༄༅།། བོད་ཀྱི་སྲོལ་རྒྱུན་ཞལ་འབག་གི་འབྱུང་ཁུངས་དང་འཕེལ་རིམ་གྲུབ་ཚུལ།
ཀུན་དགའ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 12-29
ཀུན་དགའ་ཚེ་རིང་།
[ནང་དོན་གནད་བསྡུས། ]འདིར་གཙོ་བོ་བོད་ཀྱི་ཞལ་འབག་གི་འབྱུང་ཁུངས་དང་དར་ཁྱབ་ཇི་ལྟར་སོང་ཚུལ། དེའི་སྒྱུ་རྩལ་གྱི་ཁྱད་ཆོས་ལ་བལྟོས་པའི་རྣམ་གྲངས་སོ་སོའི་བསྟན་བྱའི་ངོ་བོ་སོགས་ལ་ཞིབ་འཇུག་བྱས་ཡོད།
[བརྡ་ཆད་གཙོ་བོ། ] བོད་ཀྱི་ཞལ་འབག མཁྲེགས་མཉེན། སྒྱུ་རྩལ། རྣམ་གྲངས།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས། ]J05[ཡིག་ཚང་མཚོན་བྱང་། ]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002—946X(2005)01-103-09
ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོའི་རྩེ་མོ་འདིར་གནས་པའི་བོད་མི་རིགས་ནི་མི་རིགས་གཞན་དང་འདྲ་བར། གནའ་སྔ་མོའི་དུས་ནས་ཡུལ་ལུང་དེ་རང་དུ་བྱུང་བའི་རིག་གནས་ཡོད་པ་སྟེ། ཞང་ཞུང་གི་རིག་གནས་དང་བོན་གྱི་ཆོས་ལུགས་སོགས་གཏིང་མཐའ་དཔོག་དཀའ་བའི་རིག་གནས་སྒྱུ་རྩལ་གྱི་རྒྱ་མཚོ་ལྟ་བུའི་ཁྲོད་ཁོ་མོས་ཆུ་ཐིགས་ཙམ་སྲོལ་རྒྱུན་ཞལ་འབག་སྐོར་ཞིག་གླེང་འདོད་དེ། དེ་ཡང་《བོད་ཀྱི་ལོ་རྒྱུས་རིག་གནས་ཚིག་མཛོད་》ཅེས་པའི་ནང་བོད་རིགས་ཀྱི་ཞལ་འབག་སྒྱུ་རྩལ་སྐོར་གླེང་སྐབས་“དེའི་འབྱུང་ཁུངས་ནི་གནའ་སྔ་མོའི་བོན་ཆོས་ཀྱི་ཤེས་དཔལ་ཁྲོད་ཀྱི་རྒྱུད་མཚོན་རི་མོར་དད་གུས་བྱེད་པ་དང་གཅན་གཟན་དང་འདབ་ཆགས་ལ་ལད་མོ་བྱས་ནས་ཟློས་གར་འཁྲབ་པ་དང་དེ་བཞིན་མཆོད་འབུལ་གྱི་བྱེད་སྒོ་དང་འབྲེལ་བ་དམ་པོ་ཡོད་པས་དེར་ལོ་རྒྱུས་ཡུན་རིང་ལྡན་ཡོད་”① ཅེས་འཁོད་འདུག་པ་རྒྱ་གར་འཕགས་ཡུལ་ནས་ཁ་བའི་ལྗོངས་སུ་ནང་པ་སངས་རྒྱས་པའི་ཆོས་ལུགས་དར་འཕེལ་བྱུང་བ་ནས་བཟུང་བོད་ཀྱི་རིག་གནས་ལོ་རྒྱུས་ལ་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་བ་དང་ཆབས་ཅིག་ཆབ་སྲིད་དཔལ་འབྱོར་རིག་གནས་སོགས་གང་ཅིའི་ཐད་ལ་འདོད་ཚུལ་གསར་པ་དང་འདུ་ཤེས་གསར་པ་ཞིག་ཆགས་ཡོད་པ་དེས་བོད་རང་གི་རིག་གནས་ལ་ཕོག་ཐུག་ཆེན་པོ་བྱུང་ཡོད་པ་ནི་གླེང་མེད་རེད། འོན་ཀྱང་དུས་རབས་བརྒྱད་པའི་ནང་བོད་ལྗོངས་སུ་མཁན་སློབ་ཆོས་གསུམ་ཞལ་འཛོམས་དེ་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་བཞེངས་ནས་ནང་རྟེན་བཞེངས་པའི་སྐོར་《སྦ་བཞེད་》ལས་“ལྷ་བཟོ་ན་རེ། ལྷ་རྒྱ་གར་དང་རྒྱའི་གཟུགས་གང་བགྱི་ཞེས་གསུངས། བཙན་པོའི་ཞལ་ནས་ལྷ་བོད་ཀྱི་ལུགས་སུ་བྱ་བར་ཅིས་ཀྱང་གནང་ཞེས་སློབ་དཔོན་ལ་ཞུས་པས་འོ་ན་བོད་འབངས་ཀུན་བསྡུས་ཤིག་བོད་ཀྱི་ལུགས་སུ་བྱའོ་གསུངས་བོད་ཀྱི་ལུགས་སུ་བགྱིད་པའི་དཔེ་བོད་འབངས་ཀུན་ཚོགས་པ་ལས་དེ་དག་གི་ནང་ནས་གཟུགས་བཟང་བ་ཁུ་སྟག་ཚབ་ལ་དཔེ་བྱས་ཏེ་གཙོ་བོ་ཨརྱ་པཱ་ལོ་ཁ་ས་པཱ་ཎི་(ཞི་བའི་སྐུ་) བཞེངས་པ། རྨ་གསང་ཀོང་ལ་དཔེ་བྱས་ཏེ་ཨརྱ་པཱ་ལོ་རྟ་མགྲིན་(ཁྲོ་བོའི་སྐུ་)སྒོ་སྲུང་དུ་བྱས་པ། ལྷ་མོའི་དཔེ་བུད་མེད་ལ་མཛེས་པ་ལྕོག་རོ་གཟའ་(བཟའ་)ལྷ་བུ་སྨན་ལ་དཔེ་བགྱིས་ཏེ་སྒྲོལ་མ་གཡས་སུ་བྱས། ལྕོག་རོ་བཟའ་ནུ་ཆུང་ལ་དཔེ་བྱས་ཏེ་ལྷ་མོ་འོད་ཟེར་ཅན་གཡོན་དུ་བྱས། ཀུན་ཚར་ལགས་ནས་རྒྱལ་པོས་ཡོ་བྱད་སྟ་གོན་མཛད་དེ། གྲལ་ཉི་ཤུ་དགུའི་གདུགས་ལ་ཞལ་བསྲོ་ཞུས་གཟུགས་མཁན་རྒྱ་མཚལ་བུ་ཡང་ཡལ་” ②ཞེས་འཁོད་པར་གཞིགས་ན་མ་གཞི་རྒྱ་གར་འཕགས་ཡུལ་ནས་ཁ་བའི་ལྗོངས་སུ་སངས་རྒྱས་ཆོས་ལུགས་དར་འཕེལ་བྱུང་ཡང་བོད་ལྗོངས་སུ་སངས་རྒྱས་བྱང་སེམས་ལ་སོགས་པའི་འཇིམ་པའི་གཟུགས་བརྙན་དང་ཞལ་འབག་ནི་དུས་དེ་ཙམ་ནས་ཐོག་མར་བོད་རང་ཉིད་ཀྱི་ལུགས་སུ་དར་བར་མངོན། “འཆམ་”ཞེས་པ་ནི་ལོ་རྒྱུས་ཀྱི་རྒྱབ་ལྗོངས་དེ་འདྲ་ཞིག་གི་འོག་ཏུ་བྱུང་ཞིང་འཕེལ་རྒྱས་ཕྱིན་པ་ཞིག་ཡིན། “འཆམ་”གྱིས་བོད་ཀྱི་སངས་རྒྱས་ཆོས་ལུགས་དར་རྒྱས་གོང་འཕེལ་གཏོང་རྒྱུར་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད་པ་ནི་སྨོས་མི་དགོས་པ་དང་། བོད་དུ་དར་བའི་སངས་རྒྱས་ཆོས་ལུགས་ཀྱི་བྱེད་སྒོའི་ཁྱབ་ཁོངས་ལ་ས་གནས་དང་མི་རིགས་སོགས་ཀྱི་ཚོད་འཛིན་ཕོག་མེད་ཁར་ཆབ་སྲིད་ཀྱི་ནུས་པ་འགའ་ཞིག་ཐོན་ཡོད་སྟབས་དེ་དག་མགྱོགས་མྱུར་ངང་འཕེལ་རྒྱས་དང་སྟོབས་ཆེར་སོང་སྟེ་རིམ་བཞིན་ཚད་གཞི་འདྲ་མིན་གྱི་ཐོག་ནས་ཅུང་ཆ་ཚང་བའི་ཚད་དུ་སོན་ཡོད། དེ་ནི་དམངས་ཁྲོད་དུ་དར་བའི་འབག་གི་སྒྱུ་རྩལ་འགྲན་བྲལ་ཞིག་ཡིན། ཧེ་ཀོར་གྱིས་“སྒྱུ་རྩལ་གྱི་བརྩམས་ཆོས་གང་འདྲ་ཞིག་ཡིན་རུང་ཚང་མ་སྐབས་དེའི་དུས་རབས་དང་མི་རིགས་ལ་དབང་བ་ཞིག་ཡིན་ལ་དེ་དག་སོ་སོར་དམིགས་བསལ་གྱི་ཁོར་ཡུག་དང་ཆ་རྐྱེན་ལྡན་པའི་ཐོག་ནས་དམིགས་བསལ་གྱི་ལོ་རྒྱུས་དང་དེའི་འདོད་ཚུལ་དེ་བཞིན་དམིགས་ཡུལ་ངེས་ཅན་ཞིག་ལ་བརྟེན་ནས་གནས་ཡོད་”ཅེས་གསུངས་པ་ལྟར་ཞལ་འབག་གི་སྒྱུ་རྩལ་ནི་བོད་མི་རིགས་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་གྲུབ་ཆ་ཞིག་ཏུ་གཏོགས་ཤིང་དེས་མི་རིགས་དེའི་བསམ་བློ་དང་རང་གཤིས་སྤོབས་ཉམས་སོགས་མཚོན་གྱི་ཡོད། དེ་འདྲའི་མི་རིགས་ཀྱི་སྒྱུ་རྩལ་དེ་དག་ཀྱང་མི་རིགས་ཤིག་གི་རང་གཤིས་དང་ས་གནས་ཀྱི་ཁྱད་ཆོས་ཀྱི་ཐད་ཀའི་མངོན་ཚུལ་ཞིག་ཡིན།
བོད་ཀྱི་ཞལ་འབག་འདི་ཉིད་ལོ་རྒྱུས་ཡུན་རིང་ལྡན་ལ་སྒྱུ་རྩལ་གྱི་རིང་ཐང་དམིགས་བསལ་ལྡན་པར་བརྟེན་མཛེས་ཆོས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བས་དེའི་རིན་ཐང་ཡང་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད།
བོད་ཀྱི་སྲོལ་རྒྱུན་ཞལ་འབག་གི་རང་བྱུང་ཆ་རྐྱེན།
ཞལ་འབག་ཅེས་བྱ་བ་ནི་ཞལ་རས་ཀྱི་ཉམས་མཚོན་བྱེད་ཀྱི་འབག་ལ་གོ་དགོས་ཤིང་“འབག་ཅེས་པ་ནི་དེའི་རྒྱུ་ཆ་གཙོ་བོ་“འཇིམ་པ་”ལས་བཅོས་པའི་སྟབས་ཀྱིས་རེད། ”③བོད་རིགས་ནི་གནའ་སྔ་མོའི་དུས་ན་རི་དྭགས་རྒྱག་པ་དང་ཕྱུགས་འཚོས་ཏེ་འཚོ་བ་སྐྱེལ་མཁན་ཞིག་ཡིན་པས། མི་དང་སྲོག་ཆགས་དབར་འབྲེལ་བ་ཧ་ཅང་ཟབ་མོ་ཡོད། དེ་ཡང་སྤྱི་ལོ་2002ལོའི་ཟླ་བ་5པར་ང་ཚོ་མངའ་རིས་སུ་སྒྱུ་རྩལ་རྟོག་ཞིབ་བྱེད་པར་སྐྱོད་སྐབས་རུ་ཐོག་རྫོང་དུ་བོད་ཀྱི་བྲག་བརྐོས་རི་མོ་མི་ཉུང་བ་ཞིག་མཐོང་བྱུང་བས་མེས་པོ་ཚོས་བྲག་རྡོའི་ཐོག་བརྐོས་པའི་སྲོག་ཆགས་ཀྱི་དབྱིབས་གཟུག་འདྲ་མིན་གྱི་གསོན་ཉམས་བྱོན་ལེགས་ལ་སློབ་གྲོགས་ཚང་མ་ཧང་སངས་པར་གྱུར། བྲག་བརྐོས་རི་མོའི་ཐོག་ཕྱུགས་འཚོ་བ་དང་རི་དྭགས་རྒྱག་པའི་རི་མོ་ཕུད་དེའི་ནང་གི་ཆ་ཤས་ཤིག་ལ་བལྟས་ན་ཕན་ཚུན་གཡུལ་འགྱེད་པའི་བཟོ་ལྟ་འདྲ་ལ་ཡང་མཐུ་རྩལ་འགྲན་པ་དང་ཡང་འདྲ་སྟེ་བྲིས་ཆའི་མི་རྣམས་ཀྱི་མགོ་སྟེང་དུ་བྱ་སྒྲོ་བཙུགས་ཡོད་པ་དང་ལུས་ཀྱི་སྨད་དུ་དཔྱང་ཐག་གིས་བརྒྱན་པར་བྱས་ཚུལ་དེ་དག་དེང་གི་ཆར་ཡང་ཡིད་ངོར་ལྷམ་མེར་འཆར་བར་གྱུར། ང་ཚོའི་སྣེ་ཁྲིད་དགེ་རྒན་བློ་བཟང་བཀྲ་ཤིས་ལགས་ཀྱི་“ད་དུང་བྲག་བརྐོས་རི་མོ་འགའ་ཞིག་ཞིག་ཐོག་ཏུ་བོད་རིགས་ཀྱི་མེས་པོ་ཚོས་སྲོག་ཆགས་ཀྱི་པགས་པ་རང་ལུས་འགེབས་བྱེད་དུ་གྱོན་པ་དང་མཛེས་པར་བྱེད་པའི་རྒྱན་ཆ་ལྟ་བུར་བརྩི་ཡི་ཡོད་”པ་སོགས་ཀྱི་ཐད་འགྲེལ་བཤད་ཀྱང་གནང་བྱུང་། ལྷ་མོའི་འཁྲབ་སྟོན་ནང་རྔོན་པའི་སྐེད་པར་ཐིག་རལ་གྱིས་བརྒྱན་པར་བྱས་ཡོད་པ་མ་ཟད་“འབྲོང་རྩེད་”དང་“བྲོ་”སོགས་དམངས་ཁྲོད་ཀྱི་འཁྲབ་སྟོན་ནང་དུའང་སྤྱོད་སྲོལ་ཡོད། དེར་བརྟེན་བོད་ཀྱི་གནའ་སྔ་མོའི་དུས་ཀྱི་ཞལ་འབག་རྣམས་ནི་གཙོ་བོ་སྲོག་ཆགས་ཀྱི་པགས་པ་དང་སྤུ་ཡིས་བཟོས་པ་ཞིག་ཡིན་པ་ཚོད་དཔག་ཐུབ་ཀྱི་འདུག་ལ་“འབྲས་དཀར་དང་སྒྱི་བདག་གི་འབག་གཉིས་པོར་གཞི་རྩའི་ཐད་གདོད་མའི་རྗེས་ཤུལ་རང་སོར་བཞག་ཡོད་” ④ མོད། དུས་ཀྱི་འཕེལ་འགྱུར་དང་ཆབས་ཅིག་མི་རྣམས་ཀྱིས་འབག་གི་ནང་དོན་དང་མཛེས་རྒྱན་ཁ་སྣོན་ཟམ་མི་ཆད་པར་བྱས་ཡོད་པ་དང་། ལྷག་པར་དུ་རྒྱུ་ཆ་གསར་པ་དང་ལག་རྩལ་གསར་པའང་སྤྱད་དེ་དེ་བས་མཛེས་སྡུག་ཅན་དུ་བཟོ་བར་བྱེད་ཀྱི་ཡོད། འོན་ཀྱང་སྲོག་ཆགས་ཀྱི་པགས་པས་མ་རྒྱུ་བྱས་ཏེ་གྲུབ་པའི་བོད་ཀྱི་དམངས་ཁྲོད་ཞལ་འབག་སྒྱུ་རྩལ་ལ་མངའ་བའི་རང་བྱུང་དང་དམིགས་བསལ་གྱི་ཆོས་ལ་སུས་ཀྱང་རྩ་འགྱུར་བྱེད་ཐབས་མེད་པ་ཞིག་ཡིན་པ་ནི་བོད་ཀྱི་ཞལ་འབག་སྒྱུ་རྩལ་གྱི་རང་གཤིས་ཡིན། དེ་ནི་གཞན་དང་མི་འདྲ་བའི་ཁྱད་ཆོས་ཤིག་ཡིན་པས་དེར་མི་རྣམས་ཀྱིས་རྩ་འགྱུར་བྱེད་ཐབས་མེད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དང་བྲལ་ན་རང་གཤིས་མེད་པའི་སྒྱུ་རྩལ་དཀྱུས་མ་ཞིག་ཏུ་འགྱུར་ངེས་རེད།
དངོས་པོའི་ངལ་རྩོལ་ནི་ཞལ་འབག་གི་རྨང་གཞི་ཡིན།
མར་ཁེ་སིས་“བསམ་བློ། འདོད་ཚུལ། འདུ་ཤེས་བཅས་ནི་དང་ཐོག་མི་རྣམས་ཀྱི་དངོས་པོའི་བྱེད་སྒོ་དང་འབྲེལ་བའམ། དེ་བཞིན་དངོས་ཡོད་འཚོ་བའི་སྐད་བརྡ་བཅས་དང་ཐད་ཀར་གཞི་གཅིག་ཏུ་གནས་པ་ཞིག་རེད་”ཅེས་གསུངས་ཡོད། དེ་ལས་མི་རྣམས་ཀྱི་འདུ་ཤེས་དང་འདོད་ཚུལ་གྱི་འགྱུར་བ་ནི་དངོས་པོའི་ངལ་རྩོལ་གྱི་བརྒྱུད་རིམ་ནང་བྱུང་བ་དང་། དངོས་པོའི་བྱེད་སྒོ་ནི་སྒྱུ་རྩལ་མིན་པ་ནས་སྒྱུ་རྩལ་གྱི་ཕྱོགས་སུ་བར་བརྒལ་བྱེད་པའི་བརྒྱུད་རིམ་ཞིག་ཡིན་པ་རིག་ཐུབ། “‘སྒྱུ་རྩལ་གྱི་ཐོག་མའི་སྒྱུ་རྩལ་’འབྲས་དཀར་ནི་ཟས་གོས་སོགས་སློང་མོ་རྒྱག་ཕྱིར་འཁྲབ་སྟོན་བྱེད་པའི་གཞས་མ་གཏམ་གྱི་སྒྱུ་རྩལ་ཞིག་ཡིན་”⑤ཞེས་གསུངས་འདུག ཁོ་མོའི་ལྟ་ཚུལ་བྱས་ན་སྐབས་དེ་དུས་དངོས་པོའི་ཆ་རྐྱེན་ཤིན་ཏུ་ཞན་པའི་དབང་གིས་རོལ་རྩེད་ཀྱི་དོན་དུ་འཁྲབ་སྟོན་བྱས་པ་ཞིག་མ་ཡིན་པར་དེ་ནི་འབྲས་དཀར་རང་ཉིད་ཀྱི་ཟས་གོས་ཀྱི་ཆེད་དུ་ཆེད་མངགས་འཁྲབ་སྟོན་བྱེད་ཆེད་ཀྱི་འབག་དང་ཆས་རྣམས་ཀྱིས་བཀྲ་ཤིས་རྟེན་འབྲེལ་མཚོན་པ་དང་ངག་ནས་བརྗོད་པའི་གཏམ་གྱིས་ཀྱང་བཀྲ་ཤིས་སྨོན་ཚིག་མཚོན་པར་བྱས་རྗེས་སློང་མོ་རྒྱག་པའི་སྐབས་སྦྱིན་བདག་གི་ཡིད་སྤྲོ་འཕེལ་བར་བགྱིས་ནས་རང་ལ་གསོལ་རས་ཐོབ་ཐབས་བྱེད་པ་ཞིག་ཡིན་པ་ལས་གདོད་མའི་དུས་ཀྱི་མེས་པོས་ད་ལྟ་ང་ཚོས་བརྗོད་པའི་སྒྱུ་རྩལ་ཞེས་པར་ངོས་འཛིན་པ་ནི་མི་ངེས། ད་དུང་དེའི་ནང་“སྒྱི་བདག་”ཅེས་པའི་ཐ་སྙད་ཅིག་འདུག་པ་དེ་ཡང་མཉམ་སྡེབ་ཐོག་ནས་སློང་མོ་རྒྱག་པའི་གླུ་གར་ཞིག་ཡིན་ཞིང་དེའི་འཁྲབ་སྟོན་བྱེད་སྟངས་དང་“འབྲས་དཀར་”ཕན་ཚུན་བསྡུར་ན་ཡི་མུག་ཅིང་སྐྱོ་ཤས་ཆེ་བ་ལྟར་མངོན་ལ་རང་འདོད་བག་ཡངས་ཀྱི་སྣང་བ་ཅང་མེད་པའི་“སྒྱི་བདག་”གི་འཁྲབ་ཚན་མང་ཆེ་བའི་ནང་དོན་ནི་མི་དང་ས་ཁམས་དབར་གྱི་འབྲེལ་བའི་སྐོར་ཡིན་ཞིང་ངལ་རྩོལ་དང་འཐབ་རྩོད་ཀྱི་རྣམ་པ་མང་ཙམ་ཡོད་ལ་དེ་ཚོའི་ཁྲོད་ལྷ་སྲིན་ཕྱག་ཕེབས་ཀྱི་གྲུབ་ཆ་མང་པོ་ཡོད་པ་བྲིས་འདུག དེང་སང་གི་ཆེད་སྤྱོད་ཚིག་སྦྱོར་ཐོག་ནས་བརྗོད་ན་“སྒྱི་བདག་”ནི་སྐབས་དེར་ཚན་རིག་རིག་གནས་ཀྱི་ཆ་རྐྱེན་ཞན་པའི་དབང་གིས་རང་བྱུང་ཁམས་ཆེན་པོར་འཐབ་རྩོད་བྱེད་པའི་ནུས་པ་དང་བྲལ་སྟབས་གནའ་རབས་ཀྱི་ལྷ་གསོལ་བགེགས་བཟློག་ཆོ་གའི་ཉམས་ལེན་དུ་ཟད་ཅིང་གླུ་གར་གྱི་འཁྲབ་ཚན་དུམ་བུ་ཞིག་ཡིན་ཡང་། མང་ཚོགས་ཚོས་དེ་སྒྱུ་རྩལ་ཞིག་ལ་མི་བརྩི་བར་སློང་མོ་རྒྱག་ཐབས་ཤིག་ཏུ་བརྩིས་ཤིང་བཀྲ་མི་ཤིས་པའི་གླུ་གར་ཞིག་ལ་ངོས་བཟུང་ཐོག་དམིགས་བསལ་གྱི་ཆ་རྐྱེན་དང་གནས་ཚུལ་འོག་གཞི་ནས་འཁྲབ་སྟོན་བྱེད་ཆོག་པ་ཡིན། ལྷག་པར་དུ་“སྒྱི་བདག་”འཁྲབ་སྟོན་བྱེད་སྐབས་སྤྱོད་པའི་འབག་དང་འཁྲབ་ཆས་ནི་བཀྲ་མ་ཤིས་པ་ཁོ་ནར་ཟད་ཅིང་དེ་དག་ལོ་ཉེས་དང་བགེགས་བར་བྱུང་རིང་བེད་སྤྱོད་བྱས་མཚམས་ལོ་གསར་པ་མ་ཤར་གོང་ཚང་མ་མེར་བསྲེགས་ཏེ་གཙང་སེལ་བཟོ་ཡི་ཡོད་པ་སོགས་དངོས་པོའི་ངལ་རྩོལ་ནི་བོད་ཀྱི་ཞལ་འབག་གྲུབ་ཚུལ་གྱི་རྨང་གཞི་ལྟ་བུ་ཞིག་རེད་འདུག “སྒྱི་བདག་”གི་འབག་ནི་ར་ལྤགས་ངོ་མས་བཟོས་པ་ཡིན་པས་དེས་བོད་ཀྱི་གནའ་དུས་ཀྱི་ཞལ་འབག་སྒྱུ་རྩལ་གྱི་གཞི་སྒྲོམ་ལྟ་བུ་མངོན་པར་བྱས་ཡོད་པ་དེ་དག་ལས་བོད་ཀྱི་ཞལ་འབག་སྒྱུ་རྩལ་དེ་ཉིད་མེས་པོ་རྣམས་རང་བྱུང་ཁམས་ཆེན་པོའི་ནང་འཚོ་བ་སྐྱེལ་བའི་དངོས་པོའི་ངལ་རྩོལ་གྱི་བརྒྱུད་རིམ་ནང་བྱུང་ཡོད་ཚུལ་“སྒྱི་བདག་”དང་“འབྲས་དཀར་”གྱི་རྣམ་པ་ལས་གསལ་པོར་ཤེས་ཐུབ།
དེང་སྐབས་བོད་ཀྱི་ལྷ་མོ་འདི་ཉིད་ཀྱང་ཀྲུང་གོའི་ཟློས་གར་མ་ལག་ཁྲོད་ཀྱི་ནང་ཚན་ཞིག་ཏུ་གཏོགས་ཏེ་དེ་འཛམ་གླིང་ཐོག་གི་སྐྱེ་བོ་ཀུན་གྱིས་ཁས་ལེན་ཞིང་སྒྱུ་རྩལ་འདིའི་གྲུབ་ཚུལ་ཡང་དངོས་པོའི་མཁོ་དགུའི་བེད་སྤྱོད་དམིགས་ཡུལ་དུ་བཟུང་བ་ཞིག་ཡིན་གཤིས། དུས་ཡུན་རིང་པོའི་ནང་དམངས་ཁྲོད་དུ་འགུལ་སྐྱོད་བྱས་པ་བརྒྱུད་རིམ་བཞིན་དེང་སྐབས་ཀྱི་ཅུང་ཆ་ཚང་བའི་སྒྱུ་རྩལ་གྱི་རྣམ་པ་ཞིག་ཏུ་གྲུབ་པ་ཡིན། ལྷ་མོའི་ཞལ་འབག་གི་སྒྱུ་རྩལ་དེ་ཡང་ཆ་ལག་ཚང་དུ་སོང་བ་དེ་ནི་བོད་ཀྱི་གནའ་བོའི་དུས་ཀྱི་ཞལ་འབག་སྒྱུ་རྩལ་དེ་ཡར་རྒྱས་དང་གོང་འཕེལ་སོང་བ་དང་ཕྱོགས་མཚུངས་བོད་ཀྱི་ཞལ་འབག་གི་སྒྱུ་རྩལ་དེ་དངོས་པོའི་དགོས་མཁོ་སྐོང་རྒྱུའི་དམིགས་ཡུལ་ནས་བསམ་པའི་དགོས་མཁོ་སྐོང་རྒྱུའི་ཕྱོགས་སུ་འཕེལ་རྒྱས་སུ་ཕྱིན་པ་གསལ་པོར་མངོན་གྱི་ཡོད།
བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་ཉིད་དེང་དུས་ཅུང་ཆ་ཚང་བ་དང་ཚད་ལྡན་ཅན་འདི་ལྟ་བུར་འཕེལ་རྒྱས་བྱུང་བ་དེ་ཡང་གཙོ་བོ་ཞལ་འབག་སྒྱུ་རྩལ་གྱི་ཚོམ་བུ་དག་འདོན་སྤེལ་གང་ལེགས་བྱུང་བས་ཡིན།
ཆོས་ལུགས་དང་བོད་ཀྱི་སྲོལ་རྒྱུན་ཞལ་འབག
ཞལ་འབག་གི་བརྗོད་བྱའི་ཆ་ནས་བལྟས་ན་ཞལ་འབག་གི་སྒྱུ་རྩལ་དང་སངས་རྒྱས་ཆོས་ལུགས་བར་འབྲེལ་བ་ཟབ་མོ་ཞིག་ཡོད་ཅིང་འཆམ་གྱི་ཞལ་འབག་གི་ཉམས་སྣ་ཚོགས་ཀྱི་སྟེང་ནས་ཀྱང་དེ་ལྟའི་འབྲེལ་བ་ཤེས་ཐུབ་པ་ཡིན། སངས་རྒྱས་ཆོས་ལུགས་དང་ཞལ་འབག་དབར་ཐུན་མོང་མ་ཡིན་པའི་འབྲེལ་བ་བྱུང་བ་ནས་བཟུང་། ཞལ་འབག་སྒྱུ་རྩལ་གྱིས་ཆོས་ལུགས་ལ་ཞབས་འདེགས་ཞུ་བ་དང་ཞལ་འབག་སྒྱུ་རྩལ་གྱིས་ཆོས་ལུགས་ཀྱི་ལྟ་ཚུལ་སྐོར་ཞིག་མཚོན་བཞིན་ཡོད།
སངས་རྒྱས་ཆོས་ལུགས་ཀྱི་རིག་གནས་དེ་གངས་ལྗོངས་སུ་དར་ནས་བགྲང་བྱ་ཆིག་སྟོང་ལྷག་གི་ལོ་རྒྱུས་ལྡན་ཡོད། ཆོས་ལུགས་རིག་གནས་དར་འཕེལ་བྱུང་བ་དེས་བོད་ཀྱི་རྒྱུན་སྲོལ་གྱི་རིག་གནས་ལ་ཐད་ཀའི་ཤུགས་རྐྱེན་དང་སྣེ་ཁྲིད་ཀྱི་ནུས་པ་ཐོན་ཡོད་པ་ནི་བོད་ཀྱི་དམངས་ཁྲོད་སྒྱུ་རྩལ་གྱི་བྱེད་སྒོ་གང་འདྲ་ཞིག་ཡིན་རུང་ཚང་མར་མང་ཉུང་ལ་མ་བལྟོས་པར་ཆོས་ལུགས་ཀྱི་ནང་དོན་འདྲེས་ཡོད་པ་དེས་མཚོན་ཐུབ། དེས་ན་བོད་ཀྱི་ཞལ་འབག་གི་སྒྱུ་རྩལ་འཕེལ་རྒྱས་དང་ཆོས་ལུགས་རིག་གནས་ཀྱི་ཤུགས་རྐྱེན་གཉིས་པོ་ནི་འབྲེལ་བ་ཤིན་ཏུ་ཟབ་མོ་ཡོད་པ་ཞིག་ཡིན།
བོད་ཀྱི་ལྷ་མོའི་སྒྱུ་རྩལ་ནི་ཐོག་མར་གཞི་རྒྱ་ཅུང་ཆུང་ཞིང་རང་ཤུགས་སུ་ཐོན་པའི་མང་ཚོགས་རང་བཞིན་ལྡན་པའི་བྱེད་སྒོ་ཞིག་ཡིན་ཁར་འཕེལ་རྒྱས་སུ་འགྲོ་ཚད་ཀྱང་ཧ་ཅང་འགོར་བ་དང་སྒྱུ་རྩལ་ཀྱི་ཐད་ལའང་ས་བོན་གྱི་མྱུ་གུ་ཐོན་ཙམ་གྱི་རྣམ་པ་ཞིག་ཡིན་“ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པའི་སྐུ་དུས་ཆོས་ལུགས་དར་རྒྱས་ཆེ་ཤོས་ཀྱི་སྐབས་ཡིན་པས་གནའ་བོའི་དམངས་ཁྲོད་སྒྱུ་རྩལ་གྱི་བྱེད་སྒོའི་ལྷ་མོ་འདི་ཉིད་ལོ་རྒྱུས་ཀྱི་ཆ་རྐྱེན་དེ་འདྲ་ཞིག་གི་འོག་ཐོག་མར་ཆོས་ལུགས་ཀྱི་བྱེད་སྒོའི་ནང་ནས་མགྱོགས་མྱུར་ངང་འཕེལ་རྒྱས་བྱུང་”⑥ཡོད་ཅེས་པ་ལྟར་ན་དེ་ནས་བཟུང་རིམ་བཞིན་“ཞོ་སྟོན་”གྱི་འཁྲབ་སྟོན་བྱེད་སྒོར་ཞུགས་པ་དེས་རྒྱུན་རིང་བཀག་རྒྱས་བཅིངས་པའི་དམའ་རིམ་གྱི་སྒྱུ་རྩལ་དེར་སྐུལ་འདེད་དང་གོང་འཕེལ། དེ་བཞིན་ཕན་ཚུན་ཉམས་མྱོང་སྤེལ་རེས་བཅས་ཀྱི་མཐུན་རྐྱེན་བསྐྲུན་ནས་དེ་དག་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་སུ་ཕྱིན་ཡོད། དེས་བོད་ཀྱི་ཞལ་འབག་སྒྱུ་རྩལ་ལ་བཅངས་པའི་རབ་རིབ་གསལ་མིན་གྱི་རྣམ་པར་འཕོ་འགྱུར་བྱུང་སྟེ། སྒྱུ་རྩལ་གྱི་ཚིག་ཚོགས་ཚད་ལྡན་དུ་འགྱུར་རྒྱུའི་འགོ་བརྩམས་ཡོད། དེང་སྐབས་བོད་ཀྱི་ལྷ་མོའི་ནང་བརྐོས་དབྱིབས་འབོར་ཆེན་སྤྱོད་པ་དཔེར་ན། སྲོག་ཆགས་འདྲ་མིན་དང་། སྲིན་པོ། གར་འཆམ་ནང་གི་ཕྱག་རྡོར་གྱི་བརྗིད་བརྙན་སོགས་དེ་དག་ཚང་མ་ནི་ཆོས་ལུགས་ཞལ་འབག་གི་རྣམ་པ་བསྡུ་ལེན་བྱས་པ་ཞིག་ཡིན། ཆོས་ལུགས་ཀྱི་ཞལ་འབག་དང་དམངས་ཁྲོད་ཀྱི་འབག་གཉིས་ཀྱི་མི་འདྲ་བའི་ཆ་གཙོ་བོ་ནི་བཟོ་སྐྲུན་གྱི་སེམས་ཁམས་འཁྱེར་ཕྱོགས་མི་འདྲ་ལ་འབག་དེ་གཉིས་སོ་སོས་ཐོན་པའི་ནུས་པའང་རྦད་དེ་མི་འདྲ་སྟེ་ཆོས་ལུགས་ཀྱི་ཞལ་འབག་ནི་བྱིན་རླབས་ཉམས་ཀྱིས་ཕྱུག་པའི་བཟོ་སྐྲུན་གྱི་རེ་བ་ཞིབ་ནན་ཆེ་བ་ཡོད། དམངས་ཁྲོད་ཀྱི་ལྷ་མོའི་འབག་ནི་གཙོ་བོ་སྤྲོ་སྣང་འཕེལ་རྒྱུར་དོ་སྣང་ཆེན་པོ་བྱེད་པ་དང་བཟོ་སྐྲུན་གྱི་ཐད་རེ་བ་ཅུང་ལྷུག་ཙམ་ཡོད། དེའི་ཐོག་ནས་བོད་ཀྱི་ཞལ་འབག་སྒྱུ་རྩལ་གྱི་ཚད་མཐོའི་གྲུབ་འབྲས་མངོན་གྱི་ཡོད་ལ་བཟོ་སྐྲུན་ཚད་ལྡན་ཅན་དུ་གྱུར་བས་བོད་ཀྱི་ཞལ་འབག་སྒྱུ་རྩལ་དེ་བྱང་ཇེ་ཆུབ་ཏུ་སོང་བར་ཆོས་ལུགས་རིག་གནས་ཀྱི་ཐད་ཀར་ཤུགས་རྐྱེན་ཐེབས་པ་དང་ཁ་བྲལ་ཐབས་མ་མཆིས།
བོད་ཀྱི་ཞལ་འབག་གི་ཁྱད་ཆོས་དང་དབྱེ་བ།
བོད་ཀྱི་སྲོལ་རྒྱུན་ཞལ་འབག་སྣ་ཁ་ཤིན་ཏུ་འཛོམས་ལ་སོ་སོའི་དབྱིབས་གཟུགས་ཀྱང་མི་འདྲ་བས་ཞལ་འབག་ལ་བརྗོད་བྱའི་ཆ་ནས་དབྱེ་ན་ཞི་རྒྱས་དབང་དྲག་གི་ཉམས་སྣ་ཚོགས་མཚོན་པའི་ཞལ་འབག་ཡོད་ཅིང་། ཞལ་འབག་དེ་དག་ལའང་ཁ་དོག་གི་ཆ་ནས་ཀྱང་སྔོ་སེར་དཀར་དམར་སོགས་ཀྱི་དབྱེ་བ་དུ་མ་ཡོད། ད་དུང་དབྱིབས་ཀྱི་སྒོ་ནས་དབྱེ་ན་ངོས་མཉམ་པ་དང་ངོས་མི་མཉམ་པ་(འབུར་ཐོན་ཅན་)གཉིས་ཡོད། འོན་ཀྱང་གཞི་རྩའི་ཆ་ནས་འབག་མཁྲེགས་པོའི་རིགས་དང་། འབག་མཉེན་པོའི་རིགས་གཉིས་སུ་དབྱེ་ཞིང་དེ་ཡང་ངོ་བོའི་སྒོ་ནས་བཤད་ན་ཆོས་ལུགས་ཀྱི་ཉམས་མཚོན་པའི་འབག་དང་དམངས་ཁྲོད་ཀྱི་ཉམས་འགྱུར་ལྡན་པའི་འབག་གཉིས་ཏེ། ཞལ་འབག་འདི་གཉིས་པོར་ངོ་བོའི་ཐོག་ནས་ཁྱད་པར་ཆེ་ཙམ་ཡོད།
ཞལ་འབག་མཁྲེགས་པོའི་རིགས་དང་དེའི་ཁྱད་ཆོས།
འབག་མཁྲེགས་པོའི་རིགས་དེ་ཚོ་ནི་ཟངས་སོགས་བཞུས་ཏེ་ལུགས་རྒྱག་པའམ་ཡང་ན་ཤིང་སོགས་ཅུང་མཁྲེགས་པོའི་དངོས་རྫས་ལ་བརྐོས་བརྒྱབ་སྟེ་བཟོ་ཡི་ཡོད། དེ་དག་འབུར་ཐོན་ནམ་ཡང་ན་ཕྱེད་འབུར་ཐོན་ཡང་མཆིས། དེ་ཡང་ལྕགས་རིགས་ཀྱི་འབག་ནི་ལྕགས་རིགས་སྣ་ཚོགས་ལུགས་རྒྱག་པའམ་བརྐོས་བརྒྱབ་ནས་གྲུབ་པ་ཞིག་ཡིན་པ་དང་དགོན་སྡེ་ལ་ལར་གསེར་དངུལ་གྱི་འབག་ཀྱང་ཡོད་པ་དེ་ཚོ་རྟེན་གཙོ་བྱེད་པ་དང་ཆོས་སྐྱོང་ཆེན་པོ་ལ་ལས་ཀྱང་གསེར་དངུལ་གྱི་རྨོག་དང་འབག་གྱོན་སྲོལ་ཡོད་ཀྱང་དེ་རིན་ཐང་ཆེ་བའི་རྐྱེན་གྱིས་མང་པོ་མཐོང་རྒྱུ་མེད། ལྕགས་ཀྱི་འབག་ནི་གསང་སྔགས་ཀྱི་སློབ་དཔོན་གྱིས་གྱོན་གྱི་ཡོད་ལ་ལྕགས་རིགས་ཀྱི་འབག་འབོར་ཆེན་ཞིག་ནི་ཟངས་ལ་བརྐོས་པ་དང་ལུགས་བརྒྱབ་ནས་གྲུབ་པ་ཞིག་དང་བོད་ཀྱི་ཟངས་ལུགས་ལག་རྩལ་དར་རྒྱས་ཆེ་ཞིང་བཟོ་རྩལ་སྤུས་དག་པ་དང་བརྐོས་དཀྲོལ་ཞིབ་ཚགས་པས་ཐོན་དངོས་སྤུས་ལེགས་ཧ་ཅང་མང་པོ་ཐོན་གྱི་ཡོད་ཅིང་ཁྲོ་བོའི་འབག་མང་ཆེ་བ་ཟངས་ལས་བཟོས་པ་ཞིག་རེད། དེ་དག་རུས་བཟོ་ཐོན་པ་མ་ཟད་མུ་ཏིག་དང་བྱུ་རུ་སོགས་ཀྱིས་བརྒྱན་ཅིང་བཟོ་དབྱིབས་། དང་། ཁ་དོག ཉམས་འགྱུར། རྒྱན་སྤྲོད་སོགས་ཀྱི་ཐད། དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་། ད་དུང་ལྕགས་རིགས་གཞན་དག་གིས་བཟོས་པའི་འབག་ཀྱང་ཡོད་པ་རེད། ཤིང་བརྐོས་འབག་ནི་ཤིང་ཆ་ཧྲིལ་པོའི་པགས་པ་བཤུས་ཏེ་ཁོག་སྟོང་བཟོས་པ་དང་ཆུ་ནང་སྦངས་པ་སླར་སྐམ་རྗེས་བརྐོས་དཀྲོལ་ཞིབ་ཚགས་བྱས་པས་ཐིག་རིས་གསལ་ཞིང་གསོན་ཤུགས་དང་ལྡན་པར་སྣང་། གཉེར་རིས་ག་ཚོད་མང་བ་ཡོད་ན་དེ་ཚོད་ཀྱིས་བཟོ་རྩལ་ལེགས་པར་བརྩི་བ་དང་ལྷ་འདྲེ་དང་བགྲེས་སོང་། གླག་རྒོད། གཅན་གཟན་སོགས་བརྐོས་དཀྲོལ་བྱས་ན་དེ་བས་ཉམས་མདངས་ལྡན་པའི་བརྩམ་བྱ་སྤུས་ལེགས་ཧ་ཅང་མང་པོ་ཐོན་གྱི་ཡོད་པ་རེད། ཤིང་བརྐོས་ཀྱི་ཡོན་ཏན་གཙོ་བོ་ཁྱད་ཆོས་གང་རུང་ཞིག་གི་སྟེང་བཞག་ཡོད་དེ་དཔེར་ན། རི་དྭགས་ཀྱི་རྭ་དང་། འདབ་ཆགས་ཀྱི་མཆུ། མི་ཡི་མིག ལྷ་ཡི་ཞལ། འདྲེ་ཡི་མགོ་སོགས་ཀྱི་སྟེང་བཞག་པ་མང་ཆེ་བ་དགོན་སྡེའི་ནང་ཉར་ཚགས་བྱེད་ཀྱི་ཡོད། འཇིམ་བརྐོས་འབག་ནི་ལེགས་པར་བརྫིས་པའི་ཚི་འདམ་ལུགས་ཆས་སྟེང་བྱུགས་ནས་བརྐོས་ཏེ་གྲུབ་པ་དེ་སྐམ་པོར་གྱུར་རྗེས་ཚོན་བྱུག་གི་ཡོད་པས་ཧ་ཅང་ཧར་པོ་ཆགས་ཀྱི་ཡོད་ཀྱང་འཇིམ་འབག་ཆག་བདེ་བ་དང་གདོང་ལ་གྱོན་དུས་བདེ་པོ་དེ་ཙམ་མེད་པར་བརྟེན་དམངས་ཁྲོད་སྒྱུ་རྩལ་པས་དགའ་པོ་བྱེད་ཀྱི་མེད་པས་བཟོ་མཁན་ཡང་ཉུང་བ་ཡོད། ཞལ་འབག་མཁྲེགས་པོའི་རིགས་མང་ཆེ་བ་ནི་དགོན་སྡེ་ཁག་གི་“འཆམ་”རྒྱག་སྐབས་བེད་སྤྱོད་གཏོང་བ་ཡིན།
འཆམ་འབག་ནི་ཆོས་ཕྱོགས་ཀྱི་དུས་ཆེན་དང་དགོན་པའི་མཛད་སྒོའི་ཐོག་བླ་མ་དང་གྲྭ་བཙུན་གྱིས་འཆམ་རྒྱག་སྐབས་ཚང་མས་འབག་གྱོན་ནས་འཆམ་རྒྱག་གི་ཡོད་པ་རེད། འཆམ་རྒྱག་མཁན་མང་ཆེ་བ་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་དང་དེ་བཞིན་སྲོག་ཆགས་སོགས་ཡོད་པ་དཔེར་ན། བསྟན་སྲུང་ཆོས་སྐྱོང་དང་། ལྷ་ཚེ་རིང་། དུར་བདག ཤྭ་བ་ཚེ་རིང་། འབྲོང་སོགས་ཡོད་པ་རེད། སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་མང་ཆེ་བས་ཟངས་ལས་བཟོས་པའི་འབག་གྱོན་པ་དང་འདྲེའི་རིགས་འཁྲབ་མཁན་གྱིས་རས་ལས་བཟོས་པའི་འབག་གྱོན་གྱི་ཡོད་པ་རེད།
གྱང་འདེབས་སུ་འགེལ་བྱེད་དང་སྒྲིག་གཤོམ་བྱ་བྱེད་ཀྱི་འབག་སྤྱིར་བཏང་ཟངས་དང་ཤིང་ལས་བཟོས་པ་ཡིན་ལ་འདམ་བག་ལས་བཟོས་པ་ཡང་ཡོད་པས་སྤྱིར་བཏང་སྲུང་མའི་ལྷ་ཁང་དང་དེ་བཞིན་ཉེ་འཁོར་གྱི་གྱང་འདེབས་སུ་འགེལ་བ་ནི་ཆོས་ལུགས་ཀྱི་བང་རིམ་བཞིན་འགེལ་བ་དང་ཡང་ཁག་གཅིག་ཁེར་རྐྱང་དུ་འགེལ་སྲོལ་ཡང་ཡོད། འཆམ་འབག་ལས་སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་འབག་དང་འདྲེའི་འབག་དེ་བཞིན་སྲོག་ཆགས་ཀྱི་འབག་རིགས་མང་བ་ཡོད། དགོན་སྡེ་ཆེ་ཁག་གི་གྱང་འདེབས་སུ་འགེལ་བའི་འབག་ནི་ཆེད་མངགས་བཟོས་པ་དང་ཆ་ཚང་རེ་ཡོད་པ་རེད། ཡིན་ནའང་དགོན་སྡེ་ཆུང་བའི་ནང་ཡོད་པའི་འབག་ཆ་ཚང་དེ་དག་ཀྱང་འཆམ་རྒྱག་དུས་གྱོན་པ་དང་དུས་རྒྱུན་དགོན་པའི་ནང་འགེལ་བ་བཅས་གོ་ཉིས་ཆོད་བྱེད་ཀྱི་ཡོད་པ་རེད། བོད་དུ་དགོན་སྡེ་ཁག་ཚང་མའི་འཆམ་རྒྱག་ལུགས་མི་འདྲ་ཞིང་འཆམ་གང་འདྲ་ཞིག་རྒྱག་མིན་གཙོ་བོ་དགོན་སྡེ་སོ་སོའི་སྲུང་མ་ལ་རག་ལས་ཡོད། དགོན་སྡེ་ཁག་གི་“འཆམ་”གྱི་ཞལ་འབག་བཟོ་སྐྲུན་དང་“འཆམ་”རྒྱག་པའི་བརྒྱུད་རིམ་བཅས་སོ་སོར་གཏན་འབེབས་བྱེད་སྲོལ་གྱི་རེ་བ་ཧ་ཅང་ནན་པོ་ཡོད་ལ། དགོན་སྡེ་ཁག་ལ་ཆེད་མངགས་ཞལ་འབག་བཞེངས་མཁན་བཟོ་རྩལ་མཁས་ཅན་གྱི་གྲྭ་པའང་ཡོད་པས་བཟོ་རྩལ་ཐད་སྤུས་ཚད་ཡག་པོ་ཡོད། དགོན་སྡེ་ཆེ་གྲས་ཀྱི་ཞལ་འབག་སྒེག་ཉམས་ཆེས་ཆེར་ལྡན་ཡོད་ལ་ཐག་རིང་དགོན་སྡེ་ཆུང་གྲས་ཀྱི་ཞལ་འབག་བཟོ་སྐྲུན་སྟབས་བདེ་ཞིང་བཟོ་རྩལ་རྩུབ་ཤས་ཆེ་བ་ཡོད།
འབག་མཉེན་པའི་རིགས་དང་དེའི་ཁྱད་ཆོས།
འབག་མཉེན་པོའི་རིགས་དེ་གྲས་ལ་ངོས་སྙོམས་འབག་ཀྱང་ཟེར། དེ་ལའང་མཁྲེགས་པོ་དང་མཉེན་པ་གཉིས་སུ་དབྱེ་རྒྱུ་ཡོད། མཁྲེགས་པོ་ནི་པང་ལེབ་བམ་ཡང་ན་ཤོག་པང་གིས་བཟོས་རྗེས་རས་བསེའམ་ཀོ་བ་སྦྱར་གྱི་ཡོད་ལ་ཡང་ཤོག་བུའི་སྐྱོ་མའི་འབག་ཀྱང་ཡོད་པ་ནི་ཤོག་བུའི་སྐྱོ་མ་ལུགས་ཆས་སྟེང་བྱུག་ནས་གྲུབ་པ་ཞིག་ཡིན་པ་དེ་གྲིབ་སྐམ་བཏང་རྗེས་ཚོན་བྱུག་པའམ་བརྐོས་དཀྲོལ་བྱས་པས་ཡང་ཞིང་འཇམ་ལ་རི་མོ་ཞིབ་ཚགས་པ་དང་ཉམས་འགྱུར་གསལ་བར་མངོན་ཞིང་བསམ་བཀོད་ཕུན་སུམ་ཚོགས་པ་མ་ཟད། འཁྱེར་སླ་སྤྱོད་བདེའི་ཁྱད་ཆོས་ལྡན་པ་དང་བཟོ་ཡང་བདེ་བས་དམངས་ཁྲོད་ཀྱི་འཁྲབ་སྟོན་ཚོགས་པས་བཟོ་ཞིང་སྤྱོད་པ་ཡིན་ནོ། ཤོག་བུ་ཧྲིལ་པོ་གཅིག་དྲས་ནས་བཟོས་པའི་འབག་ཀྱང་ཡོད་པ་དེ་དག་དགོས་དུས་བཟོ་གིན་སྤྱོད་རྗེས་གཡུགས་ཀྱིན་ངང་གནས་སྐབས་ཀྱི་ཚབ་བྱེད་དངོས་པོར་སྤྱོད་པ་ལགས་སོ།
མཉེན་པ་ནི་ཀོ་བ་དང་རས་བསེའམ་ཡང་ན་དེ་མིན་གྱི་རྒྱུ་ཆ་མཉེན་པོའི་རིགས་ཀྱིས་འཚེམ་བཟོ་བྱེད་ཀྱི་ཡོད། དེ་ཡང་ཀོ་བའི་འབག་ནི་གཡག་ཀོ་དང་ར་ལུག་གམ་གཅན་གཟན་གྱི་པགས་པ་ཧྲིལ་པོ་ཞིག་དྲས་འཚེམ་བྱས་ནས་གྲུབ་པ་དང་དེའི་སྟེང་ཚོན་རིས་བྱུག་ནས་ཉམས་འགྱུར་ལྡན་ལ་སྤུས་ཀ་དག་པ་དེར་དམངས་ཁྲོད་ཀྱི་རོལ་མོ་དང་གླུ་གར་ཟློས་གར་སྒྱུ་རྩལ་པ་སོགས་ཀྱིས་དགའ་པོ་བྱེད་ཀྱི་ཡོད་པ་རེད། “འཕྱོངས་རྒྱས་རྫོང་ལྷ་མོ་ཚོགས་པའི་རྔོན་པ་འཁྲབ་མཁན་གྱིས་གྱོན་པའི་འབག་ཀྱང་ར་ལྤགས་ལས་བཟོས་པ་ཞིག་རེད། བཟོ་མཁན་དང་གྱོན་མཁན་ངོ་མས་ངེས་པར་དུ་གསུས་སྤུ་ཡོད་པའི་ར་ཞིག་གསོས་ནས་ཉིན་ལྟར་བྱམས་ཀྱིས་སྐྱོང་དགོས་པ་དང་དུས་ཐོག་ཏུ་སྤུ་དཀྱུས་ནས་ཤད་བརྒྱབ་སྟེ་པགས་པ་དང་སྤུ་གཉིས་ཀ་གཙང་མ་ཡོང་བ་བྱས་རྗེས་གསུས་སྤུ་ཚད་ངེས་གཏན་ཞིག་བར་སྐྱེས་རྗེས་ར་བསད་ནས་པགས་པ་བཤུས་ཏེ་འབག་བཟོ་བ་དང་ར་མགོའི་པགས་པའི་བཟོ་ལྟར་གཞིགས་ནས་དབང་པོ་ལྔ་གཏོད་པ་དང་། གསུས་སྤུར་ཨ་ར་བཟོ་ཡི་ཡོད་”པས་གསོན་ཉམས་ལྡན་པར་སྣང་། འབྲས་དཀར་འཁྲབ་མཁན་གྱི་འབག་ཀྱང་ལུགས་ལྤགས་ཧྲིལ་པོས་བཟོ་ཡི་ཡོད་པས་བསྟན་བཤིག་ཚ་ལ་མཐོང་སྣང་བདེ་བ་དེ་ཉིད་ལོ་གསར་ལ་རྟེན་འབྲེལ་ཞུ་མཁན་ལ་ཧ་ཅང་འཚམས་པས་མི་དམངས་ཀྱིས་དགའ་པོ་བྱེད་ཀྱི་ཡོད། རས་ལས་བཟོས་པའི་འབག་ནི་རས་སམ་ཡང་ན་དར་གོས་སོགས་ཁ་དོག་གཅིག་པ་ཞིག་དྲས་ནས་གྲུབ་པ་དང་། རས་ཀྱི་ཁ་དོག་མི་འདྲ་བ་ཁ་ཤས་སྦྱར་ནས་གྲུབ་པ་ཡང་ཡོད་ལ་དེ་རྗེས་དེའི་སྟེང་ཚོན་བྱུག་གི་ཡོད་ལ་རྟག་པར་རི་མོ་སྟབས་བདེའི་ཐོག་ནས་མི་སྣའི་སེམས་ཁམས་མཚོན་པར་བྱེད་པ་དང་མང་ཆེ་བ་འདྲེ་དང་འཁོར་གཡོག་སོགས་ཀྱིས་གྱོན་གྱི་ཡོད། འབག་འདི་རིགས་མང་ཆེ་བ་ནི་དམངས་ཁྲོད་ཀྱི་གླུ་གར་དང་། ཟློས་གར། གཞས་མ་གཏམ་སོགས་སྒྱུ་རྩལ་འདྲ་མིན་གྱི་ཁྲོད་རིག་རྒྱུ་ཡོད་ཅིང་། བཟོ་རྩལ་ཐད་གནའ་ཉམས་དོད་པ་དང་། གཤོགས་ཆེ་བ། སྟབས་བདེ་བ། གྲུང་ཤ་དོད་པ་བཅས་དམངས་ཁྲོད་སྒྱུ་རྩལ་གྱི་ཉམས་འགྱུར་ཤིན་ཏུ་ཟབ་མོ་ཡོད་ལ་གདོད་མའི་སྒྱུ་རྩལ་གྱི་རྗེས་ཤུལ་ཡང་ཅུང་མངོན་རྒྱུ་ཡོད་པ་དཔེར་ན་“འབྲས་དཀར་”དང་“སྒྱི་བདག”གི་འབག་ལྟ་བུའོ།
བོད་ཀྱི་ལྷ་མོའི་ཟློས་གར་གྱི་འབག་ལ་ཅུང་ཆ་ཚང་ཞིང་སྤུས་དག་པའི་མཛེས་དཔྱོད་ཀྱི་ཁྱད་ཆོས་ལྡན་ཡོད་པ་དེ་ནི་བོད་ཀྱི་སྒྱུ་རྩལ་གྱི་འབག་གི་སྙིང་པོ་གཅིག་ཏུ་བསྡུས་པ་ཞིག་གོ ཐུན་མོང་མིན་པའི་མི་སྣའི་འབག་གིས་བོད་ཀྱི་ལྷ་མོའི་ཟློས་གར་གྱི་འབག་གི་ནང་གྲངས་ཚད་མང་ཆེ་བ་ཟིན་གྱི་ཡོད་པ་དེ་དག་ནི་འཚོ་བའི་མ་གཟུགས་ལ་གཞིགས་ནས་གཏོད་པ་ཞིག་ཡིན་པས་ཉམས་འདོན་ནུས་པ་ལྡན་ལ་ཡིད་དབང་འཕྲོག་ཤོས་སུ་སྣང་། དེའི་ཁྲོད་ནས་“བགྲེས་སོང་ཕོ་མོའི་འབག་གི་ཐད་མི་སྣའི་ཚེ་གང་གི་སྐྱིད་སྡུག་ཉམས་འགྱུར་མངོན་པར་གསལ་བས་མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ་”⑦ཞེས་པ་གསོན་ཉམས་དོད་པོས་མངོན་གྱི་ཡོད་པས། ལྷ་མོ་བའི་ཡིད་ལ་གདུང་སེམས་རང་དབང་མེད་པར་སྐྱེ་ཡི་ཡོད། གཞན་ཡང་ལུག་རྫི་བའི་འབག་ནི་ལྗང་ཁུ་ཡིན་པ་དང་སྐྲ་ལོ་སྤྱི་གཙུག་ནས་ལན་བུ་གཉིས་སུ་དབྱེ་སྟེ་དཔྲལ་སྟེང་ནས་ཐུར་དུ་དུད་པས་འཇོ་སྒེག་ཉམས་དང་ལྡན་པ། སྤྱང་གྲུང་འཛོམ་ཞིང་འཇོན་ཐང་ཆེ་བའི་ཉམས་གྱུར་མངོན་གྱི་ཡོད། ལྷ་འདྲེའི་འབག་ནི་ཆོས་ལུགས་ཀྱི་རོ་མདངས་དང་ཉམས་མྱོང་བསྡུས་ཡོད་ལ་འཚོ་བའི་རོ་ལྡན་པར་བྱས་པས་མི་ཆོས་ཀྱི་ཉམས་འགྱུར་གྱིས་ཁེངས་པར་བྱས་ཡོད། སྲོག་ཆགས་ཀྱི་འབག་ཐད་སྲོག་ཆགས་ཀྱི་པགས་པ་དང་སྤུ་ལས་བཟོས་པ་དང་དེའི་གསོན་ཉམས་མངོན་པར་བྱས་ཡོད། མདོར་ན། བོད་ཀྱི་ལྷ་མོའི་ཟློས་གར་གྱི་མཛེས་དཔྱོད་ཕུགས་འདུན་ནི་ལྷ་ཡི་ཞིང་ཁམས་མངོན་པ་བྱེད་རྒྱུ་དེ་མ་ཡིན་པར་མི་ཡུལ་གྱི་འཚོ་བ་མཚོན་པར་བྱེད་ཆེད་ཡིན་པས་ནམ་ཡང་ཉམས་མེད་ཀྱི་གསོན་ཤུགས་ལྡན་ཡོད་པ་རེད།
སྣེ་ཁ་མང་ལ་ནང་དོན་ཟབ་པའི་མཚོན་བྱེད་རང་བཞིན།
མཚོན་བྱེད་ཅེས་པ་ནི་ཞིབ་ཕྲའི་བྱ་དངོས་ཀྱིས་ལྐོག་འགྱུར་གྱི་བྱ་དངོས་དང་བསམ་བློའི་བརྩེ་དུང་མཚོན་པར་བྱེད་པ་ཞིག་རེད། བདེ་ཁང་གིས་《ནུས་ཆད་དགག་རྒྱག་》ཅེས་པའི་དེབ་ཐེར་ནང་མཚོན་བྱེད་ཅེས་པ་ནི་“མཛེས་ཆོས་རང་བཞིན་དང་ཁ་གཏད་ཀྱི་ཁོངས་སུ་གཏོགས་པ་ཞིག་ཡིན་པས་དེའི་མཐུ་ནུས་རྗེས་དཔག་ལྟ་བ་དང་ཚད་མ་རིག་པར་གསལ་འདེབས་བརྒྱབ་སྟེ་སེམས་ཁམས་ཀྱི་ཤེས་པ་ཡངས་པོར་སོང་ནས་ནང་སེམས་པར་གསོན་ཤུགས་སྦྱིན་ཐུབ་པ་ཞིག་རེད་”⑧ ཅེས་བརྗོད་ཡོད་པ་མ་ཟད་ད་དུང་བྱ་རྒོད་དབུ་ལྷ་ཀྲུའུ་ཕེ་ཐེ་དང་རྨ་བྱ་ཀྲུའུ་ནོར་དཔེ་བླངས་ཏེ་གནད་དོན་དེར་གསལ་བཤད་བརྒྱབ་ཡོད་པ་རེད། བདེ་ཁང་གི་ལྟ་བ་དེ་བོད་ཀྱི་སྒྱུ་རྩལ་འབག་གི་མཚོན་བྱེད་གསལ་བཤད་བྱེད་པར་ཡོངས་སུ་འཚམས་པ་ཞིག་ཡིན།
བོད་ཀྱི་སྒྱུ་རྩལ་ཁག་གིས་མཚོན་བྱེད་སྒྱུ་རྩལ་བེད་སྤྱོད་གང་ལེགས་བྱས་ཡོད་པ་དང་བཟོ་དབྱིབས་དང་དབང་པོ་ལྔ་ཚོན་མདོག་གྱོན་གོས་སོགས་ཕྱོགས་གང་ཐད་ནས་མཚོན་པར་བྱས་ཡོད་པ་རེད། དཔེར་ན་“འབག་སྔོན་པོས་བོད་ཀྱི་སྲོལ་རྒྱུན་རི་མོ་བཀྲ་ཤིས་རྟགས་བརྒྱད་ཀྱི་དབྱིབས་གྲུབ་ཡོད་པ་དང་ངོ་གདོང་གི་དབྱིབས་ནོར་བུམ་ཡིན་པ་དང་ཁ་དང་སྣ་མིག་སྨིན་མ་ངོ་གདོང་། མལ་ལེ་བཅས་དབར་གྱི་དབྱེ་མཚམས་པད་མ་འདབ་བརྒྱད་མཚོན་ཡོད་པ་རེད། སྣའི་རྒྱན་ཆ་བཀྲ་ཤིས་ཉིས་བརྩེགས་ཀྱི་མདུད་པ་དང་དཔྲལ་བར་ཉི་ཟླ་དང་གསེར་གྱི་འཁོར་ལོ་གྲངས་མེད་བཀོད་ཡོད་པ། སྣ་རྩེའི་སྟེང་གི་དུང་དཀར་གཡས་བསྐོར་བརྒྱབ་ཡོད་པ། དཔྲལ་བ་ནས་རྣ་ཅོག་དབར་གསེར་ཉ་ཆ་གཅིག་བཀོད་ཡོད་པ། ནོར་རྫས་སྤུངས་པའི་ཐོར་ལྕོག་རྒྱལ་བའི་དཔེ་གཟུགས་དང་གདུགས་ཀྱི་གཟུགས་སུ་བཀོད་ནས་བཀྲ་ཤིས་རྟགས་བརྒྱད་དབྱིབས་ཀྱིས་མཐུ་ནུས་འགྲན་ཟླ་མེད་པ་དང་དཔའ་ངར་རྟུལ་ཕོད། ཕན་ཡོན་བསམ་གྱིས་མི་ཁྱབ་པ་མཚོན་ཡོད་པ་རེད། ” ⑨ཅེས་གསལ་བ་བཞིན་དེ་དང་འདྲ་བའི་མི་རིགས་ཀྱི་ཁྱད་ཆོས་གཏིང་ཟབ་ལྡན་པ་དེ་ནི་མི་རིགས་ཀྱི་འཚོ་བའི་གོམས་གཤིས་དང་སྲོལ་རྒྱུན་རིག་གནས་སོགས་ལས་གྲུབ་པ་དང་མི་རིགས་རང་ཉིད་ཀྱིས་མཐོང་མ་ཐག་རྟོགས་ཐུབ་པ་ཞིག་ཡིན་པས་ཚང་མས་ཁས་ལེན་པ་དང་ལོ་རྒྱུས་ཀྱི་གཏན་ལྷིང་རང་བཞིན་ལྡན་ཡོད་པས་སྲོལ་རྒྱུན་གྱི་རི་མོའི་མཚོན་བྱེད་ཅིག་རེད།
འབག་ལ་མཚོན་བྱེད་མེད་ན་གོ་དོན་མེད་པ་ཞིག་ཏུ་འགྱུར་གྱི་རེད། གནའ་དུས་མི་རྣམས་ཀྱི་བསམ་པའི་ནང་གཟུགས་དབྱིབས་དང་སྤྱི་ཁོག་གི་བག་ཆགས་ཙམ་ལས་མེད། རང་བྱུང་ཁམས་ཆེན་པོར་འགྱུར་བ་ཁྲི་སྟོང་མང་པོ་བྱུང་བ་བརྒྱུད་གཞི་ནས་དམར་པོ་དང་སེར་པོ། སྔོན་པོ། ལྗང་ཁུ་བཅས་གཞི་རྩའི་ཁ་དོག་ལ་ཤེས་རྟོགས་ཀྱང་བྱུང་། བོད་ལྗོངས་ནི་གངས་རིས་བསྐོར་བའི་འཇིག་རྟེན་ཞིག་ཡིན་པ་དང་། ཚོན་མདོག་དཀར་པོ་ནི་ས་མཐོའི་མཚོན་རྟགས་ཤིག་ཡིན་པས། དེ་རང་བཞིན་གྱིས་ས་མཐོའི་བཀྲ་ཤིས་པའི་ཚོན་མདོག་ཅིག་ཏུ་གྱུར་པ་མ་ཟད་མི་རྣམས་ཀྱིས་ཚོན་རྩི་ནི་རྒྱུན་གཏན་འཚོ་བའི་ནང་བཀྲ་ཤིས་ཚེ་བསོད་ཀྱི་མཚོན་རྟགས་ཤིག་ཏུ་བརྩིས་ནས་འཚོ་བར་མཛེས་རྒྱན་སྤྲོད་ཀྱི་ཡོད། དོན་སྤྱི་དེ་བོད་ཀྱི་ཞལ་འབག་བཟོ་སྐྲུན་གྱི་བརྒྱུད་རིམ་ནང་རིམ་བཞིན་བེད་སྤྱོད་བྱས་ཡོད། གནའ་རབས་བོད་ཀྱི་ཞལ་འབག་ལ་ཚོན་རྩི་གཏན་ནས་མེད་སྟབས་འབག་གི་རྒྱུ་ཆའི་ཚོན་མདངས་ལ་བརྟེན་ནས་ཚོན་མདོག་དབྱེ་བ་ཕྱེ་ཡོད། དཔེར་ན། སྲོགས་ཆགས་ཀྱི་སྤུ་དང་པགས་པའི་ཚོན་མདོག་དཀར་པོ་དང་སེར་པོ་ནག་པོ་ཁྲ་ཁྲ་བཅས་བཞི་པོས་ཚོན་མདོག་དཀར་པོ་ནག་པོ་སེར་པོ། སྔོན་པོ་བཅས་ཀྱི་ཚབ་བྱེད་ཀྱི་ཡོད། ངམ་རིང་རྫོང་གི་“སྒྱི་བདག་”གི་འབག་ནི་དེ་ལྟར་རེད། ལོ་རྒྱུས་འཕེལ་རྒྱས་བྱུང་བ་དང་ཆབས་ཅིག་ཚོན་རྩི་ནི་མི་རྣམས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བར་ཁ་ཕྱོགས་པ་དང་བརྩོན་ལེན་བྱེད་པའི་རྟགས་མཚན་ཞིག་ཏུ་གྱུར་ཡོད། བོད་ཀྱི་ལྷ་མོའི་འབག་གི་ནང་ཚོན་རྩིའི་དོན་སྤྱི་ཉིད་ཀྱང་རང་ཤུགས་སུ་མངོན་གསལ་ཧ་ཅང་དོད་པོར་བྱུང་ཡོད། ལྷག་པར་བོད་ཀྱི་ལྷ་མོའི་འབག་ནི་ཕྱ་ལེབ་ངོས་སྙོམས་ཤིག་ཡིན་པས་བཟོ་དབྱིབས་ཐད་དབྱེ་བ་མངོན་ཚན་ཆེན་པོ་ཡོང་དཀའ་བས་ཚོན་རྩིའི་དོན་སྤྱིར་བརྟེན་ནས་ནང་དོན་མངོན་པར་བྱ་རྒྱུ་དེ་ལས་ལྷག་པ་མེད། དཔེར་ན་ཚོན་མདོག་དཀར་པོས་དྲི་མེད་དྭངས་གཙང་མཚོན་པར་བྱེད། “འབག་དཀར་པོ་”སྟེ་འབག་གི་རྩ་བའི་ཁ་དོག་དཀར་པོ་བྱས་པ་དེ་ནི་“རབ་དཀར་ནི་བའི་མདངས་”⑩སུ་བཀོད་པ་ནི་ནོར་ལུག་གི་པགས་པ་ཆ་ཚང་གིས་བཟོ་དགོས་ཀྱི་ཡོད། བགྲེས་སོང་གིས་གྱོན་ན་ཡང་ཞིང་འཇམ་པ་དང་བྱམས་སྙིང་རྗེ་ལྡན་ལ་ལོ་ན་ཆུང་བས་གྱོན་ན་ཤེས་རྒྱ་ཆེ་བ་དང་འབྱོར་པ་ཕྱུག་པ་མཚོན་པ། བྲམ་ཟེས་གྱོན་ན་མཐོ་རིས་མཚོན་གྱི་ཡོད་པ་རེད། བཀྲ་ཤིས་གཞས་པའི་“འབག་”ནི་ངོས་མཉམ་ཞིག་ཡིན། གོང་གི་མགོ་སྐྱེས་སྐྲ་ལོ་ནས་འོག་ཨག་ཚོམ་བར་ཡོངས་རྫོགས་ལྷ་མོའི་སྒྱུ་རྩལ་གསར་གཏོད་མཛད་པོ་གྲུབ་ཆེན་ཐང་སྟོང་རྒྱལ་པོ་བརྩོན་འགྲུས་བཟང་པོ་མཆོག་གི་བཞིན་གྱི་བཀོད་པ་མཚོན་ཚུལ་ཡིན་ཏེ། ཐོག་མ་གཞས་པའི་འབག་གི་སྐྲ་ལོའི་དོད་དུ་ར་ལྤགས་དཀར་པོས་བརྒྱན་པ་དང་། དེ་མིན་རྒྱུ་མཚན་གཞན་ཞིག་ནི་གྲུབ་ཆེན་ཐང་སྟོང་མཆོག་གི་དགུང་ལོ་ཤིན་ཏུ་སྨིན་པ་ཤོལ་རྩིས་ཀྱི་བགྲང་བྱ་བརྒྱ་དང་ཉེར་བརྒྱད་དང་ཤོལ་མ་བརྩིས་ན་ཡང་དགུང་གྲངས་བརྒྱ་དང་ཉེར་ལྔ་ཙམ་འཚོ་བཞུགས་མཛད་སྟབས་གང་ཉིད་ཀྱི་དབུ་ལོ་དང་ཞལ་རྒྱན་སྤྱན་སྤུ་བཅས་དཀར་པོ་དུང་གི་མདངས་ལ་འགྲན་པ་ལྟ་བུ་ཡོད་པས། དེ་ལྟར་གསལ་བར་མཚོན་བྱེད་དང་སྐྲ་ལོའི་དོད་ལ་དམིགས་བསལ་ར་ལྤགས་དཀར་པོས་བརྒྱན་པ་དེ་ལ་“ཚེ་རིང་གཡང་ཆགས་”ཞེས་བརྗོད་སྲོལ་འདུག་པ་ནི་མི་རྒན་པ་རྣམས་ཚེ་རིང་ལ་ནད་དཀོན་པ་དར་མ་དང་གཞོན་སྐྱེས་རྣམས་མི་ནོར་ལོངས་སྤྱོད་ཤེས་རབ་འཕེལ་བ་ཞེས་པའི་མཚོན་རྟགས་ཡིན། ཁ་དོག་དཀར་པོ་ནི་བོད་རིགས་ཀྱིས་དགའ་པོ་བྱེད་པའི་ཁ་དོག་ཅིག་ཡིན་པ་དང་འབག་དཀར་པོ་ནི་སྟབས་བསྟུན་རང་བཞིན་ལྡན་པ་དང་འཚམ་པོ་ཡོད་པས་མཆོག་ཏུ་འགྱུར་བ་དང་མཛེས་སྡུག་ལྡན་ལ་མཚོན་བྱེད་ཀྱི་གོ་དོན་ནི་མི་སྣའི་ལོ་ཚད་དང་ཐོབ་ཐང་སོགས་ལ་འགྲེལ་བཤད་མི་འདྲ་བ་རེ་རྒྱག་གི་ཡོད་པ་དང་མཚོན་བྱེད་རང་བཞིན་རྒྱ་སྐྱེད་བཏང་ན་ངོ་མཚར་ལྡན་པ་མ་ཟད་བསམ་བློའི་འཆར་སྒོ་དང་ཀུན་སློང་གི་ནུས་པ་ཆེན་པོ་ལྡན་ཡོད། ཁ་དོག་དཀར་པོའི་ངོས་ནས་བརྗོད་ན་མི་སྣ་མི་འདྲ་བའི་འབག་དཀར་པོའི་རྒྱན་ཆ་དང་། རྣམ་འགྱུར། དབང་པོ་ལྔ་སོགས་ལ་ཁྱད་པར་ཡོད་པས་འབག་གཅིག་ཁོ་ན་མ་ཡིན། “འབག་དམར་པོ་”ནི་སྤྱིར་བཏང་རྒྱལ་པོ་དང་བློན་ཆེན་གྱིས་གྱོན་པ་ནི་དབང་གི་མདངས་ཞེས་བློ་གྲོས་གྱི་རྩལ་རྫོགས་ཤིང་བྱ་བ་ཞི་དྲག་ཕྱི་ནང་ཡོངས་ལ་བཀའ་ལུང་བཙན་པོས་ཁྱབ་འདོམས་ཐུབ་མཁན་དཔེར་ན་ལྷ་མོའི་གཞུང་སྣང་སའི་ནང་གི་དཔོན་སྒྲ་གཅན་དང་། གཅུང་དོན་ཡོད་དོན་གྲུབ་ནང་གི་རྒྱལ་པོ་གོ་ཆ་ལ་སོགས་རྒྱལ་པོ་དང་བཀའ་གྲོས་ལ་དབང་བའི་བློན་པོ་ཊི་སྣ་འཛིན་དང་གཟིམ་དཔོན་པ་རྒྱལ། ཨ་བོ་ན་གི་སོགས་ཀྱི་གྱོན་པ་ནི་དབང་དང་གོ་གནས་མཚོན་བྱེད་དུ་སྣང་། ཡང་ལྷ་བླ་མ་སོགས་ཀྱི་གྱོན་པ་དེས་རིག་པ་དང་དྲག་རྩལ་ཟུང་ལྡན་མཚོན་པ་དང་བཅོས་སྒྲིག་གི་མཐུ་ནུས་ལྡན་པ་ཞིག་ཡིན། “འབག་སེར་པོ་” ནི་ལྷ་བླ་མ་དང་ཐམས་ཅད་མཁྱེན་པ་སོགས་གུས་བཀུར་འོས་པའི་ཁ་མདོག་ཅིག་ཡིན་ལ་རྒྱས་པའི་མདངས་དང་ཡོན་ཏན་གྱི་རང་བཞིན་མཚོན་པའི་རྟགས་སུ་སྣང་བ་རིགས་བཟང་ཞིང་ཐོས་པ་མང་བ། བརྩོན་འགྲུས་ཆེ་ལ་ཤེས་རིག་བཀྲ་བའི་རྒྱུད་བཟང་རྟོགས་པ་མཐོ་བ་བཅས་ཀྱི་མཚོན་བྱེད་ཡིན་པ་ནི་ལྷ་མོའི་གཞུང་གཟུགས་ཀྱི་ཉི་མའི་ནང་གི་དྲང་སྲོང་སྒོམ་ཆེན་དང་ནོར་བཟང་ནང་གི་དྲང་སྲོང་བློ་གྲོས་རབ་གསལ་སོགས་ཀྱིས་གྱོན་པའི་འབག་ཡིན་ནོ།
“འབག་ལྗང་ཁུ་”ནི། འཕྲིན་ལས་ཀྱི་མཚོན་བྱེད་ཡིན་པ་རྗེ་དགེ་འདུན་གྲུབ་ཀྱིས་མཛད་པའི་སྒྲོལ་བསྟོད་ལས་“རྒྱལ་ཀུན་འཕྲིན་ལས་ལྷ་མོའི་སྐུར་བསྟན་མ། ། བཅོམ་ལྡན་གནས་ཀྱི་སྒྲོལ་མ་ཁྱེད་ལ་འདུད། །”ཅེས་གསུངས་པ་ལྟར། སངས་རྒྱས་ཐམས་ཅད་སྐྱེ་བའི་ཡུམ་མཆོག་ཉོན་མོངས་པའི་དགྲ་ཚོགས་བཅོམ་ཞིང་ལེགས་པའི་ཡོན་ཏན་ཐམས་ཅད་ལྡན་པའི་སྒྲོལ་མ་སྐུ་མདོག་ལྗང་ཁུ་དང་ངོ་བོ་མི་གཉིས་པ། བུ་ཚ་བྱང་ཆུབ་སེམས་དཔའི་སྤྲུལ་པ་འཁྲུངས་པའི་ཞིང་ས་དམ་པ་ལྷ་མོའི་གཞུང་སྣང་སའི་ཡུམ་མྱང་ཚ་གསལ་སྒྲོན་དང་པད་མ་འོད་འབར་གྱི་ཡུམ་ལྷ་རིགས་བྲམ་ཟེ་སོགས་ལ་ནང་དོན་དེ་ལྟར་མཚོན་ནོ། “འབག་རྒྱ་སྨུག་”ནི་སྤྱིར་ཁྲོ་བའི་མཚོན་རྟགས་ཙམ་དུ་མ་ཟད་ཧ་ཅང་བདུད་མོའི་འབག་གི་སྐབས་སུ་མི་སྡུག་པའི་ཉམས་སུའང་བཀོད་ན་མཐུན་པར་སྣང་བ་ནི། མཁས་འཇུག་ལས་“མི་སྡུག་པ་ལ་དྲག་ཤུལ་དང་འཇིགས་རུང་ལྷན་ཅིག་སྐྱེ་བ་ཡིན་”ཞེས་གསུངས་པ་ལྟར། ཧ་ཅང་བདུད་མོ་ཞེས་པ་དེ་བཞིན་ནང་གི་སེམས་མི་སྡུག་པ་ཞེ་སྡང་ང་རྒྱལ་ཕྲག་དོག་གིས་མྱོས་པའི་ཉམས་དག་ཕྱིའི་ལུས་ཀྱི་འགྱུར་བ་ལ་མངོན་པའི་ཚེ་ན་གདོང་པ་ཡོངས་ཀྱི་མདངས་ཁྲག་ལྟར་དམར་ལ་མིག་གཉིས་ཁྲོ་ཚུགས་སུ་བགྲད་ནས་ལྟ་བ་ལ་མིག་གི་འོག་ཏུ་རྨེ་བ་ནག་པོ་འཆང་བ། ཁ་ནང་གི་མཆེ་བ་རིང་པོ་གོང་འོག་ཏུ་གཙིགས་པ་སོགས་མི་སྡུག་པའི་རྣམ་པ་ཅན་སོགས་མདོར་ན་གཏུམ་དྲག་མཚོན་གྱི་ཡོད་པ་རེད།
“འབག་ནག་པོ་”ནི་སྐུ་དྲག་པོ་དང་། འཇིགས་ཉམས་དང་ངམ་པའི་མཚོན་རྟགས་ཏེ་ཟློས་གར་གྱི་བསྟན་བཅོས་ལས་“ངམ་པ་ལ་ནི་སྙིང་རྗེ་དང་། །ཞི་བའི་རྣམ་པ་འཇུག་པ་མིན། །”ཞེས་གསུངས་པ་ལྟར་དཀར་པོ་དགེ་བའི་ལས་བྱེད་པར་རྒྱབ་ཀྱིས་ཕྱོགས་ཤིང་ནག་པོ་མི་དགེ་བའི་ལས་ལ་སྤྲོ་བ་དང་བཅས་ཏེ་འཇུག་པའི་བསམ་སྤྱོད་ཅན་བློན་པོ་ཊི་ཤུ་དང་། རྐང་མགྱོགས་བང་ཆེན། ཕྱི་རབ་ཏུ་བྱུང་བའི་ཆས་གོས་ཀྱིས་བཀླུབས་ཀྱང་ནང་མི་དགེ་བའི་བསམ་སྦྱོར་ཅན། ཤེས་རབ་ཀྱི་མིག་གཉིས་ཡོངས་སུ་ལྡོངས་བའི་ཨ་མཆོད་ཧ་རི་ནག་པོ་ལྟ་བུས་གྱོན་པའི་འབག་ཡིན་པ་དང་ཡང་འབག་མ་གྱོན་པར་གདོང་ལ་ནག་པོ་བྱུགས་པའི་ཞལ་ཏ་མ་ཟེ་མ་ར་མགོ་ཡང་ངམ་པའི་མཚོན་རྟགས་ཀྱི་ཁོང་སུ་གཏོགས།
“འབག་སྔོན་པོ་”ནི། ལྷ་མོའི་ནང་རྔོན་པའི་འབག་ཅིག་ཡིན་ལ་ངོས་མཉམ་པའི་འབག་གི་ཁོངས་སུ་གཏོགས། ལྷའི་མཁྱེན་ཡོན་འཛོམས་པ་དང་དགེ་བའི་ཚོགས་རྫོགས་པ་སེམས་ཅན་ཐམས་ཅད་ཐར་པའི་ལམ་དུ་འདྲེན་མཁན་བཅས་ཀྱིས་འབག་སྔོན་པོ་གྱོན་དགོས་ཀྱི་ཡོད་པ་རེད། “འབག་ཕྱེད་དཀར་ཕྱེད་ནག”དེ་ནི་ཡིད་རྟོན་མི་རུང་ཞིང་མགོ་གཉིས་མའི་སྤྱོད་ཚུལ་སྐྱོང་མཁན་དག་གི་མཚོན་རྟགས་ཡིན། དེ་ཡང་ལྷ་མོའི་གཞུང་ནོར་བཟང་ནང་གི་མི་རྒོད་འགོ་པའི་བཟའ་ཟླ་དཀར་མོས་ནོར་བཟང་ནི་རང་གི་ཟླ་བོའི་དགྲ་ཡི་དང་མ་ཞིག་ལགས་ཀྱང་ཁོ་མོས་དེ་ལས་བཟློག་སྟེ། ནོར་བཟང་གི་སྐུའི་མཛེས་སྡུག་ལ་ཡིད་རབ་ཏུ་ཆགས་ཏེ་རང་གི་ཟླ་བོ་བུ་ཕྲུག་དང་བཅས་པ་ཕུང་ལ་སྦྱར་བ་སོགས་ཁ་ཞེ་མི་མཚུངས་པའི་མི་སྣ་ཐ་ཤལ་འཁྲབ་སྟོན་བྱེད་པའི་འབག་ཅིག་ཡིན།
མདོར་ན། ཚོན་རྩིས་བོད་རིགས་མི་དམངས་ཀྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་བོད་ཀྱི་ཞལ་འབག་སྒྱུ་རྩལ་གྱི་དོན་སྤྱི་དེ་མཐའ་མཇུག་ཆ་ལག་ཇེ་ཚང་དུ་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད།
བོད་ཀྱི་སྲོལ་རྒྱུན་ཞལ་འབག་དུས་རབས་དང་འཚམ་པའི་སྒོ་ནས་འཕེལ་རྒྱས་གཏོང་རྒྱུའི་སྐོར།
ང་ཚོས་སྟབས་བདེ་སླ་བཅོས་ཀྱི་དོན་སྤྱི་གསར་པ་འགའ་ཞིག་གིས་ཚབ་བྱས་ཏེ་རྒྱུན་སྲོལ་གྱི་ཁུ་བསྡུས་ལ་དོན་གསལ་བ་དང་རྩུབ་ཤེད་ཆེ་བ། བབ་ཆགས་པའི་ཞལ་འབག་གི་མངོན་ཤུགས་དེ་རྗེས་ལུས་ཀྱི་རིག་གནས་ཤིག་ཏུ་མ་བརྩིས་པར་སྒྱུ་རྩལ་གྱི་ཕྱག་ལས་གནང་མཁན་དང་ཆེད་མངགས་ཞལ་འབག་བཞེངས་མཁན་རྣམས་ཀྱིས་བཟོ་རྩལ་དེ་ཚོ་དགོན་སྡེ་ཁག་དང་དེ་བཞིན་ལྷ་མོའི་ཆེད་ཙམ་དུ་མ་ཡིན་པར་ཁྱད་དུ་འཕགས་པའི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞལ་འབག་སྒྱུ་རྩལ་དེ་སྤྱོད་ཡུལ་གྱི་དགོས་མཁོར་གཞིགས་ནས་འབག་གི་ཕྱིའི་རྣམ་པ་དང་ནང་གི་རྒྱུ་ཆ་སོགས་ལ་གསར་གཏོད་རང་བཞིན་གྱིས་ཁྲོམ་རའི་དཔལ་འབྱོར་གྱི་དགོས་མཁོ་དང་རྒྱ་ཆེའི་འཛད་སྤྱོད་པའི་དགོས་མཁོ་དང་མཐུན་པ་བྱས་ཏེ། ཞལ་འབག་འདི་ཉིད་དུས་རབས་དང་འཚམ་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པ་དེ་རེད།
སྲོལ་རྒྱུན་འབག་གི་ཁྱད་ཆོས་རྨང་གཞིར་བྱས་ཏེ་འཕེལ་རྒྱས་གཏོང་དགོས་པ།
ཀྲུང་གོ་གུང་ཁྲན་ཏང་གི་མི་རིགས་སྲིད་ཇུས་དང་རིག་གནས་སྲུང་སྐྱོབ་གོང་འཕེལ་གྱི་མཛད་ཕྱོགས་བཟང་པོའི་འོག་བོད་ཀྱི་སྲོལ་རྒྱུན་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་བྱུང་བའི་ནང་སྲོལ་རྒྱུན་ཞལ་འབག་དེ་ཡང་རིག་གནས་དེ་རྣམས་ཀྱི་ཁྲོད་དུ་མི་ཉམས་གོང་འཕེལ་བྱུང་ཡོད། དེར་བརྟེན། བོད་ཀྱི་ལྷ་མོའི་སྒྱུ་རྩལ་འདི་ཉིད་དེང་དུས་ཀྱི་ཅུང་ཆ་ཚང་བ་དང་ཚད་ལྡན་འདི་ལྟ་བུར་འཕེལ་རྒྱས་བྱུང་བ་དེ་ཡང་གཙོ་བོ་ཞལ་འབག་སྒྱུ་རྩལ་གྱི་ཚོམ་བུ་དག་འདོན་སྤེལ་གང་ལེགས་བྱུང་བས་ཡིན། འོན་ཀྱང་བོད་ཀྱི་དམངས་ཁྲོད་ནང་ཆེད་དུ་ཞལ་འབག་བཟོ་སྐྲུན་བྱེད་མཁན་གྱི་བཟོ་རྩལ་པ་ཧ་ཅང་ཉུང་ཉུང་ཡིན་པ་དང་བཟོ་སྐྲུན་ཐོག་འཛིན་པའི་དམིགས་བཀར་གྱི་ཚད་གཞི་ཡང་མེད་ལ། སྐྱེ་བོ་སུ་འདྲ་ཞིག་གིས་ཀྱང་བཟོས་ན་ཆོག་སྟེ་ཞལ་འབག་འདི་རིགས་གཤོགས་ཆེ་བ་དང་། བབ་ཆགས་པ་བཅས་ཀྱི་ཁྱད་ཆོས་ཡོད། བོད་ཀྱི་རིག་གནས་སྒྱུ་རྩལ་གྱི་བརྗིད་ཉམས་གཞན་དང་མི་འདྲ་བའི་ཡིད་འཕྲོག་པ་དང་ངོ་མཚར་བའི་ཁྱད་ཆོས་ཀྱིས་ཡོངས་སུ་ཕྱུག་པ་འདིར་མི་རྣམས་ཀྱིས་རྩ་འགྱུར་བྱེད་ཐབས་མེད་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དེ་དང་བྲལ་ན་རང་གཤིས་མེད་པའི་སྒྱུ་རྩལ་དཀྱུས་མ་ཞིག་ཏུ་འགྱུར་ངེས་རེད།
“འཆམ་”ནི་བླ་ན་མ་མཆིས་པའི་ཆོས་ལུགས་ཀྱི་གཟི་ཉམས་མངོན་པར་བྱེད་པ་དང་ཡི་དམ་ལྷ་ཚོགས་ཀྱི་རྣམ་འཕྲུལ་སྟོན་པ་ཞིག་ཡིན་ཏེ། གཟབ་ནན་དང་འགྱུར་མེད་ཀྱི་རང་བཞིན་ངེས་ཅན་ཞིག་ནན་བཤད་བྱས་ཡོད། ཐོག་མར་བྱུང་བའི་འདོད་ཚུལ་ནི་སྒྱུ་རྩལ་གྱི་ནུས་པ་ཐོན་པར་བྱེད་པའི་སྔོན་འགྲོ་ཞིག་ཡིན། དགོན་སྡེའི་ཆོས་ལུགས་ཀྱི་ཞལ་འབག་བཟོ་སྐྲུན་མཁན་ཚོར་སྔོན་ནས་གཏན་འཇགས་འགྱུར་མེད་ཀྱི་བསམ་བློའི་རྨང་གཞི་ཞིག་ཡོད་པར་བརྟེན་བསམ་བློ་དེ་རིགས་ནི་འཆར་སྣང་ཙམ་མ་ཡིན་པར་རང་དགར་འགྱུར་བ་གཏོང་མི་ཆོག་པའི་གཏན་འཇགས་ཀྱི་གཟུགས་བརྙན་ཞིག་ཡིན་དགོས། དེ་དམིགས་བསལ་གྱི་རྒྱུ་རྐྱེན་དང་དགོས་འདུན་ལ་གཞིགས་ནས་འཕེལ་རྒྱས་གཏོང་བ་ཡིན། དེ་ཡང་དགེ་རྒན་ཆེན་མོ་བསྟན་པ་རབ་བརྟན་མཆོག་གིས་“ལྷ་སྐུ་ཞི་དྲག་གང་ཡིན་རུང་སྔར་སྲོལ་རྒྱུད་འཛིན་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཞིག་ཡིན། དེའི་རྒྱུ་མཚན་ནི་རང་ཅག་གི་འབྲི་སྲོལ་དེར་ལོ་ངོ་ཆིག་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ཡོད་ཁར་ལྷ་སྐུའི་སྣང་བརྙན་ནི་འདི་འདྲ་ཞིག་ཡིན་པ་མི་རྣམས་ཀྱི་བློ་ངོར་དོན་སྤྱི་ཞིག་ཆགས་ཟིན་པས། གལ་ཏེ་བསྒྱུར་བཅོས་བྱས་ཏེ་ཕྱི་ཕྱོགས་ཀྱི་དངོས་འབྲིའི་མི་གཟུགས་ལྟར་བྱས་ན་མི་རྣམས་ཀྱིས་དེ་ནི་མི་འདྲ་བ་ལས་ལྷ་སྐུའི་འདྲ་བརྙན་མ་རེད་ཅེས་ཁས་ལེན་བྱེད་མི་སྲིད་ལ་བོད་ཀྱི་རི་མོའི་ཉམས་འགྱུར་གྱི་བྲོ་བ་ཡང་ཡལ་འགྲོ་བ་ཡིན་” ⑾ཞེས་གསུངས་པ་ལྟར། ཞལ་འབག་སྒྱུ་རྩལ་དེ་ཡང་དེ་དང་འདྲ་བའི་ལོ་རྒྱུས་ཡོད་ཁར་“འཆམ་”དང་“ལྷ་མོ་”ལ་སོགས་པའི་ཞལ་འབག་ནི་སྤྱིའི་ཆ་ནས་བོད་མི་རིགས་ཀྱི་བློའི་ནང་དོན་སྤྱི་ཞིག་ཆགས་ཟིན་པ་མ་ཟད་ཞལ་འབག་གི་རིགས་སོ་སོར་མཚན་དོན་མི་འདྲ་བའི་ཁྱད་ཆོས་ཀྱང་ལྡན་ལ་བོད་མི་རིགས་ཀྱིས་ཤིན་ཏུ་དགའ་པོ་བྱེད་པའི་ལས་ཞོར་གྱི་བྱེད་སྒོ་ཞིག་ཡིན་པ་དཔེར་ན། གཞིས་ཀ་རྩེའི་གཟིགས་མོ་ཆེན་པོ་དང་ལྷ་སའི་ཞོ་སྟོན་དང་། དེ་བཞིན་ས་སྐྱ་དང་བསམ་ཡས། སྨིན་གྲོལ་གླིང་འབྲི་གུང་སོགས་གྲུབ་མཐའ་ཁག་གི་ཁྱབ་ཁོངས་ས་གནས་སུ་ཡང་སྒྲུབ་མཆོད་དང་། མདོས་གཏོར་སོགས་ཀྱི་སྐབས་སུ་ཡང་ཆོ་གའི་གོ་རིམ་དང་མཐུན་པར་གར་འཆམ་སྣ་ཚོགས་པ་ལ་ཞལ་འབག་ཀྱང་མི་འདྲ་བ་སྣ་ཚོགས་ཀྱི་སྒོ་ནས་རིག་གནས་ཀྱི་སྣང་ཚུལ་མཚོན་ཐབས་བྱེད་པ་སོགས་དེ་དག་ནི་བོད་མི་དམངས་རྣམས་ཀྱི་རིག་གནས་འཚོ་བའི་ཆ་ཤས་ཤིག་རེད། དེར་བརྟེན། ང་ཚོས་སྲོལ་རྒྱུན་ཞལ་འབག་སྒྱུ་རྩལ་གྱི་ཁྱད་ཆོས་མི་འགྱུར་བར་རང་སོར་བཞག་པའི་སྒོ་ནས་འཕེལ་རྒྱས་གཏོང་དགོས་པ་ནི་བོད་ཀྱི་རིག་གནས་ཉམས་པ་སོར་ཆུད་དང་མི་ཉམས་གོང་འཕེལ་གཏོང་བའི་འགག་རྩ་ཞིག་ཡིན།
བོད་ཀྱི་ཞལ་འབག་འདི་ཉིད་སྤྱོད་ཡུལ་གྱི་དགོས་མཁོར་གཞིགས་ནས་འཕེལ་རྒྱས་གཏོང་དགོས་པ།
བོད་ཀྱི་སྲོལ་རྒྱུན་ཞལ་འབག་སྒྱུ་རྩལ་དེ་རྣམས་ཟངས་དང་ལྕགས་འཇིམ་སོགས་ལ་ལུགས་རྒྱག་པའམ་བརྐོས་བརྒྱབ་ནས་བཟོ་བ་དང་བཟོ་རྩལ་ཞིབ་ཚགས་ལ་བརྩམ་བྱ་སྤུས་ལེགས་པ་དེ་བཞིན་ཤོག་པང་དང་། རས། སྲོག་ཆགས་ཀྱི་པགས་པ་ལས་བཟོས་པའི་འབག་གི་བཟོ་རྩལ་ཉམས་དོད་པ། གཤོགས་ཆེ་བ། སྟབས་བདེ་བ་སོགས་བོད་ཀྱི་ཞལ་འབག་ནི་སྣ་ཁ་ཤིན་ཏུ་འཛོམས་ཤིང་སོ་སོའི་དབྱིབས་གཟུགས་ཀྱང་མི་འདྲ་བ་དང་བཟོ་དབྱིབས་དང་ཁ་དོག་ཉམས་འགྱུར་ལྡན་ལ་མཛེས་ཆོས་ཕུན་སུམ་ཚོགས་པ་སྒྱུ་རྩལ་དོ་རའི་ནང་དམིགས་བསལ་གྱི་ཉམས་འགྱུར་མཚོན་པ་བཅས་སྐྱེ་བོའི་ཡིད་དབང་འཕྲོག་ཤུགས་ཆེ་ཞིང་དེའི་རིན་ཐང་ཡང་གཞལ་ཐབས་བྲལ་བས་བོད་མི་རིགས་རང་ཉིད་ཀྱི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཁྱད་ཆོས་མངོན་སུམ་དུ་ཐོན་ཡོད།
དེར་བརྟེན་ང་ཚོས་ཁྱད་ཆོས་དེ་རྣམས་མི་ཉམས་གོང་འཕེལ་བྱེད་པའི་རྨང་གཞིའི་ཐོག་དེང་གི་ཆར་སྤྱི་ཚོགས་ཀྱི་སྤྱོད་ཡུལ་དང་འཚམ་པའི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ་པ་བྱེད་རྒྱུ་ཧ་ཅང་གལ་ཆེ་ལ་ང་ཚོ་གཞོན་སྐྱེས་སྒྱུ་རྩལ་མི་སྣ་ཚོའི་གཡོལ་དུ་མེད་པའི་འོས་འགན་ཞིག་ཀྱང་ཡིན། དོན་དངོས་ཐོག་ཞལ་འབག་དེ་ཉིད་ཀྱི་སྤྱོད་ཡུལ་ཐད་ལ་དུས་རབས་ཀྱི་དགོས་མཁོར་གཞིགས་ཏེ་རྣམ་པ་གསར་པ་འདྲ་མིན་ཐོན་བཞིན་ཡོད་དེ་དཔེར་ན། མཐོ་རིམ་གསོལ་མགྲོན་ཁང་གི་སྣེ་ལེན་ཚོགས་ཁང་དང་ཡུལ་མིའི་སྤྲོ་སྐྱིད་ཁང་ནང་མཛེས་རྒྱན་སྤྲོས་ཆེད་ཞལ་འབག་གི་གཞི་རྒྱ་ཆེ་རུ་བཏང་ནས་གྱང་སྟེང་དུ་འགེལ་བྱེད་ཀྱི་མི་རིགས་སྲོལ་རྒྱུན་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་མཛེས་རིས་ཀྱི་བཀོད་པ་དང་། སྲོལ་རྒྱུན་ཞལ་འབག་དེའི་རིགས་གྱང་ངོས་རྒྱ་ཁྱོན་ལ་བརྟེན་ནས་འབག་ཆེན་གྱི་རྒྱན་སྤྲོད་བྱེད་སྲོལ་ཡོད་པ་དེ་རིགས་ཞལ་འབག་སྒྱུ་རྩལ་གྱི་འཕེལ་རིམ་ནང་དོན་གསར་པ་ཞིག་ཏུ་འཕོ་འགྱུར་འགྲོ་བཞིན་ཡོད།
དེང་སྐབས་སྤྱི་ཚོགས་འཕེལ་རྒྱས་ཀྱི་མཐོ་རླབས་འོག་མི་རྣམས་ཀྱི་འཚོ་བ་གོང་མཐོར་ཕྱིན་ནས་རྒྱལ་ཡོངས་ཚང་མར་ཡུལ་སྐོར་སྤྲོ་འཆམ་དུ་ཕེབས་མཁན་ཇེ་མང་དུ་འགྲོ་བ་དང་དུས་མཚུངས། ཞལ་འབག་གི་བོངས་ཚད་ཆུང་དུ་བཏང་ནས་རྒྱུ་ཆའི་ཐོག་སྲོལ་རྒྱུན་གྱི་གསེར་དངུལ་ཟངས་ལྕགས་འཇིམ་དང་རས་ལ་སོགས་པ་དེ་བཞིན་དེང་དུས་ཚན་རིག་གི་རྫས་འགྱུར་རྒྱུ་ཆ་འགྱིག་(塑料胶模、骨胶、石膏、树脂)དང་པོད་དཀར་སོགས་ལས་བཟོས་པའི་ཐོན་དངོས་རབ་འབྲིང་ཐ་གསུམ་གྱི་སྤུས་ཚད་ལ་གཞིགས་ནས་ཤོག་སྒམ་གྱི་ཐུམ་སྒྲིལ་ཡང་དེ་དང་མཐུན་པར་བཟོས་རྗེས་ཁྲོམ་རའི་ཐོག་དཔལ་འབྱོར་གྱི་ཆ་རྐྱེན་ལ་གཞིགས་ཏེ་ཉོ་ཚོང་བྱེད་པར་ཕན་ནུས་ཆེན་པོ་ཐོན་ཐུབ་པ་དང་། ལྷག་པར་དུ་ཞལ་འབག་འདིར་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་ལ་མཛེས་ཆོས་ཀྱི་ཉམས་དོད་པ་དང་བོངས་ཚད་ཆུང་ངུ་ཙམ་ལས་མེད་པར་བརྟེན་འཁྱེར་བདེ་བའི་ཁྱད་ཆོས་ལྡན་པས་ཡུལ་སྐོར་བ་རྣམས་ཀྱིས་དགའ་པོ་བྱེད་ངེས་རེད། འོན་ཀྱང་། ད་ལྟའི་ཁྲོམ་རའི་གནས་བབ་ལ་བལྟས་ན་བར་སྐོར་གྱི་ཁྲོམ་སྟེགས་སྟེང་ཕྲན་བུ་རེ་ཡོད་པ་དེ་ཚོར་མི་རྣམས་ཀྱིས་རྩ་ཆེར་བརྩིས་ནས་ཉར་ཚགས་བྱེད་པ་ལས་ཁྲོམ་རའི་ཐོག་འབོར་ཆེན་མཐོང་རྒྱུ་མེད། དེར་བརྟེན་སྲོལ་རྒྱུན་ཞལ་འབག་གི་ཐོན་འབོར་ཆེ་རུ་བཏང་ན་རང་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་ཞལ་འབག་སྒྱུ་རྩལ་རྒྱུན་འཁྱོངས་བྱེད་ཐུབ་ལ་འཛམ་གླིང་ཡུལ་གྲུ་ཀུན་ཏུ་དུས་རབས་དང་འཚམ་པའི་སྒོ་ནས་འཕེལ་རྒྱས་གཏོང་ཐུབ། ཞལ་འབག་དེ་རྒྱུན་འཛིན་ཐུབ་ཕྱིར་སྲོལ་རྒྱུན་དང་དེང་རབས་ཀྱི་བཟོ་རྩལ་གཉིས་ལྡན་གྱི་དགེ་རྒན་གདན་ཞུ་དང་ཆེད་ལས་སློབ་ཕྲུག་གསོ་སྐྱོང་དགོས་པ་བཅས་རང་ཉིད་ཀྱི་འདོད་ཚུལ་འགའ་ཞིག་ཞུས་པ་དེ་དག་ལ་རང་ཉིད་མཐོང་ཐོས་དང་ཤེས་ཚད་དམན་པས་དཔྱོད་ལྡན་རྣམས་ཀྱིས་སློབ་སྟོན་ལྷུག་སྩོལ་ཡོང་བ་ཞུ། །
དཔྱད་གཞིའི་ཡིག་རིགས།
①ཝང་ཡའོ། ཁྲིན་ཆིང་ཡིང་གིས་གཙོ་འགན་རྩོམ་སྒྲིག་བྱས་པའི་《བོད་ལྗོངས་ལོ་རྒྱུས་རིག་གནས་ཚིག་མཛོད། 》བོད་ལྗོངས་མི་རིགས་དཔེ་སྐྲུན་ཁང་དང་ཀྲེ་ཅང་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པ་1998ལོའི་དེབ་ཤོག་གྲངས་331པ།
②སེང་གཤོང་རྡོ་རྗེ་གཅོད་པས་བརྩམས་པའི་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》དུས་དེབ་གཉིས་པ། ཤོག་གྲངས་97པ། རྒྱ་ཡིག་གི་དཔྱད་གཞིའི་ཡིག་རིགས།
③《སྦ་བཞེད། 》པེ་ཅིང་དཔར་མ་ཤོག་གྲངས་39པ།
④《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》སྤྱི་ལོ་1998ལོའི་དུས་དེབ་གཉིས་པ་ཤོག་གྲངས་73པ།
⑤ཀྲང་དབྱིང་གིས་བརྩམས་པའི་《བོད་ཀྱི་ཞལ་འབག་སྒྱུ་རྩལ་ལ་བྱུང་བའི་མཐོང་འཆར་ཕྲན་བུ། 》《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》སྤྱི་ལོ་1993ལོའི་དུས་དེབ་གཉིས་པ་ཤོག་གྲངས་74པ།
⑥《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག་》སྤྱི་ལོ་1993ལོའི་དུས་དེབ་གཉིས་པ་ཤོག་གྲངས་76པ།
⑦《舞资论》转引自《中国民族文化大观》藏族篇1995 年版第213页
⑧转引自《现代西方反艺批评术语辞曲》四川人民出 版社1987年5月版274页
⑨叶玉林《西藏艺术研究》2002年4月版61页
⑩《བོད་ལྗོངས་ཞིབ་འཇུག་》 1988ལོའི་དུས་དེབ་དང་པོའི་ནང་བློ་བཟང་རྡོ་རྗེས་བརྩམས་པའི་《བོད་ཀྱི་ལྷ་མོ་འཁྲབ་སྐབས་གྱོན་བྱེད་འབག་གི་མཚོན་དོན། 》ཤོག་གྲངས་100པ།
⑪བསྟན་པ་རབ་བརྟན་གྱིས་བརྩམས་པའི་《བོད་ཀྱི་རི་མོའི་སློབ་དེབ་ལག་ལེན་ཞུན་ཐིགས། 》ཤོག་གྲངས་20པ།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1