ཆབ་སྤེལ་ཚེ་བརྟན་ཕུན་ཚོགས།
འདིར་ད་ཕན་ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་ནང་མ་འཁོད་པའམ། ཡང་དག་པར་འཁོད་མ་མྱོང་བའི་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་ལྡན་མ་བྲག་རྩར་ཡོད་པའི་བོད་བཙན་པོའི་དུས་རབས་ཀྱི་བྲག་བརྐོས་ཡིག་རིས་འཁྲུལ་མེད་ཅིག་གི་སྐོར་ཐོག་མའི་མཚམས་སྦྱོར་ཞུ་རྒྱུ་ཡིན།
དེ་ནི་སྔ་རབས་བོད་ཀྱི་ལོ་རྒྱུས་ཡིག་ཚང་ཁག་དང་ཉེ་རབས་སུ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་གནང་བའི་《བོད་ཀྱི་རྡོ་རིང་ཡི་གེ་དང་དྲིལ་བུའི་ཁ་བྱང་》ཞེས་པའི་དེབ་དང་《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》ཞེས་པའི་དེབ་སོགས་ཀྱི་ནང་འཁོད་མེད་པ་དང་། ཡང་དག་པར་འཁོད་མ་མྱོང་བ་ཟེར་དགོས་དོན་ནི་བོད་ཀྱི་ལོ་རྒྱུས་ཆོས་འབྱུང་གི་ཁྲོད་ནས་《རྒྱལ་རབས་གསལ་བའི་མེ་ལོང་》ནང་“……དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ཀྱིས་ལྡན་མ་བྲག་རྩར་ཕེབས་ནས། བྲག་ལ་བྱམས་པ་ཁྲུ་བདུན་པ་གཅིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས། དེར་ཟླ་བ་གཅིག་བསྒུག་དེར་ཡང་བློན་པོ་(མགར་སྟོང་བཙན)མ་བྱོན་”(༡) ཞེས་རྒྱ་བཟའ་ཝུན་ཁྲེང་ཀོང་ཇོ་བོད་ལ་ཕེབས་དུས་ཡར་ལམ་བཞེངས་ཚུལ་འཁོད་འདུག་པ་ནི་དམངས་ཁྲོད་ཀྱི་ངག་རྒྱུན་གཞིར་བཟུང་ནས་བྲིས་པ་ཙམ་ལས། བྲག་བརྐོས་ཡི་གེའི་བརྗོད་དོན་དངོས་དང་མི་མཐུན་པ་གསལ་རྟོགས་ཐུབ་པ་དེ་ཡིན། ཡང་ལ་ལས་གནའ་རབས་ཡིག་ཆ་གཅེས་བསྡུས་ཀྱི་ཁོངས་སུ་མ་གསལ་བ་ནི། དེའི་ནང་དོན་གཅེས་སུ་མ་འོས་པའི་རྐྱེན་གྱིས་མིན་ནམ་སྙམ་ན་དེའང་མ་ཡིན་ཏེ་བྲག་བརྐོས་ཡི་གེའི་ནང་དོན་དེ་གནའ་ཡིག་གཅེས་བསྡུས་ནང་བཀོད་པའི་དྲིལ་བུའི་ཁ་བྱང་ཁག་ལས་དཔྱད་གཞིའི་རིན་ཐང་ཆེ་བ་ནི་བསྡུར་བ་ཙམ་ཀྱིས་ཤེས་སླ་བ་ཡིན་ནོ། ། གཤམ་དུ་བྲག་བརྐོས་ཡིག་རིས་ཀྱི་ཞིབ་ཕྲའི་གནས་ཡུལ་དང་ནང་དོན་གནད་བསྡུས། ལོ་རྒྱུས་ཀྱི་རིག་དངོས་དེ་བསྐྲུན་པའི་ལོ་དུས་དང་། དེའི་དཔྱད་གཞིའི་རིན་ཐང་ཐད་རང་གི་ལྟ་ཚུལ། མཇུག་བསྡུ་བ་བཅས་ས་དཔྱད་བཞི་ལ་ཕྱེ་ནས་ཞུ་རྒྱུ་ཡིན།
དང་པོ། བྲག་བརྐོས་ཡིག་རིས་ཀྱི་གནས་ཡུལ་དང་ནང་དོན་གནད་བསྡུས་སྐོར།
གནའ་རབས་ཀྱི་ལོ་རྒྱུས་རིག་དངོས་དེའི་ཞིབ་ཕྲའི་གནས་ཡུལ་ནི། བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་རྫོང་ཁོངས། བྱམས་མདུན་ཆུས། རི་མདའ་ཤཱང་གི་ལྡན་མ་བྲག་རྩ་ཞེས་པའི་བྲག་ལྡེབས་ཆེན་པོ་ཞིག་གི་ངོས་སུ་བརྐོས་ཡོད།
ཡིག་རིས་ཀྱི་ནང་དོན་གནད་བསྡུས་ནི། དབུས་སུ་གཙོ་བོ་སངས་རྒྱས་རྣམ་པར་སྣང་མཛད་ཀྱི་སྐུ་བརྙན་ལ་འཁོར་ཉེ་བའི་སྲས་ཆེན་བརྒྱད་ཀྱིས་བསྐོར་བ་དང་། གཤམ་དུ་གཞི་བདག་ཀླུ་མི་མགོན་དཀར་པོ་ཟེར་བའི་གཟུགས་བརྙན་《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ་》གཤམ་དུ་རིག་དངོས་དེ་བཞེངས་པའི་སྐོར་བཅས་བརྐོས་འདུག་ཅིང་། དེའི་ནང་ནས་གལ་ཆེ་བ་ནི་སྐུ་གསུང་གི་རྟེན་དེ་དག་བཞེངས་པའི་སྦྱར་བྱང་གི་ཡི་གེ་རྣམས་ཡིན་པས་དེའི་འབྲུ་དོན་ཆ་ཚང་གཤམ་གསལ།
“༄།། དམ་པཔྀ་ཆོས་ཀྱི་མདོ་ནི། སེམས་ཅན་ཐམས་ཅད་ལ་ཡང་སངས་རྒྱས་ཀྱི་རང་བཞིན་དྲན་ཞྀང་ཤེས་པའི་སེམས་རེ་རེ་ཡོད་དེ། སེམས་དེ་ནི་མཁན་པོ་དང་ལྷས་ཀྱང་མ་བྱས་ཕ་མ་ལས་ཀྱང་མ་སྐྱེས། ཐོག་མའྀ་མཐའ་མྱའྀ་རྙེད་པ་ནས་ཀྱང་ཡོང་(ཡེ)ནས་ཡོད། མཐར་ཀྱང་ཤྀང་བའི་མ་མྱེད་པར་ཡང་མྱའི་འགྱུར་ཏོ། སེམས་དེས་དགེའ་བ་རྒྱ་ཅེར་སྤྱད་དེ་སེམས་ཅན་ཀུན་ལ་ལེགས་པ་བྱས་ཤྀང་དམ་པའི་ཆོས་བྱིན་བ་དང་། སེམས་རྣམ་པར་སྤྱངས་པས་ན། སངས་རྒྱས་དང་བྱང་ཆུབ་སེམས་དཔར་རྒུབ(སྒྲུབ)ནས། སྐྱེ་བ་དང་རྒ་བ་དང་ན་བ་དང་ཤྀ་བ་ལས་ཐར་ཏེ་བླ་ན་མེད་པའྀ་བདེ་སྐྱིད་བ་ཐོབ་བོ། སེམས་དེས་ལེགས་ཉེས་འདྲན་(འདྲེས་)མར་སྤྱད་ན་ལྷ་དང་མྱྀའི་གནས་སུ་སྐྱེ་འོ། སྡིག་པ་དང་མྱྀ་དགེའ་བའྀ་ལས་ཆེར་སྤྱད་པ་ན། སྡིག་ཡུལ་སེམས་ཅན་དམྱལ་བ་ལས་རྩོགས་པར་སྐྱེས་ཏེ་སྡུག་བསྔལ་བའྀ་ནང་དུ་རྒྱུན་ཏུ་འཁོར་རོ། དེ་བས་ན་བདག་གྀ་སེམས་ལ་བླ་ན་མྱེད་པའྀ་བྱང་ཅུབ་མན་ཅད་ཀྱང་ཡོད། སེམས་ཅན་དམྱལ་བ་ཡེང་(ཡན་)ཆད་ཀྱང་ཡོད་པ་ཡིན་ནོ། དམ་པའྀ་ཆོས་ཀྱི་བདུད་རྩྀ་མྱོང་ན་སྡུག་བསྔལ་ཐམས་ཅད་ལས་ཐར་པའྀ་ས་མྱོད་དོ་(མྱོང་ངོ་)ཡུན་དུ་བདེ་སྐྱིད་པའྀ་གནས་མྱང་(ཀྱང་) ཐོབ་བའྀ་ཕྱི་དོ(ཕྱིར་རོ)། དེ་བས་ན་སེམས་ཅན་ལ་དམ་པའི་ཆོས་གཅེས་ཏེ། མ་མ་ཆིས(མཆིས)པ་མྱྀ་ཏུང་ངོ་། མདོར་སྤྲོས་པར་ཉད་དེ་བདག་དང་གཞན་གྱྀ་དོན་ལ་རྒྱང་རིང་པོ་དང་། ཆེད་ཀ་ཆེན་པོ་ལ་རྟོགས་ཉེ་ཞིབ་དེ་དགེའ་བའྀ་བཤེསན་ལ་དྲིས་ཤྀག །དམ་པའྀ་ཆོས་ཀྱྀ་ཡི་གེ་ལ་ཡང་རྟོགས་ཤྀག་དང་ཁོང་དུ་ཆུས་པར་འགྱུར་རོ། །
༄ །། སྤྲེའུ་གི་ལོའི་དབྱར། མཙན་པོ་ཁྲི་ལྡེ་སྲོང་བརྩན་གྱི་རིང་ལ། དགའེ་སློང་ཆོས་དང་ཆབ་སྲིད་ཀྱི་བཀའ་ཆེན་པོ་ལ་བཏགས་སྟེ། གསེར་གྱྀ་བཀུ་རྒྱལ་མན་ཅད་ཀྱི་ཐབས་རྩལ། ཇོ་མོ་མཆིམས་ལྟ་ལེགས་མོ་བརྩན་ལ་རྩོགས་པ། རྗེས་(རྗེ)འབངས་མང་མོ་ཞིག་ཐར་པར་བཀྱེལ། བཀའ་ཆེན་པོ་ལ་གཏོགས་པའི་དགེ་སློང་བྲན་ཀ་ཡོན་ཏན་དང་ལྷོ་དོན་དམ་དང་བློན་ཆེན་ཞང་འབྲོ་ཕྲི་གཟུའ་དམ་(རམ་)ཤགས་དང་ནང་བློནབློན་ཁྲི་སུམ་བཞེང་མདོའ་བརྩན་ལ་རྩོགས་པ། ཆབ་སྲིད་ལ་བཀའ་རྩལ་ཏེ། རྒྱ་དང་མཇལ་དུས་(དམ)ཀྱྀ་མགོའ་བརྩམས་པའི་ལས་ལ་མཁན་བོད་གོར་ཡེ་ཤེས་དབྱངས་དང་། དགའེ་སློང་སྟག་ལོ་གཐན་ཏེ་དང་། གད་ནམ་ཀའྀ་སྙིང་པོ་དབྱངས་ཀྱིས། བཚན་པོའི་སྐུ་མོན་དང་སེམས་ཅན་ཐམས་ཅད་ཀྱྀ་བསོད་ནམས་སུ། སྐུ་གཟུགས་དང་སྨོན་ལམ་འདྀ་རྣམས་བྲིས་ཏེ། སྤྱྀའི་ཞིང་(ཞལ་)ཏ་པ་ནི། འོར་ངུའྀ་གནས་བརྟན། རླང་མཆོག་རབ་དང་། གཉྀ་བཟང་པོ་དཔལ་ཀྱིས་བགྱྀས། ལས་དཔོན་་དགའེ་སློང་ཞེ་ཧྲའྀ་དགའེ་སློང་གསེང་པབ་ཤྀན་དང་ཡེན་དམ་ཡེས་བགྱྀས་ཇོ་(རྡོ)མཁན་། ཡུགས་གི་ཉག་བྲེ་ཤབ་དང་ཤོད་ལགས་ཀོད(ལེགས་ཀོང་)དང་། ལྡུམ་མ་འགམ་དང་རྒྱ་ཧུན་བོང་ཙེང་སྤང་(སྤད)དང་། ཧྭ་ཧོའུ་ཇྀན་རྣམས་ཀྱིས་བགྱིས་སོ འདྀ་ལ་རྗེས་སུ་ཡི་རེང་(རང་)བས་ཀྱང་བསོད་ནམས་མཉམ་པར་ཐོབ་བོ།
༄ །། ཡེ་ཤེས་དབྱངས་ཀྱིས་ཡོལ་དང་འབོམ་དང་ལེདབོའུ་དུ་ཡང་རྒྱ་ཆེབྲིས་སོམཁེན་ནི་དགེ་སློང་རིང་རྡོ་རྗེས།
༄ །། སྐུ་བླ་དང་དང་མ་གཉན་པོ་འདིའ་ལ། ཕྱག་འཚལ་ཞྀང་མཆོད་པ་བྱས་ན། ཇི་སྨོན་ཏོ་ཆོག་འགྲུབ་ཅིང་ཚེ་ཕྱི་མ་ལ་ཡང་ལྷ་ཡུལ་དུ་སྐྱེའོ། ཁ་ངན་ནམ་རྐྱད་ཀ་བྱས་ན། འཕྲལ་དུ་ཡང་ནད་ལ་རྩོགས་པ་ཉེས་པ་སྣ་ཚོགས་འབྱུང་ལ། ཡུན་དུ་ཡང་ན་(ངན)དག་ཏུ་ལྟུང་ངོ་། བཀའ་ཁྲིམས་ལས་ཀྱང་ཆོས་ལ་ངན་བྱས་ན། ཡང་མེས་སྤུན་ཚུན་ཅད་ནས་བཅ་བདེ་གུན་ཞེད་པ་བྱེད་དོ། དེ་བས་ན་སུ་ཡང་ཕྱར་ཀ་དང་རྐྱལ་ཀ་མ་བྱེད་ཅིག”ཅེས་འཁོད་པ(གུག་རྟགས་ནང་བཀོད་རིགས་རྩོམ་པ་པོའི་ཚོད་རྩིས་ཙམ་ཡིན)དང་། ད་དུང་རྒྱ་ཡིག་ཀྱང་ཡིག་འབྲུ་བཅུ་ཕྲག་ཁ་ཤས་བརྐོས་ཡོད།
གོང་གསལ་ཡི་གེ་དང་གནས་ཚུལ་རྣམས་ནི་ཆབ་མདོ་ས་ཁུལ་རིག་སློབ་ཅུས་ནས་བློ་མཐུན་ཐུབ་དགའ་ལགས་སོགས་ས་གནས་དེ་རང་དུ་སྔ་རྟིང་ཆེད་ཕེབས་ཀྱིས་གཟིགས་ཞིབ་དང་། ཡིག་ཤུ། བསྐྱར་ཞུ་བཅས་གཟབ་ནན་གང་ཆེ་གནང་བ་མ་ཟད། སྔ་ལོ་སྤྱི་ཟླ་བརྒྱད་པར་《ལྷ་ས་བོད་རིག་པའི་གྲོས་ཚོགས》སྐབས་འདོན་གནང་མཛད་པའི་ངོ་བཤུས་ལྟར་བཀོད་པ་ཡིན། བྲག་བརྐོས་ཡི་གེའི་ནང་རེ་ཟུང་གསལ་པོ་མེད་པ་རྣམས་ལ་རྟགས་འདི་འགོད་གནང་འདུག་པ་དང་། བྲག་ལྡེབས་མཐོ་གཟར་བལྟ་ཤུ་དཀའ་བའི་ཐོག་ཡིག་གཟུགས་ལ་ལ་མི་གསལ་བའི་དབང་གིས་ཚིག་འབྲུ་ཉུང་ཤས་ཤིག་བློ་དོགས་ཆོད་མིན་ཙམ་ལས། དེ་བྱིངས་བརྒྱ་ཆ་དགུ་བཅུ་ཡན་ནོར་འཁྲུལ་མེད་པར་བློས་འགེལ་ཆོག་པ་ཞིག་འདུག་སྙམ་མོ།
གཉིས་པ། ལོ་རྒྱུས་ཀྱི་རིག་དངོས་དེ་བསྐྲུན་པའི་ལོ་དུས་སྐོར།
བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་བརྐོས་པ་བྲག་བརྐོས་ཡི་གེའི་ནང་གསལ་བར་འཁོད་དང་། བཙན་པོ་དེ་ཉིད་ཀྱི་འཁྲུངས་གཤེགས་ཀྱི་ལོ་དང་ཁྲི་ལ་བཞུགས་ཡུན་སོགས་ཀྱི་ཐད་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་ནང་བཞེད་པ་མི་མཐུན་པ་མ་ཟད། ཐ་ན་མཚན་ཀྱི་རྣམས་གྲངས་ཀྱང་མུ་ཏིག་བཙན་པོ་དང་། མུ་ཁྲི་བཙན་པོ། མུ་རུ་བཙན་པོ། ཁྲི་ལྡེ་བཙན། ཁྲི་ལྡེ་སྲོང་བཙན། སད་ན་ལེགས་སོགས་ཅི་རིགས་འཁོད་ལ་དེ་མིན་འདི་ཡིན་དང་། ཡབ་སྲས་གཅེན་གཅུང་ཟློས་པ་སོགས་ཀྱི་གསུང་ཚུལ་མང་ཞིང་། ལ་ལར་དགག་ཤགས་ཀྱང་མཛད་པ་མཐོང་རུང་དེའི་ཐད་རེ་ཞིག་ཡི་གེ་ཉུང་བར་བྱས་ཏེ་འདིར་དཔྱད་དོན་གཙོ་བོ་བྲག་བརྐོས་ཡི་གེའི་སྦྱར་བྱང་ནང་འཁོད་པའི་“སྤྲེའུ”ལོ་དེ་ཡང་སྙིང་འབྱུང་ཁམས་གང་ཞིག་ཡིན་དང་སྤྱི་ལོ་གང་ལ་འཁེལ་བ་དེ་ཁོ་ནར་རྟོག་དཔྱོད་ཅིག་བྱ་རྒྱུ་གལ་ཆེ་བར་བཟུང་ཞིང་། དཔྱད་གཞི་འགའ་ཞིག་ལ་བསམ་ཞིབ་བྱས་པའི་མཐར་ཡིད་རྟོན་འཕེར་བའི་རྩིས་གཞི་བཟུང་ས་ནི་ལྷ་སའི་《དབོན་ཞང་དབུ་ཟུང་རྡོ་རིང་》གི་ཡི་གེ་འདི་འབའ་ཞིག་འོས་པར་མཐོང་། རྡོ་རིང་དེའི་ཤར་ངོས་ཀྱི་ཡི་གེ་ཕྲེང་༥༦—༦༧བར་དུ་“བོད་རྒྱ་གཉིས། རབས་ཁྲྀར་བདེ་སྐྱིད་པའྀ་མཇལ་དུམ་ཆེན་པོ་མཛད་ནས། རྒྱ་ཡུལ་དུ་ནྀ། ཀེང་ཤྀའི་ནུབ་ཕྱོགས་ཤེག་སང་སྀའི་དྲུང་དུ། བོད་ཆེན་པོའི་ལོའི་མྱིང་ནྀ་སྐྱིད་རྟག་ལོ་བདུན། རྒྱ་ཆེན་པོའི་ལོའི་མྱིང་སྣ། ཅང་ཀེང་ལོ་དང་པོ་ལྕགས་མོ་གླང་སྣ་ལོའི་དགུན་སླ་ར་བ་ཚེས་བཅུ་ལ་དཀྱྀལ་འཁོར་ལ་འཛེགས་ནས། རྒྱ་ཡིས་གཙྀགས་བཟུང་ངོ་། བོད་ཡུལ་དུ་ནྀ། ཕོ་བྲང་ལྷ་སའྀ་ཤར་ཕྱོགས་སྦྲ་སྟོད་ཚལ་དུ། བོད་ཆེན་པོའི་ལོའི་མྱྀང་སྐྱྀད་རྟག་ལོ་བརྒྱད། རྒྱ་ཆེན་པོའི་ལོའི་མྱིང་ཅང་ཀེང་ལོ་གཉྀས། ཆུ་ཕོ་སྟག་ཀྱྀལོའི་དབྱར་སླ་འབྲིང་པོ་ཚེས་དྲུག་ལ། དཀྱྀལ་འཁོར་ལ་འཛེགས་ཏེ། བོད་ ཀྱྀས་གཙིགས་བཟུང་ངོ་། གཙྀགས་ཀྱྀ་མདོ་རྡོ་རིངས་ལ་བྲིས་པ་འདི་ཡང་། བོད་ཆེན་པོའི་ལོའི་མྱིང་སྐྱིད་རྟག་ལོ་དགུ །རྒྱ་ཆེན་པོའི་ལོའྀ་མྱིང་ཅང་ཀེང་ལོ་གསུམ། ཆུ་མོ་ཡོས་བུ་ལོའི་དཔྱྀད་སླ་འབྲིང་པོ་ཚེས་བཅུ་བཞི་ལ། རྡོ་རིང་ལ་ཡི་གེ་བྲིས་སོ”(༢)ཞེས་འཁོད་པའི་ལོ་ཁམས་ཀྱི་ནང་ནས་དཔེར་ན་ཐོག་མར་གསལ་བའི་ལྕགས་མོ་གླང་དེ་ནི་བོད་ཀྱི་ལོའི་མིང་སྐྱིད་རྟག་ལོ་བདུན་པ་དང་། རྒྱའི་ལོའི་མིང་ཅང་ཀེང་ལོ་དང་པོ་སྟེ་ཐང་གོང་མ་མུའུ་ཙུང་གི་ཁྲི་ལོ“ཁྲང་ཆིང་”ལོ་དང་པོ་ཡིན་པ་བོད་ཀྱི་རྡོ་རིང་གི་ཡི་གེ་དང་རྒྱའི་ཐང་དེབ་གསར་མ་གཉིས་ཡོངས་སུ་གཅིག་མཐུན་བྱུང་བས་ལོ་དེ་ནི་སྤྱི་ལོ་བརྒྱད་བརྒྱ་དང་ཉི་ཤུ་རྩ་གཅིག་པ་ཡིན་པར་གཟུ་བོར་གནས་པའི་སྐྱེ་བོ་སུ་ཞིག་གིས་ཀྱང་ཀླན་ཀ་འཚོལ་དུ་མེད། དེ་བས་ན་བོད་ཀྱི་ལོའི་མིང་“སྐྱིད་རྟག་”ཅེས་པ་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྲས་ཁྲི་གཙུག་ལྡེ་བཙན་རལ་པ་ཅན་གྱི་ཁྲི་ལོའི་མིང་ཡིན། དེར་བརྟེན་སྤྱི་ལོ་བརྒྱད་བརྒྱ་ཉི་ཤུ་རྩ་གཅིག་པ་དེ་ནི་རལ་པ་ཅན་ཁྲིར་འཁོད་རྗེས་ཀྱི་ལོ་བདུན་པ་ཡིན་པར་གསལ་ཞིང་། དེ་ནས་ཡར་འདེད་ཀྱི་རྩིས་པའི་ལོ་བདུན་པ་སྤྱི་ལོ་བརྒྱད་བརྒྱ་བཅོ་ལྔ་བོད་ཤིང་ལུགས་ལོར་ཡབ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་པ་མཚོན་པ་དང་། བཙན་པོ་དེ་ཁྲི་ལ་འཁོད་པའི་དུས་ཚོད་ནི་སྔ་ཤོས་ལའང་དུས་རབས་བརྒྱད་པའི་ལོ་རབས་དགུ་བཅུ་པའི་ནང་དུ་ཡིན་པ་ཁྲི་སྲོང་ལྡེ་བཙན་གྱི་སྐུ་ཚེའི་མཐའ་མཇུག་གི་མཛད་འཕྲིན་ལས་ཀྱང་དཔགས་ནུས་ཤིང་། བྲག་བརྐོས་ཡི་གེའི་ནང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་ཆོས་ཕྱོགས་སུ་ཕྱག་རྗེས་དུ་མ་བཞག་པའི་སྐོར་འཁོད་པ་དེ་ལས་ཀྱང་ཡི་གི་འདི་སྐྲུན་སྐབས་ཁོང་བཙན་པོའི་ཁྲི་ལ་བཞུགས་ནས་དུས་ཚོད་ངེས་ཅན་ཞིག་སོང་ཟིན་པ་གསལ་བར་མཚོན་པ་དང་། ལྷ་སའི་རྡོ་རིང་ཤར་ངོས་ཀྱི་ཡི་གེའི་ནང་《……བཙན་པོ་ཡབ་ལྷ་འཕྲུལ་ཁྲི་ལྡེ་སྲོང་བཙན་གྱི་ཞ་སྔ་ནས་ཕན་ཚུན་དབོན་ཞང་དགོངས་པ་མཐུན་ནས། རྒྱ་ཆེ་ཞེང་ཤྀན་ཤུན་ཤུ་ཧྭང་ཏེ་དང་མཇལ་དུམ་དུ་མོལ་ཏེ། བཀའ་ཁོན་རྙིང་བ་ནི། སྤྱངས་ཤིང་གསལད་……” (༣) ཅེས་གསལ་བ་ལྟར་སྐབས་དེའི་ཐང་བོད་བར་ལ་མཇལ་དུམ་གནང་བའི་དུས་ཀྱི་གོང་མ་ནི་《རྒྱ་རྗེ་ཞེང་ཤྀན་ཤུན་ཤུ་ཧྭང་ཏེ་》ཞེས་པ་(ཧྲེང་ཧྲིན་ཝུན་ཝུ་ཧོང་ཏེ་)སྟེ་གོང་མ་ཐང་ཏཱ་ཙུང་གི་སྐབས་སུ་ཡིན་པ་གསལ་པོར་བསྟན་ཡོད། དེ་ལྟར་ཁུངས་བཙན་གྱི་ལོ་རྒྱུས་གུང་སྒྲིག་ན་བཙན་པོ་ཁྲི་ལྡེ་སྲོང་བཙན་ཁྲི་ལ་བཞུགས་དུས་ལྡན་མ་བྲག་བརྐོས་ཀྱི་ཡི་གེ་འདི་བསྐྲུན་པའི་“སྤྲེའུ་”ལོ་དེ་ནི། ཐང་གོང་མ་ཏཱ་ཙུང་མ་གྲོངས་གོང་གི་ལོ་སྔ་མ་སྟེ་སྤྱི་ལོ་804བོད་ཤིང་ཕོ་སྤྲེའུ་ལོ་ཡིན་པར་གཏན་འགེལ་ཆོག་པ་འདུག་སྙམ་མོ།
གསུམ་པ། བྲག་བརྐོས་ཡི་གེ་འདིའི་ཁྱད་ཆོས་དང་དོན་སྙིང་སྐོར།
བཙན་པོའི་དུས་རབས་ཀྱི་རྡོ་ཡིག་གཞན་དག་དང་མི་འདྲ་བའི་ཁྱད་ཆོས་འགའ་ཤས་ལྡན་ཡོད་པར་མཐོང་།
1. གཙོ་སྐུ་རྣམ་པར་སྣང་མཛད་ཉེ་བའི་སྲས་ཆེན་བརྒྱད་དང་བཅས་པའི་སྐུ་བརྙན་བརྐོས་པ་དེ་དག་ནི་བཙན་པོའི་མཚན་བྱང་ལོ་དུས་དང་མཉམ་དུ་དམ་པོར་འབྲེལ་བར་བརྟེན་བོད་བཙན་པོའི་སྐབས་ཀྱི་བརྐོས་རིས་སྣང་བརྙན་ཀྱི་རིག་དངོས་རྗེས་ཤུལ་ཐེ་ཚོམ་དང་ཀླན་ཀ་སྤུ་ཙམ་མི་དགོས་པ་ཞིག་ཡིན་པ་མ་ཟད། བརྐོས་རིས་ལ་ལའི་ཐད་ཀྱི་གཏིང་ཚད་ལ་ཧ་ལམ་སྤྱི་སྐར་བཅུ་ཕྲག་ཙམ་ཟབ་བརྐོ་བྱས་ཡོད་སྟཔས་ད་ལྟའང་མ་འདྲེས་ལྷམ་མེར་གསལ་ཞིང་། སྣང་བརྙན་དེ་དག་ལ་ཐུན་མོང་མ་ཡིན་པའི་གནའ་བོའི་སྒྱུ་རྩལ་གྱི་ཉམས་འགྱུར་ཟབ་མོ་ལྡན་ཡོད་པ་བཅས་མི་ལོ་ཆིག་སྟོང་ཉིས་བརྒྱར་ཉེ་བའི་གོང་དུ་བོད་ཀྱི་རྡོ་བརྐོས་ལག་རྩལ་གྱི་ཆུ་ཚད་ཇི་ལྟར་ཡོད་པ་དང་། དུས་མཚུངས་བོད་གནའ་རབས་ཀྱི་བྲིས་འབུར་ལྷ་བཟོའི་ལག་རྒྱུན་ལ་བརྟག་དཔྱད་སོགས་བོད་ཀྱི་རིག་གནས་དང་སྒྱུ་རྩལ་ལ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞིའི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།
2. 《འཕགས་པ་བཟང་པོ་སྤྱོད་པའི་སྨོན་ལམ》 བྲག་བརྐོས་ཀྱི་དུམ་བུ་འདི་ཡང་། མཚན་སྙན་ཉི་ཟླ་ལྟར་གྲགས་པའི་བོད་ཀྱི་ལོ་ཙཱ་བ་ཆེན་པོ་སྐ་ཅོག་ཞང་གསུམ་སོགས་དངོས་སུ་བཞུགས་པའི་བསྟན་པ་སྔ་དར་སྐབས་ཀྱི་བསྒྱུར་ཡིག་འཁྲུལ་མེད་བསྐྱར་བཅོས་མ་ཕོག་པ་ཞིག་ཡིན་སྟབས་ཆོས་དཔེ་བསྒྱུར་སྔ་རྗེས་ཀྱི་གོ་རིམ་དང་། ཁྱད་པར། འཕེལ་འགྱུར་སོགས་ལ་ཞིབ་འཇུག་དང་། བོད་ཡིག་བརྡ་སྦྱོར་གྱི་རིམ་འགྱུར་ལ་བརྟག་དཔྱད་བྱ་རྒྱུ་བཅས་ཀྱི་ཐད་བློས་འགེལ་ཆོག་པའི་ཚད་ལྡན་གྱི་མ་ཕྱི་ཞིག་མཁོ་འདོན་བྱས་ཡོད།
3. མཇུག་བྱང་གི་སྟོད་ཆར་ཆོས་ཀྱི་ཕན་ཡོན་བརྗོད་པའི་དུམ་བུ་འདི་ཡང་ཡིག་ཚགས་ཉུང་ཤས་ཤིག་སྤྱད་ནས། སངས་རྒྱས་ཆོས་ལུགས་ཀྱི་རྟོགས་དཀའ་བའི་མདོ་རྒྱུད་གཞུང་ལུགས་རྒྱ་ཆེན་པོའི་སྙིང་དོན་མདོར་བསྡུས་ཤིང་། དོན་ཉུང་ཚིག་གསལ་གྱི་སྒོ་ནས་སེམས་ཅན་ཀུན་ལ་གདོད་མ་ཉིད་ནས་སངས་རྒྱས་ཀྱི་རང་བཞིན་སེམས་རེ་ལྷན་སྐྱེས་སུ་ཡོད་པའི་ལྟ་བ་གསལ་བར་བསྟན་ཅིང་། སེམས་དེའི་བྱེད་ལས་ཀྱི་རྒྱུ་དང་འབྲས་བུའི་མཐུ་ལས་མངོན་མཐོ་ངེས་ལེགས་ཀྱི་རྟེན་ཐོབ་པའམ། ཡང་ན་ངན་སོང་དུ་ལྷུང་བ་སོགས་འཆད་བྱའི་དོན་རྣམས་གསལ་བར་སྟོན་ནུས་པ་སོགས་ཀྱི་ཐོག་ནས་བོད་ཀྱི་ཡི་གེ་ནི་གནའ་དུས་ནས་རྒྱ་ཆེ་གཏིང་ཟབ་ཀྱི་བརྗོད་དོན་མཚོན་པར་བྱེད་ཐུབ་པའི་སྐད་ཡིག་འཐུས་སྒོ་ཚང་ཙམ་ཞིག་ཡིན་པ་དང་། དུས་མཚུངས་སྐབས་དེའི་བོད་ཀྱི་མཁས་པ་ཚོའི་རིག་གནས་ཀྱི་ཆུ་ཚད་ཀྱང་མཐོང་ཐུབ་ཅིང་། གཞན་ཡང་བཙན་པོའི་དུས་རབས་དེ་རང་ལ་བརྐོས་པ་རྡོ་རིང་གི་ཡི་གེ་གཞན་དང་བསྡུར་ནས་དཔྱད་ན་ཆབ་སྲིད་དང་འཚོ་བའི་མིང་ཚིག་གམ། ཡང་ན་ས་མིང་དང་མི་མིང་སོགས་ལ་འགྱུར་བ་ཆེ་ཙམ་བྱུང་རྐྱེན་དེ་རིགས་དེང་སྐབས་ང་ཚོ་རྒན་རབས་ཚོས་ཀྱང་ཚིག་དོན་གོ་དཀའ་བ་མང་རུང་། འདིར་འཁོད་པའི་ཆོས་ཕྱོགས་ཀྱི་དུམ་བུ་འདི་མང་ཆེ་བ་གོ་ཐུབ་པ་དེའི་ཐོག་ནས་ཀྱང་བར་ལམ་ལོ་ངོ་ཆིག་སྟོང་ལྷག་ཙམ་རིང་བོད་མི་རིགས་ཀྱི་རིག་གནས་འཕེལ་ཕྱོགས་ཀྱི་ཁྱད་ཆོས་དེ་མངོན་གསལ་གྱི་སྒོ་ནས་རྟོགས་ཐུབ་ཀྱི་ཡོད། སངས་རྒྱས་ཆོས་ལུགས་ཀྱི་ནང་དོན་ཐད་ལའང་“རང་སེམས་ཡེ་ནས་སངས་རྒྱས་ཡིན”ཞེས་པའི་མཐར་ཐུག་གི་ལྟ་བའི་འཛིན་མཚམས་དེ་ལ་ད་ཡོད་ཀྱི་ནང་བསྟན་གྲུབ་མཐའ་མི་འདྲ་བ་སོ་སོས་དགག་སྒྲུབ་ཇི་ལྟར་བྱེད་ཀྱིན་ཡོད་པ་སོགས་སངས་རྒྱས་ཆོས་ལུགས་ཀྱི་མཚན་ཉིད་རིག་པ་འཕེལ་འགྱུར་ལ་ཆེད་གཉེར་ཞིབ་འཇུག་གནང་མཁན་ཚོར་དུས་རབས་ཀྱི་རང་བཞིན་གསལ་བའི་གཞི་འཛིན་སའི་དཔྱད་གཞི་གལ་ཆེན་པོ་ཞིག་ཀྱང་བྱུང་ཡོད་སྙམ།
4. ད་དུང་གཙོ་ཆེ་ཤོས་ནི་སྦྱར་བྱང་གི་སྨད་ཆའི་དུམ་བུ་དེ་ཡིན་ཏེ། ཐོག་མར་བྲག་བརྐོས་ཡིག་རིས་འདི་བཞིན་བསྐྲུན་པའི་ལོ་དུས་འཁོད་པའི་སྐོར་གོང་དུ་བརྗོད་ཟིན་པ་ལྟར་དང་། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ། སངས་རྒྱས་ཆོས་ལུགས་ཀྱི་དགེ་སློང་ཆོས་ཀྱི་འགོ་འཛིན་ཙམ་དུ་མ་ཟད་པར་ཆབ་སྲིད་ཀྱི་བཀའ་ཆེན་པོ་ལ་བཏགས་པ་སྟེ་སྲིད་ཀྱི་དབང་འཛིན་ཆེན་པོར་བསྐོས་ཤིང་། གསེར་གྱི་ཡི་གེ་མན་ཆད་ཀྱི་གོ་མིང་གི་ཐོབ་ཐང་བཙལ་ཅེས་འཁོད་པ་ལྟར་བཙན་པོ་འདིའི་སྐབས་བཅོམ་ལྡན་འདས་ཀྱི་རིང་ལུགས་པ་རྣམས་ལ་བཀུར་གཟོས་བདག་རྐྱེན་ཡབ་དང་གཅེན་ཀྱི་དུས་ལས་ཀྱང་ཆེ་ཆེར་བརྒལ་བ་གནང་སྟེ། དགེ་སློང་ལ་ཆབ་སྲིད་ཀྱི་གོ་གནས་དང་དབང་ཆ་ཆེན་པོ་དངོས་སུ་བསྩལ་ལུགས་སོགས་གསལ་བ་མ་ཟད། སྐབས་དེའི་བཀའ་ཆེན་པོ་ལ་གཏོགས་པ་སྟེ་ཆབ་སྲིད་ཀྱི་མདུན་གྲོས་ལ་དབང་བའི་“དགེ་སློང་བྲན་ཀ་ཡོན་ཏན་དང་། ལྷོ་དོན་དམ་དང་། བློན་ཆེན་ཞང་འབྲོ་ཁྲི་གཟུང་རམ་ཤགས་”ལ་སོགས་པར་བཙན་པོས་རྒྱ་དང་མཇལ་དུམ་བྱེད་པའི་ཆབ་སྲིད་ཀྱི་དོན་ཆེན་བཀའ་བསྩལ་ལུགས་སོགས་འཁོད་འདི་ལས། དེ་དུས་ཐང་བོད་དབར་མཇལ་དུམ་གྱི་བྱ་བ་བསྒྲུབ་རྒྱུ་དེ་ནི་བོད་ཀྱི་ཆབ་སྲིད་ལས་ཀའི་ནང་གལ་འགངས་ཆེ་ཤོས་ཤིག་ཡིན་པ་བརྗོད་མ་དགོས། དེ་ལྟ་བུའི་རྒྱལ་སྲིད་ཀྱི་བྱ་བ་ཆེན་པོ་སྒྲུབ་རྒྱུའི་ལས་འགན་སྤྲོད་སྐབས་བློན་ཆེན་པོ་ཞང་ཁྲི་གཟུང་རམ་ཤགས་ཀྱི་མིང་གི་གོང་དུ་དགེ་སློང་གཉིས་ཀྱི་མིང་གཙོ་བོར་བཏོན་ནས་བསྐོས་པ་འདི་ནི་གནའ་རབས་ཀྱི་ཚད་ལྡན་ཡིག་ཆ་གཞན་གྱི་ནང་མཐོང་དཀོན་པ་ཞིག་ཡིན། ཚང་མས་མཁྱེན་གསལ་ལྟར་སྲོང་བཙན་གྱི་རྗེས་ནས་ཁྲི་སྲོང་གི་སྐུ་ཚེའི་སྟོད་ཆ་བར་བཙན་པོ་ལྔའི་རིང་མི་ལོ་བརྒྱ་ལྷག་ཙམ་གྱི་དོན་ཆེན་གནས་བསྡུས་ཀྱི་ལོ་ཚིགས་འཁོད་པའི་ཏུན་ཧོང་གི་ཡིག་རྙིང་(༤)ནང་། ལོ་དེར་བཙན་པོ་ཡུལ་གང་དུ་བཞུགས་པ་དང་བློན་ཆེན་པོ་ཆེ་གེ་མོས་ཆབ་སྲིད་ཀྱི་བྱ་བ་ཆེན་པོ་གང་དང་གང་བསྒྲུབས་པའི་སྐོར་གསལ་བ་ལྟར་བོད་ཀྱི་བཙན་པོ་ཕུད་པའི་འོག་བློན་ཆེན་པོ་ནི་བཙན་པོ་གཉིས་པ་ལྟ་བུ་ཡིན་པ་དང་བསྡུར་ཚེ། དུས་དེ་ནས་བཙན་པོའི་རྒྱལ་རབས་ཀྱི་ཆབ་སྲིད་ལམ་ལུགས་དང་བོད་དུ་དར་བའི་སངས་རྒྱས་ཆོས་ལུགས་གཉིས་ཀར་ངོ་བོའི་རང་བཞིན་ལྡན་པའི་འགྱུར་ལྡོག་ཅིག་བྱུང་ཡོད་པ་ང་ཚོས་མཐོང་ཐུབ་ཅིང་། མཇལ་དུམ་གྱི་ལས་ལ་གཞུག་མཁན་བོད་གོར་ཡེ་ཤེས་དབྱངས་དང་། དགེ་སློང་སྟག་ལོ་གཏན་ཏེ་དང་། གད་ནམ་མཁའི་སྙིང་པོ་དབྱངས་བཅས་གསུམ་པོ་དེ་ཡང་བློན་པོ་སོགས་མིན་པར་དགེ་སློང་དང་གཞན་གཉིས་ཀྱང་བན་དེ་ཡིན་པ་སོ་སོའི་ཆོས་མིང་ནས་གསལ་པོར་མཚོན་པ་བཅས་སྐབས་དེར་ཆོས་ལུགས་ཀྱི་མཐོ་རིམ་མི་སྣས་བཙན་པོའི་ཆབ་སྲིད་ཀྱི་བྱ་བའི་ནང་བྱེད་སྒོ་ཧུར་བརྩོན་ངང་སྤེལ་བ་མཚོན་གྱིན་ཡོད། དེ་དག་གིས་དུས་སྐབས་དེའི་བོད་ཀྱི་ལོ་རྒྱུས་ལ་དཔྱད་ཞིབ་བྱ་རྒྱུར་ཁུངས་བཙན་གྱི་དཔྱད་གཞི་མཁོ་འདོན་བྱས་པར་མ་ཟད། བོད་དུ་ཆོས་སྲིད་ཟུང་འབྲེལ་གྱི་ལམ་ལུགས་ཐོན་ཞིང་འཕེལ་བའི་རྒྱུ་རྐྱེན་དང་འབྱུང་རྩ་སོགས་ལ་ཞིབ་འཇུག་བྱ་རྒྱུར་ཡང་ཕན་ལྡན་གྱི་རྒྱུ་ཆ་རྙེད་ཡོད།
ཕྱོགས་གཞན་ཞིག་ནས་ཐང་བོད་མཇལ་དུམ་གྱི་ལས་ལ་གཞུག་མཁན་དེ་ཚོས་ཆེད་དུ་དམིགས་ནས་ས་འདིར་ནམ་ཡང་མི་ནུབ་པའི་བྲག་ལ་སྐུ་གསུང་གི་རྟེན་དང་སྦྱར་བྱང་གི་ཡི་གེ་འདི་དག་བརྐོས་ཏེ་བཙན་པོའི་སྐུ་རིམ་དང་། མཛད་འཕྲིན་དཔལ་ཡོན་རྒྱས་པ། སེམས་ཅན་བདེ་ཐབས་བཅས་སྨོན་པའི་ཁ་ཚ་དགོས་གཏུགས་ཀྱི་དམིགས་ཡུལ་ནི་རྒྱ་བོད་མི་རིགས་བར་གྱི་མཐུན་འགྲིག་དང་རྒྱལ་ཁམས་བདེ་འཇགས་ཀྱི་མཇལ་དུམ་དེ་བདེ་བླག་ངང་ལེགས་འགྲུབ་ཡོང་བའི་དོན་དུ་ཡིན་པ་གསལ་བར་མཚོན། དཔེར་ན་སྲས་ཀྱི་དུས་སུ་བཙུགས་པའི་ལྷ་སའི་དབོན་ཞང་དབུ་ཟུང་རྡོ་རིང་གི་ཤར་ལྡེབས་ཡི་གེའི་ཕྲེང་༣༤ ནས་༤༧གྱི་བར་དུ་“……བཙན་པོ་ཡབ་ལྷ་ཁྲི་ལྡེ་སྲོང་བཙན་ཀྱི་ཞ་སྔ་ནས། སྒམ་དཀྱེལ་ཆེན་པོས་ནི། ཆོས་སྲིད་ཅི་ལ་ཡང་མཁས་ཤྀང་གསལ། བྱམས་པའྀ་བཀྲིན་གྱིས་ནི། ཕྱི་ནང་མྱེད་པར་ཕྱོགས་བརྒྱད་དུ་ཁྱབ་སྟེ། མཐ་བཞྀ་རྒྱལ་པོ་ཀུན་དང་ཡང་མཇལ་དང་ཅྀང་འདུམ་པར་མཛད་ན། རྒྱ་དང་ལྟ་ཞིག །གཉེན་རྩེག་མ། ཡུལ་ཁྱྀམ་ཚེས་ཡིན་པས། ལྷག་པར་ཆབ་སྲིད་གཅྀག་དུ་དགྱེས་ཏེ། ཕན་ཚུན་དབོན་ཞང་དགོངས་པ་མཐུན་ནས། རྒྱ་རྗེ་ཞེང་ཤྀན་ཤུན་ཤུ་ཧྭང་ཏེ་དང་། མཇལ་དུམ་དུ་མོལ་ཏེ། བཀའ་ཁོན་རྙིང་པ་ནི། སྤྱངས་ཤིང་གསལ་ད། དགྱེས་པ་གསར་ནྀ་བསླས་ཤྀང་བསྟུད་ནས། དེ་ཚུན་ཆད། བཙན་པོ་དཔོན་ནི་སྐུ་ཚེ་གཅྀག །རྒྱ་རྗེ་ཞང་ནྀ་གདུང་རབས་གསུམ་གྱྀ་བར་དུ། བཀའ་ཁོན་ཀྱི་གཅུགས་ནྀ་མ་བྱུང་། དགྱེས་པའི་སྲིད་ཞུ་ནྀ་ཕན་ཚུན་ཕྱད་དེ། ཕོ་ཉ་གཅེས་པ་ལས། བཀའ་ཕྲིན་སྙན་པ་དང་། དཀོར་ནོར་བཟང་པོས་ནྀ། རྒྱུན་དུ་འདྲུལ་ན། མཇལ་དུམ་གྱི་མདོ་ཆེན་པོ་གཙིགས་བཅ་བ་ལྟ་བུ་ཡང་མ་གྲུབ། དབོན་ཞང་མོལད་པའྀ་རྗེས་ཀྱང་ཚར་མ་ཕྱིན་པར་ཐུག་ས་ནོངས་ཀྱིས་བརྩལ་ཏེ……(༥)ཞེས་འཁོད་ཡོད། འོན་ཀྱང་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་དུས་སུ་ཐང་བོད་མཐུན་སྦྱོར་གྱི་མཛད་པ་རྒྱ་ཆེར་བསྐྱངས་པའི་སྐོར་བོད་ཀྱི་ཆོས་འབྱུང་ལོ་རྒྱུས་གཞན་ནང་ཞིབ་ཕྲ་མི་གསལ་ཡང་། བྲག་བརྐོས་ཡི་གེའི་ནང་དངོས་སུ་འཁོད་པ་འདིའང་གནའ་དུས་ནས་རང་རིགས་གོང་འོག་ཚང་མས་རྒྱ་བོད་མི་རིགས་བར་གྱི་མཛའ་བརྩེ་མཐུན་འགྲིག་གི་བྱ་བར་འབད་བརྩོན་བྱས་པའི་ལོ་རྒྱུས་ཀྱི་ལེའུ་ཆེན་པོ་དེར་སླར་ཡང་གལ་ཆེའི་ཁ་སྐོང་ཞིག་བསྣན་པ་ཡིན་སྟབས་སྣང་ཆུང་བྱེད་མི་རུང་བའི་གནའ་ཤུལ་རིག་དངོས་ཀྱི་གྲལ་སྟར་ནང་སྲུང་ཉར་དགོས་པ་ཞིག་ལོས་ཡིན།
5. བྲག་བརྐོས་ཡི་གེ་འདིར་ད་དུང་ཁྱད་ཆོས་གཞན་ཞིག་མཐོང་བ་ནི། ལོ་རྒྱུས་ཀྱི་རིག་དངོས་འདི་གསར་དུ་སྐྲུན་སྐབས་སྤྱིའི་ཞལ་ཏ་བ་སྟེ་ལས་གྲའི་དགོས་མཁོ་དང་། ལས་མིའི་འཚོ་བ་སོགས་ཀྱི་གཙོ་བོའི་དོ་དམ་བྱེད་མཁན་ནི་འོར་ངུ་དགོན་པའི་གནས་བརྟན་རླངས་མཆོག་རབ་དང་། གཟི་བཟང་པོ་དཔལ་བྱ་བ་གཉིས་ཀྱིས་བགྱིས་ཤིང་། ལས་དཔོན་ཏེ་རིས་བརྐོས་ལག་རྩལ་གྱི་བཀོད་འདོམས་འགོ་བྱེད་ནི་དགེ་སློང་ཞི་ཧྲའི་ཞེས་པ་དང་། དགེ་སློང་གཡོང་ཕ་བ་ཤིན་དང་། ཨེན་དམ་ཨེ་བྱ་བ་བཅས་ཀྱིས་བགྱིས་པ། རྡོ་མཁན་ཏེ་བྲག་ལ་བཟོ་བརྐོས་དངོས་སུ་བྱེད་མཁན་ནི་ཨུབ་ས་གི་ཉག་བྲེད་ཤབ་ཅེས་པ་དང་། ཤོད་ལེགས་ཀོང་དང་། ལྡུམ་མ་འགམ་དང་། རྒྱ་རིགས་ཞུན་བོང་ཙེང་ཕ་བུ་དང། ཧྭ་ཧེའུ་ཇིན་བྱ་བ་རྣམས་ཀྱིས་བགྱིས་སོ་ཞེས་འཁོད་པ་མ་ཟད། ད་དུང་རྒྱ་རིགས་ལག་བཟོ་པའི་རུས་མིང་དང་རེ་སྨོན་ཡིན་ཚོད་གང་ལྟར་རྒྱ་ཡིག་ཡིག་འབྲུ་བཅུ་ཕྲག་ཁ་ཤས་ཀྱང་གཞོགས་སུ་བརྐོས་ཡོད་པ་བཅས་ལོ་སྟོང་ཕྲག་གོང་གི་བོད་ཀྱི་ལོ་རྒྱུས་སྐྲུན་དངོས་ཤིག་ལ་ཆ་མཚོན་ནས་ལས་ཀའི་དོ་དམ་པ་དང་། བཀོད་འདོམས་པ། ལག་བཟོ་བ་བཅས་ཀྱི་མིང་རུས་ཞིབ་ཕྲ་རྡོ་ལ་གསལ་པོར་བཀོད་པ་འདི་ལྟ་བུ་ནི་དངོས་འབྲེལ་མཐོང་མ་མྱོང་བ་ཞིག་ཡིན། སྐབས་དེའི་དགོས་པ་ནི་ཕལ་ཆེར་འདིར་ཆོས་ལུགས་ཀྱི་བསྔོ་སྨོན་དང་ཡང་འབྲེལ་བས་འབྲེལ་ཐོགས་ཚང་མར་དགེ་འབྲས་ཀྱི་བགོ་སྐལ་རེ་འཐོབ་པའི་ཆེད་དུ་དམིགས་པ་ཡིན་ཤས་ཆེ། འོན་ཀྱང་ད་ལྟ་ལོ་རྒྱུས་ཞིབ་འཇུག་བྱེད་མཁན་ལ་ཆ་མཚོན་ན་དེ་རིགས་ཀྱང་རིན་ཐང་ལྡན་པའི་དཔྱད་གཞིར་འགྱུར་སྲིད་སྙམ། དཔེར་ན་སྐབས་དེ་དུས་བྲག་ལ་ཡིག་རིས་བརྐོ་བའི་ལས་གྲ་དེ་ཙམ་ཞིག་ལའང་གཏོང་ཡོང་བདག་གཉེར་དང་། ལག་རྩལ་བཀོད་འདོམས། ཞིབ་ཕྲའི་ལག་བཟོ་སོགས་རང་རང་གི་ལས་བགོས་ཁ་གསལ་བའི་སྒྲིག་གཞི་དེ་ལྟ་བུ་ཡོད་པ་ལ་དཔགས་ན། དུས་དེའི་སྤྱི་ཚོགས་ཀྱི་སྒྲིག་གཞི་དང་དཔལ་འབྱོར་དོ་དམ་ལམ་ལུགས་སོགས་ལ་ཚོད་ཞིབ་བྱ་རྒྱུར་དཔྱད་གཞི་ངོ་མཚར་ཅན་ཞིག་བྱུང་བ་དང་། གཞན་ཡང་རྡོ་བརྐོའི་ལག་ཤེས་པ་མི་དྲུག་གི་ནང་དུ་རྒྱ་རིགས་གསུམ་ཡོད་པ་དེ་ལས་གནའ་རབས་བོད་ཀྱི་འཛུགས་སྐྲུན་བཟོ་རྩལ་མང་པོའི་ནང་རྒྱ་བོད་མི་རིགས་གཉིས་ལག་གདང་དཔུང་གཤིབ་ཀྱི་མཉམ་ལས་དམ་ཟབ་བྱེད་པའི་སྲོལ་རྒྱུན་དེ་མཚོན་པ་མ་ཟད། ཆེད་ལས་ཀྱི་སྐྲུན་དངོས་འདིའི་ཐོག་ནས་ཀྱང་རྒྱ་བོད་མི་དམངས་ཚོས་ཕན་ཚུན་བདེ་འཇགས་དང་མཛའ་མཐུན་ཡུན་གནས་ཡོང་པའི་འདུན་པ་གཅིག་གྱུར་དུ་འཆང་བཞིན་ཡོད་པའི་ལོ་རྒྱུས་ཀྱི་དོན་དངོས་དེ་ར་སྤྲོད་གང་ལེགས་བྱེད་ཀྱིན་ཡོད།
སྦྱར་བྱང་གི་མཐའ་འདོམས་སུ། བཀའ་ཁྲིམས་ཀྱི་ཐོག་ནས་ཀྱང་ཆོས་ལ་ངན་གནོད་བྱས་ན་བྱེད་པ་པོ་སྨོས་ཅི། ཕ་མེས་སྤུན་མཆེད་ཚུན་ཆད་ལ་ཉེས་ཆད་གཅོད་པར་བྱེད་དོ་ཞེས་གསལ་བ་དེ་ཡང་བཙན་པོ་ཡབ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་བོན་བསྣུབས་ནས་བོད་འབངས་ཐམས་ཅད་སངས་རྒྱས་ཀྱི་ཆོས་ལ་སྤྱོད་དགོས་པར་བཀས་བཅད་པ་མ་ཟད། རྒྱལ་བློན་དབོན་སྲས་དང་བཅས་པ་བྲོ་བོར་བ་ལྟར་སྲས་ཀྱི་དུས་སུའང་ཆོས་ལ་ངོ་རྒོལ་བགྱིས་ན་ཁྱིམ་ཚང་མི་རྒྱུད་དང་བཅས་ལ་ཉེས་པ་གཅོད་པའི་ཁྲིམས་སྲོལ་ནན་པོ་ཡོད་པ་ལ་གསལ་བར་མངོན་པ་དེ་ལས། སྐབས་དེའི་སྤྱི་ཚོགས་ཀྱི་བསམ་བློའི་འགལ་བ་ཛ་དྲག་པོ་དེ་མཐོང་ཐུབ་པའི་ཁར། རིང་པོར་མ་ལོན་པར་བྱུང་བའི་ཁྲི་རལ་པ་ཅན་ཀྱི་དུས་རྒྱལ་བློན་ནང་གསོད་ཀྱི་དོན་རྐྱེན་དང་། བོད་སིལ་བུར་ཐོར་བ། དེ་རྗེས་བོད་ཀྱི་ཆོས་སྲིད་ཁྲིམས་སྲོལ་དང་ལམ་ལུགས་འབྱུང་གཞིའི་ཐད་སོགས་ལ་ཞིབ་འཇུག་བྱ་རྒྱུར་ཡང་དཔྱད་གཞིའི་འབྲེལ་བ་ངེས་ཅན་ཞིག་ལྡན་ཡོད་སྙམ་མོ།
བཞི་པ། མཇུག་བསྡུ་བ།
གོང་དུ་བོད་ལྗོངས་ལྡན་མ་བྲག་རྩའི་བྲག་བརྐོས་ཡིག་རིས་སྐོར་ཞིབ་ཕྲའི་གནས་ཡུལ་དང་ནང་དོན་རགས་བསྡུས། བསྐྲུན་པའི་ལོ་དུས་དང་དཔྱད་གཞིའི་རིན་ཐང་ཐད་རང་ཉིད་ཀྱི་ལྟ་ཚུལ་བཅས་བྲིས་པ་འདི་ནི་གཟིགས་པ་པོ་རྣམས་ལ་རིག་དངོས་དེ་ཐོག་མའི་མཚམས་སྦྱོར་ཞུ་ཆེད་ཙམ་ཡིན་པས་ཆ་ཚང་བ་དང་ཡང་དག་པ་ཞིག་བྱུང་མེད་པ་གོར་མ་ཆག །འོན་ཀྱང་གནའ་རབས་ཀྱི་བྲག་བརྐོས་རིག་དངོས་འདི་ནི་བོད་ཀྱི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་དུས་སུ་བསྐྲུན་པས་ད་ཕན་མི་ལོ་ཆིག་སྟོང་ཉིས་བརྒྱ་ལ་ཉེ་བ་ཞིག་སོང་ཟིན་པ་དང་། ནང་དོན་ཀྱི་ཐད་ལའང་ཆབ་སྲིད་དང་། ལམ་སྲོལ། ཆོས་ལུགས་དང་། བསྒྱུར་ཡིག །བརྐོས་རིས། ཁྲིམས་སྲོལ་སོགས་ཕྱོགས་མང་པོ་དང་འབྲེལ་བས་གནའ་རབས་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་ཡིད་རྟོན་རུང་བ་བཟོ་བཅོས་ཀྱི་དྲི་མས་མ་གོས་པ་ཞིག་ཡིན། དེ་ལྟ་ནའང་བོད་རྙིང་པའི་སྐབས་གནའ་རབས་ཀྱི་ལོ་རྒྱུས་རྗེས་ཤུལ་དངོས་པོ་འདི་རིགས་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་མཁན་དཀོན་པས་དེ་སྔའི་བོད་ཀྱི་རྒྱལ་རབས་ཆོས་འབྱུང་ཁག་གི་ནང་འཁོད་མ་ཐུབ་པ་དང་། བོད་ཞི་བས་བཅིངས་བཀྲོལ་ཐོབ་རྗེས་རྒྱལ་ཁབ་ནས་བོད་ཀྱི་གནའ་རབས་རིག་དངོས་རྗེས་ཤུལ་ལ་སྲུང་སྐྱོབ་དང་འཚོལ་ཞིབ་བྱ་རྒྱུར་ཐུགས་འཁུར་ཆེ་བཞེས་ཀྱིས་འབྲེལ་ཡོད་སྡེ་ཚན་ནས་བོད་དུ་ཆེད་གཉེར་གནའ་རྫས་འཚོལ་ཞིབ་མི་སྣ་སྔ་རྟིང་དུ་གཏོང་གནང་བ་མ་ཟད། ས་གནས་རང་དུའང་བདག་གཉེར་ཚན་པ་ཆེད་འཛུགས་བཅས་གནང་ཡོད་རུང་། བྲག་བརྐོས་ཀྱི་ཡིག་རིས་འདི་ད་ཕན་བཙན་པོའི་དུས་རབས་ཀྱི་རྡོ་བརྐོས་ཡི་གེ་ཕྱོགས་སྒྲིག་གི་ཁོངས་སུ་ཚུད་མེད་ལ། དཔྱད་ཞིབ་བྱེད་མཁན་ཡང་བྱུང་མེད་པས་བོད་ཀྱི་གནའ་རབས་ལོ་རྒྱུས་ལ་ཞིབ་འཇུག་བྱ་རྒྱུའི་ངོས་ནས་བཤད་ན་དཔྱད་གཞིའི་རྒྱུ་ཆ་གསར་པ་ཞིག་ཡིན། འོན་ཀྱང་དེང་སྐབས་བོད་ཀྱི་རིག་གནས་ཤུལ་རྒྱུན་ལ་མཐོང་ཆེན་བྱེད་པའི་བྱ་གཞག་འཕེལ་རྒྱས་ཀྱི་དུས་བབ་བཟང་པོའི་ནང་ཐོན་པའི་གསར་རྙེད་གནའ་ཤུལ་རིག་དངོས་མང་པོའི་ངོས་ནས་བཤད་ན་དེ་ནི་ཆ་ཤས་ཙམ་ཞིག་རང་ཡིན། དེ་བས་གཞི་རྒྱ་ཆེ་བའི་འདམ་གཞུང་སོགས་བྱང་རྒྱུད་ཀྱི་གནའ་རབས་པང་སོའི་ཁྱུ་ཚོགས་ཆེན་པོ་དང་། ལོ་ཁྲི་སྟོང་གོང་གི་རྡོ་ཆས་གསར་རྙིང་དུས་རབས་ཀྱི་ས་འོག་རིག་དངོས་སོགས་གཅིག་རྗེས་གཉིས་མཐུད་ཀྱི་ཐོན་བཞིན་ཡོད། དེ་དག་ཚང་མའི་ཐོག་ནས་ཀྲུང་གོ་ནི་བོད་ཤེས་རིག་གི་ཕ་ཡུལ་ཡིན་པ་དང་། བོད་ལྗོངས་ནི་བོད་ཀྱི་ཤེས་རིག་གི་འབྱུང་ཁུངས་འབའ་ཞིག་ཡིན་པའི་ཆོད་གཏམ་དེ་ནུས་ལྡན་གྱི་སྒོ་ནས་ར་སྤྲོད་གང་ལེགས་བྱུང་དང་འབྱུང་བཞིན་པ་ཡིན། དེས་ན་རང་རེར་ཡོད་པའི་ཕུལ་བྱུང་གི་ཆ་རྐྱེན་ཡོད་ཚད་འདོན་སྤེལ་ལེགས་པར་བྱས་ཐོག ། བློ་སྟོབས་ཆེར་སྐྱེད་དང་། དངོས་ཐོག་བདེན་འཚོལ། དཀའ་སྤྱད་འབད་བརྩོན་གྱི་ལས་ཀ་བྱས་ཏེ་རྒྱལ་ནང་གི་བོད་ཀྱི་ཤེས་རིག་གི་མཁས་ཅན་རྣམས་དང་མཉམ་ལས་དམ་ཟབ་བྱེད་པ་མ་ཟད། རྒྱལ་ཕྱིའི་ལས་རིགས་གཅིག་པའི་གྲོགས་པོ་ཚོ་དང་ཡང་རིག་གཞུང་གི་སྤེལ་རེས་གང་མང་བྱེད་པ་བཅས་བརྒྱུད་ང་ཚོའི་བོད་ཀྱི་ཤེས་རིག་ཞིབ་འཇུག་གི་བྱ་གཞག་འདི་མགྱོགས་མྱུར་ཆུ་ཚད་གསར་བ་ཞིག་ཏུ་གོང་སྤེལ་གཏོང་ཆེད་ཚང་མས་འབད་འཐབ་ཡོང་བའི་རེ་བ་ཞུ་རྒྱུ་ཡིན།
ལུང་ཁུངས་མཆན་འགྲེལ།
(༡)《རྒྱལ་རབས་གསལ་བའི་མེ་ལོང་》པེ་ཅིན་ལྕགས་པར་མའི་དེབ་ངོས122ཕྲེང་15
(༢)《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》པེ་ཅིན་ལྕགས་པར་མའི་དེབ་ངོས་14ཕྲེང་12
(༣) 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》པེ་ཅིན་ལྕགས་པར་མའི་དེབ་ངོས་12ཕྲེང་13
(༤) 《ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་》པེ་ཅིན་ལྕགས་པར་མའི་དེབ་ངོས་15ཕྲེང་ 14
(༥) 《བོད་ཀྱི་གནའ་རབས་ཡིག་ཆ་གཅེས་བསྡུས་》པེ་ཅིན་ལྕགས་པར་མའི་དེབ་ངོས་12ཕྲེང་13