སློབ་གསོ་པུའུ་ཡིས་མཛུབ་ཁྲིད་བསམ་འཆར་ལེགས་པོ་ཞིག་བཏོན་པ།

རྩོམ་སྒྲིག་པ།ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 12-27


        སློབ་གྲྭ་འབྲིང་ཆུང་གི་སློབ་མའི་“སྤྱོད་ཤེས་ལུས་མཛེས་ལས་“ལྔ་ཁྱོན་ཡོངས་ནས་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་ཁྲོད་ཕུལ་བྱུང་གློག་བརྙན་གྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱ་ཆེད། སློབ་གསོ་པུའུ་དང་ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཉེ་ཆར་སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ཏེ། ལོ་3ནས་5བར་གྱི་དུས་ཚོད་སྤྱད་ནས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་དུ་གཏོང་རྒྱུ་བརྩོན་ལེན་བྱེད་དགོས་པ་བཏོན་ཡོད།

མཛུབ་ཁྲིད་བསམ་འཆར་ནང་།
    ལོ་3ནས་5བར་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་བརྙན་འཕྲིན་སློབ་གསོ་གཞི་རྩའི་ཐོག་ཁྱབ་གདལ་གཏོང་དགོས་པ་དང་། རྣམ་པ་སྣ་ཚོགས་དང་ཐོན་་ཁུངས་ཕུན་སུམ་ཚོགས་པ། རྒྱུན་རྣམ་དུ་སྤེལ་བ་བཅས་ཀྱི་སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་སློབ་གསོའི་ལས་ཀའི་ལམ་སྲོལ་རྩ་བའི་ཆ་ནས་འཛུགས་དགོས་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གློག་བརྙན་སློབ་གསོའི་བྱེད་སྒོའི་དུས་ཚོད་དངོས་སུ་ལག་བསྟར་ཏན་ཏིག་ཐུབ་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མས་ལྟ་རྒྱུར་འཚམ་པའི་ཕུལ་བྱུང་གི་གློག་བརྙན་འགན་ལེན་གང་ལེགས་ཐུབ་པར་བྱས་ནས། སློབ་གྲྭ་དང་གཞོན་ནུ་ལོ་ཆུང་གི་སློབ་ཕྱིའི་བྱེད་སྒོ་སྤེལ་ས། སྤྱི་ཚོགས་ཀྱི་གློག་བརྙན་ལྟ་སའི་ཐོན་ཁུངས་བེད་སྤྱོད་ནུས་ལྡན་གཏོང་ཐུབ་པ་དང་། སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་བརྙན་འཕྲིན་གྱི་སློབ་གསོའི་ངང་ཚུལ་ལེགས་པོ་ཆགས་རྒྱུ་བརྩོན་ལེན་བྱེད་དགོས་ཞེས་བསྟན་ཡོད།

མཛུབ་ཁྲིད་བསམ་འཆར་ནང་།
        ས་གནས་ཁག་གི་སློབ་གསོ་སྲིད་འཛིན་སྡེ་ཁག་གིས་དྲིལ་བསྒྲགས་སྡེ་ཚན་དང་མཉམ་དུ་སློབ་གྲྭ་འབྲིང་ཆུང་གི་གློག་བརྙན་སློབ་གསོའི་ལས་དོན་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས། གློག་བརྙན་བརྙན་འཕྲིན་གྱི་སློབ་གསོ་དེ་སློབ་གྲྭ་འབྲིང་ཆུང་གི་ཀུན་སྤྱོད་དང་མཛེས་རིག་བཅས་ཀྱི་སློབ་གསོ་སོགས་ལས་དོན་གྱི་གལ་ཆེའི་ནང་དོན་དུ་བརྩིས་ཏེ། སློབ་གྲྭའི་སློབ་གསོ་སློབ་ཁྲིད་འཆར་གཞིའི་ནང་འཇུག་དགོས་པ་དང་། རིག་ཚན་སློབ་ཁྲིད་ཀྱི་ནང་དོན་གཉིས་ཟུང་འབྲེལ་དམ་ཚགས་ཀྱིས། སློབ་གྲྭའི་ཕྱི་ནང་གི་བྱེད་སྒོ་གཅིག་གྱུར་གྱིས་བསམ་བློ་བཏང་ནས། གཟའ་མཇུག་གི་གློག་བརྙན་ལྟ་བའི་དུས་ཚོད་དང་བྱེད་སྟངས་བཀོད་སྒྲིག་ལེགས་པོ་བྱེད་དགོས་པ་དང་། ཕུལ་བྱུང་གློག་བརྙན་བལྟ་བ་ནི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ངེས་པར་སྦྱོང་དགོས་པའི་ནང་དོན་ལ་འགྱུར་དུ་བཅུག་ནས། སློབ་གྲྭ་འབྲིང་ཆུང་གི་སློབ་མ་རེས་སློབ་སྐབས་རེར་ཉུང་མཐར་ཡང་རིན་ཡོན་མི་དགོས་པའི་ཕུལ་བྱུང་གི་གློག་བརྙན་ཐེངས་གཉིས་ལ་གཟིགས་རྒྱུ་འགན་སྲུང་བྱེད་དགོས་པ་བསྟན་ཡོད།
        དེ་དང་དུས་མཚུངས་སུ། གྲོང་གསེབ་ཀྱི་སློབ་མ་དང་དབང་བོ་སྐྱོན་ཅན་གྱི་ན་ཆུང་བྱིས་པར་དམིགས་ནས་བསམ་འཆར་ནང་།
        ས་གནས་ཁག་གིས་གྲོང་གསེབ་ཀྱི་གློག་བརྙན་སྟོན་མཁན་རུ་ཁག་གྲོང་གསེབ་ཀྱི་སློབ་གྲྭ་འབྲིང་ཆུང་ལ་གཏིང་ཟབ་ཞུགས་སུ་བཅུག་ནས་གློག་བརྙན་སྟོན་དགོས་པ་དང་། གྲོང་གསེབ་ཀྱི་སློབ་མར་རིན་མི་དགོས་པར་གློག་བརྙན་ལྟ་བའི་བྱེད་སྒོ་ཁྱོན་ཡོངས་ལ་ཁྱབ་པ་བྱེད་དགོས་ཞེས་དང་།
        དམིགས་བསལ་གློག་བརྙན་གྱི་སྤྱི་ཕན་བརྙན་སྟོན་བྱེད་སྒོ་སྒྲིག་འཛུགས་བྱས་ན། ལོང་བ་དང་འོན་པ་སོགས་དབང་པོ་སྐྱོན་ཅན་གྱི་ལོ་ཆུང་བྱིས་པར་བྱིས་པ་གཞན་དང་འདྲ་བར་ཕུལ་བྱུང་གློག་བརྙན་གྱི་ཟིལ་ཤུགས་ཚོར་དུ་འཇུག་དགོས་ཞེས་ནན་སྟོན་བྱས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1