༄༅།། བོད་ཀྱི་ལོ་ཐོ་རིག་པ་དར་ཚུལ་གྱི་ལོ་རྒྱུས་དང་ཁྱད་ཆོས་རགས་ཙམ་གླེང་བ།
སྐྱ་རེངས་དཔལ་ལོ། རྩོམ་སྒྲིག་པ།ཡོང་ཁུངས། བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-26
སྐྱ་རེངས་དཔལ་ལོ།
རང་རེའི་མེས་པོ་རྣམས་ཀྱིས་དུས་ཡུན་རིང་པོའི་ལག་ལེན་དང་ཉམས་མྱོང་ཕྱོགས་སྡོམ་བྱས་ཏེ། གནམ་གྱི་སྐར་མ་ལ་བརྟག་པའི་རྩིས་དང་། བར་སྣང་གི་སྤྲིན་དང་རླུང་། འདབ་ཆགས་དང་ས་གཞིའི་རྩི་ཤིང་། མཚོ་དང་ཆབ་རོམ་སོགས་ལ་བརྟག་པའི་རྩིས་སྣ་ཚོགས་ཞིབ་འཇུག་དང་བེད་སྤྱོད་བྱས་ཏེ་རིམ་པར་གོང་འཕེལ་བྱུང་ཡོད། ཉི་ཟླ་སྐར་གསུམ་འཁོར་བགྲོད་ཀྱི་ཆོས་ཉིད་འཚོལ་ཞིབ་བྱེད་པའི་གོ་རིམ་ཁྲོད་ཉི་མའི་འགྲོ་ཕྱོགས་དང་། ཟླ་བའི་འཕེལ་འགྲིབ། ལོ་ཟླ་ཞག་གསུམ་བརྩི་སྲོལ་གྱི་གཞི་ཆགས། ལྷག་པར་བོད་ཀྱི་གདོད་མའི་ཆོས་ལུགས་ཀྱི་སྲོལ་རྒྱ་ཆེར་ཕྱེ་མཁན་སྟོན་པ་གཤེན་རབ་ལོ་ཉིས་སྟོང་ལྷག་གི་སྔོན་རོལ་དུ་བྱོན་ནས་བོན་གྱི་ཆོས་དང་རིག་གནས་རྒྱ་ཆེར་སྤེལ་བ་དང་། སྐབས་དེར་སྨན་རྩིས་ཀྱི་གཞུང་ཡང་དར་རྒྱས་ཆེན་པོ་བྱུང་ཡོད་པ་བོན་གྱི་ལོ་རྒྱུས་དེབ་ཐེར་ཁག་ན་གསལ། ལྷག་པར་དུ་ལོ་ཟླ་ཞག་དུས་ཀྱི་བརྩི་སྲོལ་ཆེས་ཞིབ་ཕྲ་ཅན་ཞིག་ཆགས་ཡོད་པའི་ཚུལ་ནི་གཤེན་རབ་མི་བོ་ཆེ་ཤིང་བྱི་གཅིག་དཀར་གྱི་གནམ་ལོའི་ཟླ་བ་དང་པོའི་ཚེས་བཅོ་ལྔའི་ཉིན་སྐུ་འཁྲུངས་ཚུལ་བོན་འབྱུང་དག་ན་འཁོད་ཡོད་པ་དེས་དུས་དེའི་གོང་དུ་འབྱུང་རྩིས་རིག་པ་དར་རྒྱས་ཆེན་པོ་བྱུང་ཡོད་པ་རྗེས་སུ་དཔག་ནུས། བོད་ཀྱི་རྒྱལ་པོ་གཉའ་ཁྲིའི་དུས་སུ་གཡང་ཤེས་ཕྱཱ་བོན། འགྲོ་ཤེས་གླུད་གཏོང་། ཕན་ཤེས་སྨན་དཔྱད། སྐོས་ཤེས་རྩིས་མཁན། འཕུར་ཤེས་ཇུ་ཐིག སྒྲོལ་ཤེས་འཕྲུལ་བོན་སོགས་བོན་ཤེས་པ་ཅན་བཅུ་གཉིས་བྱུང་བར་གསུངས་ཤིང་། རྒྱལ་པོ་གྲི་གུམ་བཙན་པོ་དང་བློན་པོ་ལོ་ངམ་གཉིས་འཐབ་པའི་དུས་འདེམས་སྐབས་བློན་པོ་ལོ་ངམ་གྱིས་སྐར་མ་ས་རི་དང་ས་ག་རླུང་སྐར་ཡིན་སྟབས་རླུང་ཁམས་ཀྱི་སྐར་མ་འཆར་བའི་དུས་རླུང་འཚུབས་ཡོད་པ་ཤེས་ནས་ས་རི་དང་ས་ག་ལ་འཐབ་དུས་བཏབ་ཚུལ་ལོ་རྒྱུས་ཆོས་འབྱུང་དག་ལས་བྱུང་བ་ལ་བརྟག་ན་སྐབས་དེར་བོད་དུ་ལོ་ཐོ་བེད་སྤྱོད་བྱེད་པའི་ཚད་དེ་མཐོན་པོ་ཞིག་ལ་སླེབས་ཡོད་པ་ཤེས་ཐུབ་སྟེ། གཟའ་དང་སྐར་མའི་འགྲོས་དང་ཁམས་སོགས་ལ་བརྟག་ནས་གནམ་གཤིས་འགྱུར་ལྡོག་གང་ཡོད་རྗེས་དཔག་བྱེད་ཐུབ་པའི་ཆུ་ཚད་ལྡན་ཡོད་པའི་ཕྱིར་རོ།
དེ་རྗེས་བོད་རྒྱལ་སྲོང་བཙན་སྒམ་པོ་དང་ཁྲི་ལྡེ་གཙུག་བརྟན་གྱི་དུས་སུ་རྒྱ་ནག་ནས་ཀོང་ཇོ་རྣམ་གཉིས་སྔ་རྗེས་སུ་བོད་དུ་བསུས་ཤིང་། སྨན་རྩིས་ཀྱི་གཞུང་ལུགས་ཁག་གཅིག་བོད་སྐད་དུ་བསྒྱུར་ནས་རྩིས་ཀྱི་གཞུང་ལུགས་དར་རྒྱས་སུ་འགྲོ་བའི་ཐབས་ལམ་རྒྱ་ཆེར་བཏང་། རྒྱ་ནག་གི་རྩིས་མཁན་དུར་ཧར་ནག་པོ་བོད་དུ་ཐེངས་གཉིས་ཙམ་ཕེབས་ཏེ་ཐུན་མོང་བའི་གཙུག་ལག་རྩིས་གཞུང་བསྒྱུར་བ་དང་། རྩིས་གཞུང་རིན་ཆེན་གསལ་བའི་སྒྲོན་མེ་སོགས་བརྩམས། གངས་ཅན་སྨན་རྒྱལ་གཡུ་ཐོག་ཡོན་ཏན་མགོན་པོས་ཀྱང་གསོ་རིག་གི་གཞུང་ལུགས་རྒྱ་ཆེར་སྤེལ་བ་དང་ཆབས་ཅིག་སྐར་རྩིས་རི་བོ་རྡུལ་འབེབས། འབྲས་རྩིས་ཤིང་རྟའི་སྲོལ་འབྱེད། ནག་རྩིས་འཁོར་འདས་གཏན་འབེབས་སོགས་རྩིས་ཀྱི་རིག་པའི་གཞུང་ལུགས་གསར་རྩོམ་དང་འཆད་སྤེལ་གནང་བའོ། དུས་སྐབས་དེར་བོད་ན་དངོས་སུ་ལོ་ཐོ་རྩོམ་སྒྲིག་བྱེད་བཞིན་པ་རྟོགས་ཐུབ་པ་ནི། རྒན་ཐུབ་བསྟན་ཕུན་ཚོགས་ཀྱི་《བོད་ཀྱི་ལོ་ཐོ་ཐོག་མར་བྱུང་ཚུལ་ལ་རགས་ཙམ་དཔྱད་པ་》ལས། དང་པོ་ཁམས་ཕྱོགས་རྨུ་གླིང་(མུ་ལི་)བོད་རིགས་རང་སྐྱོང་རྫོང་ནས་ཁྱེར་ཡོང་བའི་ལོ་ཐོ་རྙིང་པ་དེ་ནི་ལོ་ངོ་སྟོང་ཕྲག་ལ་ཉེ་བའི་ལོ་རྒྱུས་དང་ལྡན་པའི་དངོས་རྫས་ཤིག་ཡིན། ཞེས་དང་། ལོ་ཐོ་འདི་ནི་ཆེས་གནའ་བོའི་ལུགས་རྙིང་ཞིག་ཡིན་སྟབས་དབྱིབས་མགོ་ཚེམས་ཅན་ཡིན་པ་དང་། ཕྱི་གཡོག་ཀོ་བས་བྱས་ཡོད་པ། ཤོག་བུ་བོད་ཤོག་རྙིང་པ་ལ་ཡི་གེ་ཆེར་མེད་པ་དཔེ་རིས་སྣ་ཚོགས་ཀྱིས་གཟའ་སྐར་དུས་ཚེས་འཕྲོད་སྦྱོར་བཟང་ངན་སོགས་མཚོན་པར་བྱས་ཡོད་པ་ཞིག་འདུག ཁ་བྱང་དུ་སྐར་རྩིས་འཕྲུལ་གྱི་ལྡེའུ་མིག་ཅེས་པའི་བོད་ཡིག་དབུ་མེད་ཅིག་བྲིས་ཡོད་པ་དེ་ལས། གཞན་ཐམས་ཅད་དཔེ་རིས་སུ་སྣང་། ཐོག་མར་དབུ་ལྡེབ་ཀྱི་ངོས་སུ་འཇིག་རྟེན་སྲིད་པ་མཚོན་བྱེད་དུ་མ་ཧཱ་གསེར་གྱི་རུས་སྦལ་གན་རྐྱལ་དུ་གནས་པ་ཞིག་ལ། ཤར་དུ་ཤིང་ཁམས་མཚོན་བྱེད་ལྗོན་ཤིང་གི་ལོ་མ། ལྷོར་མེ་ཁམས་མཚོན་བྱེད་མེ་ལྕེའི་རི་མོ། ནུབ་ལྕགས་ཁམས་མཚོན་བྱེད་མདེལ་གྱི་རྩེ་མོ། བྱང་ཆུ་ཁམས་མཚོན་བྱེད་ཆུའི་རི་མོ་བཅས་བཀོད་ཅིང་དེའི་ཕྱོགས་སོ་སོ་ན་ལོ་འཁོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་བཀོད་ཡོད་པ་དང་དེ་ལས་གནམ་ལོ་གང་ཡིན་མཚོན་པར་བྱེད་པའི་ཆེད་དུ་གནམ་ལོའི་གཟུགས་བརྙན་དེ་ལ་འབྱུང་ཁམས་གང་ཡིན་དེའི་ཁ་དོག་གི་ཚོན་བཏབ་ནས་བཞག་འདུག དེ་ནས་ཟླ་བ་རེ་ལ་ཞག་སུམ་ཅུ་རེ་བརྩིས་པའི་རེའུ་མིག་སུམ་ཅུ་བཅད་ཅིང་། དེའི་གོང་དུ་ཟླ་ཁམས་གང་ཡིན་མཚོན་བྱེད་ལོ་འཁོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་རེ་རེ་བཞིན་བཀོད་ཡོད་པ་སྟེ། ཟླ་བ་དང་པོ་མཚོན་བྱེད་སྟག་གི་གཟུགས་བརྙན། གཉིས་པ་མཚོན་བྱེད་ཡོས་ཀྱི་གཟུགས་བརྙན། གསུམ་པ་མཚོན་བྱེད་འབྲུག་གི་གཟུགས་བརྙན། བཞི་པ་མཚོན་བྱེད་སྦྲུལ་གྱི་གཟུགས་བརྙན། ལྔ་པ་མཚོན་བྱེད་རྟའི་གཟུགས་བརྙན། དྲུག་པ་མཚོན་བྱེད་ལུག་གི་གཟུགས་བརྙན། བདུན་པ་མཚོན་བྱེད་སྤྲེའུའི་གཟུགས་བརྙན། བརྒྱད་པ་མཚོན་བྱེད་བྱའི་གཟུགས་བརྙན། དགུ་པ་མཚོན་བྱེད་ཁྱིའི་གཟུགས་བརྙན། བཅུ་པ་མཚོན་བྱེད་ཕག་གི་གཟུགས་བརྙན། བཅུ་གཅིག་པ་མཚོན་བྱེད་བྱི་བའི་གཟུགས་བརྙན། བཅུ་གཉིས་པ་མཚོན་བྱེད་གླང་གི་གཟུགས་བརྙན་བཅས་བྲིས་ཡོད་ཅིང་། གཟུགས་བརྙན་སོ་སོའི་འོག་ཏུ་ཡོད་པའི་རེའུ་མིག་སུམ་ཅུ་པོ་རྣམས་ཀྱི་ནང་དུ་ཉི་མ་སོ་སོའི་ཁམས་མཚོན་པར་བྱེད་པའི་ཕྱིར་ལོ་འཁོར་བཅུ་གཉིས་ཀྱི་གཟུགས་བརྙན་རྣམས་རིམ་བཞིན་བཀོད་ཡོད་པ་དེའང་འབྱུང་རྩིས་ཀྱི་གཞུང་དུ། ཕོ་ཟླ་སྟག་སོགས་སྟག་ལྔ་ཚེས། །མོ་ཟླ་ཡོས་སོགས་སྤྲེལ་ལྔ་ཚེས། །ཞེས་གསུངས་པ་ལྟར། བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་སྟེ་ཕོ་ཟླ་དྲུག་པོའི་ཚེས་ཁོངས་རེའུ་མིག་ནང་དུ་ཚེས་གཅིག་སྟག་ནས་འགོ་བཟུང་སྟེ་ཚེས་ཁོངས་རེ་ལ་གཟུགས་བརྙན་རེ་བཀོད་ཡོད་པ་དང་། གླང་ཡོས་སྦྲུལ་ལུག་བྱ་ཕག་སྟེ་མོ་ཟླ་དྲུག་པོའི་ཚེས་ཁོངས་རེའུ་མིག་ནང་དུ་ཚེས་གཅིག་སྤྲེལ་ནས་འགོ་བཟུང་སྟེ་ཚེས་ཁོངས་རེ་ལ་གཟུགས་བརྙན་རེ་བཀོད་ཅིང་ལོ་གཅིག་ལ་ཞག་སུམ་བརྒྱ་དང་དྲུག་ཅུ་གཏན་འཁེལ་བྱས་པའི་རེའུ་མིག་ནང་ལོ་འཁོར་བཅུ་གཉིས་ཀྱིས་བསྟུད་མར་བཀོད་འདུག
གཟའ་བདུན་པོ་མཚོན་བྱེད་ཀྱི་དཔེ་རིས་ལ། ཉི་མ་དང་ཟླ་བ་ལ་དེ་གཉིས་ཀྱི་རང་གཟུགས་རེ་བྲིས་ཤིང་། མིག་དམར་ལ་མིག་གི་གཟུགས་གཅིག ལྷག་པ་ལ་ལག་མགོ་ཞིག ཕུར་བུ་ལ་ཕུར་པའི་གཟུགས་གཅིག པ་སངས་ལ་རལ་གྲི་དང་སྐབས་སུ་ཁ་མ་ཡང་བྱས་པ་སྣང་། སྤེན་པ་མཚོན་བྱེད་དུ་ཕོ་མཚན་ཞིག་བྲིས་འདུག་ཅིང་། དེ་དག་ཚེས་ཁོངས་སུ་བཀོད་ཚུལ་ཡང་འབྱུང་རྩིས་ཀྱི་གཞུང་དུ་བཤད་པའི། སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེས། །ཞེས་གསུངས་པ་ལྟར། དང་པོ་སྟག་ཟླ་བའི་ཚེས་གཅིག་གཟའ་སྤེན་པ་ནས་འགོ་བཙུགས་ཏེ་རིམ་བཞིན་བཀོད་པས་གཉིས་པ་ཡོས་ཟླའི་ཚེས་གཅིག་ལ་རེས་གཟའ་ཟླ་བ་ཏག་ཏག་འཁེལ་ཡོད་ཀྱང་། ཟླ་བ་ཕྱི་མ་རྣམས་ལ་གསུམ་པའི་ཚེས་གཅིག་མིག་དམར་དང་། བཞི་པའི་ཚེས་གཅིག་ཕུར་བུ་སོགས་འཁེལ་མ་ཐུབ་པ་དེ་དག་དང་། ལོ་རྗེས་མའི་ཟླ་བ་དང་པོའི་ཚེས་གཅིག་ལ་གཟའ་སྤེན་པར་འཁེལ་བའི་ཆེད་དུ། བར་མཚམས་རྣམས་སུ་གཟའ་ལྔ་པོ་གང་རུང་རེ་ཆད་པའི་བརྩི་སྲོལ་བྱུང་འདུག དེ་བཞིན་དུ་གཟའ་སྐར་འཕྲོད་སྦྱོར་དང་། དུས་ཚོད་བཟང་ངན་སོགས་མཚོན་བྱེད་དུ་མདའ་དང་། དུང་། ལྷམ། བུམ་པ། རྒྱ་གྲམ། སྦྲུལ། ནོར་བུ། རྩེ་གསུམ། བང་རིམ། ཉི་མ། སེན་རྗེས་དབྱིབས་ཅན་གྱི་གཟུགས་རིས། གཡུང་དྲུང་། ཡི་གེ་ཨ།(འདིར་ཡིག་གཟུགས་དབུ་ཅན་དང་དབུ་མེད་གཉིས་ཀ་འདུག) གོར་ཐིག་གསུམ་པ། གོར་ཐིག་དྲུག་པ། གོར་ཐིག་བརྒྱད་པ། མེ་ལོང་། ཕུར་པ། རལ་གྲི། ཟླ་གམ་ལ་སོགས་པའི་རི་མོ་ཇི་སྙེད་ཅིག་བཀོད་འདུག ཅེས་དང་། ཡང་ལོ་ཐོ་གཞན་པ་ཞིག་ལ། དབྱིབས་དང་རྣམ་པ་སྔ་མ་དང་མཚུངས་ཤིང་། འདི་ལ་མི་འདྲ་བའི་ཁྱད་ཆོས་ཚེས་ཁོངས་སོ་སོའི་ནང་དུ་སྔ་མ་ལས་ཡི་གེ་མང་བ་དང་། ཡི་གེ་དེ་དག་གི་ནང་དོན་གཙོ་བོར་ལྷ་ཀླུ་ས་བདག་འབྱུང་པོ་དང་སྡེ་བརྒྱད་རྣམས་ཚེས་གྲངས་གང་དང་། དུས་ཚོད་གང་དུ། ཚུལ་ཇི་ལྟར་རྒྱུ་བ། ཕན་གནོད་ཀྱི་བྱ་བ་གང་བྱེད་པ་ལ་སོགས་པ་དུས་རྒྱུན་དམངས་ཁྲོད་དུ་བཤད་སྲོལ་ཆེ་བའི་རིགས་རྣམས་བྲིས་འདུག ཅེས་གསུངས་པ་འདི་དག་ལས་སྔ་མོའི་དུས་ནས་ལོ་ཐོ་རྩོམ་སྒྲིག་བྱེད་པའི་ལག་ལེན་བྱུང་མྱོང་ལ། རྣམ་པ་དང་ནང་དོན་ལ་གཞིགས་ན་དེ་ནི་དུས་འཁོར་མ་དར་བའི་ཡར་སྔོན་གྱི་འབྱུང་རྩིས་རིག་པར་བརྟེན་ནས་བྱུང་བ་ཞིག་ཡིན་འདུག གཞན་ཡང་དེང་སྐབས་ཡུན་ནན་ལིས་ཅང་(丽江)གི་ནཱ་ཞི་འཇང་གི་རིགས་ཀྱི་སྟོན་པའི་རིག་གནས་(东巴文化)ཞེས་པའི་ཡི་གེ་ཡང་རི་མོ་བྲིས་པའི་གཟུགས་རིས་ལྟ་བུ་སྟེ། བཤད་རྒྱུན་ལ་བོན་གྱི་ཡི་གེ་ཡིན་ཟེར་བ་དང་སྦྲགས་ནས་དཔྱད་པ་གཏོང་རྒྱུ་ཡང་ཡོད་སྙམ་མོ།
རབ་བྱུང་དང་པོའི་མེ་ཡོས་(སྤྱི་ལོ་༡༠༢༧)ལོ་ནས་བཟུང་རྭ་འབྲོ་ཤོང་དང་གྱི་ཇོ་ལོ་ཙཱ་བ་སོགས་ཀྱིས་དཔལ་དུས་ཀྱི་འཁོར་ལོའི་རྒྱུད་འགྲེལ་ཆ་ལག་དང་བཅས་པ་བོད་སྐད་དུ་བསྒྱུར། དུས་འཁོར་བསྡུས་རྒྱུད་ལེའུ་ལྔ་ལས་དེའི་ལེའུ་དང་པོ་འཇིག་རྟེན་ཁམས་ཀྱི་ལེའུར་གནམ་སའི་གོ་ལ་གཏན་ལ་ཕབ་སྟེ་གནམ་ལ་ཉི་ཟླ་གཟའ་སྐར་གྱི་འགྲོས་དང་། ས་ལ་དུས་བཞིའི་འགྱུར་བ་ཇི་ལྟར་མངོན་པའི་ཚུལ་རྒྱ་ཆེར་བསྟན་ཡོད་པས་ལོ་ཐོ་རྩོམ་སྒྲིག་སོགས་ད་ལྟའི་དུས་འཁོར་ལུགས་ཀྱི་སྐར་རྩིས་ཀྱི་ལག་ལེན་རྣམས་དེ་ལ་བརྟེན་ནས་འཕེལ་རྒྱས་བྱུང་བ་ཞིག་ཡིན། ས་སྐྱའི་མཁས་པ་རིམ་བྱོན་སྤྱི་དང་། ཁྱད་པར་དུ་རྗེ་བཙུན་གྲགས་པ་རྒྱལ་མཚན་དང་ས་པཎ་ཀུན་དགའ་རྒྱལ་མཚན་སོགས་ཀྱིས་འཆད་ཉན་མང་དུ་གནང་བ་དང་། སྤྱི་ལོ་༡༢༦༠ལོར་འགྲོ་མགོན་ཆོས་རྒྱལ་འཕགས་པས་བོད་ཀྱི་སྲིད་དབང་བཟུང་རྗེས་གཡུང་སྟོན་རྡོ་རྗེ་དཔལ་བཟང་དང་ཀུན་དགའ་དཔལ་བ་སོགས་གནམ་རིག་སྐར་རྩིས་ལ་མཁས་པ་རྣམས་ཀྱིས་བོད་རང་གི་གནམ་གཤིས་དང་ས་ཆའི་དུས་བབ་ལ་ཞིབ་འཇུག་ནན་ཏན་མཛད་པ་དང་། ཙི་ནའི་ཧོང་ལེ་ལ་དཔེར་མཛད་ནས་བོད་ཀྱི་ལོ་ཟླ་ཞག་དུས་དང་སྦྱར་ནས་《ས་སྐྱའི་ལོ་ཐོ་》ཞེས་པ་བཏོན་པ་དེས་བོད་ཀྱི་གནམ་རིག་སྐར་རྩིས་སྔར་བས་ཡར་རྒྱས་སུ་ཕྱིན་པ་མཚོན་ཞིང་། རབ་བྱུང་བཞི་པ་ཡས་མས་ནས་ཟླ་བའི་འཕེལ་འགྲིབ་དང་། ཉི་ལྡོག་སྔ་ཕྱི། ཉི་ཟླ་གཟའ་འཛིན། ཟླ་བཤོལ། དུས་བཞིའི་འགྱུར་ལྡོག་སོགས་ལ་བརྟག་ཐབས་ཤེས་པ་དེས་ཀྱང་བོད་ཀྱི་ཞིང་འབྲོག་ཐོན་སྐྱེད་ལག་ལེན་གྱི་ཁྲོད་དུ་རང་བྱུང་ཁམས་ཀྱི་ཕན་གནོད་བྱེད་ལས་སྔོན་བརྡ་བྱེད་ཐུབ་པར་བརྟེན། རིག་གནས་དང་དཔལ་འབྱོར་གང་ཅི་འཕེལ་རྒྱས་འགྲོ་བར་མི་མངོན་པའི་ནུས་པ་གང་ཆེ་ཐོན་ཡོད། 《ས་སྐྱའི་ལོ་ཐོ་》འདི་ནི་དུས་འཁོར་ལུགས་ཀྱི་སྐར་རྩིས་ལྟར་བྲིས་པའི་ལོ་ཐོའི་ཐོག་མ་ཡིན་པས་ཚེས་ཆད་ལྷག་དང་། ཉི་ཟླ་གཟའ་འཛིན་སོགས་ཀྱི་སྐོར་ཕལ་ཆེར་བཀོད་མེད་པར་སྙམ། ཡིན་ནའང་དེ་ནི་ལམ་མེད་སར་ལམ་དང་། ཟམ་མེད་སར་ཟམ་ལྟར་ཐོག་མའི་གསར་གཏོད་ཡིན་པས་བསྔགས་བརྗོད་ཀྱི་གནས་ལས་མ་འདས། དེང་སྐབས་འདི་ལྟ་བུའི་ལོ་ཐོ་རྙིང་པ་མིག་ལམ་དུ་མཐོང་དཀོན་པས་འོལ་ཚོད་ཀྱི་གཏམ་གླེང་བྱེད་དཀའ་འོ།
རབ་བྱུང་ལྔ་པའི་ས་རྟ་(སྤྱི་ལོ་༡༣༡༨)ལོར། ཀརྨ་རང་བྱུང་རྡོ་རྗེས་དུས་འཁོར་བསྡུས་རྒྱུད་ཀྱི་ལེའུ་དང་པོ་འཇིག་རྟེན་ཁམས་ལེའུའི་ཚིག་རྣམས་གོ་བདེ་བའི་སླད་དུ་བདུན་ཚིག་ཏུ་བཀྲལ། རྒྱུད་ལས་མ་བཀག་པའི་རྩིས་ཉེ་བར་མཁོ་བ་འགའ་ཞིག་ཀྱང་བསྣན། དུས་ཀྱི་གཟེར་མང་པོ་གཏན་ལ་ཕབ་ནས་རྩིས་ཀུན་བསྡུས་པ་ཞེས་བྱ་བའི་བསྟན་བཅོས་མཛད་ཅིང་། བུ་སྟོན་རིན་ཆེན་གྲུབ་ཀྱིས་ཀྱང་རབ་བྱུང་ལྔ་པའི་མེ་སྟག་ལོར་རྩིས་ཀྱི་བསྟན་བཅོས་མཁས་པ་དགའ་བྱེད་ཡན་ལག་དང་བཅས་པ་བརྩམས་པ་དང་། གཞན་ཡང་མཁས་གྲུབ་ཨོ་རྒྱན་པ། ཀུན་མཁྱེན་དོལ་པོ་སངས་རྒྱས། འགོས་ལོ་ཡིད་བཟང་རྩེ་བ། བྱང་པ་རྣམ་རྒྱལ་གྲགས་བཟང་། ཟུར་མཁར་བ་བློ་གྲོས་རྒྱལ་པོ། ཇོ་ནང་ཏཱ་ར་ནཱ་ཐ་སོགས་བོད་ཀྱི་སྨན་རྩིས་མཁས་པ་མང་པོས་སྨན་རྩིས་གཉིས་ཀྱི་བསྟན་བཅོས་མང་དུ་བརྩམས་ཤིང་། འཆད་ཉན་ལག་ལེན་གྱི་སྒོ་ནས་མཉམ་དུ་དར་སྤེལ་གནང་ནས་བོད་ཀྱི་སྨན་རྩིས་རིག་པར་ལེགས་སྐྱེས་མང་དུ་ཕུལ་ཡོད། དེ་ནས་རབ་བྱུང་བརྒྱད་པའི་མེ་ཡོས་ལོར་(སྤྱི་ལོ་༡༤༤༧)མཚུར་ཕུ་འཇམ་དབྱངས་དོན་གྲུབ་འོད་ཟེར་གྱིས་རྗེ་རང་བྱུང་རྡོ་རྗེའི་རྗེས་སུ་འབྲངས་ཏེ་རྩིས་ཀྱི་བསྟན་བཅོས་ཀུན་ལས་བཏུས་པ་ཞེས་པ་མཛད། 《མཚུར་ཕུའི་ལོ་ཐོ་》ཞེས་པ་ཐོག་མར་བཏོན། སྔ་རབས་ཀྱི་བྱ་ཞག་རྩིས་ལ་སོགས་པའི་དུས་བརྟག་གནམ་དཔྱད་རྣམས་ཚེས་ཁོངས་སུ་བཀོད་པ། ཟླ་རེའི་གནམ་གཤིས་འགྱུར་ལྡོག ཉི་ཟླ་གཟའ་འཛིན། ཚེས་གྲངས་ཆད་ལྷག བཙའ་ཐན་སད་སེར་སོགས་རང་བྱུང་གི་གནོད་འཚེ་གང་ཡོད་བཅས་ཀྱི་སྔོན་བརྡ་བསྟན་ཡོད་པས་དུས་ཕྱིས་བར་དབུས་གཙང་ཁུལ་དུ་འདི་དར་ཁྱབ་ཆེ། རྩིས་ཀུན་བཏུས་པའི་རྨང་གཞིའི་ཐོག་ལ་འཕྲིན་ལས་པ་ཕྱོགས་ལས་རྣམ་རྒྱལ་གྱིས་རྩིས་འགྲེལ་ཞིག་དང་། དཔའ་བོ་གཙུག་ལག་ཕྲེང་བས་རྩིས་འགྲེལ་རིན་ཆེན་གཏེར་མཛོད་ཅེས་པ་དེ་མཛད་པ་སོགས་ཀྱིས་དར་སྤེལ་དུ་བཏང་བ་ལ་མཚུར་ལུགས་ཞེས་སུ་གྲགས་སོ།
དེ་མཚུངས་ལྷོ་ཁ་ཁུལ་དུ་རྩིས་རིག་མཁས་དབང་རྒྱ་མཚོ་རྣམ་གསུམ་ཞེས་པ་བྱོན་ཏེ། ཕུག་པ་ལྷུན་གྲུབ་རྒྱ་མཚོས་གཙང་ཆུང་ཆོས་གྲགས་རྒྱ་མཚོའི་ཞབས་ལ་གཏུགས། རྗེ་ནོར་བཟང་རྒྱ་མཚོ་དང་། གྲ་ཆུང་ཡོན་ཏན་རྒྱ་མཚོ་བཅས་ཀྱིས། དུས་ཀྱི་འཁོར་ལོའི་དཀའ་གནད་ཐམས་ཅད་ལ་སྒྲོ་འདོགས་ལེགས་པར་བཅད་དེ་གཞན་གྱིས་འགྲན་དུ་མེད་པའི་རྩིས་རིག་མཁས་པའི་དབང་པོར་གྱུར་ཏེ། རབ་བྱུང་བརྒྱད་པའི་མེ་ཡོས་ལོར་རྩིས་གཞུང་པད་དཀར་ཞལ་ལུང་ཆ་ལག་དང་བཅས་པ་བརྩམས་གནང་ལ། གཞན་ཡང་དབྱངས་འཆར་འགྲེལ་པ་མཆོག་དགས་གཙོས་རྩིས་གཞུང་མང་པོ་མཛད་དེ་གྲ་མདའ་ཕུག་པའི་ལུགས་ཀྱི་སྲོལ་བཏོད། དེ་བཞིན་དུ་ཕུག་པའི་ཁྱིམ་རྒྱུད་དུ་དཔལ་འབྱོར་ཕུན་ཚོགས་སམ་དཔལ་མགོན་འཕྲིན་ལས་ཞེས་གྲགས་པ་བྱོན་ནས་ཞལ་ལུང་མཛེས་རྒྱན། ལོ་ཟླའི་འགོ་འཛིན་སོགས་ཡིག་ཆ་དུ་མ་མཛད། ཁོང་གི་སློབ་མ་དུས་རམས་པ་འཆི་མེད་བདེ་བས་རྩིས་དཀར་ནག་གསན། ཁྱད་པར་དབྱངས་འཆར་ལ་མཁས་པར་གྱུར། བལ་ཡུལ་འཛུམ་ལང་སོགས་སུ་ཕེབས་ཏེ་སྒྲོ་འདོགས་ལེགས་པར་བཅད་ནས་དབྱངས་འཆར་སྨྲ་བ་ལ་མེད་དུ་མི་རུང་བ་ལག་ལེན་ནོར་བུའི་འོད་ཟེར་བརྒྱ་པ་མཛད། རབ་བྱུང་བཅུ་པའི་ཤིང་བྱི་(སྤྱི་ལོ་༡༦༢༤)ལོར་དཔལ་མགོན་འཕྲིན་ལས་རབ་རྒྱས་ཀྱིས་རྩིས་དཀར་ནག་གི་དྲི་བ་བརྩམས། རྗེས་སུ་སྨིན་གླིང་ཟུར་ཆེན་ཆོས་དབྱིངས་རང་གྲོལ་གྱི་ཡབ་གཞོན་ནུ་དོན་གྲུབ་དང་། རྩིས་རིག་སྨྲ་དབང་ལྷོ་ཁ་གྲ་ནང་གི་ལྡུམ་པོ་དོན་གྲུབ་དབང་རྒྱལ། ལུ་འགོ་བླ་མཁྱེན་ངག་དབང་སོགས་ཕུག་ལུགས་ཀྱི་རྗེས་འབྲངས་མཁས་དབང་མང་དུ་བྱོན། རབ་བྱུང་བཅུ་གཅིག་པའི་མེ་སྤྲེལ་ལོར་རྒྱལ་དབང་ལྔ་པས་རྩིས་དཀར་ནག་གི་དྲིས་ལན་ཉིན་བྱེད་དབང་པོའི་སྣང་བ་དང་། ལྡུམ་པོ་དོན་གྲུབ་དབང་རྒྱལ་གྱིས་སྐར་ནག་ཟུང་སྦྱོར་ཞེས་པ་དང་། འདར་ལོ་ངག་དབང་ཕུན་ཚོགས་ཀྱིས་རིན་ཆེན་ཕྲ་ཚོམ། རྣམ་གླིང་པཎ་ཆེན་དཀོན་མཆོག་ཆོས་གྲགས་ཀྱིས་ལྷན་ཐབས་རྒྱུ་སྐར་ཕྲེང་བ་སོགས་བརྩམས། ལྷག་པར་ཉི་ཟླ་གཟའ་འཛིན་བརྩི་བ་ལ་ཕུ་ཀླུང་དགེ་སློང་བློ་བཟང་ཡོན་ཏན་གྱི་རབ་བྱུང་བདུན་པ་ནས་རབ་བྱུང་བཅུ་གཅིག་(༡༣༨༧-༡༦༨༧)བར་གྱི་ཉི་ཟླ་གཟའ་འཛིན་གྱི་རི་མོ་དང་མྱོང་བྱང་གི་དཔེ་མཐོང་རྒྱུ་སྣང་བས་ཉི་ཟླ་གཟའ་འཛིན་བརྟག་པའི་རྩིས་ཧ་ཅང་དར་ཡོད་ཚོད་རེད།
རབ་བྱུང་བཅུ་གཅིག་པའི་ཆུ་ཕག་(སྤྱི་ལོ་༡༦༨༣)ལོར་སྡེ་སྲིད་སངས་རྒྱས་རྒྱ་མཚོས་སྐར་ནག་དབྱངས་གསུམ་གའི་དོན་བསྡུས་པའི་རྩིས་གཞུང་ཆེན་མོ་ཕུག་ལུགས་རྩིས་ཀྱི་ལེགས་བཤད་མཁས་པའི་མགུལ་རྒྱན་བེེ་ཌཱུར་དཀར་པོའི་དོ་ཤལ་དཔྱོད་ལྡན་སྙིང་ནོར་ཞེས་བྱ་བའི་བསྟན་བཅོས་ལྗགས་རྩོམ་མཛད། བོད་ཡོངས་ཀྱི་རྩིས་པ་ཚང་མས་འདྲི་ཞིང་རྩོད་པས་དོགས་གཅོད་དགོས་པའི་གསུང་བསྐུལ་མཛད་པ་ལ་བརྟེན་ནས་མཁས་པ་ཆེན་པོ་ལུ་འགོ་བླ་མཁྱེན་ངག་དབང་གིས་དཀའ་གནད་ཀྱི་དྲི་བ་ཉིས་བརྒྱ་དང་བརྒྱད་ཕུལ། དེ་ལ་སྡེ་སྲིད་ནས་ལུང་རིགས་མན་ངག་གི་ཐེ་ཚོམ་གཅོད་པའི་དྲིས་ལན་བསྟན་བཅོས་བེེ་ཌཱུར་དཀར་པོ་ལས་དྲིས་ལན་འཁྲུལ་སྣང་གཡའ་སེལ་དོན་གྱི་བཞིན་རས་སྟོན་བྱེད་ཅེས་མཛད། དེ་ནས་བཟུང་བོད་ཀྱི་རིམ་བྱོན་མཁས་པ་ཚང་མས་རྩིས་གཞུང་ཚད་ལྡན་དུ་བཟུང་ནས་མདོ་དབུས་ཀུན་ཏུ་ཤིང་དཔར་བརྐོས་ནས་རྒྱ་ཁྱབ་དུ་བེད་སྤྱོད་བཏང་བ་དང་། དེང་སྐབས་ཀྱང་ཀྲུང་གོའི་བོད་རིག་པའི་དཔེ་སྐྲུན་ཁང་གིས་འཕྲུལ་པར་དུ་བཏབ་ནས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་བཀྲམ་ཡོད་དོ། རབ་བྱུང་བཅུ་གཉིས་པའི་ཤིང་རྟ་(སྤྱི་ལོ་༡༧༡༤)ལོར་ལྷོ་ཁ་སྨིན་གྲོལ་གླིང་གི་ལོ་ཆེན་ངག་དབང་ཆོས་དཔལ་གྱིས་རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ་དང་། ཉེན་བྱེད་སྣང་བའི་ལག་ལེན་བུ་ཡིག་ངོ་མཚར་ཕྲེང་བ། རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བའི་རྣམ་འགྲེལ་གསེར་གྱི་ཤིང་རྟ། འབྱུང་རྩིས་མན་ངག་ཟླ་བའི་འོད་ཟེར་སོགས་མཛད་པ་དང་། སྨིན་གླིང་རང་དུ་སྨན་རྩིས་ཀྱིས་གཙོས་པའི་རིག་གནས་སློབ་གྲྭ་བཙུགས། 《སྨིན་གླིང་ལོ་ཐོ་》ཞེས་པའི་སྐད་གྲགས་ཅན་དེ་བཏོན་ནས་བར་སྐབས་སུ་དབུས་གཙང་ཁུལ་དུ་ལོ་ཐོ་འདི་གཙོ་བོར་འཛིན་སྲོལ་ཆགས་ཡོད། དེ་ལྟར་བེེ་དཀར་དང་ཉིན་སྣང་གཉིས་ནི་ཕུག་པའི་རང་ལུགས་གཙོ་བོར་བཟུང་ཤིང་རྨད་དུ་བྱུང་བའི་ཁྱད་ཆོས་མང་བར་བརྟེན་མདོ་དབུས་ཁམས་གསུམ་དུ་དར་ཁྱབ་ཆེ་ལ། ཕྱིས་བྱོན་རྩིས་རམས་པ་རྣམས་ཀྱིས་རྩིས་ཀྱི་ལག་ལེན་གྱི་ཁུངས་གཏུགས་སའང་ཡིན་ནོ། །
མདོ་ཁམས་སྟོད་དུ་ཀུན་མཁྱེན་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་བྱོན་ཏེ་རྒྱ་ནག་ནས་ད་ལྟ་རང་རེའི་ལོ་ཐོའི་ནང་བེད་སྤྱོད་བྱེད་བཞིན་པའི་གླང་རྩིས་སོགས་སྨན་རྩིས་ཀྱི་སྐོར་དུ་མ་གསར་དུ་བསྒྱུར་བ་དང་། རྒྱ་གར་དང་བལ་ཡུལ་ནས་འབྲས་རྩིས་སོགས་ཀྱང་བསྒྱུར་ཏེ་རྩིས་ཀྱི་རིག་པ་འདི་ཉིད་ཕུན་སུམ་ཚོགས་པར་བཏང་། དཔལ་སྤུངས་དགོན་དུ་སྨན་རྩིས་སོགས་རིག་གནས་སློབ་གྲྭ་བཙུགས། མཚུར་ལུགས་གཙོ་བོར་བྱེད་པའི་གཞུང་ལུགས་ལག་ལེན་དར་སྤེལ་གནང་ཡོད། རབ་བྱུང་བཅུ་གཉིས་པའི་ཆུ་བྱི་(སྤྱི་ལོ་༡༧༣༢)ལོར་ཀརྨ་ངེས་ལེགས་བསྟན་འཛིན་གྱིས་རྩིས་གཞུང་ཉེར་མཁོ་བུམ་བཟང་བརྩམས་ཏེ་《དཔལ་སྤུངས་ལོ་ཐོ་》ཞེས་པའི་མཚུར་ལུགས་གཙོ་བོར་འཛིན་པའི་ལོ་ཐོ་ཤིན་ཏུ་རྒྱས་པ་དེ་བཏོན། རབ་ཉི་ཤིང་སྟག་(སྤྱི་ལོ་༡༧༣༤)ལོར་བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ་གྱིས་རྩིས་གཞུང་ལེགས་བཤད་ནོར་བུའི་ཕྲེང་བ་བརྩམས་པ་དང་། རབ་བྱུང་བཅུ་གསུམ་པའི་མེ་ཡོས་(སྤྱི་ལོ་༡༧༤༧)ལོར་སུམ་པ་མཁན་ཆེན་ཡེ་ཤེས་དཔལ་འབྱོར་གྱིས་སྐར་ནག་རྩིས་ཀྱི་སྙིང་ནོར་ཉུང་འདུས་ཀུན་གསལ་མེ་ལོང་ཞེས་པ་ཕུག་ལུགས་དང་། རྩིས་ཀྱི་བསྟན་བཅོས་ཀུན་གསལ་མེ་ལོང་གི་བུ་གཞུང་ཟླ་བསིལ་རྩི་སྦྱོར་དགེ་ལྡན་རྩིས་གསར་དང་། དགེ་ལྡན་རྩིས་གསར་གྱི་ས་རིས་འབྲི་ཚུལ་གཉིད་སློང་གླུ་དབྱངས་ཞེས་པ་སྟོང་ཆེན་འདས་ལོ་གསར་སྤེལ་གྱི་རྩིས་གཞུང་མཛད་དེ་དགེ་ལྡན་རྩིས་གསར་གྱི་ལུགས་སྲོལ་བཏོད། དེ་ལ་དཔའ་རིས་སྔོ་ཁོ་ལེགས་བཤད་ཉི་མས་དགེ་ལྡན་རྩིས་གསར་མ་བུ་ཟུང་གི་རང་ཞལ་གསལ་བར་བྱེད་པའི་ལེགས་བཤད་ཉི་མའི་འོད་ཟེར་ཞེས་པའི་འགྲེལ་པ་ཆེན་པོ་མཛད་དོ། ཆུ་བྱ་(སྤྱི་ལོ་༡༧༥༣)ལོར་འཕྱོངས་རྒྱས་མཁན་པོ་བསྟན་འཛིན་རྒྱ་མཚོས་རྩིས་གཞུང་བཻཌཱུར་བཞད་པའི་འཛུམ་དཀར་བརྩམས། བོད་མཁས་དང་འཕྱོངས་རྒྱས་པ་རྣམ་གཉིས་ཀྱིས་གཙང་ཁུལ་དང་ལྷོ་ཁ་ཁུལ་གྱི་གནམ་རིག་སྐར་རྩིས་ཡར་རྒྱས་སུ་གཏོང་བ་ལ་ནུས་པ་བླ་ན་མེད་པ་བཏོན། རབ་འདོད་མེ་འབྲུག་(སྤྱི་ལོ་༡༧༩༦)ལོར་ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མས་རྩིས་གཞུང་མཁས་པའི་སྙིང་ནོར་དང་། དེའི་ཆ་ལག་རིན་ཆེན་སིལ་མ་སོགས་མཛད་དེ་མཁས་པའི་སྙིང་ནོར་གྱི་ལུགས་ཞེས་པའི་སྟོང་ཆེན་འདས་ལོ་གསར་སྤེལ་གྱི་རྩིས་སྲོལ་བཏོད། དཔལ་སྤྲུལ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོས་དུས་གཟེར་རྩིས་ཀྱི་ལག་ལེན་དང་། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རྩིས་གཞུང་ལེགས་བཤད་ཀུན་འདུས། འོ་རྫོང་པཎྜི་ཏ་བློ་བཟང་སྦྱིན་པས་རྩིས་གཞུང་རྣམ་གསལ་འོད་ཀྱི་ཐིག་ལེ་མ་བུ་སོགས་བརྩམས། བླ་བྲང་བཀྲ་ཤིས་འཁྱིལ་གྱི་མཁས་དབང་བྲག་དགོན་པ་དཀོན་མཆོག་བསྟན་པ་རབ་རྒྱས་ཀྱིས་ཕུག་ལུགས་རྩིས་ཀྱི་ལེགས་བཤད་རིགས་ལྡན་མཆོད་པའི་འོད་སྣང་དང་། དེའི་ཟུར་རྒྱན་རིན་ཆེན་སྒྲོམ་བུ་སོགས་མཛད་པ་དང་། གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོས་དགེ་ལྡན་རྩིས་གསར་གྱི་ངེས་པ་མདོ་ཙམ་བརྗོད་པ་བླང་དོར་གསལ་བའི་སྣང་མཛོད་དང་། དེའི་དཀའ་འགྲེལ་ཆུ་འཐུང་ཕོད་འབར། ཉེར་མཁོའི་རེའུ་མིག་དང་བསྟན་རྩིས་སོགས་མཛད་པ་ལས་མདོ་ཁམས་སྟོད་སྨད་དུ་དར་ཁྱབ་ཧ་ཅང་ཆེ། ཁྱད་པར་དུ་རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོས་བླ་བྲང་བཀྲ་ཤིས་འཁྱིལ་དུ་སྨན་པ་གྲྭ་ཚང་དང་དུས་འཁོར་གྲྭ་ཚང་གཉིས། ཀུན་མཁྱེན་བཞི་པ་བསྐལ་བཟང་ཐུབ་བསྟན་དབང་ཕྱུག་གིས་ཀྱེེ་རྡོར་གྲྭ་ཚང་བཙུགས་ཏེ་སྨན་རྩིས་རབ་འབྱམས་པ་མང་པོ་གསོ་སྐྱོང་གནང་བས་བོད་ཀྱི་གནམ་རིག་སྐར་རྩིས་ཀྱི་རིག་པ་དར་རྒྱས་ཆེན་པོ་བྱུང་བ་དང་། དུས་འཁོར་གྲྭ་ཚང་གིས་ཕུག་ལུགས་རྩིས་གཞུང་རིགས་ལྡན་མཆོད་པའི་འོད་སྣང་གཞིར་བཟུང་ནས་《སྐར་རྩིས་ལོ་ཐོ་》དང་། ཀྱེེ་རྡོར་གྲྭ་ཚང་གིས་རྒྱ་རྩིས་འཇམ་དབྱངས་མཆོད་པའི་མེ་ཏོག་དང་འཇམ་དབྱངས་འཛུམ་ཟེར། རྒྱ་རྩིས་ཤེས་རབ་རལ་གྲིའི་འོད་ཟེར་སོགས་གཞིར་བཟུང་ནས་《རྒྱ་རྩིས་ལོ་ཐོ་》བཏོན་པས་བོད་ཀྱི་ལོ་ཐོའི་སྲོལ་དེ་མདོ་སྨད་ཕྱོགས་སུ་དར་ཁྱབ་ཆེན་པོ་བྱུང་ངོ་།རབ་ཚེས་ས་སྤྲེལ་(སྤྱི་ལོ་༡༩༠༨)ལོར་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོས་དུས་འཁོར་འགྲེལ་ཆེན་རྡོ་རྗེའི་ཉི་མའི་སྣང་བ་དང་། གཞན་ཡང་སྔ་ཕྱིར་སྐར་རྩིས་སྔོན་འགྲོ་རིན་ཆེན་མེ་ལོང་། སྐར་རྩིས་སྣ་ཚོགས། དུས་རྩིས་ངོ་མཚར་ཉི་མ། རྩིས་སྐོར་ནོར་བུའི་ཕྲེང་བ། ཁྱིམ་བཅུ་གཉིས་ཀྱི་དཔེ་རིས་ཞིབ་པར་བཀོད་པའི་དོན་གསལ་བར་བརྗོད་པ་བློ་གསལ་དགའ་བསྐྱེད། ཟླ་རྐང་གི་དོགས་གནས་ལ་དཔྱད་པ། རྩིས་གསར་ཐུབ་བསྟན་མཛེས་རྒྱན་ལ་དཔྱད་པ། གོ་ལའི་དྲིས་ལན་མཁས་པའི་སྙན་རྒྱན་མེ་ཏོག་ཆུན་འཕྱང་། ནག་རྩིས་ཀྱི་སྐོར། དབྱངས་འཆར་འགྲེལ་པ་ཤེལ་གྱི་མེ་ལོང་སོགས་ཤིན་ཏུ་ངོ་མཚར་ཆེ་བའི་ལེགས་བཤད་དུ་མ་སྤེལ་ནས་རིག་གནས་སྤྱི་དང་སྐར་རྩིས་རིག་པ་དར་སྤེལ་དུ་གཏོང་བ་ལ་མཛད་རྗེས་རྒྱ་ཆེན་པོ་འཇོག་གནང་མཛད་ཡོད། ཁམས་ཀཿ ཐོག་ཏུ་ཡང་རིག་གནས་སློབ་གྲྭ་བཙུགས་ནས་རིག་གནས་ཆ་ཚང་འཆད་ཉན་བྱེད་ཀྱིན་ཡོད་ཅིང་། ལྷག་པར་དུ་དགེ་རྩེ་པཎྜི་ཏ་འགྱུར་མེད་བསྟན་པ་རྣམ་རྒྱལ་གྱིས་རྩིས་གཞུང་ཨུཏྤལ་སྔོན་པོའི་དོ་ཤལ་བྱ་བ་མཛད་པ་དང་། ལོ་རེ་བཞིན་ཕུག་ལུགས་གཙོར་བཏོན་གྱིས་《ཀཿ ཐོག་ལོ་ཐོ་》རྩོམ་སྒྲིག་བྱས་པ་ཁྱབ་ཆེའོ། དབུས་གཙང་གི་ཕྱོགས་སུ་བར་སྐབས་འདིར་གནམ་རིག་སྐར་རྩིས་ཀྱི་འཆད་ཉན་རིམ་བཞིན་ཉམས་རྒུད་དུ་གྱུར་ནས་སྐར་རྩིས་ཀྱི་གཞུང་རྩོམ་མཁན་དང་ལག་ལེན་བྱེད་མཁན་ཧ་ཅང་ཉུང་བར་གྱུར་འདུག འོན་ཀྱང་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་ཐུབ་བསྟན་རྒྱ་མཚོས་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་(སྤྱི་ལོ་༡༩༡༦)ལོར་ལྷ་ས་སྨན་རྩིས་ཁང་གསར་དུ་བཙུགས་པ་དང་། བླ་སྨན་མཁྱེན་རབ་ནོར་བུ་དབུ་འཛིན་དུ་བསྐོ་བཞག་གནང་བ་ནས་སླར་ཡང་དར་བའི་འགོ་ཚུགས། དམ་པ་འདིས་སྔ་ཕྱིར་གྲུབ་མཐའ་རིས་མེད་ཀྱི་བསྟན་འཛིན་མཁས་གྲུབ་མང་པོ་བསྟེན་ནས་སྨན་རྩིས་གཙོ་བོར་གྱུར་པའི་བོད་ཀྱི་རིག་གནས་ཆེ་ཆུང་ལ་ཐོས་བསམ་རྣལ་མ་མཛད་པས་མཁྱེན་རབ་ཀྱི་རྩལ་རྫོགས། སྐྱབས་མགོན་རྒྱལ་བའི་དབང་པོའི་བླ་སྨན་དུ་མངའ་གསོལ་བ་དང་། ལྕགས་པོ་རི་དང་སྨན་རྩིས་ཁང་གཉིས་ཀའི་སྤྱི་འདོམས་གཅིག་ལྕོགས་ཀྱིས་འགན་བཞེས། སྨན་རྩིས་རིག་གནས་ཀྱི་འཆད་ཉན་རྒྱ་ཆེར་གནང་བ་དང་བསྟུན་རྩིས་གཞུང་རིགས་ལྡན་སྙིང་ཐིག་དང་རྒྱ་རྩིས་བསམ་འཕེལ་དབང་རྒྱལ་སོགས་རབ་བྱུང་བཅུ་དྲུག་པའི་མེ་ཡོས་(སྤྱི་ལོ་༡༩༢༧)ལོར་རྩིས་འགོ་བསྟུངས་པ་དང་། 《སྨན་རྩིས་ཁང་གི་ལོ་ཐོ་》ཞེས་གྲགས་ཅན་ཕུག་ལུགས་ཀྱི་ལོ་ཐོ་རྩོམ་སྒྲིག་དང་འགྲེལ་པ་སྤེལ་གནང་བ་ལ་བརྟེན་ནས་བོད་ལྗོངས་སྨན་རྩིས་ཁང་གི་སྙན་གྲགས་བོད་ཀྱི་ཡུལ་གྲུ་ཀུན་ཏུ་ཁྱབ་པ་དང་། དེང་སྐབས་ཀྱང་རྒྱུན་འཛིན་མཁས་དབང་དུ་མ་བཞུགས་ཤིང་། སྨན་རྩིས་སོགས་རིག་གནས་ཀྱི་ལག་ལེན་མ་ཉམས་པར་གནས་ཤིང་ཉིན་བཞིན་གོང་འཕེལ་དང་། མཁས་པ་མང་པོས་ཕུག་ལུགས་རྩིས་གཞུང་རིགས་ལྡན་འཛུམ་ཟེར་དང་། སྐར་རྩིས་རིག་པའི་ཀུན་འདུས་ཆེན་མོ་སོགས་ཕྱོགས་བསྒྲིགས་གནང་། དེ་ལ་བརྟེན་ནས་བོད་སྟོད་སྨད་ཀུན་ཏུ་སྨན་རྩིས་ཁང་མང་པོ་ཚུགས་ཡོད་ཅིང་། དེ་དག་གིས་ལོ་ཐོ་རྩོམ་སྒྲིག་སོགས་སྦྱངས་འབྲས་མངོན་གསལ་ཅན་སྤེལ་བར་མ་ཟད། འཛམ་གླིང་འདིའི་རྒྱལ་ཁབ་གཞན་དུ་ཡང་དར་ཁྱབ་འགྲོ་བཞིན་ཡོད་པ་རེད། དེ་དང་དུས་མཚུངས་སུ་མདོ་ཁམས་སྨད་དུ་ཡང་བླ་བྲང་བཀྲ་ཤིས་འཁྱིལ་བའི་རྒྱ་ཞབས་དྲུང་སྐལ་བཟང་དཀོན་མཆོག་རྒྱ་མཚོས་དགེ་ལྡན་རྩིས་གསར་གྱི་རྩིས་འགོ་སྤོས་པ་དང་། རོང་པོ་དགོན་པའི་བདེ་ཆེན་བློ་བཟང་ཆོས་འཕེལ་རྒྱ་མཚོས་རྩིས་གཞུང་དཔྱོད་ལྡན་ཡིད་ཀྱི་དགའ་སྟོན་སོགས་མཛད། དེ་ནས་མཁས་དབང་ཚེ་ཏན་ཞབས་དྲུང་དང་དམུ་དགེ་བསམ་གཏན་སོགས་ཀྱིས་རྩིས་གཞུང་ལྗགས་རྩོམ་དང་འཆད་ཉན་གནང་། ལྷག་པར་དུ་ལྔ་རིགས་སྨྲ་བའི་དབང་པོ་རྗེ་བསམ་གྲུབ་རྒྱ་མཚོ་མཆོག་གིས་སྐར་རྩིས་ཀུན་འདུས་ནོར་བུ་དང་། རྒྱ་རྩིས་འཇམ་དབྱངས་དགྱེས་པའི་མཆོད་སྤྲིན་གཉིས་ལྗགས་རྩོམ་མཛད་པ་དང་། ཕྱོགས་སོ་སོར་ཕེབས་ཏེ་སྐར་རྩིས་ཀྱི་རིག་པ་མང་དུ་ཁྲིད་པ་ལ་བརྟེན་ནས་དེང་སྐབས་ཁོང་གི་སློབ་མའི་ཁྲོད་ན་ལོ་ཐོ་རྩོམ་མཁན་ཤིན་ཏུ་མང་པོ་བྱུང་ཡོད་དེ། 《ཀན་ལྷོ་སྨན་རྩིས་ཁང་གི་ལོ་ཐོ་》《སྐུ་འབུམ་དགོན་པའི་ལོ་ཐོ་》སོགས་དང་། གཞན་ཡང་ཁོང་གི་སློབ་མ་དག་གིས་མཛད་པའི་ལོ་ཐོ་མང་པོ་མཐོང་རྒྱུ་ཡོད་པས་བོད་ཀྱི་ལོ་ཐོ་རིག་པ་འདི་ཉིད་འཕེལ་རྒྱས་ལ་སུས་ཀྱང་བསྒྲུན་དུ་མེད་པའི་བྱས་རྗེས་ཆེན་པོ་བཞག་ཡོད་དོ། །
དེ་ལྟར་བོད་མི་རིགས་རང་ཉིད་ཀྱི་གནའ་བོའི་རྩིས་རིག་གཞིར་བཟུང་། དཔལ་དུས་ཀྱི་འཁོར་ལོའི་ཕྱི་རོལ་ཤེས་པའི་ཡན་ལག་ཏུ་སྐར་རྩིས་ཀྱི་རིག་པ་གསུངས་པ་རྩལ་དུ་བཏོན། དེའི་ཕུན་སུམ་ཚོགས་པའི་ཆ་ལག་ཏུ་དབྱངས་འཆར་དང་། བལ་པོའི་ཀ་ར་མྱང་རྩིས། རྒྱ་ནག་ནས་སྔ་ཕྱིར་དར་བའི་རྩིས་རིག་དག་གིས་ཀྱང་ཟུར་བརྒྱན། བོད་རང་གི་ཡུལ་དུས་དང་འཚམས་པར་ཇི་ལྟར་སྤྱོད་ཚུལ་གཏན་ལ་ཕབ་པའི་ཉམས་མྱོང་བཅས་གུང་བསྒྲིགས་པའི་《བོད་ཀྱི་ལོ་ཐོ་》འདི་ནི། ཚེགས་ཆུང་ངུ་སྟེ་ས་གཞོང་དུ་ས་རིས་ཀྱི་བྱ་བ་ཙམ་ལ་བརྟེན་ནས་རང་བྱུང་ཁམས་ཀྱི་ལྐོག་གྱུར་གྱི་གནས་ལུགས་མང་དུ་རྟོགས་ནུས་པས་དེང་སང་གི་ཚན་རིག་ལག་ལེན་གྱིས་ཀྱང་དཔྱད་བཟོད་པ་ཞིག་ཡིན་པས་སྐལ་བ་དང་ལྡན་པ་དག་གིས་སློབ་གཉེར་དང་ལག་ལེན་བྱེད་རྒྱུ་ཤིན་ཏུ་གལ་ཆེའོ། །
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1