༄༅།། བོད་ཀྱི་དམངས་ཁྲོད་རྩོམ་རིག་ལས་བཟའ་བཏུང་སྐོར་གྱི་བཤད་པ་འགའ་ལ་རགས་ཙམ་གླེང་བ།
དོན་གྲུལ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས།རྩེར་སྙེག སྤེལ་དུས། 12-21
དོན་གྲུལ་རྒྱལ།
གླེང་གཞི།
བཤད་པ་ནི་བོད་དུ་དར་སྔ་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་ལ་མི་རིགས་རང་གི་ཁྱད་ཆོས་ཆེ་ཆེར་ལྡན་པའི་ངག་ཐོག་གི་རྩོམ་རིག་སྒྱུ་རྩལ་ཞིག་ཡིན་ལ། དེ་ཡང་རྒྱ་ཆེ་བའི་བོད་རིགས་མི་དམངས་ཀྱིས་ངལ་རྩོལ་དང་ཐོན་སྐྱེད་འཚོ་བའི་ཁྲོད་དུ་ཐུན་མོང་གིས་གསར་སྐྲུན་དང་དར་ཁྱབ་བཏང་ནས་བྱུང་བ་ཞིག་ཡིན་པ་མ་ཟད། ནང་དོན་ཕུན་སུམ་ཚོགས་ཤིང་རྩོམ་སྟངས་སྣ་མང་ཅན་ཞིག་ཡིན་ཏེ། ལ་ལས་འཇིག་རྟེན་སྲོལ་ལུགས་བརྗོད་པ་དང་། ལ་ལས་འཇིག་རྟེན་ཆགས་ལུགས་གཟིགས་མོར་སྟོན་པ། ལ་ལས་ཐོན་དངོས་ཀྱི་བྱུང་རབས་བརྗོད་པ་དང་ལ་ལས་འཇིག་རྟེན་གྱི་གནས་ལུགས་གསལ་བོར་སྟོན་པ། ལ་ལས་བཀྲ་ཤིས་གཡང་འབོད་ཀྱི་མེ་ཏོག་གཏོར་བ་སོགས་ཡོད་དེ། འགྲོ་བ་མིའི་རིགས་བྱུང་བ་ནས་བཟུང་རང་རེའི་མེས་པོ་རྣམས་ཀྱི་རང་བྱུང་ཁམས་ཆེན་པོ་དང་འཐབ་ཅོད་བྱས་པའི་བརྒྱུད་རིམ་ཁྲོད་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་མ་ཟད་ལྷག་པར་དུ་བོད་མི་རིགས་ཀྱི་འཚོ་རྟེན་གྱི་གཞི་མ་བཟའ་བཏུང་། རྒྱན་གོས། སྡོད་གནས་སོགས་དང་། སྤྱི་ཚོགས་ཀྱི་འཚོ་བའི་སྒྲིག་གཞི་སྣ་ཚོགས་དང་། དེའི་བྱུང་བ་ལས་གཞན་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བྱུང་བའི་འཚོ་རྟེན་དངོས་པོའམ་ཐོན་སྐྱེད་རྒྱུ་ཆ་ཁྱད་པར་བ་སོགས་ལ་ཆེ་བརྗོད་བྱས་ཡོད་ལ། "ད་ལྟ་འཚོལ་སྡུད་བྱས་པའི་བཤད་པའི་སྐོར་ལ་དཔྱད་སྡུར་ཅིག་བྱས་ན། གཤམ་གྱི་ཚོས་ཉིད་འདི་འདྲ་ཞིག་མཐོང་ཐུབ་སྟེ། གནའ་བོའི་ཡོ་རོབ་ནུབ་མའི་མིས་བྲག་ལྡེབས་ལ་རང་གི་འཚོ་གནས་ཁོར་ཡུག་དང་འཚོ་རྟེན་ཡོ་བྱད། བཏུལ་བའི་སྲོག་ཆགས་རྒྱུས་ཡོད་ཀྱི་གཟུགས་དབྱིབས་བྲིས་པ་དེང་སང་མཐོང་རྒྱུ་ཡོད་པ་ཇི་བཞིན། བོད་ཀྱི་ཡུལ་གྲུ་ཀུན་ཏུ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་བསྟོད་པ་སོགས་ཀྱི་བཤད་པ་ཡོད་དོ་ཅོག་ཀྱང་། བོད་རང་གི་རང་བྱུང་ཁོར་ཡུག་དང་། འཚོ་རྟེན་ཉེར་སྤྱོད། ཡུལ་སྲོལ་གོམས་གཤིས། བསམ་བློའི་འདུ་ཤེས་དག་དང་འབྲལ་ཐབས་མེད་པའི་རིགས་ཤ་སྟག་རེད།
"①གང་ལྟར་བཤད་པ་ནི་རང་རེའི་མེས་པོ་རྣམས་ཀྱིས་གསར་སྐྲུན་དང་དར་སྤེལ་བྱས་པའི་ངག་གི་སྒྱུ་རྩལ་ཞིག་ཡིན་ལ། འཚོ་བའི་ཤེས་བྱ་དང་ཉམས་མྱོང་ཁྱབ་བརྡལ་དང་བརྒྱུད་འཛིན་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན། དེ་མིན་ད་དུང་བཤད་པ་ནི་བོད་རང་ལ་གོམས་ཆེ་ཞིང་འཚོ་རྟེན་དང་འབྲལ་ཐབས་མེད་པའི་དངོས་པོའི་རིགས་ཀྱི་བྱུང་བ་བརྗོད་པའི་ཆེ་བརྗོད་ཞིག་ཡིན་པ་མ་ཟད། འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་དང་བརྒྱུད་འཛིན་བྱེད་པའི་ཐབས་ལམ་ཞིག་ཀྱང་ཡིན། དེས་གནའ་བོའི་བོད་མིའི་ཚོས་རང་བྱུང་ཁམས་དང་འཐབ་རྩོད་བྱས་པ་བརྒྱུད་དེ་འཚོ་རྟེན་ལོངས་སྤྱོད་དང་ཞིང་ཕྱུགས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་གྱི་ཤེས་བྱ་གསོག་འཇོག་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད། མི་རིགས་གང་དང་གང་ཞིག་ཡིན་རུང་འཚོ་རྟེན་གཞི་མ་བཟའ་བཏུང་དང་ཁང་ཁྱིམ་རྒྱན་གོས་སོགས་ནི་མེད་དུ་མི་རུང་བ་ཞིག་ཡིན་དེ། རང་རེའི་བོད་ལ་མཚོན་ནའང་ཐུན་མོང་མ་ཡིན་པའི་འཚོ་གནས་ཁོར་ཡུག་གིས་ཐུན་མོང་མ་ཡིན་པའི་རིག་གནས་ཞིག་བསྐྲུན་ཡོད་ལ། བཤད་པར་ལོ་རྒྱུས་ཀྱི་དུས་རིམ་མི་འདྲ་བའི་ནང་བྱུང་བའི་འཚོ་རྟེན་དངོས་པོའམ་ཐོན་སྐྱེད་རྒྱུ་ཆ་ཁྱད་པར་བའི་བྱུང་བའམ་ཆེ་བ་དེ་བཞིན་རྟེན་འབྲེལ་དང་ཁ་གཡང་དག་བརྗོད་ཡོད་དེ། དཔེར་ན་ཇ་བཤད་དང་སྦྲ་བཤད། རྟ་བཤད། རྟེན་བཤད། མདའ་བཤད། འུར་བཤད་སོགས་མིང་དུ་མཆིས་ལ་ལྷག་ཏུ་བཟའ་བཏུང་གྱི་ཕྱོགས་ནས་ཀྱང་འབྲུ་དྲུག་ནས་གྱི་བཤད་པ་དང་ཇ་བཤད་ཆང་བཤད། གོ་རེའི་བཤད་པ། ཤ་བཤད་སོགས་མང་དུ་པོ་ཡོད། དེ་བཞིན་དུ"མགོ་ནག་མི་ལྟོ་ལ་རེ་ཞིང་། བཟའ་བཏུང་གིས་མི་རྣམས་ཀྱི་འཚོ་བའི་ཁྲོད་གོ་གནས་གལ་ཆེན་ཞིག་བཟུང་ཡོད་པ་མ་ཟད། དེས་མི་རྣམས་ཀྱི་ལུས་ཁམས་ཀྱི་དགོས་མཁོ་སྐོང་ཐུབ་ལ། ད་དུང་དེ་ལ་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་ཡང་འདུས་ཡོད། ཚད་ངེས་ཅན་ཞིག་གི་སྟེང་ནས་མི་རྣམས་ཀྱི་བསམ་པའི་འདོད་བློ་ཡང་སྐོང་བཞིན་ཡོད།
"②སྤྱིར་འཛམ་གླིང་སྟེང་གི་མི་རིགས་གང་དང་གང་ཞིག་ཡིན་རུང"གདོད་མའི་དུས་སུ་མི་རྣམས་ཀྱིས་བཟའ་བཏུང་གཡོས་སྦྱོར་གྱི་ཐབས་ལམ་ལ་དང་ཐོག་ཤ་རློན་ཟ་བ་དང་དེ་ནས་རིམ་བཞིན་མེར་བསྲེགས་པ(roasting)དང་ཆུ་ལ་བཙོ་བའི(boiling)ཐབས་ལམ་དེ་བརྒྱུད་པ་རེད།
"③གདོད་མའི་དུས་སུ་མེས་པོ་རྣམས་ཀྱིས་གོས་སུ་ཤིང་ལོ་དང་ཟས་སུ་མ་རྨོས་པའི་ལོ་ཏོག་ཟ་བའི་དུས་རབས་དེ་བརྒྱུད་ནས་རིམ་བཞིན་མེ་ལ་མ་བསྲེགས་ཤིང་ཆུ་ལ་མ་བཙོས་པའི་རི་དྭགས་ཀྱི་ཤ་རློན་ཟ་བའི་དུས་ཡུན་རིང་བོ་ཞིག་བརྒྱུད་མྱོང་ཡོད་ལ། རིམ་བཞིན་རང་གི་བློ་གྲོས་དད་ཐབས་ཤེས། ས་ཆའི་ཐོན་ཁུངས། གནམ་གཤིས་ཚ་གྲང་། ཁོར་ཡུག་གི་ཆ་རྐྱེན་སོགས་ཕྱོགས་མང་པོའི་ཐད་ཀྱི་དགེ་འཚོལ་ཉེས་སྤོང་དང་ཉམས་མྱོང་ཕྱོགས་བསྡོམ་བྱས་ཐོག"ཟས་དང་སྐོམ་ཕན་པའི་དབྱེ་བ་ཕྱེ་བ"དང"ཡོན་ཏན་དང་ལྡན་པའི་ཟས་དང་སྐོམ་ནི་སྲོག་འཛིན་པ་བྱེད་པ་ཡིན།
"④ཞེས་གསུངས་པ་ལྟར་ལྟོ་བར་ཕན་པའི་ཟས་དང་སྐོམ་ལ་མཁོ་བའི་ཆུ་སྟེ་བཟའ་བ་དང་བཏུང་བ་གཉིས་ཀྱི་དབྱེ་སྒོ་བྱུང་ལ། དེ་ནས་རིམ་གྱིས་མི་རྣམས་ཀྱི་འཚོ་བའི་ཆུ་ཚད་དང་ཐོན་སྐྱེད་ཀྱི་ནུས་པ་གོང་འཕེལ་དུ་འགྲོ་བ་དང་བསྟུན་ནས་བཟའ་བཏུང་རིག་གནས་གྱི་ནང་དོན་ཡང་ཕུན་སུམ་ཚོགས་པར་གྱུར་ལ། འབྲུ་ལ་གྲོ་ནས་སྲན་གསུམ། །བཅུད་ལ་ཤ་མར་ཕྱུར་གསུམ། །སྐོམ་ལ་ཇ་ཆང་འོ་གསུམ། །མངར་ལ་བུར་སྦྲང་ཀར་གསུམ། །ཞེས་པ་དང་། འབྲུ་རིགས་ཀྱི་མཆོག་ནས་དང་གྲོ། སྐྱེ་དངོས་ཀྱི་མཆོག་གྲོ་མ་དང་སེར་ཤ། དཀར་ཟས་ཀྱི་མཆོག་ཞོ་དང་ཕྱུར་བ། །དམར་ཟས་ཀྱི་མཆོག་ལུག་ཤ་དང་ནོར་ཤ། སྣུམ་རིགས་ཀྱི་མཆོག་མར་དང་པད་ཁ། །བཏུང་བའི་མཆོག་ཇ་དང་ཆང་། །མངར་གྱི་མཆོག་ཀ་ར་དང་བུ་རམ་ཞེས་ཟས་ཀྱི་སྤྱོད་སྒོ་དང་བྲོ་བའི་རྣམ་གྲངས་མཆོག་དམན་གྱི་དབྱེ་བ་སོགས་མང་པོ་བྱུང་ཞིང་། བཟའ་བཏུང་དེ་དག་གི་སྤྱོད་སྒོའི་ཐད་ལ་ཁོར་ཡུག་དད་ཡུལ་དུས་ཀྱི་ཆ་ནས་དུས་སྟོན་དང་མགྲོན་བསུ། རྒྱུན་ལྡན་གྱི་བཟའ་བཏུང་སོགས་ཡོད་དོ། །
ང་ཚོས་བཟའ་བཏུང་ལོངས་སུ་སྤྱོད་པ་དང་དེ་མཚུངས་སུ་དེའི་བྱུང་བ་ཤེས་དགོས་ལ་ཡོན་ཏན་ཀྱང་རྟོགས་དགོས་ཏེ། ད་དུང་དེའི་ཁྱད་ཆོས་སོགས་ཀྱང་ངེས་དགོས་པས། རང་རེའི་མེས་པོ་རྣམས་ཀྱིས་གནའ་ནས་ད་ལྟའི་བར་དུ་ངལ་རྩོལ་དང་འཚོ་བའི་ཉམས་མྱོང་ཁྲོད་གསར་རྩོམ་དང་དར་སྤེལ་རྒྱུད་འཛིན་བྱས་པའི་འབྲུ་དྲུག་ནས་ཀྱི་བཤད་པ་དང་ཇ་ཆང་གི་བཤད་པ། ཤ་བཤད་སོགས་ལས་རེ་རེ་བཞིན་དེ་དག་གི་བྱུང་བ་དང་ཡོན་ཏན། ཁྱད་ཆོས་སོགས་གསལ་བོར་བརྗོད་ཡོད་དོ། །དེ་ལ་ཕྲན་གྱིས་འདིར་དཀར་ཟས་ཀྱི་བཤད་པ་དང་དམར་ཟས་ཀྱི་བཤད་པ་ཤེས་རིགས་གཉིས་སུ་དབྱེ་ནས་བཤད་པར་བྱ་བ་གཤམ་གསལ།
གཅིག དཀར་ཟས་ཕྱོགས་ཀྱི་བཤད་པ།
དེ་ཡང་བཟའ་བཏུང་ལ་རིགས་ཆེན་པོའི་སྒོ་ནས་དབྱེ་ན་དཀར་ཟས་དམར་ཟས་གཉིས་སུ་འདུས་ལ། དཀར་ཟས་རིགས་ལའང་སྤྱིར་འབྲུ་ཕྱེ་རིགས། བཏུང་བྱའི་རིགས་སོགས་མང་པོ་ཡོད་དེ། 《དམངས་སྲོལ་རིག་པའི་སྤྱི་དོན》ལས"དཀར་ཟས་ཀྱི་རིགས་ལ་འོ་སྐམ་དང་ནི་འོ་སྤྲིས་འོ་སྐྱོ་དང་། །སྤྲི་དང་ཞོ་དང་འོ་ཞོ་དར་ཞོ་དང་། བུར་ཞོ་རྩམ་ཞོ་ཞོ་ཕྱུར་ཞོ་ཡོས་དང་། །ཞོ་འབྲས་དང་ནི་ཞོ་ཡི་གྲོ་མ་དང་། །དར་བ་ཕྱུར་རློན་ཕྱུར་ཁུ་སྐྱ་ཕྱུར་དང་། ། སྔོ་ཕྱུར་རམ་ཕྱུར་མར་སེར་མང་དུ་མཆིས། །འདི་དག་རྩ་བའི་རྒྱུ་ནི་འོ་མ་སྟེ། །ད་དུང་རྩམ་སྐྱ་ནས་ཡོས་འབྲས་གྲོ་མ། །རམ་རྩམ་ལ་སོགས་བསྲེས་པ་དེ་དག་གི །རོ་བཅུད་བྲོ་བ་སོགས་ཀྱང་མངོན་ཐུབ་བོ། །འབྲུ་ཕྱེའི་རིགས་ལ་ནས་ཡོས་དང་ནི་ནས་རྩམ་གྲོ་ཡོས་དང་། །གྲོ་རྩམ་ཡུག་རྩམ་སྲན་བརྔོས་སྲན་ཕྱེ་དང་། རམ་རྩམ་ཡོས་མར་གྲོ་མའི་རྩམ་པ་དང་། །གྲོ་མའི་ཟན་དང་ཟྭ་རྒོར་གཡིས་གོར་དང་། །འོ་རྩམ་ཞོ་རྩམ་དར་རྩམ་སྐྱ་སྲབ་དང་། །ཟར་རྩམ་མར་རྩམ་ཐལ་གོར་ལྕགས་གོར་དང་། །གྱོང་རྡོག་འབའ་གོར་དང་ནི་གོ་དམར་དང་། །གོ་རེ་ཆུ་བརྫིས་སྐྱུར་བརྫིས་ལ་སོགས་ཡིན། །བཏུང་བའི་རིགས་ལ་ཆུ་ཁོལ་དང་ནི་ཇ་ཐང་བསིལ་ཇ་དང་། །ཇ་བསྲུབས་མའམ་དཀྲུག་ཇ་འོ་མ་དང་། །འོ་ཇ་ནས་ཆང་གྲོ་ཆང་འབྲས་ཆང་དང་། །རྒུན་ཆང་ཆང་རག་སེང་ལྡེང་སྟར་བུ་ལས། །ཆང་རིགས་ལས་གཞན་དག་ནི་བསྐོལ་བའི་རིགས། །
"⑤ཞེས་ཟས་སྣ་མང་པོ་ཡོད་ལ་དེ་དག་རེ་རེ་ལ་ཡང་ནས་བཤད་དང་ཆང་བཤད། ཇ་བཤད། གོ་རེའི་བཤད་པ། འོ་ཇའི་བཤད་པ་སོགས་མང་དུ་མཆིས་ལ་གཤམ་དུ་དཔེ་མཚོན་འགའ་དྲངས་ནས་གཅིག་ཤེས་ཀུན་གྲོལ་བྱའོ། །
༡.ནས་ཀྱི་བཤད་པ།
འབྲུ་རིགས་སྣ་ལྔའི་ཡ་གྱལ་དུ་གྱུར་པའི་སྔོན་མོ་ནས་ནི་བསིལ་ལྡན་ཁ་བའི་ལྗོངས་འདིར་སྐྱེ་བའི་འབྱུ་སྣ་ཀུན་གྱི་གཙོ་བོ་ཞིག་ཡིན་པ་མ་ཟད། བོད་ཀྱི་ཟས་མཆོག་སྦྲང་དཀར་རྩམ་པའི་རྒྱུ་གཙོ་བོ་ཞིག་ཀྱང་ཡིན་པས། གནའ་མིའི་ཁ་དཔེ་ལ་སྦྲང་དཀར་རྩམ་པས་མགོ་ནག་བོད་པ་གསོས་ཞེས་རྩམ་པ་ནི་བོད་ཀྱི་ཟས་རིགས་ཀུན་གྱི་དྭངས་མ་རུ་བརྩི་བཞིན་ཡོད་པ་དང་། ཆོལ་གསུལ་བོད་ཀྱི་ཡུལ་གྲུ་ཀུན་ཀྱི་སྤྱི་ཟས་སུ་གྱུར་ཡོད་ལ། འཚོ་རྟེན་གྱི་གཞི་མ་ལྟ་བུའང་གྱུར་ཡོད། རིག་གནས་ཀྱི་རྒྱལ་ལྗོངས་འདི་འདྲ་ཞིག་གི་འོག་ནས་བྱུང་བའི་འབྲུ་དྲུག་ནས་ཀྱི་བཤད་པ་འདིས་ནས་ཀྱི་བྱུང་བ་ཁོ་ན་བརྗོད་པ་མ་ཡིན་པར་དེ་དང་འབྲེལ་བའི་ཞིང་ལས་ཀྱི་དམངས་སྲོལ་མང་པོ་ཞིག་ཀྱང་བཤད་ཡོད། དེ་ཡང《འབྲུ་དྲུག་བསྟོད་པ་གཡུ་ཡི་རྦ་རླབས》སུ་གནའ་མི་ཚོས་ཞིང་ལས་ཐོན་སྐྱེད་ཀྱི་ཡོ་བྱད་ཐོང་གཤོལ་ལ་བརྟེན་ནས་ཞིང་ལ་ལོག་རྒྱག་པ་དང་། "ལུད་ཀྱི་དྲི་ངན་མེད་ན། ཟས་ཀྱི་དྲི་ཞིམ་མེད།"ཞེས་པ་བཞིན་ཞིང་ལ་ལུད་འཇོག་པ། ས་བོན་འདེབས་པ། ཡུར་མ་ཡུར་བ། ལོ་ཏོག་བརྔ་བྱེད་ཀྱི་ཟོར་བས་ཞིང་འབྲེག་པ། འབྲི་གཡག་གིས་རྡོ་རིལ་དྲུད་ནས་གཡུལ་གཅོག་པ། འབྲུ་མཛོད་དུ་གསོག་འཇོག་བྱེད་པ། མཐའ་མར་ཡོས་སུ་བརྔོས་ཤིང་རྩམ་པར་འཐག་ཚུལ་ཀྱི་བརྒྱུད་རིམ་རྣམས་གོ་རིམ་མ་འཁྲུལ་པར་རེ་རེ་བཞིན་ཚུལ་ཇི་བཞིན་བཀོད་པ་ནི"ནས་འབྲུ་དྲུག་བཟུང་ནས་ཐང་ལ་སོང་། །བ་གླང་གྭ་བར་གྲོས་ཤིག་བྱས། །ཤིང་གི་གཉའ་ཤིང་གུག་མོ་དང་། །ལྕགས་ཀྱི་ཐོང་གཤོལ་གཉའ་ལ་བཞག །ནས་འབྲུ་དྲུག་ས་ལ་འདེབས་རྒྱུ་ཡིན། །……རྐང་བཞི་ཕྱུགས་ཀྱི་ལུད་རྫས་བསྡེབས། །ས་ནག་རླན་ལ་ལོ་གཅིག་བསྙལ། །ཤིང་ཐོ་བ་ཆེན་པོ་ཡི་རིང་གིས། །བརྡུངས་ནས་ཐལ་བར་བཏང་བ་རེད། །ས་གཤིན་པོའི་སྟེང་ལ་ས་བོན་བཏབ། །……ངའི་སྤུན་ཟླ་མགར་བས་འཇོར་ཞིག་བ་རྡུངས། །འཇོར་དེ་ཡི་སྡེར་མོས་ཡང་ཡང་བྲད། །རྩྭ་ལྡུམ་བུ་མ་ལུས་མེད་པར་བལ། །ནས་ལོ་མ་སྣུམ་གྱིས་བྱུགས་འདྲ་རེད། །……ངས་མགར་བ་སྤུན་ལ་གྲོས་ཤིག་བྱས། །རྒྱ་ཟོར་གོར་མོ་ངར་བརྡུངས་བྱས། །ནས་འབྲས་བུ་ས་ལ་ཐོར་རག་བར། །མཛོ་ཁྱུང་དཀར་རྩྭ་སྐྱ་ཟ་ལྟར་བྲེགས། །……ནས་ཞིང་སར་ཤར་ཤར་བྲེག་པ་དེ། །པང་གང་རེ་གང་རེ་མཉམ་པར་སྒྲིག །……ཁྱུང་དཀར་མཛོ་ཡིས་འུར་འུར་དྲུད། ནས་ཕོན་པོ་ནང་ལ་བླངས་ནས་ཐོན། །མཛོ་ཡག་པ་ཁྱུང་དཀར་ཆ་གཉིས་ཀྱིས། །རྡོ་གླིང་བརྒྱད་འུར་འུར་བསྐོར་བར་དྲུད། ནས་མ་ལུས་རྩྭ་དད་བྲལ་བར་གྱུར། །……ཤིང་ལེབ་འདེད་མས་སྤུང་བར་དེད། །ཤིང་ཁེམ་ལེབ་མོས་དགུང་ལ་ཕྱར། ཤིང་ལྕུག་ཕྱགས་མས་དལ་མོར་ཕྱགས། །ནས་འབྲུ་དྲུག་རྩྭ་དང་གཙང་མར་བཀར། །……ནས་འབྲུ་དྲུག་རི་ལྟར་སྤུངས་པ་དེ། །ཤིང་ཙེ་གྲུ་བཞིར་གྲངས་ཀ་ཚད། །ཤིང་སྒམ་གྲུ་བཞིའི་ནང་ལ་བསགས། །ལོ་ཁ་ཤས་འགོར་རུང་རུལ་དོན་མེད། །……རྡོ་གོར་གོར་ཆ་གཉིས་བུ་ག་ཅན། །ཆུ་གཙང་བོས་བསྐོར་ཏེ་འུར་འུར་འཁོར། །ནས་ཁུང་བུ་ནང་ནས་རྡོ་བར་བརྒྱུད། །ཁངས་དཀར་པོ་འདྲ་ཞིག་མཐའ་ལ་བབས། །……
"⑥ཞེས་པ་ལྟར་རོ།
༢.ཇ་བཤད།
བོད་མི་རིགས་ལ་མཚོན་ན་ཇ་ནི་ནམ་རྒྱུན་འཚོ་བའི་ཁྲོད་དུjམེད་དུ་མི་རུང་བའི་བཏུང་བྱ་གཙོ་བོ་ཞིག་ཡིན་ལ། བོད་མི་རིགས་ཀྱི་རིག་གནས་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད། དེའི་འབྱུང་ཁུངས་ཐད་ལ《རྒྱ་བོད་ཡིག་ཚང་ཆེན་མོ》ལས། "རྒྱལ་པོ(འདུས་སྲོང་མང་པོ་རྗེ)འདིའི་དུས་སུ། བོད་ན། སྔར་མེད་པའི་ཇ་དང་། དཀར་ཡོལ་བྱུང་བའི་ལོ་རྒྱུས་ཡོད་པ། ……ཤིང་དེ་ཡི་སྣེ་མོ་གཅིག་ཞལ་དུ་བཅུག་ནས། བྲོ་བ་མྱངས། ཞལ་སྐྱེམ་པ་སོས། བཏུང་པའི་མཆོག་ཏུ་མངོན་ནས། ……
"⑦ཞེས་རྒྱལ་པོ་འདུས་སྲོང་མང་པོ་རྗེའི་སྐུ་རིང་ལ་བོད་ལ་ཇ་དར་བའི་ལོ་རྒྱུས་ངག་རྒྱུན་ཡོད་ལ། ད་དུང་དེའི་སྐོར་ལ་རྒྱ་གཞུང་དུའང《ཇའི་བསྟན་བཅོས》སོགས་ཤིན་ཏུ་རྒྱས་པ་ཡོད་དོ། ཇ་ལ་མཚོན་ན་དགོན་སྡེ་རིག་གནས་གྱི་གྲུབ་ཆ་ཞིག་ཏུའང་གྱུར་ཡོད་དེ། "ཇ་མཆོད་གཙུག་གི་ནོར་བུ་ལས། །བཟའ་བཏུང་བདུད་རྩིའི་བཏུང་བ་ཀུན་གྱི་མཆོག མར་གད་འདབ་ལྡན་རྩ་བ་སྡོང་བུར་བཅས། །འབྲས་བུ་རྣམ་པར་རྒྱལ་བའི་སྨན་ལྟ་བུ། སུམ་རྩེན་བདུད་རྩིའི་རོ་ཡང་ཟིལ་གནོན་པའི། །ཁ་དོག་བཟང་ཞིང་དྲོ་ངད་སྟོང་ཁམས་ཁྱབ། །རོ་དྲུག་ནུས་ལྡན་ཡོན་ཏན་བཅུ་བདུན་རྫོགས། །བཞི་བརྒྱ་རྩབཞིའི་ནད་ཀུན་སེལ་བར་བྱེད། དེ་ལྟར་བཏུང་བའི་མཆོག་གྱུར་ཇ་ཡི་དངོས། །
"⑧ཞེས་ཇ་མཆོད་མཛད་ཡོད་ལ་དེའི་ཇའི་ཡོན་ཏན་དང་ཕན་ནུས་ཀྱང་བརྗོད་ཡོད། ད་དུང"རྒྱ་ནག་གནའ་བོའི་སྨན་པ་མཁས་ཆེན་ཧྭ་ཐུའོ(145-208)ཡིས《ཟས་ཀྱི་རྣམ་བཤད》(《》)ལས། རྒྱུན་དུ་ཇ་འཐུང་ན་རིག་པ་གསལ་དུ་འགྲོ་བའི་དགེ་མཚན་ལྡན་ཞེས་གསུངས་སོ།
"⑨གང་ལྟར་ཇ་འཐུང་བ་ནི་བཀྲེས་སྐོམ་སེལ་བ་ཙམ་མ་ཡིན་པར་ལུས་ཀྱི་ཤ་དྲོད་རྒྱས་ལ་ཁ་ཟས་ཀྱི་ཞི་སྟོབས་གསོ་བ། ཆམ་རིམས་དང་གྲུམ་བུ་རུས་གཟེར་གྱི་ནད་སོགས་སྣ་ཚོགས་སྔོན་འགོག་བྱེད་པའི་ཁྱད་ནུས་མང་པོ་ལྡན་ནོ། སྤྱིར་ཇ་བཤད་ནི་རྟགས་སྟོན་མོའི་དུས་རྒྱག་སྲོལ་ཡོད་ལ་དེ་དང་འབྲེལ་བའི་ཇ་སྣོད་དང་འོ་ཇ་སོགས་ལ་ཡང་བཤད་པ་རྒྱག་སྲོལ་ཡོད། ཇ་བཤད་ལ་ཇ་བཤད་ཡོངས་འཛིན་མེ་ཏོག་དང་ཇ་བཤད་སྐྲ་རྩེའི་ཆུ་ཐིགས། ཇ་བསྟོད་སོགས་འདྲ་མིན་སྣ་ཚོགས་ཡོད་ལ་རྗོད་བྱེད་ཚིག་ལ་ཁྱད་པར་ཅུང་ཙམ་རེ་ཡོད་ཀྱང་བརྗོད་བྱའི་དོན་ཕལ་ཆེར་འདྲ་བར་སྣང་། ཇ་བཤད་དེ་དག་ཏུ་ཐོག་མར་ཇའི་སྐྱེ་ཡུལ་དང་རིགས་བཤད་ཡོད་དེ"……ཇ་འདེབས་བཞིན་འདེབས་བཞིན་ནགས་ལ་སོང་། །ནགས་རླན་གཤེར་ཆེ་བས་ནགས་ནས་སྐྱེས། །……ཉིན་ལ་བཏབ་པའི་ཤིང་དཀར་ཇ། །སྲིབ་ལ་བཏབ་པའི་ཤིང་ནག་ཇ། །ཉིན་སྲིབ་བར་ནས་སྤང་ཇ་བཏབ། །"ཞེས་པ་དང་། ཇ་འཐོག་ཚུལ་ལ"……རྒྱ་ཕྲུག་ཅ་ལ་ཅན་གྱི་འཐོག་སྲོལ་ཡག །རྒྱ་མོ་ཐོར་ལྕོག་ཅན་གྱི་གཞར་སྲོལ་སྲོལ་ཡག"ཞེས་ཇ་གཞལ་ཚུལ་བསྟན་ཡོད་པ་མ་ཟད་ཇ་ནག་གི་འབྱུང་ཁུངས་ཡང་རྒྱ་ནག་ཡིན་པ་ཟུར་ནས་རྟོགས་ཐུབ། དེ་རྗེས་ལ་ཇ་བསྙལ་ཚུལ་དང་དཔར་ཚུལ། བཏུམ་ཚུལ། ཉོ་འཚོང་རྒྱག་སྐབས་གྱི་གོང་གཏམ་ཚུལ་ལ་སོགས་རེ་རེ་བཞིན་བསྟན་ཡོད་པ་ནི"……ཇ་བཙོ་རྒྱུ་བཙོ་རྒྱུ་ཟེར་བའི་དུས། །འབྲོངཤ་བུབས་གཅིག་བཙོ་བཙོ་བྱས། །ཇ་དཔར་རྒྱུ་དཔར་རྒྱུ་ཟེར་བའི་དུས། །ཇ་སྒམ་གྲུ་བཞི་ནང་ནས་དཔར་སྲོལ་ཡག །ཇ་ཐུམ་རྒྱག་རྒྱུ་རྒྱག་རྒྱུ་ཟེར་བའི་དུས། །ཇ་ཤོག་ཡ་མ་ཡངས་ཀྱིས་བཏུམ་སྲོལ་ཡག །……ཇ་བཙོང་རྒྱུ་བཙོང་རྒྱུ་ཟེར་བའི་དུས། །འཚོང་མི་མི་ཆུང་འཚོང་མི་ཆེ། །ཇ་ཉོ་རྒྱུ་ཉོ་རྒྱུ་ཟེར་བའི་དུས། །ཉོ་མི་མི་ཆུང་ཉོ་མི་ཆེ། །ཇ་ཡི་ཇ་གོང་གཏམ་པའི་དུས། །རྟ་འདོ་བ་བརྒྱ་དད་ཆ་རེ་གཏམ། །……སིང་དི་རིར་དོང་ཙེ་ཕར་ལ་བྱིན། །ཧྲོག་དི་སེ་ཇ་ཐུམ་ཚུར་ལ་བླངས། །"ཞེས་གསལ་བོར་བསྟན་ཡོད། དེར་མཐུད་ནས་ཇ་བསྐོལ་བའི་ཆུ་བཙལ་ཚུལ་དང་རྫ་ཆུའི་ཡོན་ཏན་བརྗོད་པ། ལྷག་པར་དུ་ཇ་བསྐོལ་སྐབས་གྱི་བུད་ཤིང་དང་དེ་འབུད་སྟངས་ལ"……ཤུག་པ་ལྷ་ཤིང་ཡིན་པས་གཤགས་ན་འབར། ཚེར་མ་དགྲ་བོ་ཡིན་པས་མནན་ན་འབར། །ཨོང་བ་སྒོ་ལེབ་ཡིན་པས་བཅག་ན་འབར། །"ཞེས་འཚོ་བའི་ཤེས་བྱ་ཉམས་མྱོང་ཕྱོགས་བསྡོམས་བྱས་ཡོད་པ་དང། མཇུག་མཐར་ཇ་ཁོལ་བའི་དུས་ཇ་ལ་ཚྭ་དང་འོ་མ་རྒྱག་སྲོལ་དད་ཇ་ཕྱར་སྲོལ། ཇ་བཅུ་སྲོལ་དང་མཆོད་ཚུལ་འདྲེན་ཚུལ་སོགས་བཀོད་ཡོད་པ་ནི"……ཇ་ཞིམ་ཁ་སྒྱུར་བྱེད་པའི་ཚྭ་སྔོན་དགོས། །ཇ་ཁ་མདོག་སྒྱུར་པའི་འོ་མ་དགོས། །……མ་སྲུ་དུང་འདོགས་ཅན་གྱིས་ཕྱར་སྲོལ་ཡག །མ་སྲུ་དཔུང་རྩལ་ཅན་གྱིས་བཅུ་སྲོལ་ཡག །……ཇ་མགོ་མ་བཅུས་ནས་ཕུག་ལ་མཆོད། །ཕུག་གི་སྲུང་མར་མཆོད་སྲོལ་ཡག །ཇ་བར་མ་གྲལ་མགོའི་མགྲོན་པོར་བཅུ། །ཇ་འདྲེན་རྒྱུ་ཟེར་བའི་དུས། །བུ་བདེ་ལག་ཅན་གྱི་འདྲེན་སྲོལ་ཡག །
"10ཅེས་ཇའི་མགོ་འཇུག་བར་གསུམ་གྱི་ཚུལ་ཇི་ལྟར་ཡིན་པ་རྣམས་གསོན་ཉམས་ལྡན་པའི་ངང་ངག་གི་སྒྱུ་རྩལ་ལ་བརྟེན་ནས་བསྟན་ཡོད་དོ། བཏུང་བྱ་ཇའི་རིགས་ལ་གཙོ་བོ་ཇ་ནག་ཁུ། འོ་ཇ། རྒྱ་ཇ། བོད་ཇ། སྟོད་ཇ། མེ་ཏོག་ཡོངས་འཛིན་གྱི་ཇ། དཀྲུགས་ཇ་སོགས་མང་པོ་ཡོད་དེ། དེ་དག་ལས་འོ་ཇ་ནི་ནམ་རྒྱུན་འཚོ་བ་དད་བྲལ་ཐབས་མེད་ལ་འཚོ་བའི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྲུབ་ཡོད། དེ་བས་འོ་ཇའི་བཤད་པ་ཡང་ཧ་ཅང་དར་ཁྱབ་ཆེ། དེ་ཇ་བཤད་དང་བསྡུར་ན་ཇ་བསྐོལ་བའི་ཆུ་བཙལ་ཚུལ་དང་ཇ་བསྐོལ་ཚུལ། ཇ་ལ་འོ་མ་རྒྱག་སྲོལ། ཇ་འདྲེན་ཚུལ་སོགས་རྩ་བའི་ཆ་ནས་འདྲ་བར་སྣང་བས་འདིར་རྒྱས་བཤད་བྱེད་པར་མི་སྤྲོ།
༣.ཆང་བཤད།
ཆང་ནི་བོད་ཀྱི་ཡུལ་གྲུ་འདིར་དར་སྔ་བའི་མྱོས་བྱེད་ཀྱི་བཏུང་བ་ཞིག་ཡིན་ལ། ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཆང་དང་འབྲེལ་བའི་རིག་གནས་མི་ཉུང་བ་ཞིག་མདོ་དབུས་ཁམས་གསུམ་གྱི་དམངས་ཁྲོད་དུ་དར་ཁྱབ་དུ་སོང་ཡོད་ལ། གནའ་མིའི་ངག་རྒྱུན་ལ"ཕ་བླ་མ་ཆོས་རར་བྱོན་པའི་དུས། །ཆང་མེད་ན་ཚོགས་འཁོར་བསྐོར་ལུགས་མེད། གོང་དཔོན་པོ་ཁྲིམས་རར་བྱོན་པའི་དུས། །ཆང་མེད་ན་རྒྱལ་བློན་སྒྲིག་ཐབས་མེད། མི་ཆེན་པོ་མགྲོན་ལ་འབོད་པའི་དུས། །ཆང་མེད་ན་སྡེར་ཁ་སྒྲིག་སྲོལ་མེད། སྨན་བུ་མོ་བག་ལ་འགྲོ་བའི་དུས། །ཆང་མེད་ན་སྟོན་མོ་བྱེད་ལུགས་མེད། ཕོ་དཔའ་བོ་དགྲ་ལ་ཆས་པའི་དུས། །ཆང་མེད་ན་སྐྱེལ་མ་བྱེད་ལུགས་མེད། །"ཞེས་ཟེར་བ་བཞིན་བདུད་རྩི་ཆང་ནི་བོད་མིའི་འཚོ་བ་དང་རིག་གནས་ཁྲོད་ཀྱི་གྲུབ་ཆ་གཙོ་བོ་ཞིག་དུ་གྱུར་ཡོད་པ་མ་ཟད། ལྷག་པར་དུ་དགྱེས་སྐྱེམས་སྟོན་མོ་དང་གཞིས་བྱེས་མཉམ་འཛོམས་སོགས་མི་མང་ཚོགས་པའི་དབུས་སུ་ཡར་ལྷ་ལ་མཆོད་པ་བྱེད་ཅིང་བར་མི་ལ་གསོལ་ཆང་འདྲེན་པའི་སྐབས་སུ་གསེར་སྐྱེམས་ལ་བསྟོད་པའི་ཆང་བཤད་དང་། ད་དུང་བདུད་རྩི་ཆང་གི་ཡོན་ཏན་བརྗོད་པའི་ཆང་གཞས་སོགས་མང་དུ་མཆིས། རང་རེའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་མི་ཉུང་བ་ཞིག་དང་ལྷག་པར་དུ་ཏུན་ཧོང་ནས་ཐོན་པའི་བོད་ཀྱི་ལོ་རྒྱུས་ཡིག་ཆ་སོགས་ཀྱི་ནང་དུ། བོད་བཙན་པོ་རྒྱལ་རབས་ཀྱི་སྔ་རོལ་ནས་བོད་ཡུལ་འདིར་ཆང་བསྙལ་བའི་ལག་རྩལ་དང་། ཆང་འཐུང་བའི་ལུགས་སྲོལ་དར་ཡོད་པ་ནི། དཔེར་ན། སེང་གེ་མི་ཆེན་གྱི་དྭགས་པོའི་འབངས་ངོ་ལོག་པ་རྣམས་བཅོམ་རྗེས"འུང་གྀ་རྗེས་འའ། །བཙན་པོ་རྗེས་འབངས་དགྱེས་སྒྱེམས་སྟོན་མོ་གསོལ་ལོ"ཞེས་པ་དང་། ཡང་རྒྱལ་པོ་སྲོང་བཙན་སྒམ་པོའི་བློན་ཆེན་དབའ་དབྱི་ཚབ་ཀྱིས"ལ་མོ་ཆག་པ་པྲུམ་དུ། རྩམ་ཕྱེད་པུབ་སྟེ། པྱག་ཐབ་གསོལ་ཏོ།
"11ཞེས་རྒྱལ་འབངས་ཀུན་གྱི་ཆང་སྟོན་བཤམས་ནས་རྟེན་འབྲེལ་གྱི་མཛད་སྒོ་ཞུ་བ་དང་བཙན་པོ་ལ་མནའ་བྲོ་བར་བའི་གཏམ་རྒྱུད་སོགས་གསལ་བོར་བཀོད་ཡོད། བདུད་རྩི་ཆང་གི་བཤད་པའང《གསེར་སྐྱེམས་ཀྱི་རབས》
12ཞེས་བོད་བཙན་པོ་དུས་ཀྱི་རྩོམ་ཡིག་ད་ལྟ་ཚང་མའི་མཐོང་ལམ་དུ་གྱུར་ཡོད། སྤྱིར་ཆང་བཤད་དུ་བདུད་རྩི་ཆང་གི་བྱུང་བ་དང་སྡེབས་སྦྱོར། བྲོ་བ་དང་སྤྱོད་སྒོ་རིགས་དང་ཡོན་ཏན་སོགས་གསལ་བོར་བརྗོད་ཡོད་དེ། དཔེར་ན། བདུད་རྩི་ཆང་གི་བྱུང་བ་དང་སྡེབ་སྦྱོར་རེ་བརྗོད་ན"ཆང་གི་ཕ་མ་བུ་གསུམ་སྟེ། །ཆང་གི་ཕ་ནི་ཕབས་རེད། །ཆང་གི་མ་ནི་ནས་རེད། ཆང་གི་བུ་ནི་ཆུ་རེད། །
《གསེར་སྐྱེམས་ཀྱི་རབས》"13ཅེས་དང་། "རྒྱ་གར་ནས་འབྲས་ལ་བཙགས་ནས་ཟེར་གི རྒྱ་ནག་གི་ནས་ལ་བཙགས་ནས་ཟེར་གི སྐུ་རྒྱལ་བོད་ཀྱིས་ནས་དཀར་བཙགས་ནས་ཟེར་གི བལ་ཡུལ་ནས་རྒུན་འབྲུམ་ལ་བཙགས་ནས་ཟེར་གི ཁ་ཆེ་ཡུལ་ནས་གུར་གུམ་ལ་བཙགས་ནས་ཟེར་གི……ཨ་རག་བདུད་རྩི་འདིའི་ནང་ལ། སེང་གེ་དཀར་མོའི་འོ་མ་འདྲེས་ན་ཡིན། ཞིམ་མངར་ཆེ་ནོ་དེའི་དོན་ཡིན། དོམ་ནག་སྨྱོན་པའི་མཁྲིས་པ་འདྲེས་ནི་ཡིན། བཟི་སྟོབས་ཆེ་ནོ་དེའི་དོན་ཡིན། རྒྱ་སྟག་དམར་བོའི་སྙིང་ཁྲག་འདྲེས་ནས་ཡོད། ཞེ་སྡང་ཆེ་ནོ་དེའི་དོན་ཡིན་ཟེར་གི……ཆང་བཙོས་ཆང་བཙོས་ཟེར་ན། གཡག་རྭ་སྐམ་པོ་བཙོ་བཙོ་བྱས་ཟིག ཆང་བསྙལ་ཆང་བསྙལ་་ཟེར་ན། བརྒྱད་ཅུའི་རྒད་མོ་བསྙལ་བསྙལ་བྱས་ཟིག ཆང་ལོངས་ཆང་ལོངས་ཟེར་ན། གཅེས་པའི་བུ་ཕྲུག་ལེན་ལེན་བྱས་ཟིག་ཟེར་རྒྱུ……
《གསེར་སྐྱེམས་ཀྱི་རབས》"14ཞེས་པའོ། ཆང་གི་རིགས་ལའང་དཁྱེ་བ་དགར་ཚུལ་མང་སྟེ"སྟོད་རྒྱ་གར་ཡུལ་གྱི་འབྲས་ཆང་དཀར་བོ། སྨད་རྒྱ་ནག་ཡུལ་གྱི་རྒུན་ཆང་སྨུག་པོ། བར་པུར་རྒྱལ་ཡུལ་གྱི་ནས་ཆང་ཁམས་པ། ལོ་ལ་བསྙལ་བའི་ལོ་ཆང་། ཞག་ལ་བསྙལ་བའི་ཞག་ཆང་། དཀར་ཆང་བདུད་རྩི་ཟགས་པ། སེར་ཆང་སྨན་དང་བཟང་དྲུག་སྨུག་ཆང་ཀ་ར་བུ་རམ། འབྲུ་སྣའི་དྭངས་བཅུད། རྩི་སྣའི་ཡང་བཅུད། སྨན་སྣའི་ཉིང་བཅུད་ཐམས་ཅད་པོ།
《གསེར་སྐྱེམས་ཀྱི་རབས》"15 "……འཇིག་རྟེན་སྲིད་པའི་སྒྲུབ་ཆང་ཡིན། །སྔགས་པ་རྣམས་ཀྱི་བུམ་ཆང་ཡིན། །མཁས་པ་རྣམས་ཀྱི་གཏམ་ཆང་ཡིན། །གཉེན་པོ་རྣམས་ཀྱི་སྟོན་ཆང་ཡིན། །དཔའ་བོ་རྣམས་ཀྱི་དཔའ་ཆང་ཡིན། །གཞོན་པ་རྣམས་ཀྱི་རྩེད་ཆང་ཡིན། །ཆེ་རྒན་པ་བཀུར་བའི་འབུལ་ཆང་ཡིན། །……"ཞེས་ཆང་གི་ཕན་ནུས་སོགས་འཇིག་རྟེན་གྱི་ལུགས་སྲོལ་དང་མཐུན་པ་ཞིག་བརྗོད་ཡོད་ལ། ཆང་ལ་རྣམ་གྲངས་མང་ཞིང་རིགས་དང་བྲོ་བ་བསྙལ་ཚུལ་སོགས་མི་འདྲ་བ་སོགས་ཆང་བཟོའི་ལག་རྩལ་དེ་ཡང་མཚོན་ཡོད། ཆང་གི་བཟང་བ་རྣམ་གསུམ་ལས་བདུད་རྩི་ཆང་ལ་ཕྱྭ་གཡང་འགུག་པ་དང་ཐུགས་དགོངས་རྒྱས་པ། དཔའ་རྩལ་རྒྱས་པ། ཁ་ལྕེ་དང་སྐད་ངག་ཇེ་བདེར་འགྲོ་བ། སྤྲོ་བ་འཕེལ་བ། ངལ་དུལ་སེལ་བ། རིག་སྟོབས་རྒྱས་པ། དྲོད་ཤ་སྟེར་བ་སོགས་པའི་ཡོན་ཏན་ལ་བསྟོད་པ་བྱས་པ་འདི་ལྟར"……སྟེང་ལྷ་ལ་མཆོད་ན་མགོན་སྐྱབས་གནང་། །བར་བཙན་ལ་མཆོད་ན་སྡོངས་གྲོགས་མཛད། །འོག་ཀླུ་ལ་མཆོད་ན་ཕྱྭ་གཡང་བསྩལ། །……ནང་ཕ་ཁུར་དྲངས་ན་ཐུགས་དགོངས་རྒྱས། །སྟག་ཤར་བས་འཐུངས་ན་དཔའ་རྩལ་རྒྱས། །གཏམ་བཤད་དུས་འཐུངས་ན་ཁ་ལྕེ་བདེ། གླུ་ལེན་དུས་འཐུང་ན་སྐད་ངག་བདེ། །ཐང་ཆད་དུས་འཐུང་ན་ངལ་བ་སངས། །བློ་དུབ་དུས་འཐུངས་ན་རིག་པ་རྒྱས། །ལུས་གྲང་དུས་འཐུངས་ན་དྲོང་ཤ་རྒྱས། །
《གསེར་སྐྱེམས་ཀྱི་རབས》"16བརྗོད་ཡོད་ལ། དེ་ཡང《གསེར་སྐྱེམས་ཀྱི་རབས》ལས"མཆུ་ལ་རག་པས་རང་རིག་གནམ་ཤེས་ཡོད། ལྕེ་ལ་རག་པས་གྲོ་གྲུག་དྲན་བ་སྐྱེས། ཁོང་དུ་བབ་པས་གདུང་བའྀ་མྱང་ངན་སྐྱེས། དཔྲལ་དུ་དྲོས་པས་ང་ཕོད་རློམ་སེམས་སྐྱེས། །རིངས་པ་ཀུན་ཡང་དལ་བྱོར་ཕུན་སུམ་ཚོགས། །རྨུགས་པ་ཀུན་ཡང་། སྨྲ་བའི་རྔོས་གྲུབ་ཐོབ། །ཞལ་ངོ་ཆེ་བས་ཡུལ་དང་མཁར་ཡང་བྲའ།
《གསེར་སྐྱེམས་ཀྱི་རབས》" 17ཞེས་ཆང་སྐྱེམས་དེ་འཐུངས་ཤིང་ཁར་རག་ན་རྣམ་ཤེས་ཇེ་གསལ་དུའགྲོ་ལ་དྲན་པ་ཡང་ཇེ་མྱུར་དུ་འགྲོ་བ། སེམས་ཀྱི་སྤོབས་པ་རྒྱས་ཞིང་སོས་དལ་བག་ཕབ་ཏུ་འགྱུར་བ། ཡིད་ཀྱི་རྨུག་པ་སངས་ཞིང་ཁ་ལྕེ་ཇེ་བདེ་འགྲོ་བ་སོགས་ནང་དོན་གྱི་ཐད་ནས་གཅིག་པར་སྣང་ལ་དེ་མིན་ད་དུང་བདུད་རྩི་ཆང་དེ་འཛམ་བུ་གླིང་གི་ལྷ་འདྲེ་གཉན་པོ་རྣམས་ལ་མཆོད་ནས་བསྔོ་སྨོན་ཞུ་ཚུལ་ལ《གསེར་སྐྱེམས་ཀྱི་རབས》ལས"འདྀ་དབུལ་ཞིང་བསྔོ་བ་ནྀ། འཛམ་བུ་གླྀང་བཞིའི། ལྷ་དྲེ་གཉན་པོ་ལ་དབུལ་ཞིང་བསྔོ་བོ། །གསེར་གྱི་སྐྱེལས་འདྀ་བཞེས་ལ། མ་ཉོ་མ་མཐུར་ཅིག།
"18ཞེས་པ་དང་། དམངས་ཁྲོད་ཀྱི་བཤད་པ་རུ"དང་པོ་ནམ་མཁའི་ལྷ་ལ་མཆོད། །མི་མགོ་ནག་རྣམས་ལ་བདེ་སྐྱིད་སྩོལ། །དེ་ནས་གཉེན་པོ་བཙན་ལ་མཆོད། མི་མགོ་ནག་རྣམས་ལ་སྡོངས་གྲོགས་མཛོད། དེ་ནས་གདེད་ཅན་ཀླུ་ལ་མཆོད། མི་མགོ་ནག་རྣམས་ལ་ཕྱྭ་གཡང་སྩོལ། །དེ་ནས་ཁྲོམ་པའི་གྲལ་ལ་འདྲེན། །སྐྱིད་ལ་གླུ་ལེན་གར་རྩེ་བྱས་ཟེར་རྒྱུ། །
"19ཞེས་ལྷ་ཀླུ་གཉེན་གསུམ་དང་གཞིས་བྱེས་མགྲོན་པོ་རྣམས་ལ་མཆོད་ཅིང་བསྔོ་སྨོན་ཞུ་བ་སོགས་ནང་དོན་དང་ངོ་བོ་གང་གི་ཐད་ནས་བལྟས་ཀྱང་གཅིག་པར་གྱུར་འདུག 《གསེར་སྐྱེམས་ཀྱི་རབས》དང་ད་ལྟ་དམངས་ཁྲོད་ན་དར་ཁྱབ་ཆེ་བའི་ཆང་བཤད་གཉིས་ཀྱི་བརྗོད་བྱའི་ནང་དོན་དང་སྒྲིག་གཞི་འགོད་སྟངས། རྩོམ་ཐབས་གཙོ་བོ། སྒྱུ་རྩལ་གྱི་བྲོ་ཉམས་སོགས་གཅིག་མཚུངས་ཡིན་པས་བོད་ཀྱི་ཆང་བཤད་ནི་དར་སྔ་ཞིང་ཕྱིས་བྱུང་རྩོམ་རིག་ཐད་ལའང་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པ་ཤེས་ཐུབ་བོ། །
༤.གོ་རེའི་བཤད་པ།
རོང་པའི་གོར་བཤད་ནི་ཞིང་ལས་རིག་གནས་དང་ས་གནས་རང་གི་ཁྱད་ཆོས་དད་མཐུན་པའི་ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བའི་ཉམས་མྱོང་ཕྱོགས་བསྡོམས་རང་བཞིན་གྱི་སྐད་ཆའི་སྒྱུ་རྩལ་ཞིག་ཡིན། སྤྱིར་གོ་རེ་ནི་མདོ་སྨད་ཡུལ་དུ་གནའ་སྔ་མོ་ནས་དར་ཡོད་པའི་ཆས་ཤིག་ཡིན་ལ། བཟོ་རྩལ་ཕུན་སུམ་ཚོགས་ཤིང་བྲོ་བ་ཤིན་ཏུ་ལེགས་པོ་ཡོད་པའི་གོ་རེ་འདི་བཟའ་བྱ་གཞན་ལས་བཅུད་ལྡན་ཕྱིར། དམངས་ཁྲོད་ཀྱི་ཟས་རིགས་ཁྲོད་དུ་མེད་དུ་མི་རུང་བ་ཞིག་ཡིན་པར་མ་ཟད། ད་དུང་དམ་པའི་ལྷ་ཆོས་དང་འཇིག་རྟེན་མི་ཆོས་ཀྱི་མཛད་སྒོ་གལ་ཆེན་དག་གི་འབུལ་དངོས་མཆོག་ཏུ་གྱུར་བ་ཞིག་ཀྱང་ཡིན། གོ་རེ་དུས་ནམ་ཞིག་ལ་བྱུང་བའི་ཐད་དེབ་ཐར་ལོ་རྒྱུས་སོགས་སུ་དཔྱད་གཞི་ཡིག་ཆ་དཀོན་པས་ང་ཚོས་ཐག་གཅོད་མི་ཐུབ་མོད། འོན་ཀྱང་གནའ་སྔ་མོ་ཞིག་ནས་བྱུང་བར་གདོན་མི་ཟད། རྒྱུ་མཚན་ནི"ཐོག་མར་གོ་རེ་ནི་དམག་གི་ལམ་རྒྱག་གི་ཚུལ་དུ་བསྲེགས་པ་ཡིན་པར་འདོད་དེ། གོར་སྐྱ་གཅིག་ནི་གྲོ་ཕྱེ་རྒྱ་མ་ལྔ་ཙམ་གྱིས་བཟོས་པ་དང་། མི་གཅིག་ལ་མ་མཐའ་ཡང་ཉིན་གསུམ་བཞི་ཙམ་ལ་འདང་ཞིང་གནའ་སྔ་མོ་དམག་འཁྲུག་བྱེད་པའི་སྐབས་སུ། གཡུལ་ས་རུ་ཉི་མ་འགའ་རེ་འགོར་བས། ལག་ཏུ་བཟུང་སྟེ་ས་གང་དུསོང་ནས་དགྲ་ལ་འཐབ་ཚེ། ཆུ་ལུང་བ་རེ་རེ་ན་ཧ་ཅང་མོད་སྟབས་དུས་ཐོག་ཏུ་ཟོས་ན་མི་རྣམས་ལ་སྟོབས་ཤུགས་རྒྱས་ཐུབ་པས་དམག་གི་ལམ་རྒྱགས་ལ་དམིགས་ནས་བཟོས་པ་རེད།
"20དེང་སྐབས་ཨ་མདོ་ས་ཆའི་རོང་ཁུལ་དག་ན་གོ་རེ་བཟོ་བའི་ལག་རྩལ་ཆེ་ཆེར་དར་ཞིང་ཡུལ་འདི་དག་གི་བོད་མི་རྣམས་ནི་བཙན་པོའི་དུས་སྐབས་ཀྱི་ས་མཚམས་སྲུང་བའི་དམག་གི་རྗེས་རབས་པ་ཤ་སྟག་ཡིན་པས། དེང་སྐབས་ཀྱང་མདའ་རྩེད་ལ་དགའ་ཞིང་མདའ་རྩལ་ལ་མཁས་པོ་ཡོད། ད་ལྟ་དམངས་ཁྲོད་ན་གོ་རེ་ལ"སྤུར་རྒྱལ་བོད་ཀྱི་གསོལ་བག"ཞེས་འབོད་སྲོལ་ཀྱང་ཡོད། བཟོ་རྩལ་གྱི་ཆ་ནས་བཤད་ནའང་དེ་ནི་ཐོག་མར་ཕྱེ་སྐྱུར་དང་སྐྱ་ཕྱེ་གཉིས་མཉམ་དུ་བརྫིས་ནས་ལེབ་་ལེབ་སྒོར་དབྱིབས་ཅན་ཞིག་བཟོས་རྗེས། མེ་ལ་བསྲེགས་པའི་ས་འཚིག་ཚ་མོའི་སྟེང་ལ་བཞག་ནས་འགོར་ཏེ་འཚོས་པ་ན་གོ་རེ་སྟེང་གི་མི་གཙང་བ་དང་ས་དང་འཚིག་རོ་རྣམས་བྲད་དེ་འཐུས་སོ། །དེ་བས་ཆེས་ཐབས་ཆག་གི་ཡོ་བྱད་དང་གདོད་མའི་ལག་རྩལ་འདི་དག་ལ་བསམ་གཞིགས་ཅིག་བྱས་ཚེ་གོ་རེ་འདི་གནའ་ནས་བོད་ལ་དར་ཡོད་པ་ཤེས་ཐུབ། སྤྱིར་གོ་རེ་ནི་རོང་འབྲོག་གཉིས་ལས་རོང་ཁུལ་དུ་དར་ཁྱབ་ཆེ་བའི་ཟས་རིགས་ཤིག་ཡིན་པས་རོང་པའི་ཞིང་ལས་དམངས་སྲོལ་དང་བྲལ་ཐབས་མེད། གོ་རེ་ལ་རྒྱུའི་སྒོ་ནས་དབྱེ་ན་གྲོ་ཕྱེའི་གོ་རེ་དང་ནས་ཕྱེའི་གོ་རེ་གཉིས་སུ་འདུས་ལ། གོ་རེ་བཤད་པ་འདི་ལ་མཚོན་ན་འབྲུ་དྲུག་ནས་ཀྱི་བཤད་པ་ནང་བཞིན་ཞིང་ལས་ཐོན་སྐྱེད་ཀྱི་ཉམས་མྱོང་ཆ་ཚང་ཞིག་བརྒྱུད་བསྒྲགས་བྱས་ཡོད་པ་མ་ཟད། གོ་རེ་བཟོ་ཚུལ་གྱི་བརྒྱུད་རིམ་ཆ་ཚང་བ་ཞིག་ཀྱང་བརྗོད་ཡོད་དོ། །དེ་ཡང་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཡོངས་རྫོགས་ཏེ་དཔྱིད་རྨོ་འདེབས་དང་དབྱར་ཞིང་གཉེར། སྟོན་ཡོང་སྡུད་དང་དགུན་ལུད་གསོག་བཅས་བཞི་ལས་གཙོ་བོ་ས་ཞིང་རྨོ་འདེབས་དང་སྟོན་ཞིང་སྡུད་ཚུལ་གྱི་དཔེ་མཚོན་ཙམ་དྲངས་ན་འདི་ལྟ་སྟེ"……ད་ངས་གོ་རེ་འདིའི་ལོ་རྒྱུས་བྱུང་བ་ཞིག་བཤད་ན། ས་དོག་མོའི་དྲོད་ཁོག་དྲོས་དུས་ན། ཆུ་གཙང་མོ་ཆབ་རོམ་བཞུ་དུས་ན། ཞིང་ས་འཚིག་སྨན་ཆུ་གཏོར་གཏོར་བྱས། ས་བོན་ཆར་བ་འབབ་འབབ་བྱེད་གི མཛོ་ཁྱུང་དཀར་གཉའ་ལ་སྐེ་ཤིང་བཞག་ནས། མཐོང་རྣོན་པོ་ས་གཞིའི་སྟེང་ལ་འཛུགས་གི……ཞིང་བཏབ་ཐལ་བཏབ་ཐལ་ཟེར་དུས་ན། བྱ་བྱེའུ་ནག་ཆུ་ལ་རྐྱལ་རྐྱལ་བྱེད་གི ཞིང་སྐྱེས་གཟིགས་སྐྱེས་གཟིགས་ཟེར་དུས་ན། ཆུ་ཆེན་མོ་ཡུར་མོ་རྒྱུགས་རྒྱུགས་བྱེད་གི ཤོག་རྒྱབ་ཐལ་རྒྱབ་ཐལ་ཟེར་དུས་ན། བྱ་རྒོད་པོ་གཟེབ་ལ་བཅུམ་བཅུམ་བྱེད་ཀི ད་བོང་བུ་ཀ་མ་ཀུམ་མ་བཀའ་་སྲོལ་ཡག་གི གཡུལ་ཁ་ཀ་མ་གོར་ལ་གཏོང་སྲོལ་ཡག་གི རྡོ་རིལ་མཐའ་དཀྱིལ་མེད་ལ་འདེད་སྲོལ་ཡག་གི……གསོན་པའི་ཁེམ་གྱིས་ངུར་རྒྱངས་བྱེད་གི སྐྱི་བསེར་རླུང་གིས་དབྱེ་བ་འབྱེད་གི……མ་འཁྱབ་མའི་འཁྱབ་གཞིས་ནང་ལ་འཁྱབ་སྲོལ་ཡག་གི གདན་དཀར་གྲུ་བཞི་སྟེང་ལ་གདལ་སྲོལ་ཡག་གི འཛམ་གླིང་ཉི་མ་སེར་པོས་སྐམ་སྲོལ་ཡག་གི གསོམ་དཀར་ཤིང་གི་སྒམ་ནང་ལ། འབྲུ་རིགས་རི་ལྟར་སྤུང་སྤུང་བྱས། ཕྱིས་སུ་རྡོ་རིང་ཁ་ལ་འཐག་གི་སོང་གཟིགས། ཕྱེ་འཐག་ཐལ་འཐག་ཐལ་ཟེར་དུས་ན། དགུན་ཁའི་ཁངས་སྐྱ་འབབ་འབབ་བྱས། གཡས་སུ་འཁོར་ནས་གསེར་ཕྱེ་འབབ་གི གཡོན་ཏུ་འཁོར་ནས་དངུལ་ཕྱེ་འབབ་གི མདུན་ལ་འཁོར་ནས་དུང་ཕྱེ་འབབ་གི"ཞེས་གོ་རེ་བཟོ་བྱེད་ཀྱི་རྒྱུ་གཙོ་བོ་གྲོ་ནི་དཔྱིད་ཁའི་དུས་སུ་ས་འཚིག
"21གཏོར་བ་དང་ས་བོན་འདེབས་པ། ཆུ་འདྲེན་པ། སྟོན་ཁའི་དུས་སུ་འབྲས་བུ་ལེན་པ་སྟེ་ཞིང་འབྲེག་པ། གཡུལ་ཁའི་ནང་ལ་ཤོག་སྐྱེལ་བ། རྟ་དྲེལ་སོགས་ཀྱིས་རྡོ་རིལ་དྲུད་ནས་གཡུལ་གཅོག་པ། དེ་ནས་འབྲུ་རླུང་ལ་འཕྱར་བྱེད་ཀྱི་ཁེམ་དང་འཁྱབ་མའི་འབྲུ་དང་འབྲུ་ཤུན་སོ་སོར་འབྱེད་པ། ཉི་མར་སྐམ་ནས་མཛོད་དུ་ཉར་བ། མཐར་མར་ཆུ་རྡོའི་རང་འཐག་ལ་བརྟེན་ནས་ཕྱེ་འཐག་པ་སྟེ། གྲོ་ཡི་ཕྱི་ཤུན་དང་མཉམ་དུ་བསྲེས་པའི་གསེར་ཕྱེ་དངུལ་ཕྱེ་དང་། ཕྱེ་ཡི་ཉིང་བཅུད་དུང་ཕྱེ་དཀར་མོ་ཞེས་གོ་རེ་བཅའ་བྱེད་ཀྱི་གྲོ་ཕྱེ་ལས་སྣོན་བྱེད་ཚུལ་གསལ་བོར་བཀོད་ཡོད། གོ་རེ་དངོས་བཟོ་བའི་གོ་རིམ་ལའང"ད་ཕྱེ་རྫིས་ཐལ་རྫིས་ཐལ་ཟེར་དུས་ན། སྤྲིན་དཀར་པོ་ཁ་ལོ་བསྐྱིལ་བསྐྱིལ་བྱེད་གི ཕྱེ་སྙལ་ཐལ་སྙལ་ཐལ་ཟེར་དུས་ན། མ་ཡིས་བུ་ཆུང་སྙལ་སྙལ་བྱེད་གི ཕྱེ་ལང་ཐལ་ལང་ཐལ་ཟེར་དུས་ན། སྤྱང་མའི་ལུ་གུ་བཀའ་་བཀའ་་བྱེད་གི གོ་རེ་བཅོས་ཐལ་བཅོས་ཐལ་ཟེར་དུས་ན། བྱ་ངང་བ་མཚོལ་རྐྱལ་འདྲ་རེད། གོ་རེ་སྲེག་ཐལ་སྲེག་ཐལ་ཟེར་དུས་ན། བྱ་རྒོད་པོ་གཤོག་རྒྱངས་བྱས་འདྲ་རེད། གོ་རེ་གྲལ་ལ་བཞག་དུས་ན། བན་ཆུང་གྲལ་ལ་བསྒྲིག་འདྲ་རེད་ཟེར་རྒྱུ།
"22ཞེས་ཐོག་མར་ཕྱེ་སྐྱུར་བསྒྲུངས་བ།
"23དེ་ནས་སྐྱུར་རྣམས་ལངས་ཚེ་དུམ་བུ་དུམ་བུར་བགོས་ཏེ་སྐྱ་ཕྱེ་དང་མཉམ་དུ་བརྫིས་ནས་ལེབ་ལེབ་སྒོར་དབྱིབས་ལྟ་བུར་བཟོས་ནས་ས་འཚིག་སྙོམས་པར་རྡུང་བའི་སྟེང་དུ་བཞག་ཐོག་དུས་ཚོད་ངེས་ཅན་ཞིག་འགོར་རྗེས་གོ་རེའི་དེའི་སྟེང་ཕྱོགས་དད་མཐའ་ཁ་མེ་ཡིས་འཚིགས་པ་རྣམས་རྡོ་རྩུབ་པོ་ལག་ཏུ་འཆིང་བུར་བཟུང་སྟེ་བྲད་རྗེས་གཙང་མར་བཟོས་ནས་ཡོངས་སུ་གྲུབ་པ་ལ། རྟགས་རྟེན་འབྲེལ་མཚོན་པའི་གོ་རེ་དབྱིབས་སྒོར་མོ་ཅན་དང་བུ་མོ་གནས་ལ་འགྲོ་བའི་གོ་རེ་སྣ་གཅུ་ཅན། དགོན་སྡེ་མཆོད་འབུལ་བྱེད་པའི་གོ་རེ་ནོར་བུ་དགའ་འཁྱིལ་སོགས་མང་དུ་མཆིས་སོ། སྤྱིར་གོ་རེ་ལ་རླངས་བཅོས་སྣུམ་བཙོས་སོགས་རིགས་མི་འདྲ་བ་ཡོད་ཀྱང་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་སྤྱོད་སྒོ་ཆེས་ཆེ་བ་ནི་གོར་སྐྱ་ཡིན་ཏེ། གོར་སྐྱ་ནི་ས་འཚིག་གི་ནང་དུ་བསྲེགས་པའི་རྐྱེན་གྱིས་དུག་རླངས་སེལ་བ་དང་། ཟོས་ན་ཕོ་བར་མི་གནོད་པ། བྲོ་བ་ཞིམ་པ། འཇུ་སླ་བ། བཅུད་ཡོད་པ་སོགས་ཀྱི་དགེ་ཚན་མང་དུ་ལྡན་ནོ། རང་རེའི་སོ་ནམ་པ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་གོར་བཤད་འདིར་མཚོན་ན་རོང་བའི་འཚོ་བ་མཚོན་ཡོད་པ་མ་ཟད་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་བཟའ་བཏུང་གི་རིག་གནས་ཤིག་ཀྱང་མཚོན་ཡོད།
གཉིས། དམར་ཟས་ཕྱོགས་ཀྱི་བཤད་པ།
བོད་རིགས་དམངས་ཁྲོད་ཀྱི་འཚོ་བའི་ཐད་ཀྱི་ཟས་རིགས་ལ་སྣ་ཁ་མང་མོད། སྤྱིར་བཏང་དུ་དཀར་ཟས་དང་དམར་ཟས་གཉིས་སུ་དབྱེ་བའི་དཀར་ཟས་རིགས་སྔོན་ལ་ཕྱོགས་ཙམ་གླེང་ཚར་བས་འདིར་རྒྱས་བཤད་བྱེད་པར་མི་སྤྲོ། གཡག་སྐམས་འབྲོང་ལ་འགྲན་པའི་སྐམས་ཤ་དང་། ཤ་གཟན་གཉན་ལ་དོ་བའི་ལུག་ཤ་གཉིས། ཚོན་པོ་ལ་ཕུག་བཞིན་གྱི་ཕག་ཤ་གསུམ་ནི་བོད་མིས་རྒྱུན་དུ་ཟ་བའི་དམར་ཟས་ཡིན་ལ། དེར་དཀར་ཟས་བཞིན་དུ་རིགས་སྣ་མང་པོ་མེད་ཀྱང་བཟའ་ཐབས(ཤ་རྗེན་དུ་ཟ་བ། སྐམ་ནས་བཟའ་བ། བཙོས་ནས་བཟའ་བ། རྡོ་བསྲེག་བརྒྱབ་ནས་བཟའ་བ་སོགས)ཧ་ཅང་མང་པོ་ཡོད། འདིར་དམར་ཟས་ཤ་དང་འབྲེལ་བའི་སོག་པ་དང་ལག་ངར་གྱི་བཤད་པ། ཚང་རའི་བཤད་པ་སོགས་མང་དུ་མཆིས་ཀྱང་ཚིག་ཟུར་རེ་མ་གཏོགས་ཧ་ལམ་གཅིག་མཚུངས་སུ་སྣང་བས་འདིར་སྤྱི་ཡི་ཞར་ལ་བྱེ་བྲག་ཤེས་པར་བྱའོ།
གདོད་མའི་དུས་ཀྱི་མི་རྣམས་སོ་ནམ་གྱི་ལས་ལ་ཤིན་ཏུ་མཁས་པར་མ་ཟད་སྲོག་ཆགས་འདུལ་སྦྱོང་གི་རིག་པའང་ངོ་མཚར་བ་སྣ་ཚོགས་ཡོད་དེ། 《རྒྱལ་བོ་བཀའི་ཐང་ཡིག》ཏུ། དང་བོ་གནོད་སྦྱིན་ནག་པོས་དབང་བྱས་ཏེ། ཡུལ་མིང་བདུད་ཡུལ་ཁ་རག་མགོ་དགུར་བཏགས། སྔ་དྲགས་གཉེན་པོ་བཙན་པ་དེ་ནས་བྱུང་། དེ་ནས་བདུད་དང་སྲིན་མོས་དབང་བྱས་ཏེ། མིང་ཡང་ལྷ་སྲིན་གཉིས་ཀྱི་ཡུལ་དུ་བཏགས། སྔ་དྲགས་ཤ་ཟ་གདོང་བ་དམར་བ་བྱུང་། དེ་ནས་ཀླུ་དང་བཙན་གྱིས་དབང་བྱས་ཏེ། ཡུལ་གྱི་མིང་ལ་བོད་ཡུལ་གླིང་དགུར་བཏགས། སྔ་དྲགས་དཀར་བུ་ཆུ་ལ་སྤྱོད་པ་བྱུང་། ཞེས་བོད་མི་རྣམས་ལ་གནའ་ནས་བཟུང་སྒོ་ཕྱུགས་གཉེར་བའི་སྲོལ་ཆགས་ཡོད་ལ། ཆེས་ཐོག་མར་ཁོ་ཚོས་རི་དྭགས་རྔོན་དུས་ཟས་སུ་ཤ་རློན་པ་ཟ་བ་དང་ཁྲག་དྲོན་མོ་འཐུང་བའི་ཞོར་ལ། སྲོག་ཆགས་རྣམས་ཀྱི་སྐྱེ་འཕེལ་དང་གནས་བཅའ་སྟངས། རྩྭ་ཆུ་རོལ་སྟངས་སོགས་འདྲིས་པར་གྱུར་རྗེས། སྲོག་ཆགས་འདུལ་སྦྱོང་གི་ལས་ལ་ཞུགས་པ་ཡིན། ཁོ་ཚོས་ཐོག་མར་ཁྱི་དང་ལུག་གཉིས་བཏུལ་བ་དང་། དེ་ནས་ར་དང་ཕག གླང་སོགས་རིམ་གྱིས་བཏུལ་བ་ཡིན་ཏེ། 《བཀའ་ཆེམས་ཀ་ཁོལ་མ》ལས་ཀྱང་། འབྲོང་ཕོ་མོ་གཡག་དང་འབྲི་རུ་བཏུལ། ཤ་བ་ཕོ་མོ་གླང་དུ་བཏུལ། །རྒོ་བ་ཕོ་མོ་ལུག་ཏུ་བཏུལ། །གླ་བ་ཕོ་མོ་རར་བཏུལ། །རྐྱང་ཕོ་མོ་རྟར་བཏུལ། །སྤྱང་ཀི་ཕོ་མོ་ཁྱིར་བཏུལ། །རྨོ་བཀོལ་སོ་ནམ་དེའི་དུས་ན་བྱས། །ཕྱུགས་ཀྱི་རྫི་སྐྱོང་ཡང་དེའི་དུས་ན་བྱས། །ཞེས་གསུངས་པ་ལྟར་རོ། དེ་བཞིན་བོད་རང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཁོར་ཡུག་གི་གནས་བབས་དང་བསྟུན་ནས་དམར་ཟས་ཤ་བཟའ་བའི་གོམས་སྲོལ་ཞིག་ཆགས་ཡོད་པ་མ་ཟད་དེ་དང་འབྲེལ་བའི་ཐུན་མོང་མ་ཡིན་པའི་ཤ་བཤད་རིག་གནས་ཞིག་ཀྱང་གྲུབ་ཡོད།
དམངས་ཁྲོད་དུ་ཤ་རབས་སུ་འབོད་པའི་ཤ་བཤད་ནི་གཙོ་བོ་འབྲོག་ཁུལ་དུ་དར་ཁྱབ་ཆེ་ལ། སྤྱིར་ནང་དོན་གྱི་ཆ་ནས་གཡང་དཀར་ལུག་གི་བྱུང་བ་བརྗོད་པ་དང་། ལུག་བཤའ་ཚུལ། ཤ་རུས་ནང་ཁྲོལ་གྱི་ཆགས་རིམ་སོགས་མང་དུ་མཆིས་མོད། སོག་པ་དང་ལག་ངར་གྱི་བཤད་པ། ཚང་རའི་བཤད་པ་སོགས་ནི་གཙོ་བོ་རྟགས་སྟོན་མོ་དང་གཉེན་སྟོན་གྱི་སྐབས་སུ་རྒྱག་སྲོལ་ཡོད་དེ། ཐོག་མར་འགྲོ་བ་མིས་ལུག་ཇི་ལྟར་བཙལ་ཚུལ་ལ"འབའ་ལུག་ཀ་ཡུལ་ན་མ་དར་དུས། །གན་དང་མའི་ལུག་བཙལ་འབའ་ལ་སོང་། །འབའ་ཡི་གཏེར་ལུང་གོང་མར་སོང་། །ང་ལུག་ལ་མ་ཐུག་རྟ་ལ་ཐུག །……འབའ་ཡི་གཏེར་ལུང་བར་མ་སོང་། ང་ལུག་ལ་མ་ཐུག་ཟོག་ལ་ཐུག །……འབའ་ཡི་གཏེར་ལུང་འགབ་མ་སོང་། །ལུག་བརྒྱ་བཅུ་བོ་གཞོལ་སྡོད་ཀི། གསེར་གྱི་མ་མོ་གསེར་ལུ་མ། །ལུ་གུ་དུང་གི་ཟླ་བ་སྐྱབས། །ལྷ་ལུག་ཐུང་བ་རྡོ་རྗེ་སྐྱབས། །ལུག་དེ་གསུམ་རྙེད་ནས་ཡུལ་ལ་སོང་། །"24ཞེས་ལུག་བཙལ་བའི་བརྒྱུད་རིམ་ཁྲོད་དང་ཐོག་རྟ་དང་དེ་ནས་ནོར་རིམ་བཞིན་ལུག་བཅས་བོད་ཀྱི་ཡུལ་འདིས་གནའ་ནས་རྟ་ནོར་ལུག་གསུམ་འདུལ་བ་རྟོགས་ཐུབ་ལ། ལྷག་པར་དུ་རྒོ་བ་ཕོ་མོ་ལུག་ཏུ་བཏུལ། །ཞེས་རི་དྭགས་ཤྭ་བ་གནའ་བ་དགོ་བ་སོགས་དང་འབྲེལ་བ་ཡོད་ཚུལ་ལ"ཆ་གླུ་བའི་མ་རྩ་ཤ་ངོ་འདི། །ཕྱི་སྤུ་ཁ་རོག་སྔོན་ཤྭ་ལ་རིག། ཤྭ་རོག་སྔོན་ལུག་གི་མེས་པོ་རེད། ལུག་ཤྭ་ལ་རིག་པ་དེའི་དོན་ཡིན། །འགྲོ་ལུགས་གྲོ་གྲོ་གནའ་ལ་རིག། གནའ་གྲོ་གྲོ་ལུག་གི་ཤ་ཉེ་རེད། ལུག་གནའ་ལ་རིག་དོན་དེའི་དོན་རེད། །ཞོགས་ཚུལ་མི་འདྲ་དགོ་ལ་རིག། དགོ་དཀར་ཆུང་ལུག་གི་ཞང་པོ་རེད། ལུག་དགོ་བ་རིག་དོན་དེའི་དོན་ཡིན། "25ཞེས་མེས་པོ་རྣམས་ཀྱིས་ཤྭ་གནའ་དགོ་གསུམ་གཡུང་ལ་ཕབ་ནས་བཏུལ་ཚུལ་སྐོར་འཇིག་རྟེན་ཆོས་ཉིད་དང་མཐུན་ལ་ཚན་རིག་དང་ཡང་ཤིན་ཏུ་ཉེ་བའི་ཚུལ་གྱིས་བཟའ་བ་ཤ་ཡི་རྟེན་གཞི་གཡང་དཀར་ལུག་གི་བྱུང་རབས་ཡང་མདོར་བསྡུས་ཙམ་བརྗོད་ཡོད་དོ། དེ་ནས་ལུག་འཛིན་ཐབས་དང་བཤའ་མཁན་དང་བཤའ་ལུགས་སོགས་ཀྱི་ཐད་ལ"……མ་མོ་འཕེལ་གི་བསམ་ནས་བསྐྱུར། །ལུ་གུ་ཆུང་གི་བསམ་ནས་བསྐྱུར། ཐུང་བ་རིང་གི་བསམ་ནས་བསྐྱུར། །……བཤའ་མཁན་སྡིག་གཅོད་ཤན་པ་རེད། བཀྱིགས་བྱེད་གསེར་གྱི་ཐག་པ་རེད། བཤའ་བྱེད་ཤེལ་གྱི་རལ་གྲི་རེད། ……མིག་རྡོ་ཕོ་རོག་འཁོར་འཁོར་འདི། །ཕྱི་སྲོག་ནང་ལ་བསྡུས་ནི་རེད། ལུས་པོ་ཕུར་བ་རྡེབ་རྡེབ་འདི། །ཕྱི་སྲོག་ནང་ལ་བདུས་ནི་རེད། རྔ་མ་དྲིལ་ལྕེ་གཡུག་གཡུག་འདི། །ཕྱི་སྲོག་ནང་ལ་བསྡུས་ནི་རེད། རིལ་མ་ར་མདའ་འབུད་འབུད་འདི། ཤ་གཉེར་ཆུ་རླབས་རྒྱག་རྒྱག་འདི། ཕྱི་སྲོག་ནང་ལ་བསྡུས་ནི་རེད།
"26ཅེས་ལུག་བཤའ་སྐབས་ཁྱི་སྤྱང་ནང་བཞིན་གང་ཟིན་ཟིན་གསོད་པར་བྱེད་པར་བྱེད་པ་མ་ཡིན་པར་གང་བཤའ་བ་དང་གང་འཇོག་པའི་སྐོར་ལ་གདམ་གསེས་བྱེད་སྟངས་དང་། བཤའ་མཁན། བཤའ་བྱེད། བཀྱིག་བྱེད་སོགས་རེ་རེ་ནས་བཤད་པ་དང་། ཕྱི་སྲོག་ནང་བསྡུ་བའི་བར་གྱི་སྡུག་བསྔལ་དང་སྐྲག་དངངས་ཀྱི་ཚུལ་ཡང་སྣང་བརྙན་ལྡན་པའི་ངང་བརྗོད་ཡོད། "……གློ་བ་དབུགས་ཀྱི་མཚོ་མོ་ཡིན། །དབུགས་ཁ་ལ་འབུད་པ་དབུགས་ཀྱིས་དེད། །མཆིན་པ་ཁྲག་གི་མཚོ་མོ་ཡིན། །ཁྲག་རྩལ་ལ་བཀྲམ་པ་འཛིན་རྩི་ཡིན། །གྲོད་པུ་གཙོ་ཡི་མཚོ་མོ་ཡིན། །རིལ་མ་གསང་ལ་འབུད་པ་ཞུ་བ་ཡིན། །……
"27ཞེས་དོན་སྣོད་གྱི་ཆགས་རིམ་དང་ངོ་བོ་གསོ་རིག་གི་གཞུང་དང་མཐུན་པར་བཀྲ་བ་དང་། "ཡ་མགོ་མ་མགོ་མ་བརྩིས་པའི། །ཁ་ན་དུང་སོ་སུམ་བཅུ་ཡོད། །རྩིག་རིང་རྩིག་ཐུང་མ་བརྩིས་པའི། །སྒལ་ཚིགས་བཞི་བཅུ་ཞེ་དགུ་ཡོད། །ལྷུ་ཆེན་ལྷུ་ཆུང་བཅུ་གཉིས་ཡོད། །ཡ་མགོ་མ་མགོ་བཀས་བཞི་ཡོད། རྩིག་རིང་རྩིག་ཐུང་བཀའ་བཞི་ཡོད། སྣ་མ་སྣ་མོ་ཁག་གཅིག་ཡོད། །འདི་འབའ་ལུག་ཀ་ཞིག་གི་རུས་བརྒྱ་རེད། །
"28ཅེས་ལུག་གཅིག་ལ་ལྷུ་ཆེན་ལྷུ་ཆུང་དང་སྒལ་ཚིགས་སོགས་རེ་རེ་ནས་གྲངས་ངེས་པ་བྱས་ཏེ་རུས་རྐང་བརྒྱ་ཡིས་གྲུབ་ཡོད་ཚུལ་ཉམས་མྱོང་མཁན་པོའི་གཏམ་ཇི་བཞིན་བརྗོད་པ་འདིས་ན་ཆུང་བྱིས་པའི་བློ་སྒོ་འབྱེད་ལ་རྒན་གཞོན་རྣམས་ཀྱི་དྲན་པ་གསོ་བ། ཡ་ཐོག་བོད་ཀྱི་བློ་གྲོས་མཚོན་ནོ། །
སྤྱིར་བོད་ཀྱི་རྟགས་སྟོན་མོའི་སྐབས་སུ་གླུ་ལེན་གར་རྩེད་བྱེད་པ་མ་ཟད་ཇ་ཆང་སོགས་ལ་བསྟོད་པའི་སྟོན་བཤད་རྒྱག་སྲོལ་ཡོད་ལ། ལྷག་དུ་གཉེན་སྟོན་སྐབས་སུ་ཤ་དང་འབྲེལ་བའི་སོག་པ་དང་ཚང་ར་སོགས་ཀྱི་བཤད་པ་རྒྱག་སྲོལ་ཀྱང་ཡོད། དེ་ཡང་གཙོ་བོ་མདོ་སྨད་ཡུལ་དུ་གཉེན་སྟོན་སྐབས་སུ་གཉེན་ཚང་གིས་ཨ་ཞང་ཚང་ལ་ཤ་འདྲེན་པའི་སྐབས་སུ་གཉེན་བཤད་ཀྱི་ཆོ་ག་ཞིག་ཏུ་རྩིས་ནས་བཤད་པ་ཞིག་ཡིན་ལ། དེ་མིན་ད་དུང་བག་གསར་དང་མག་བཞིས་ཀྱི་གཉེན་ཚང་ནས་ཤ་དང་པོ་ཟ་བའི་རྟེན་འབྲེལ་དུ་ལུག་གི་ལག་ངར་དང་སོག་པ་སྤྲོད་པའི་ཞོར་ལ་བཤད་པ་རྒྱག་ཚུལ་ཡང་ཡོད། དེ་བཞིན་དུ་ལུག་གི་བྲང་ནི་ནམ་ཡང་ཉི་འོད་མི་ཕོག་པའི་སྐུང་ཁྱད་པར་བ་ཞིག་ཡིན་ཞིང་། ཤ་ཚིལ་འདྲེས་མར་ཡོད་ལ་བྲོ་བ་ལྷག་ཏུ་ལྡན་པས"ལུག་ཐོང་བའི་བྲང་མགོ་སྐྱི་འབྱར། །དབྱིབས་ཟུར་གསུམ་བྱ་མ་བྱེའུ་མགོའི་གཟུགས། །ཕྱི་སྐྱི་ཤུན་བཀོག་པའི་སྣུམ་བྱུགས་སེ། །སྟོན་མགྲོན་ཤའི་ནང་ནས་ཀུན་འཛོམས་ཤ།"ཞེས་བཤད་སྲོལ་ཡོད་ལ། "ལུག་དཀར་མོའི་འཚང་ར་ཤ་ཡི་མཆོག། དབྱིབས་ཟུར་གསུམ་སྣེ་འབུག་རྔ་སྣེ་དཀར། །སྐེད་དར་རྩིབ་ལེབ་གཉིས་འབྱར་ནས་བླངས། །གསེང་རུས་པ་ཆུང་ལ་ཤ་འཚིལ་འཛོམས། །
"29ཞེས་ལུག་གི་ཚང་ར་ཡང་རྒྱགས་ལ་སྣུམ་ཞིང་བྲོ་བ་ཆེས་ཆེར་ལྡན་པས་མགྲོན་ངོ་ཆོད་པའི་ཟས་གལ་ཆེན་ཞིག་ལ་བརྩིས་ནས་གཉེན་སྟོན་སྐབས་ཨ་ཞང་རྣམས་ལ་འདྲེན་པའི་སྲོལ་ཆེས་ཆེར་དར་ཏེ། "……བྲང་ནི་ཤ་ཡི་ཁ་རྒྱན་ཡིན། །
"30ཞེས་དང"ངས་གྲལ་མགོ་རེ་ལ་ཚང་ར་བཞག། ཤ་ཚང་ར་ང་དཀར་འབབ་རེད། ཁྱོད་ཨ་ཞང་ཚང་གི་དལ་མོར་བཞེས། །"ཞེས་པས་མཚོན་ནོ། གཉེན་སྟོན་སོག་སྤྲོད་བཙན་ཕྱུག་ལས"སོག་པ་མ་རེད་བསགས་པ་རེད། །ཕ་ཨ་ཁུ་རིང་ལ་བསགས་པ་རེད། ལག་ངར་མ་རེད་དཔའ་ངར་རེད། ཡུལ་ལྷ་དགྲ་ལྷ་མཆོད་སྐལ་རེད།
"31ཅེས་དང་། "སོག་ཁ་མཐོ་ལ་ཡངས་པ་འདི། ལྷ་ངོ་སོ་མཐོ་བའི་རྟགས། །སོག་རྐེད་དཀར་ལ་སྣུམ་པ་འདི། གཉན་གྱི་དཔལ་རྩལ་འགུག་པའི་རྟགས། །སོག་རྩ་བརྟན་ལ་འཇམ་པ་འདི། ཀླུ་ཡི་ཕྱུག་གཡང་འགུག་པའི་རྟགས། །སོག་པ་མིན་ད་གསོག་པ་ཡིན། །རྒོད་གཞི་མོ་བརྒྱ་ཡི་སོག་པ་ཡིན། །སོག་པ་མིན་ད་གསོག་པ་ཡིན། །འབྲི་ཐུལ་མ་བརྒྱ་ཡི་སོག་པ་ཡིན། །སོག་པ་མིན་ད་གསོག་པ་ཡིན། །ལུག་གཡང་དཀར་བརྒྱ་ཡི་སོག་པ་ཡིན། །སོག་པའི་མེ་ལོང་གོང་མ་ན། །རྒོད་མ་བརྒྱ་ཡི་འཚོ་ས་ཡིན། །རྟེའུ་ཆུང་བརྒྱ་ཡི་འཚོ་ས་ཡོད། སོག་པའི་མེ་ལོང་བར་མ་ན། །འབྲི་མོ་བརྒྱ་ཡི་འཚོ་ས་ཡོད། བེའུ་ཆུང་བརྒྱ་ཡི་རྩེ་ས་ཡོད། །སོག་པའི་མེ་ལོང་ཞོལ་མ་ན། །ལུག་གཡང་དཀར་བརྒྱ་ཡི་འཚོ་ས་ཡོད། ལུག་ཆུང་བརྒྱ་ཡི་རྩེ་ས་ཡོད་ཟེར་རྒྱུ།
"33ཞེས་འབྲོག་ཁུལ་དུ་མ་བུ་མོ་གནས་ལ་འགྲོ་བའམ་བུ་ཕོ་གསར་མག་པར་བསུས་ཚེ་གཉེན་ཚང་དུ་བཟའ་བྱའི་ཤ་ཡི་ཐོག་མ་སོག་པ་དང་ལག་ངར་ཡིན་ལ། འདིར་སོག་པ་མིན་ད་གསོག་པ་ཡིན་ཞེས་བག་གསར་མག་བཞིས་སུ་ཡིན་རུང་མ་འོངས་པར་རྒྱུ་ནོར་དང་ཟས་ལོངས་སྤྱོད་ཀྱང་བསགས་པ་མང་དུ་འཕེལ་བའི་རྟེན་འབྲེལ་དུ་བཀྲ་ཤིས་ཁ་གཡང་གི་ཚུལ་དུ་བརྗོད་པ་ཡིན་ལ། ལག་ངར་མ་རེད་དཔའ་ངར་རེད་ཅེས་བོད་མི་རིགས་ནི་དཔའ་འཛིང་རྟུལ་ཕོད་ཅན་གྱི་མི་རིགས་ཤིག་ཡིན་པ་མ་ཟད་དཔའ་འཛིང་རྟུལ་ཕོད་ཅན་གྱི་མི་ལ་བརྩི་འཇོག་བྱེད་པའི་མི་རིགས་ཤིག་ཡིན་པས། མག་པར་དཔའ་རྩལ་འཛོམས་པའི་ཁ་གཡང་སྨོན་ལམ་རྒྱག་པ་ངང་གིས་མཚོན་ཡོད། སྤྱིར་ཤ་བཤད་ལས་གཉེན་སྟོན་སོག་སྤྲོད་ཀྱི་བཤད་པ་ལ་དང་པོ་མག་ཟས་སོག་པ་སྤྲོད་པའི་དར་སྲོལ་དང་། སོག་པ་བཀྲ་ཤིས་རྟགས་བརྒྱད་ཀྱི་ཚུལ་དུ་བཤད་པ། སོག་པ་ལྷ་ཤིང་ཤུག་པའི་རྩེ་བརྒྱད་སྟེང་ལ་གཡོགས་སྲོལ་གྱི་བཤད་པ་སོགས་མང་དུ་མཆིས་མོད།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1