རྔ་བ་ཁུལ་གྱི་འགྲིམ་འགྲུལ་འཕེལ་རྒྱས།

ཨོ་རྒྱན་བཀྲ་ཤིས། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 12-29


        ཉེ་བའི་ལོ་ངོ་བཞི་བཅུའི་ནང་དུ། རང་ཁུལ་གྱི་འགྲིམ་འགྲུལ་ཡང་ཉིན་རེ་ཞག་རེ་བཞིན་སྟབས་ཇེ་བདེར་སོང་སྟེ། སྔོན་གྱི་ལམ་མེད་སར་ལམ་དང་ཡོད་སར་སྔར་ཡོད་ཀྱི་ལམ་ལས་རིམ་པ་མཐོ་ལ་སྤུས་ཀ་ལེགས་པའི་ལམ་བསྐྲུན་པས། ད་ལྟ་རྫོང་སོ་སོ་དང་གྲོང་ཚོ་སོ་སོར་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་མ་ཟད། ཐ་ན་ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུའང་འགྲིམ་འགྲུལ་ཤར་གཏོང་ཐུབ་པ་བྱུང་ཡོད།

གཞུང་ལམ། 
        1999ལོར། རྔ་བ་རྫོང་གིས་སྤྱི་ལེ་10ཡི་སྣུམ་ལམ་བསྐྲུན་པ་དང་། ཧུང་ཡོན་རྫོང་གིས་སྤྱི་ལེ་2ཀྱི་སྣུམ་ལམ་བསྐྲུན། མཛོད་དགེ་རྫོང་གིས་སྤྱི་ལེ་3.2ཀྱི་སྣུམ་ལམ་བསྐྲུན་པས། དུས་དེ་ནས་བཟུང་། ཁུལ་ཡོངས་ཀྱི་འབྲོག་ཐང་སྣུམ་ལམ་མེད་པའི་ལོ་རྒྱུས་དང་གྱེས་པ་རེད།  
 མྱུར་བགྲོད་གཞུང་ལམ།
        2012ལོར། ཏུའུ་ཝུན་མྱུར་བགྲོད་གཞུང་ལམ་ཤར་གཏོང་ཐུབ་པ་དང་། ད་ལོའི་ལོ་མཇུག་ཏུ་ཝུན་འབར་མྱུར་བགྲོད་གཞུང་ལམ་ཡང་སྤྱི་ལེ་105ཤར་གཏོང་ཐུབ་འཆར་ཡོད་པས། རྔ་ཁུལ་གྱི་མི་རྣམས་འགྲོ་འོང་ཐད་དུ་སྟབས་བདེ་གང་མང་བསྐྲུན་ཡོད།
མཁའ་ལམ། 
        2003ལོར། རང་ཁུལ་གྱི་ཆེས་ཐོག་མའི་གནམ་གྲུ་འབབ་ཐང་སྟེ། གཟི་རྩ་སྡེ་དགུའི་གནམ་གྲུ་འབབ་ཐང་ལེགས་འགྲུབ་བྱུང་བ་དང་། 2014ལོར། ཧུང་ཡོན་གནམ་གྲུ་འབབ་ཐང་ལེགས་འགྲུབ་བྱུང་བས། རང་ཁུལ་གྱི་མཁའ་ལམ་ཐད་དུ་སྔ་ན་མེད་པའི་འཕོ་འགྱུར་བྱུང་ཞིང་། རང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་དུའང་ནུས་གལ་ཆེན་ཐོན་ཡོད།
ལྕགས་ལམ། 
        2011ལོར། ཁྲེང་ལན་ལྕགས་ལམ་འཛུགས་བསྐྲུན་གྱི་མགོ་བཟུང་བས་རང་ཁུལ་དུའང་ལྕགས་ལམ་ཡོད་པར་གྱུར། མིག་སྔར། རང་ཁུལ་གྱིས་ཁྲེང་ནུབ་ལྕགས་ལམ་གྱི་རྣམ་གྲངས་འཛུགས་བསྐྲུན་བྲེལ་བཞིན་ཡོད།

        ལོ་ངོ་བཞི་བཅུའི་རིང་དུ། རང་ཁུལ་གྱི་འགྲིམ་འགྲུལ་དྲ་བ་ཚགས་ཇེ་དམ་དུ་སོང་ནས་ཁུལ་ཡོངས་ཀྱི་འགྲིམ་འགྲུལ་གནད་དོན་ཐག་ལེགས་པོར་བཅད་ཡོད་དེ། མཁའ་རུ་མཁའ་ལམ་དང་ས་རུ་ལྕགས་ལམ་དང་མྱུར་བགྲོད་གཞུང་ལམ། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་སོགས་ལེགས་པོར་བསྐྲུན་དང་སྐྲུན་མུས་སུ་ཡོད་པས། མཛེས་སྡུག་གི་རྔ་ཁུལ་དུ་སྟབས་བདེ་གང་བསྐྲུན་ཡོད་ལ་རྔ་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལའང་ནུས་པ་གལ་ཆེན་ཐོན་ཡོད་དོ། །




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1