསིལ་བའི་རང་བཞིན་ཅན་གྱི་བྱ་དངོས་དག་མི་རྣམས་ཀྱིས་རེ་སྨོན་བྱེད་སར་གྱུར་བ་དང་། མིའི་སེམས་ནང་གི་མཛེས་པའི་བྱ་དངོས་ཀྱང་ཡིན་པས་གོམས་གཤིས་དང་ནམ་ཟླའི་ཁོར་ཡུག་སོགས་ཀྱིས་དུས་རྒྱུན་དང་། སྒོས་སུ་སྙན་ངག་མང་པོའི་ཁྲོད་དུ་མཛེས་མའི་དཔེ་རུ་སྦྱར་ཡོད་པས་སྐད་རིགས་དང་རིག་གནས་ཀྱི་མཛེས་པའང་མངོན་པར་མཚོན་ཡོད་པ་སོགས་ཟློས་གར་ཁྲོད་བྱུང་བའི་མཛེས་པའི་བྱ་དངོས་ཡོད་དོ་ཅོག་གིས་ཀློག་པ་པོའི་ཡིད་སེམས་དྲག་ཏུ་གཡོས་ཏེ་མཛེས་རྟོག་བསྐྱེད་པར་བྱའོ། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1