རྨི་ལམ་འཁྲུག་པ་ལྟ་བུའི་གཟའ་ཉི་མ།

གངས་མུ་ཏིག (ཀན་སུའུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


        “ཏིང་ཏིང་། ཏིང་ཏིང་།"

        སྔས་མགོའི་སྒྲ་སྒྲོག་ཆུ་ཚོད་འཁོར་ལོས་ང་རང་གཉིད་ལས་བསླངས།མྱུར་དུ་མགྱོ་བོ་ཡར་བཀྱགས་ཏེ་ཆུ་ཚོད་ག་ཚོད་ལ་ཐོན་ཡོད་པར་བལྟས་པ་ན། སྔ་དྲོའི་ཆུ་ཚོད་བཅུ་ཏག་ཏག་ལ་ཁེལ་འདུག མདང་དགོང་ད་ལོར་ཨོ་སི་ཁའི་བྱ་དགའ་ཐོབ་པའི་གློག་བརྙན་གྲགས་ཅན《འབྲོག་སྟོང་གི་རྔོན་པ》ཞེས་པར་བལྟས་ནས་ནམ་ཕྱེད་བསྐྱལ་བས་ད་དུང་ཡང་གཉིད་དུབ་འོང་། ང་རང་གཉིད་མ་སད་ཀྱིས་ཡར་ལངས་ཏེ་ཁ་ལག་གཙང་མ་ཞིག་བཀྲུས་རྗེས་ཉེ་ཆར་ཀློག་གིན་པའི་བརྩམས་སྒྲུང《ལོ་བརྒྱའི་ཁེར་ཧྲེང་》

        དང་དཔེ་ཀློག་ཟིན་བྲིས་གཉིས་མཆན་ལ་བཙུར་ཏེ་སློབ་ཁང་སྟོང་བ་ཞིག་གི་ནང་དུ་ཆས་པ་ཡིན།

        ཁོ་བོའི་བསམ་བློ་བརྩམས་སྒྲུང་གི་ནང་ཡོངས་སུ་འཐིམ་ཡོད་པའི་སྐབས་ཏག་ཏག་ལ་ཡང་ཁ་པར་གྱི་འབོད་བརྡས་ང་ཡི་བསམ་གཞིག་དཀྲོགས་པར་བྱས། སློབ་ཁང་སྟོང་བ་འདི་ཟིང་ཟིང་དུ་བཟོས་པ་མ་ཟད། ངའི་འཇིག་རྟེན་ཡང་ཟིང་ཟིང་དུ་བཟོས་སོང་། ང་རང་ཧ་ཅང་མ་འཐད་པའི་ངང་ནས་ཁ་པར་བླངས་པ་ན།

        “ཝེ། ཁྱོད་བདེ་མོ། ཁྱོད་ལ་དཔེ་ཆ་གཅིག་དང་རྩོམ་ཡོན་ཞིག་ཐོན་འདུག སྔར་གྱི་གནས་དེར་ལེན་གི་ཤོག"


        དེ་ནི་ང་ལ་རྩོམ་སྒྲིག་ཁང་ག་གེ་མོས་བསྐུར་བ་ཡིན་པ་འདྲ། གཟའ་འཁོར་སྔོན་མའི་ནང་ངས་སྙན་ངག་དང་ལྷུག་རྩོམ། སྒྲུང་གཏམ་སོགས་རྩོམ་སྐོར་ཞིག་དུས་དེབ་དང་ཚགས་པར་གྱི་རྩོམ་སྒྲིག་ཁང་རེ་གཉིས་ལ་བསྐུར་ཡོད། ཡིན་ཡང་རྩོམ་གང་ཞིག་དུས་དེབ་གང་དུ་བཀོད་ཡོད་པ་ཆ་མ་འཚལ། ཁོ་བོས་དེ་ཤེས་འདོད་རབ་ཏུ་ཆེ་བས་མྱུར་དུ་དཔེ་ཆའི་ཁ་བསུམས་ཏེ་སློབ་གྲྭའི་འཕྲིན་ཡིག་ལེན་སའི་ཁང་བ་དེའི་ཕྱོགས་སུ་གོམ་སྟབས་བསྒྱུར།

        “གསར་བུ། ཁྱོད་ལ་འབྱོར་བའི་དཔེ་ཆ་དང་རྩོམ་ཡོནརེད། མུ་མཐུད་དུ་འབད་པ་བྱོས་དང་རེ་བ་ཆེན་པོ་འདུག"

        དགེ་རྒན་རྒྱ་མོ་གཞོན་ནུ་མ་དེས་ང་རང་ལ་སྐུལ་མའི་ཚུལ་དུ་གཟེངས་བསྟོད་གནང་རྗེས་ཡིག་ཤུབ་ཀྱིས་བཏུམས་པའི་དཔེ་ཆ་ཞིག་ང་ཡི་ལག་ཏུ་བཞག་བྱུང་། ངས་དཔེ་ཆ་ལག་ཏུ་བླངས་ནས་བལྟས་པ་ན། རྒྱབ་ཤོག་སྟེང་དུ་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་ནས་བསྐུར་ཞེས་བྲིས་འདུག ང་རང་ཡིད་མ་ཆེས་པར་སླར་ཡང་གསལ་བོར་བལྟས་པ་ན་ནོར་མི་འདུག ང་ཡིས་རིན་པོ་ཆེ་ཞིག་ཐོབ་པ་དང་འདྲ་བར་མྱུར་དུ་དཔེ་ཆའི་ཁ་ཕྱེས་ཙ་ན། ང་འི་བརྩམས་སྒྲུང་ཁག་བཞི་བཀོད་འདུག མ་ཟད་སྒོར་སུམ་བརྒྱའི་རྩོམ་ཡོན་ཡང་འདུག་པས་ང་རང་དགའ་སྤྲོ་ཆེན་པོ་སྐྱེས།

        ད་བར་དུ་ངས་བོད་ཀྱི་བརྩམས་སྒྲུང་མང་པོ་ཞིག་བཀླགས་མྱོང་མོད། ཡིན་ཡང་ལྷ་བྱམས་རྒྱལ་དང་སྐྱབས་ཆེན་བདེ་གྲོལ་གཉིས་ཀྱི་བརྩམས་སྒྲུང་ཁ་ཤས་མ་གཏོགས་རང་བློར་འབབ་པ་ཞིག་ཤིན་ཏུ་ཉུང་། དེ་བས་ངས་ནམ་རྒྱུན་དུ་ཕྱི་རྒྱལ་གྱི་སྒྲུང་གཏམ་རྐྱང་བར་བལྟས་པ་ཡིན། སློབ་གྲོགས་ཁ་ཤས་ཀྱིས་ང་ལ་ཁྱོད་རང་ཕྱི་རྒྱལ་གྱི་བརྩམས་སྒྲུང་གི་བྲན་གཡོག་རུ་འགྱུར་རྒྱུ་རེད་ཅེས་ཀུ་རེ་ཡང་རྩེས། གང་ལྟར་ངས་ཁ་ཧྥི་ཁ་དང་ཆི་ཁུ་ཧྥི་སོགས་ཀྱི་བརྩམས་སྒྲུང་སྐོར་ཞིག་ལ་བལྟས་ཙ་ན། ང་རང་ལ་བློ་སྐྱེད་ཆེན་པོ་བྱུང་སོང་། མ་གཞིར་བརྩམས་སྒྲུང་ནི་འདི་ལྟར་བྲིས་ཆོག་པ་ཞིག་རེད་ཨང་བསམ་བྱུང་། དེ་བས་ངས་བརྩམས་སྒྲུང་འབྲི་དུས་བོད་ཀྱི་བརྩམས་སྒྲུང་མཁན་དེ་དག་གི་འབྲི་སྟངས་ལྟར་མ་བྲིས་པར་ཕྱི་རྒྱལ་གྱི་རྩོམ་མཁན་དག་གི་འབྲི་སྟངས་ལ་ལད་ཟློས་བྱས་པ་ཡིན། ལད་ཟློས་བྱས་པའི་བརྩམས་སྒྲུང་《རྨི་ལམ་འཇིག་པ》དང་《 འཁྲུལ་བའི་འཇིག་རྟེན》གཉིས་ཀྱང་དེབ་ནང་དུ་བཀོད་འདུག་པས། བདག་སེམས་ལ་གནོན་མི་ཐུབ་པའི་དགའ་སྤྲོ་ཆེན་པོ་སྐྱེས། དེ་རིང་ནི་གཟའ་ཉི་མ་ཡིན་པས་སྐྱིད་པོ་ཞིག་བྱ་དགོས་སྙམ་སོང་།

        “རབ་བརྟན། མྱུར་དུ་རྨི་ལམ་ལྷ་མོའི་ནང་དུ་ཤོག་དང་།ངས་ཁྱོད་ལ་གཏམ་བཟང་ཞིག་བཤད།"

        རྨི་ལམ་ལྷ་མོ་ནི་ང་ཚོའི་གཟའ་མཇུག་རོལ་ས་གཅིག་པུ་ཡིན། དེ་ནས་རང་ཁྱིམ་ལྟར་ལྷོད་ལྷོད་བྱས་ཆོག དེ་རིང་ཅིས་ཀྱང་རབ་བརྟན་ལ་མགྲོན་ཞིག་བྱ་དགོས་སྙམ་པས་ངས་ཁོ་ལ་ཁ་པར་བརྒྱབ་པ་ཡིན། ཁོ་ནི་ངའི་བརྩམས་སྒྲུང་གསར་རྩོམ་གྱི་སྒུལ་ཤུགས་ཡིན་པ་མ་ཟད། ད་ཐེངས་ཀྱི་དུས་དེབ་ནང་གི་བརྩམས་སྒྲུང་གཅིག་ཁོ་དང་འབྲེལ་བ་ཆེན་པོ་ཡོད།

        སྤྱིར་ང་རང་སྙན་ངག་ལ་དུང་བ་བླ་ལྷག་ཡོད་མཁན་ཞིག་ཡིན།ལོ་ངོ་དུ་མའི་རིང་ངས་སྙན་ངག་འབྲི་བར་དུས་ཚོད་མང་ཙམ་བཀོལ་བ་ཡིན།དམའ་འབྲིང་སྐབས་སུ་ངས་བུ་མོ་ཞིག་ལ་བརྩེ་འཕྲིན་ཞིག་བྲིས་པ་དེ་དགེ་རྒན་གྱི་ལག་ཏུ་ཤོར་ནས་ང་ལ་འཛིན་གྲྭ་གང་བོའི་སྔུན་ནས་བརྩེ་འཕྲིན་དེ་གྱེར་འདོན་བྱེད་དུ་བཅུག སློབ་གྲོགས་ཚོས་ང་ལ་ངོ་ཚ་ཆེན་པོ་གཏད་སོང་།མ་གཞིར་དེ་ནི་ཚོར་བས་ཡོངས་སུ་བཅིངས་པའི་དུངས་བརྗོད་སྙན་ངག་ཅིག་ཡིན་པ་ལས་བརྩེ་འཕྲིན་ཞིག་མིན། འདང་རེ་བརྒྱབ་ན་དེ་ནི་དུང་བརྗོད་སྙན་ངག་ཅིག་ཀྱང་མ་ཡིན་ནོ།། མཐོ་འབྲིང་སྐབས་སུ་ད་གཟོད་ངས་སྙན་ངག་འདྲ་ཨེ་འཁྱོངས་ལ་འབད་པ་ཡིན། ངས་རང་ཉིད་དགའ་མྱོང་སའི་བུ་མོ་དེར་བྲིས་པའི་སྙན་ངག《ང་ལ་བསླུ་བྲིད་མ་གཏོང་ཨང་》དང་《 CM ལ་ཕུལ་བའི་སྙན་ངག་ཚིག་རྐང་བཅུ》 ཞེས་པ་གཉིས་བོད་ཀྱི་སྙན་ངག་དུས་དེབ་གྲགས་ཅན《གངས་རྒྱན་མེ་ཏོག》སྟེང་བཀོད་སོང་།ཉིན་དེ་ནས་བཟུང་དགེ་སློབ་ཀུན་གྱིས་ཁོ་བོར་དུངས་བརྗོད་སྙན་ངག་པ་ཞེས་འབོད་འགོ་བརྩམས། ཁོ་བོས་ཀྱང་ངའོ་སྙམ་བཞིན་རང་ཉིད་ནི་སྙན་ངག་པ་ཞིག་ཏུ་གྱུར་ཡོད་པར་སེམས། མ་ཟད། སྙན་ངག་པ་ནི་སྒྱུ་རྩལ་པ་ཡིན་པས། སྒྱུ་རྩལ་པ་ཞིག་ཡིན་ན་རྒྱུན་ལྡན་མིན་པའི་གདམས་ངག་དེ་ཡང་རྟག་ཏུ་སེམས་སུ་ཉར་ཡོད། མཚམས་ལན་རེར་ཁོ་བོའི་བྱ་སྤྱོད་ཁ་ཤས་ལ་དགེ་རྒན་མང་པོས་བཀའ་བཀྱོན་ཡང་གནང་མྱོང་མོད། གང་ལྟར་རང་ཉིད་སྙན་ངག་པ་ཞིག་ཡིན་པར་རློམ་པའི་ང་རྒྱལ་དེ་ནམ་ཡང་དོར་མ་མྱོང་།

        སློབ་ཆེན་དུ་སླེབས་པ་ནས་བཟུང་། ང་རང་གཏམ་རྒྱུད་ལ་དགའ་བའི་མི་ཞིག་ཏུ་གྱུར། ནམ་རྒྱུན་གཟའ་མཇུག་ལ་གྲོགས་དག་དང་མཉམ་དུ་ཇ་ཁ་དང་ཆང་ཁ་ནས་རང་རང་གི་གཏམ་རྒྱུད་སྣ་ཚོགས་བཤད་དེ་ཚང་མས་ལོངས་སུ་སྤྱོད་རྒྱུར་གོམས་ཡོད།འདི་ནི་ང་རང་བརྩམས་སྒྲུང་འབྲི་བར་མོས་པའི་རྒྱུ་རྐྱེན་ཡང་ཡིན་སྲིད། ངས་བརྩམས་སྒྲུང་བཅུ་ལྷག་བྲིས་མྱོང་མོད།འོན་ཀྱང་རང་ཉིད་ཀྱི་འདོད་བློ་ཚིམ་པ་གཅིག་ཀྱང་མི་འདུག་པས་གཟའ་འཁོར་སྔོན་མའི་ནང་ངས་རང་གིས་བྲིས་པའི་བརྩམས་སྒྲུང་དྲུག་མེར་བསྲེགས་པ་ཡིན།

        “གཏམ་བཟང་ཅི་ཞིག་ཡིན།་་་་་་་"

        “དཔེ་ཆ་འདིར་ལྟོས་དང་ཤེས་འོང་།"

        "《 བོད་ཀྱི་རྩོམ་རིག་སྒྱུ་རྩལ》 ཁྱོད་ཀྱི་རྩོམ་འདིའི་སྟེང་དུ་བཀོད་ཡོད་པ་ཡིན་ནམ།”

        ཁོས་ཡ་མཚན་ཆེ་མདོག་གིས་དཔེ་ཆ་ཕར་སློག་ཚུར་སློག་འགའ་བྱས་རྗེས། "ཁྱོད་ལ་རྟེན་འབྲེལ་ཞུ། ད་ཁྱོད་རང་རྩོམ་པ་པོ་ཞིག་ཏུ་གྱུར་སོང་བ་རེད། "ཅེས་གཟབ་ནན་ངང་ཡང་ཡང་བཤད།

        "བཀའ་དྲིན་ཞུ་དགོས་ས་དེ་ཁྱོད་རང་རེད།གལ་ཏེ་ཁྱོད་ཀྱིས་ང་ལ་གཏམ་རྒྱུད་དེ་བཤད་མེད་ཚེ། ངས་དེ་རིང་གི་བརྩམས་སྒྲུང་འདི་འདྲ་ཞིག་འབྲི་ག་ལ་ཐུབ"

        "ཨ། བརྩམས་སྒྲུང་གང་། " ཁོ་རང་ཧ་ལས་པའི་ངང་དེ་ལྟར་བཤད།

        "《 བརྩེ་དུང་རྨས་མ།》

        བརྩམས་སྒྲུང་འདི་ནི་སྔོན་ཆད་ཁོས་ང་གཅིག་པུ་ལ་བཤད་པའི་ཁོའི་དངོས་བརྒྱུད་བརྩེ་དུང་གི་གཏམ་རྒྱུད་ཅིག་ཡིན། ངས་གཏམ་རྒྱུད་དེ་ལ་སྒྲོ་བཏགས་དང་བཟོ་བཅོས་ཅུང་བྱས་རྗེས་ཡི་གེར་ཕབ་པ་ཡིན། འོན་ཀྱང་དེ་སྔ་བརྩམས་སྒྲུང་འདི་བྲིས་ཚར་དུས་ཁོ་བོས་བརྩམས་སྒྲུང་འདི་དུས་དེབ་ཀྱི་སྟེང་དུ་འགོད་སྲིད་པ་ནི་བློ་ཡུལ་དུའང་ཤར་མ་མྱོང་། ཁོ་བོར་མཚོན་ན་འདི་ནི་དུས་དེབ་ཀྱི་སྟེང་དུ་བརྩམས་སྒྲུང་བཀོད་ཐེངས་དང་པོ་ཡིན།

        རབ་བརྟན་གྱི་བསམ་བློ《 བརྩེ་དུང་རྨས་མ》འཁོར་ཏེ་ཡོད། ངས་ཁོ་རང་ལ་བར་ཆད་གནང་བར་དོགས་པས་སཱ་ཁུ་སའི་རོལ་དབྱངས་ཤིག་ལ་ཉན་ནས་བསྡད།

        "སྦྱིན་བདག་མ། ཆང་དམར་དམ་བུ་གཉིས་ཁྱེར་ཤོག"

        དེ་རིང་ཆང་འཐུད་བྱེད་ཀྱི་སྒོར་མོ་འདང་རྒྱག་མེད་པས། ངས་སྔོན་ལ་ཆང་དམར་གྱི་ཁ་ཕྱེས་ཏེ་པི་ཙིའི་ནང་འཐུང་འགོ་བརྩམས།

        “གྲོགས་པོ། ཁྱོད་ཀྱིས་བྲིས་པ་ངོ་མ་ཡག་པོ་འདུག ངའི་གཏམ་རྒྱུད་དེ་འདི་འདྲའི་གསོན་ཉམས་ལྡན་པ་ཞིག་བྲིས་འདུག་པ་ངའི་ཡིད་ལའང་མ་ཤར།"

        “ཧ་ཧ། ཤོག གཙང་བཞེས་གནོངས།"

        "གལ་སྲིད། ཁྱོད་ཀྱིས་བྲིས་པ་འདི་མོས་མཐོང་རྒྱུ་ན་མོས་ག་འདྲ་འདོད་ཨང་།”

        "མོས་མཐོང་སྲིད་ནི་རེད།དུས་དེབ་འདི་ཁྱབ་རྒྱ་ཤིན་ཏུ་ཆེ་བ་རེད།"

        “ཉེ་ལམ་སྙན་ངག་འབྲི་བཞིན་མེད་དམ། ངས་ཁྱོད་ཀྱི་སྙན་ངག་མ་མཐོང་ཡུན་རིང་འགོར་སོང་།”

        "ཧ་ཧ། སྙན་ངག སྙན་ངག སྙན་ངག་བཤད་འོང་དུས་ང་རང་སྨྲེང་རྒྱུ་ཞིག་འོང་གི ཁྱོད་ཀྱིས་སོམས་དང་།ངས་ད་བར་དུ་སྙན་ངག་འདྲ་མིན་ཉིས་བརྒྱ་ལྷག་བྲིས་ཟིན་མོད། གཞན་གྱིས་འདི་ཡག་གི་ཟེར་བ་གཅིག་ཀྱང་མི་འདུག དེ་མིན།་་་་་་་་།"

        "ཧ་ཧ། དེ་མིན་ཅི་རེད།"

        "དེ་མིན། ངའི་རྩོམ་རིག་དགེ་རྒན་གྱིས་ངའི་སྙན་ངག་ལ་བཀའ་བཀྱོན་ཆེན་པོ་གནང་སོང་།

        ཉིན་འགའི་སྔོན་ལ། དགེ་རྒན་གྱིས་ང་ཚོར་རང་མོས་སྙན་ངག་ཅིག་ཕྲིས་ཤོག་ཟེར། ངས་རང་གི་ཡག་གི་འདོད་པའི་སྙན་ངག《གཞོན་ནུ་མ་ཞིག རྨི་ལམ་ནས་གསོན་བྱུང་།》ཞེས་པ་དེ་དགེ་རྒན་ལ་སྤྲད་པ་ཡིན།དེའི་ནང་དུ་ནུ་འབུར་དང་བརླ་ཤ མཆུ་སྦྱོར་དང་སྐྱག་པ་སོགས་ཐ་སྙད་བཙོག་པ་ཁ་ཤས་བཀོལ་ཡོད་པས།དགེ་རྒན་གྱིས་སློབ་གྲོགས་ཀུན་གྱི་སྔུན་ནས་ངའི་སྙན་ངག་དེ་གྱེར་འདོན་བྱས་པ་མ་ཟད།ང་ལ་གཤེ་གཤེ་ཆེན་པོ་བཏང་སོང་།
        
        དགོང་མོར་ངས་བསམ་བློ་ཡང་ཡང་བཏང་ཡང་ངའི་སྙན་ངག་དེར་སྙིང་བོ་ཅི་ཡང་མི་འདུག་སྙམ། ངས་ལོ་ངོ་གསུམ་གྱི་རིང་བསྐྱངས་ནས་འོང་བའི་མཚོ་སྔོན་བོད་ཡིག་ཟིན་བྲིས་ནང་གི་སྙན་ངག་བརྒྱ་དང་ལྔ་བཅུ་བོ་བསུབས་བཞག་པ་མ་ཟད།སང་ཉིན་ནས་བཟུང་ཁ་བཙོག་སྙན་ངག་མི་འབྲི་བའི་དམ་བཅས་པ་ཡིན།

        དྲང་མོར་བཤད་ན། ངས་ཁ་བཙོག་སྙན་ངག་མ་གཏོགས་གཞན་ཅི་ཡང་འབྲི་མི་ཤེས་ལ། ཅི་ཞིག་བྲི་དགོས་པའང་མི་རྙེད་ཀི དེ་བས་ངས་རང་གི་ཟིན་བྲིས་བསུབས་པར་འགྱོད་པ་ཆེན་པོ་སྐྱེས། དོན་ངོ་མར་རང་གི་ཟིན་བྲིས་བསུབས་པ་དེ་ནི་ང་རང་གིས་རང་ཉིད་ཀྱི་བླ་སྲོག་ལ་བཙན་གཡེམ་བྱས་པ་དང་ཅི་འདྲའི་མཚུངས་ཨང་།

        ཉིན་དེ་ནས་བཟུང་ངའི་བློ་སེམས་ཁྱོན་ནས་བདེ་མ་མྱོང་། སློབ་གྲོགས་ཚོས་ང་ལ་རྩེ་མཚར་ངང་སྙན་ངག་པ་ཞེས་འབོད་མོད། ང་རང་ཉིད་ཀྱི་སྟེང་ལ་ཡིད་ཆད། ཞེ་སྨྲེང་།

       རབ་བརྟན་གྱིས་ད་དུང་ཡང་ངའི་བརྩམས་སྒྲུང་དེ་ཀློག་གིན་ཡོད། ངས་སྐད་འཕྲིན་བརྩེས་ནས་བསྡད།སྐད་འཕྲིན་གྱི་སྒོ་ཕྱེ་མ་ཐག་གཞས་པ་གཞས་མ་འགའ་ཡོད་པ་དེ་དག་གིས་“ངའི་གཞས་ཚིག་དེ་བྲིས་ཚར་ཡོད་དམ། ང་ལ་གཞས་ཚིག་ཅིག་བྲི་རོགས། "སོགས་ཀྱི་སྐད་ཆ་འདྲ་མིན་བསྐུར་འདུག ངས་གཞས་ཚིག་འབྲི་རྒྱུ་ཕར་ཞོག སྔོན་ལ་བྲིས་པའི་བརྩམས་སྒྲུང་《 ལོ་ཟླ་ནག་པོ》 ཞེས་པ་དེ་ཤོག་གྲངས་ཉི་ཤུ་ཙམ་བྲིས་ཏེ་མཇུག་བསྐྱངས་མ་ཐུབ་པར་བསྐྱུར་ཡོད། དེ་མིན་དགེ་རྒན་ཚོས་བཀོད་སྒྲིག་གནང་བའི་ལས་བྱ་དེ་དག་རི་ལྟར་སྤུངས་ཡོད་པས། ང་ལ་གཞས་ཚིག་འབྲི་བའི་དུས་ཚོད་ཅིག་གང་ན་ཡོད། དྲང་མོར་བཤད་ན། གཞས་པ་གཞས་མ་དེ་དག་ལ་རིག་གནས་དང་སྒྱུ་རྩལ་གྱི་གོ་རྟོགས་དམན་པས་ངས་བྲིས་པ་དེ་དག་ཁོ་ཚོས་ཡག་པོ་རུ་འདོད་མི་སྲིད། ལྷག་ཏུ་ངས་དགོན་པའི་གྲྭ་བ་དེ་དག་གིས་བྲིས་པའི་གཞས་ཚིག་དེ་འདྲ་འབྲི་ཡང་མི་འདོད་དོ།། ཤ་ཉེ་འགའ་རེས་ཀྱང་སྐད་འཕྲིན་དུ་“ངེད་ཚང་གི་ཅིག་ཅིག་ཉིག་ཉིག་ད་ལོར་མཐོ་རྒྱུགས་སྤྲོད་དགོས་པས་རྩོམ་ཞིག་འབྲི་རོགས།"ཞེས་སྐད་བསྐུར་བྱུང་བས་ང་རང་གཞི་ནས་སུན་སོང་། དོན་ངོ་མར་སྐད་འཕྲིན་དུ་ཞུགས་པ་ནི་འཇིག་རྟེན་གཞན་ཞིག་འགྲིམས་པ་དང་འདྲ། འཇིག་རྟེན་དེ་ནི་གྲགས་འདོད་དང་ཕྲག་དོག་གི་ཡིག་ཚགས་སྤུངས་པའི་འཇིག་རྟེན་ཞིག་གམ། ཡང་ན་གཡོ་སྒྱུ་དང་བསླུ་བྲིད་ཀྱི་འཁོར་ལོ་བསྐོར་སའི་འཇིག་རྟེན་ཞིག དེ་བས་ངས་སྐད་འཕྲིན་གྱི་སྒོ་བརྒྱབ་སྟེ་ཟང་ཟིང་གི་འཇིག་རྟེན་དེ་ལས་ཕྱིར་བུད།

        “སྙིང་སྡུག སྙིང་སྡུག ཧེ་་་་་་་"

        རབ་བརྟན་ལ་ཁ་པར་ཞིག་ཐོན་བྱུང་། ཁོས་འཚབ་འཚུབ་ངང་སྐད་ཆ་འགའ་བཤད་རྗེས། ང་ལ་“ངའི་གྲོགས་པོ་ཞིག་ལ་བྱ་བ་ཞིག་བྱུང་སོང་། ང་ད་འགྲོ་དགོས། འུ་གཉིས་ཀྱིས་རྗེས་ནས་ཆང་སྐྱིད་པོ་ཞིག་འཐུང་ཡ། "ཟེར་ཞོར་ཁོག་སྟོད་ལག་ཏུ་བསྣམས་ཏེ་ཕྱི་ལ་བརྒྱུགས་སོང་།

        ཤུལ་དུ་ང་གཅིག་པུས་སྒེའུ་ཁུང་བརྒྱུད་དེ་ཕྱི་རོལ་གྱི་འདུ་འཛི་ལ་གཡེང་ནས་བསྡད། ཕྱི་རོལ་གྱི་འཇིག་རྟེན་ནི་ཅི་འདྲའི་བྲེལ་ཟིང་ཆེ་བ་ཞིག་རེད་ཨང་། མཐའ་ན་སྤྲང་པོ་དག་གིས་ཀྱང་དུས་ཚོད་དམ་འཛིན་བྱས་ཏེ་ལམ་འགྲོ་བ་ཚོར་སྒོར་མོ་སློང་བཞིན་འདུག ཡིན་ཡང་དེ་དག་ནི་ང་ལ་འབྲེལ་བ་ཡེ་ནས་མེད་པ་འདྲ། ངས་སྔར་བཞིན་ལྷིང་འཇགས་སྒོམ་བཞིན་ཆང་དམར་བཏུང་ནས་བསྡད།

མཚམས་ཤིག་ལ། ངའི་མིག་གི་མཐོང་ཕྱོགས་ཤིག་ལ་བཀྲ་ཤིས་དང་བུ་མོ་གཉིས་གཤིབ་སྟེ་འགྲོ་བཞིན་པ་མཐོང་། ངས་མིག་གིས་གསལ་བོར་བལྟས་པ་ན། བུ་མོ་དེ་ནི་ཁ་སང་དགོང་མོར་ལོ་རིམ་བཞི་བའི་ཞི་ལུ་ཞིག་གིས་མགྲོན་ཁང་ནང་ཁྲིད་ནས་འགྲོ་བཞིན་པ་དེ་ཡིན་འདུག མོ་དང་བཀྲ་ཤིས་གཉིས་འཐོར་ཟིན་མོད། ད་ལྟ་་་་་་། ངས་སྔར་བཞིན་འདང་མ་ཕོག ང་རང་བརྩེ་དུང་ལ་ཡིད་ཆེས་མེད་པར་གྱུར། ང་བུ་མོ་འདི་ལ་ཁོ་ཆད་ལ་རང་ཉིད་ལའང་ཁོ་ཆད། སྒེའུ་ཁུང་འདི་ཡང་འཇིག་རྟེན་ཆུང་ཆུང་ཞིག་ལ་བལྟ་བའི་མིག་ལྟ་བུ་ཡིན་པས་ངས་འཇིག་རྟེན་དེར་བལྟ་འདོད་མ་བྱུང་བས་སྒེའུ་ཁུང་གི་དྲ་ཡོལ་བརྒྱབ་པ་ཡིན།

        ངས་བསྐྱར་དུ་རང་ཉིད་ནི་སྙན་ངག་པ་ཞིག་ཡིན་མིན་ལ་བསལ་བློ་བཏང་། ངས་བསམ་བློ་ཇི་ལྟར་བཏང་ཡང་ངས་རང་ཉིད་སྙན་ངག་པ་ཞིག་ཡིན་པའི་རྒྱུ་མཚན་རྙེད་མ་སོང་། ངས་བྲིས་པ་དེ་དག་སྙན་ངག་ཡིན་མིན་ལ་ཡང་ཐེ་ཚོམ་སྐྱེས། མཚམས་ལན་རེར་ངས་རང་གིས་ཅི་ཞིག་འབྲི་བཞིན་པ་མི་ཤེས་ལ། སྙན་ངག་ནི་འབྲི་རྒྱུ་ཞིག་ཡིན་མིན་ལ་དོགས་པའང་སྐྱེས། ངས་ཤེས་པ་ནི་ལོ་དེའི་དབྱར་ཁ་རེད། དོན་རྐྱེན་ཞིག་གིས་ང་རང་སྙན་ངག་པ་ཞིག་ཡིན་པ་ཀུན་ལ་བསྒྲགས་པའི་དབྱར་ཁའི་ཉི་མ་དེ་རེད།

        མཐོང་འབྲིང་ལོ་རིམ་དང་པོའི་སྐབས་སུ་ངས་བུ་མོ་ཞིག་ལ་བརྩེ་འཕྲིན་ཤོག་གྲངས་བཅུ་ཅན་ཞིག་བྲིས། ཆར་བ་ཟམ་ཟིམ་འབབ་པའི་ཉིན་གུང་ཞིག་ལ་བུ་མོ་དེ་གཅིག་པུ་སློབ་གྲྭའི་ར་བ་བརྒྱུད་དེ་ཉལ་ཁང་ཕྱོགས་སུ་འགྲོ་བཞིན་འདུག ངས་འདི་ནི་བརྩེ་འཕྲིན་སྟེར་བའི་གོ་སྐབས་བཟང་པོ་ཞིག་ཏུ་འདོད་པས་མྱུར་དུ་མོའི་རྗེས་སྙེག

        “སྒྲོལ་མ། ང་སྒུག་རོགས།"

        ངས་མོའི་རྗེས་ནས་སྐད་དམའ་མོས་དེ་ལྟར་བོས་པ་ན། མོས་གོམ་མཚམས་བཞག་སྟེ་ཁ་ཕྱིར་འཁོར་བྱུང་།

        “འདི། འདི་ངས་ཁྱེད་ལ་བྲིས་པ་ཡིན།"

        ངས་བརྩེ་འཕྲིན་མོའི་ལག་ཏུ་བཞག་པ་ན། མོས་ཅི་ཡང་མ་སྨྲས་པར་བརྩེ་འཕྲིན་སར་གཡུགས་སོང་། ཤོག་གྲངས་བཅུ་ཡིས་གྲུབ་པའི་བརྩེ་འཕྲིན་དེ་སར་གཡུགས་པས་ང་རང་ཁོང་ཁྲོ་གཏིང་ནས་ལངས། ངས་ས་ནས་བརྩེ་འཕྲིན་བཏུས་ཏེ་ལག་པས་བརྩེ་འཕྲིན་དེ་སིལ་བུར་གཤགས་ནས་རླུང་རྟ་ལྟར་དགུང་ལ་སྤུར་བཞིན་ཉལ་ཁང་ཕྱོགས་སུ་ཆས་པ་ཡིན། མོ་རང་ཧ་ལས་པའི་ངང་ང་ལ་བལྟས་ནས་འདུག སྣང་བརྙན་དེ་ནི་ཁོ་རུ་ཡའི་སློབ་རའི་གློག་བརྙན་ཞིག་དང་ཅི་འདྲའི་མཚུངས་ཨང་། སྐབས་དེར་ངའི་མཐའ་སྐོར་ན་སློབ་མ་མང་པོ་འདུས་ཏེ་ལྟད་མོར་བལྟས་ནས་འདུག ཁོ་ཚོས་ང་ནི་སྨྱོན་པ་ཞིག་རེད་སྙམ་གྱིན་འདུག ངའི་རྗེས་ན་ལྐོག་ལྐོག་སུད་སུད་ཀྱིས་སྐད་ཆ་མང་པོ་སྨྲ་བཞིན་འདུག མི་ལ་ལས་འདི་ནི་ངོ་ཚ་ཞིག་ཏུ་འདོད་ཀི་འདུག ཡིན་ཡང་ངས་འདི་ནི་ངོ་ཚ་ཞིག་ཏུ་བསམ་གི་མེད། དོན་དག་འདི་སློབ་གྲྭ་ཧྲིལ་བོར་ས་ཁྱབ་རྡོ་ཁྱབ་དུ་སོང་སྟེ་སློབ་གྲྭ་ཧྲིལ་བོ་ན་དུང་བརྗོད་སྙན་ངག་འབྲི་མཁན་ང་ངོ་མི་ཤེས་མཁན་གཅིག་ཀྱང་མེད་པར་གྱུར།

        ད་ནི་ས་ཡང་རུབ་ལ་ཉེ། ངས་ཟ་མ་ཞིག་ཟོས་རྗེས་ཉལ་ཁང་དུ་ལོག ང་ཉལ་ཁང་ལ་ཐོན་མ་ཐག་ཁས་ཉིན་ལ་འགྲོགས་མྱོང་བའི་དགའ་མ་རྒྱ་མོ་དེས་ང་ཚོའི་ཉལ་ཁང་གི་སྒོ་ཁ་རུ་སྒུག་ནས་འདུག

        “ཁྱོད་ཀྱིས་ངའི་ཁ་པར་ཨང་གྲངས་མིང་ནག་ནང་འཕེན་དོན་ཅི་ཡིན།ང་ཁྱོད་ཀྱི་དགོས་དུས་ཀྱི་རྡོ་རྗེ་དང་མི་དགོས་དུས་ཀྱི་གདོན་རྫས་ཡིན་ནམ།”མོ་རང་ཅུང་ཁྲོ་བའི་ངང་ནས་དེ་ལྟར་བཤད།

        ངས་མོ་ལ་ཅི་ཡང་མ་བཤད། ཅི་ཞིག་བཤད་ན་འགྲིག་མིན་ཡང་མི་ཤེས་ཀི ངས་མོ་ཕྱི་རུ་ཁྲིད་དེ་ངེད་གཉིས་མི་འཚམ་པའི་རྒྱུ་མཚན་ཁྲི་སྟོང་བཤད་དེ་དགོངས་དག་ཡང་ཡང་ཞུས་ཀྱང་མོས་དང་ལེན་མི་བྱེད་ཀི

        “ཆང་རྐྱལ་ཁྱོད། རྫུན་རྐྱལ་ཁྱོད་"མོས་ང་ལ་དེ་ལྟར་འཁང་ར་དང་དམོད་མོ་བྱེད་བཞིན་བུད་སོང་།

        མོ་ལ་དངོས་གནས་ཁག་མི་འདུག དང་ཐོག་ངས་ཀྱང་མོར་ཡག་ཡག་ཏག་ཏག་བཤད་ནས་བསྡད་པ་ཡིན།དོན་ངོ་མར་མོ་ནི་ང་རང་གི་འདོད་ཆགས་ཀྱི་དགོས་མཁོ་སྐོང་བྱེད་ཙམ་མ་གཏོགས་བློ་སེམས་གཏད་ས་ཞིག་གི་ཚད་དུ་བཞག་མ་མྱོང་།

        ངས་མོའི་རྒྱབ་གཟུགས་ལ་ཅེར་ནས་སྡོད་པའི་སྐབས། ངའི་ཁ་པར་གྱི་འབོད་བརྡ་གྲགས་བྱུང་། དེ་ནི་ཨ་ཕས་བཏང་བའི་ཁ་པར་རེད། ངས་རྣམ་རིག་བསྒྲིམས་ཏེ་ཨ་ཕའི་ཁ་པར་ལ་ཉན་པ་ན།

        “བུ་ཆུང་། སློབ་ལ་བརྩོན་གྱིན་ཡོད་དམ། འཚོ་བ་ལ་དཀའ་ཁག་མེད་དམ།"

        "ཨ་ཕ། སློབ་ལ་རྟག་ཏུ་བརྩོན་མུས་ཡོད། འཚོ་བར་དཀའ་ཁག་མེད། ཧ་ཅང་སྐྱིད་པོ་འདུག"

        "་་་་་་་་་"

        ཨ་ཕ་དང་ཁ་བརྡ་བྱས་ཏེ་སྐར་མ་ཉི་ཤུ་ལྷག་འགོར་བ་ན།ཡང་མི་གཞན་ཞིག་གིས་ཁ་པར་བཏང་བྱུང་།

        "ཝེ། མྱུར་དུ་འཛོམས་པ་ཡག་མོར་ཤོག་དང་། བུ་མོ་འགའ་དང་ལྷན་དུ་ཆང་འཐུང་གི་ཡོད།"

        "ང་ད་སོ་མར་ཆང་ཁང་ནས་འོང་བ་ཡིན།ང་བཟི་ནས་འདུག"

        "ཁ་ངོ་མི་བྱིན་ནམ། ཡ་ཡ། རྗེས་ནས་བལྟ་འོང་།"

        དེ་ནི་ངའི་གྲོགས་པོ་བློ་བཟང་རེད། ངེད་གཉིས་འགྲོགས་ནས་ལོ་ངོ་བཅུ་ལྷག་འགོར་ཡོད།སྤུན་ཟླའི་བར་གྱི་མཛའ་བརྩེ་བསམ་སྟེ་ང་ཡང་ཕྱི་ལ་བརྒྱུགས།

        "ཧ་ཧ། འདིའི་མིང་ལ་ད་གཟོད་སྤུན་ཟླ་ཟེར། སྤུན་ཟླའི་བར་གྱི་མཛའ་བརྩེ་ཟེར།"

        ཁོའི་གདོང་འཛུམ་གྱིས་ཁེངས་བཞིན་བུ་མོ་རེ་རེ་བཞིན་ང་ལ་ངོ་སྤྲོད་བྱས། བུ་མོ་གསུམ་འདུག གཅིག་བློ་བཟང་གི་གསར་དུ་འགྲིགས་པའི་དགའ་རོགས་ཆོས་འཛོམས་རེད།གཞན་གཉིས་ཀྱིས་ཀྱང་ཆོས་འཛོམས་ལྟར་སྐྲ་མདོག་དམར་པོར་བསྒྱུར་ཅིང་གདོང་ལ་སྐག་ཚོས་བྱུགས། གླང་རྫིའི་དོར་མ་ཐུང་གྲས་གྲལ་དག་རེ་གྱོན་འདུག བློ་བཟང་གིས་ཁོ་མོ་ཚོ་ངོ་སྤྲོད་བྱེད་དུས་ཚང་མ་བོད་མོ་དག་དག་ཡིན་མོད། འོན་ཀྱང་ཁ་བརྡ་བྱེད་དུས་རྒྱ་སྐད་བཤད་པ་ལས་བོད་སྐད་གཅིག་ཀྱང་མི་བཤད་ཀི གང་ལྟར་བུ་མོ་འདི་དག་ཆང་འཐུང་ན་ངར་བ་དག་དག་རེད།

        "ཡ། ཤོག དོ་ནུབ་ཆང་སྐྱིད་པོ་ཞིག་འཐུང་། "བློ་བཟང་ཅུང་བཟི་འདུག ང་ཚོས་འཕྲོ་རིམ་འཕྲོར་ཝུ་ཆང་གཙང་བཞེས་གནང་།

        དུས་ཚོད་གཉིས་ལྷག་ཕྱིན་རྗེས་བུ་མོ་གཉིས་བཟི་ནས་ར་རོར་གྱུར། བློ་བཟང་གིས་ཆོས་འཛོམས་སྐྱོར་ཏེ་སྤྱོད་ཁང་དུ་བུད་སོང་། སྐར་མ་འགའི་རྗེས་ནས་མོ་ཕྱིར་འོང་ནས་ང་ལ་བུ་མོ་འདི་གཉིས་ཀྱི་ནང་གི་གང་བློར་འབབ་ན་མཚམས་སྦྱོར་བྱ་ཟེར། ངའི་སྣང་ངོར། ཁེར་རྐྱང་དུ་འདུག་རྒྱུ་ནི་དཀའ་མོ་ཞིག་ཡིན་མོད། འོན་ཀྱང་མི་དགའ་ས་ཞིག་ལ་དགའ་ཁུལ་བྱ་རྒྱུ་དེ་ལས་ཀྱང་དཀའ་མོ་ཞིག་ཡིན་པར་སེམས། དེ་བས་ངས་རང་གི་བློ་ཁ་དང་འཚམ་པའི་བུ་མོ་ཨེ་རྙེད་ལ་རེ་རྒྱུ་ལས་ཚོང་རྫས་ལྟར་མཚམས་སྦྱོར་བྱེད་པའི་དགའ་རོགས་འཚོལ་སྟངས་འདིར་དང་དོད་མ་བྱས་པར་སོར་བཞག་གནང་བ་ཡིན།

ངས་བློ་བཟང་གི་དེང་གི་བྱ་སྤྱོད་འདི་ནི་ཁོའི་བརྩེ་དུང་གི་ཕམ་ཁས་བསྐྱེད་པ་རེད་སྙམ།བྱ་སྤྱོད་འདི་ཁོ་རང་ཁོ་ནའི་སྟེང་ཡོད་སྲིད་པ་ཙམ་མ་ཡིན་པར་ང་དང་ང་ལྟ་བུའི་སྟེང་ནའང་འདུག

        ད་ནི་ཁོ་ཚོ་ཚང་མ་ར་རོ་བར་གྱུར་འདུག ཤུལ་དུ་ང་གཅིག་པུ་ལྷག་འདུག ངས་འཐུང་འཕྲོར་ལུས་པའི་ཝུ་ཆང་པི་ཙི་གང་བོ་དེ་འཐུངས་རྗེས་ཁ་པར་བླངས་འོང་ནས།སྐད་འཕྲིན་གྱི་གྲོགས་པོ་གླིང་དུ་“དགའ་རོགས་མང་བ་ནི་དགའ་ས་མེད་པའི་རྐྱེན་གྱིས་རེད་"ཅེས་པའི་སྐད་ཆ་འདི་བསྐྱར་དུ་ཐེངས་གཅིག་ལ་བསྐུར་བ་ཡིན།དེའི་རྗེས་སུ་ང་ཡང་ཁོ་ཚོ་དང་འགྲོགས་ཏེ་རྨི་ལམ་གྱི་ཞིང་དུ་ཆས།

        བར་མཚམས་ཤིག་ལ། ངས་རྨི་ལམ་ཞིག་རྨིས་བྱུང་། རྨི་ལམ་དུ་ང་རང་ཡངས་པའི་རྩྭ་ཐང་ཞིག་ཏུ་རང་ཉིད་ཆེས་དགའ་སའི་བུ་མོ་མཚོ་མོ་དང་མཉམ་དུ་འདུག མོས་རང་གི་མགོ་བོ་ང་ཡི་པང་དུ་བསྙེས་ཡོད་ལ། ངས་ཀྱང་མོ་ལ་འོ་བྱེད་པའམ། མགོའི་སྐྲ་ཕུར་ཕུར་བྱེད་བཞིན་འདུག མཚམས་ཤིག་ལ་མོ་ནི་གློ་བུར་དུ་ན་ནིང་ཤི་སོང་བའི་ཁྱིམ་མཚེས་ཚང་གི་བགྲེས་མོ་དེ་རུ་གྱུར་སོང་བས། ང་རང་རྦད་དེ་སྐྲག་བྱུང་།

        ངས་འཚབ་འཚུབ་ངང་ “ཨ་ཕ། ཨ་ཕ"ཞེས་ཐེངས་འགར་བོས་པ་ན་ཚང་མ་གཉིད་ལས་བསླངས་བྱུང་།

        ངའི་ངོ་གདོང་རྔུལ་ཆུས་ཁེངས་ཡོད་ལ། སྙིང་ཆུང་ལུ་གུ་ལྡིང་ལྡིང་བྱེད་བཞིན་འདུག

        བློ་བཟང་གིས་ང་ལ་གཤེ་གཤེ་ཞིག་བཏང་རྗེས་ཁོ་ཚོ་སླར་ཡང་རྨི་ལམ་གྱི་ཞིང་དུ་ཆས། ངས་ཤུལ་ནས་མཚོ་མོའི་ཕྱོགས་སུ་སྟོང་འདང་བརྒྱབ་ནས་བསྡད། ངའི་བཟི་ཡང་ཅུང་དྭངས་འདུག ངས་གློ་བུར་དུ་མོར་སྙན་ངག་ཅིག་འབྲི་འདོད་བྱུང་། འོན་ཀྱང་སྐབས་ཐོག་གི་དྲན་པ་མཚོན་བྱེད་ཀྱི་ཐ་སྙད་དག་ཡིད་ལ་མ་ཤར་བས་ངས་མོ་ལ་ཁ་པར་བཏང་བ་ཡིན།

        “སུན་སྤྱད། མཚན་གུང་ལ་ངའི་དགའ་མར་ཁ་པར་བཏང་ན་བྱ་བ་ཡོད་དམ།"ཁ་པར་ལེན་མཁན་སྐྱེས་པ་ཞིག་རེད། ངས་ཁོ་ལ་ལན་སློག་མ་ཐག་ཁ་པར་གྱི་སྐུད་ལམ་ཆད་སོང་།

        ངས་བསྐྱར་དུ་མོར་ཁ་པར་བཏང་བ་ན།


        “ཐུགས་རྒྱལ་མ་བཞེངས། ཁྱོད་ཀྱིས་གཏོང་བཞིན་པའི་ཁ་པར་གྱི་སྒོ་གཏན་འདུག”

        སྐད་ཆ་དེ་ནི་ཇི་འདྲའི་རྣར་གཟན་པ་ཞིག་རེད་ཨང་། སྐྱེས་པ་དེ་ནི་སུ་ཡིན་ནམ། ཁོ་མོ་དོ་ནུབ་གང་དུ་ཡོད་དམ། འདི་ནི་རྨི་ལམ་ཞིག་ཡིན་ནམ། ངས་དེ་ལྟར་ལ་དྲན་ལུང་དྲན་མང་པོ་ཞིག་བྱས་རྗེས་ཁུ་ཚུར་གྱིས་གྱང་ལ་ཐེངས་འགར་གཞུས། དེ་ནས་སླར་ཡང་མལ་ཐུལ་གྱིས་མགོ་བོར་བཏུམས་ཏེ་རྨི་ལམ་གྱི་ཞིང་དུ་ཆས་བར་བརྩམས་ཀྱང་ང་ལ་གཉིད་ཅིག་གང་ནས་ཡོང་།གཉིད་མ་ཡོང་བས་ང་རང་ཡར་ལངས་ཏེ་འཐུང་འཕྲོར་ལུས་པའི་ཝུ་ཆང་དག་ཁེར་འཐུང་བྱས་ནས་བསྡད་དོ།།།།

        རྨི་ལམ་འཁྲུག་པ་ལྟ་བུའི་གཟའ་ཉི་མ།


རྩོམ་ཡིག་སྔོན་མ།
2017ལོའི་དེབ་3པ།
རྩོམ་ཡིག་རྗེས་མ།
འཁྱམ་སྨྱོན།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1