འཁྱམ་སྨྱོན།

འཁྱམ་རུ་གནམ་ལྷ་རྒྱལ། (པེ་ཅིན) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


        

        འཁྱམ་སྨྱོན་ནི་སྙན་ངག་པ་ཞིག་གི་སྨྱུག་མིང་ཡིན།


        ཁོའི་སྙན་ངག་ལ་གཞན་སེམས་འགུག་ནུས་པའི་ཐུན་མིན་གྱི་ཁྱད་ཆོས་ཤིག་མངའ་བས། ཁོ་ལ་དགའ་བསུ་ཐོབ་པའི་ཀློག་པ་པོ་ནི་བགྲང་གིས་མི་ལང་། ང་ཡང་ཁོའི་སྙན་ངག་ལ་ཤིན་ཏུ་དགའ་བོ་ཡོད་པའི་དང་ལྡན་མི་སྣ་ཞིག་ཡིན་ཕྱིར། ཁོའི་སྙན་ངག་མང་པོ་ནི་མིག་བཙུམས་ནའང་བློ་ནས་ཤར་མར་སྐྱོར་ཐུབ།

        ལོ་གཅིག་གི་ཡར་སྔོན་དུ། ཁོའི་སྙན་ངག་ལ་དུས་དེབ་གྲགས་ཅན་ག་གེ་མོའི་རྩོམ་རིག་བྱ་དགའ་ཨང་དང་པོ་ཐོབ་སྟེ། ཁོའི་སྙན་པའི་གྲགས་པ་སྔར་བས་འབར་བ་དང་བསྟུན། ཀློག་པ་པོའི་གྲངས་ཀ་ནི་ལྡབ་འགྱུར་གྱིས་ཇེ་མང་ནས་ཇེ་མང་དུ་སོང་བ་དང་། བོད་ཀྱི་ན་གཞོན་ཚོའི་གྲལ་དུ་ཁོའི་སྙན་ངག་ལ་དཔྱད་བརྗོད་སྤེལ་མཁན་དང་། ལད་ཟློས་བྱེད་མཁན། དབྱངས་ལ་གྱེར་མཁན་སོགས་ནི་ཧ་ཅང་མང་། ཧ་ཅང་མང་།

        ཡུན་རིང་མ་འགོར་བར། དུས་དེབ་མང་པོ་ཞིག་གི་སྟེང་དུ་སྙན་ངག་པ་འཁྱམ་སྨྱོན་གྱི་པར་དང་བཅས་ཏེ་ཁོའི་སྙན་ངག་མང་པོ་བཀོད་ཡོད་ལ། རྩོམ་སྒྲིག་ཁང་ལ་ལས་ད་དུང་འཁྱམ་སྨྱོན་གྱི་སྙན་ངག་ཆེད་བསྒྲིགས་ལེ་ཚན་བཟོ་འཆར་ཡོད་པའི་གཏམ་བཟང་ཞིག་ཀྱང་ག་སར་བསྒྲགས་མ་ཐག དུས་དེབ་མངགས་ཉོ་བྱེད་མཁན་ནི་རིམ་གྱིས་ཇེ་མང་དུ་གྱུར་ཅིང་། ང་རང་ཡང་དེ་ལས་མ་འདས་ཏེ། ལོ་རེའི་དུས་དེབ་ཆ་ཚང་མངགས་ཉོ་བྱས་པ་ཡིན།

        རྩོམ་སྒྲིག་པ་ཚོས་དུས་དེབ་དུས་ལྟར་བསྐུར་ཡོང་ངེས།

        ང་ལ་འབྱོར་བའི་དུས་དེབ་ནི་ཐོག་མར་ང་ཚོའི་ལས་ཁུངས་ཀྱི་ཚགས་ཡིག་གཏོང་ལེན་ཁང་དུ་འབྱོར་བ་ཡིན་ལ། དེ་ནས་དེ་གའི་འགན་ཁུར་མི་སྣས་ང་ལ་ཁ་པར་བཏང་སྟེ་དངོས་པོ་ལེན་པར་འབོད་པ་དང་། སྐབས་རེར་ང་དངོས་སུ་སོང་སྟེ་ཐད་ཀར་ཁྱེར་ཡོང་བ་ཡིན། ཡིན་ཡང་། ཟླ་འགའི་སྔོན་ནས་བཟུང་། ང་ལ་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་། དངོས་འབྲེལ་འབྱོར་མ་བྱུང་། ངས་ཇི་ལྟར་བསྒུགས་རུང་དུས་དེབ་ནི་ཅིས་ཀྱང་འབྱོར་མ་བྱུང་། ངས་དུས་དེབ་ཁང་སོ་སོར་ཁ་པར་ལན་འགའ་བཏང་ཡང་། རྩོམ་སྒྲིག་པ་ཚོས་ང་ལ་དུས་དེབ་བསྐུར་ཟིན་ཞེས་ནན་ནན་ཏིག་ཏིག་གིས་བརྗོད། ངས་ང་ལ་མ་འབྱོར་བའི་རྒྱུ་མཚན་གསལ་བོར་བརྗོད་པ་ན། ཁོ་ཚོས་དེས་ན་ཡང་བསྐྱར་བསྐུར་ཡོང་ཞེས་ཁས་འཆེས་མོད། ཡ་མཚན་པ་ལ། ངས་སྔར་ལྟར་ཇི་ལྟར་བསྒུགས་རུང་དུས་དེབ་གཅིག་ཀྱང་ལག་ཏུ་རེག་མ་བྱུང་།

        ང་རང་ཐེ་ཚོམ་གྱི་ཁྱོགས་ལ་འཕྱང་སྟེ་ལས་གྲོགས་འགའ་ལ་གནས་ཚུལ་འདི་བརྗོད་པར། ལས་གྲོགས་ཚོས་ཡ་མཚན་པའམ་ཡིད་མི་ཆེས་པའི་མིག་ཟུང་གིས་ང་ལ་ལྟ་བ་ལས་གཅིག་གིས་ཀྱང་སྐད་ཆ་ལུགས་མཐུན་ཞིག་བརྗོད་མ་སོང་། དེ་བས་ངས་མུ་མཐུད་དུ་དུས་དེབ་ལག་ཏུ་འབྱོར་བར་རེ་བསྒུག་བྱས། དེའང་མཐར་གཏུགས་ན། ངས་འཁྱམ་སྨྱོན་གྱི་སྙན་ངག་གསར་བ་དག་ཀློག་འདོད་པའི་འདུན་པ་དྲག་ཏུ་འཕྱུར་བས་མ་ཡིན་ནམ།

        འདི་ལྟར། ངས་འཁྱམ་སྨྱོན་གྱི་སྙན་ངག་ལ་བསྒུགས་ཏེ་རེ་ཞིག་འུ་ཐུག་སོང་།

        ཉིན་ཞིག ང་ལས་ཚོགས་གྲོལ་ཏེ་ཕྱིར་རང་ཤག་ཏུ་ལྡོག་པའི་སྐབས་སུ། བགྲེས་མོ་དབུ་སྐྲ་དཀར་པོ་ཅན་ཞིག་ལས་ཁུངས་ཀྱི་ཚགས་ཡིག་གཏོང་ལེན་ཁང་དུ་ལུས་པོ་འཁྱར་འཁྱོར་གྱིས་སྒོར་བུད་བྱུང་ལ། མཆན་དུ་དཔེ་དེབ་འགའ་བཅུག་ནས་ག་ལེར་མདུན་ཕྱོགས་སུ་བགྲོད་པ་མཐོང་བྱུང་། ངས་བགྲེས་མོ་དེའི་མཆན་འོག་གི་དཔེ་དེབ་དེ་དག་ལ་ཞིབ་ཀྱིས་ཐེངས་ཤིག་བལྟས་པ་ན། དེ་དག་གི་རྒྱབ་ཤོག་ནི་ངས་ཡར་སྔོན་མངགས་ཉོ་བྱས་པའི་དཔེ་དེབ་དག་གི་ཁ་དོག་དང་གཅིག་མཚུངས་ཡིན་འདུག ང་རེ་ཞིག་ནེམ་ནུར་གྱི་ངང་ནས་སྡོད་པ་ལ། བགྲེས་མོའི་མཆན་དུ་བཅུག་པའི་དཔེ་དེབ་དག་ལས་དེབ་གཅིག་གློ་བུར་དུ་ས་ལ་ལྷུང་སོང་། ངས་ལམ་སེང་གོམ་གསུམ་མདུན་དུ་སྤོས་ཏེ་བལྟས་ཚེ། ཏག་ཏག་ང་ལ་མ་འབྱོར་བའི་དུས་དེབ་དེ་ཡིན་འདུག

        ཡ་མཚན་པ་ལ།

        བགྲེས་མོ་དེ་རྐུན་མ་ཞིག་ཡིན་ནམ་སྨྱོན་པ་ཞིག་ཡིན། མོའི་ཆ་བྱད་ལ་བརྟགས་ན་ཕལ་ཆེར་བོད་རིགས་བུད་མེད་ཅིག་ཡིན་པ་འདྲ།

        སྐབས་དེར། ངས་རང་ལ་ཅིའི་ཕྱིར་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་བ་གཞི་ནས་ཧ་གོ་སོང་། བགྲེས་མོ་དེས་ས་ལ་ལྷུང་བའི་དཔེ་དེབ་དེ་ཡར་བསྒྲུགས་རྗེས་མུ་མཐུད་དུ་ལུས་པོ་འཁྱར་མ་འཁྱོར་གྱིས་མདུན་ཕྱོགས་སུ་ག་ལེར་སྐྱོད་བཞིན་ཡོད་ལ། ང་ནི་སྔར་གྱི་གནས་སུ་འགྲེང་སྟེ་ཡུད་ཙམ་ལ་བསམ་གཞིག་གི་ལས་ལ་རོལ་དགོས་བྱུང་།

        “ཨ་ཕྱི་བགྲེས་མོ་ལགས—” ང་བགྲེས་མོའི་རྗེས་སུ་རྒྱུགས་ཏེ་ཅུང་གུས་ལུགས་དང་བཅས་ཁོ་མོ་བོས་ནའང་། སེམས་སུ་དོགས་གཞི་སྣ་ཚོགས་ཤིག་དབྱར་གྱི་སྤྲིན་པ་ཇི་བཞིན་ལང་ལོང་དུ་འཕྱུར་བཞིན་གདའ།



        བགྲེས་མོ་དེས་གོམ་པའི་འདེགས་མཚམས་བཞག་ཏེ་མགོ་བོ་ག་ལེར་ཕྱིར་འཁོར་བྱུང་།

        “ཨ་ཕྱི་བགྲེས་མོ་ལགས—” ངས་བགྲེས་མོའི་གདོང་ལ་བལྟས་ཏེ་ཟོལ་བཅོས་ཀྱི་འཛུམ་ཞིག་བསྟན་རྗེས “ཨ་ཕྱི་བགྲེས་མོ་ལགས། ཁྱེད་རང་གང་དུ་ཕེབས་སམ”ཞེས་བོད་སྐད་ཀྱི་ལམ་ནས་དྲིས་པར། བགྲེས་མོས་ངའི་མགོ་རྐང་ཀུན་ལ་ཐེངས་ཤིག་བལྟས་རྗེས། “ཁྱོད་སུ་ཡིན”ཞེས་བོད་སྐད་ཀྱིས་དྲིས་བྱུང་། དེའི་དུས་ངའི་སེམས་སུ་བགྲེས་མོ་འདི་དངོས་གནས་བོད་པ་ཞིག་རེད་ཨང་སྙམ་ནས་དགའ་སྣང་ཞིག་དང་སྐྱོ་སྣང་ཞིག་ལྷན་དུ་བསྡེབས་ཏེ་འཕོས་བྱུང་།

        “ཨ་ཕྱི་བགྲེས་མོ་ལགས། ངས་ལས་ཁུངས་འདི་གར་བྱ་བ་གཉེར་བཞིན་ཡོད།”ངས་གོང་མཛུབ་ཀྱིས་ལས་ཁུངས་ཕྱོགས་སུ་བསྟན་ཙམ་བྱས་རྗེས། མིག་གིས་བགྲེས་མོའི་མཆན་འོག་གི་དཔེ་དེབ་གཞན་དག་ལ་འཁྱུག་ཙམ་བལྟས་པར་ཏག་ཏག་ང་ལ་མ་འབྱོར་བའི་དུས་དེབ་དེ་དག་ཡིན་འདུག བར་སྐབས་དེར། ང་ལ་དོགས་མི་བདེ་བའི་སེམས་ཚོར་ཞིག་ཐོལ་གྱིས་བརྡོལ་ཡོང་ནའང་། རང་ལ་དུས་དེབ་དེ་དག་འབྱོར་བའི་ཆེད་དུ་ངག་སྒོ་འདི་ལྟར་མི་ཕྱེས་ཐབས་མེད་བྱུང་སོང་།

        “ཨ་ཕྱི་བགྲེས་མོ་ལགས། ཁྱེད་ཀྱིས་བསྣམས་པའི་དཔེ་དེབ་འདི་དག་ངའི་མ་ཡིན་ནམ། ང་ལ་དུས་དེབ་འདི་དག་མ་འབྱོར་ཡུན་རིང་འགོར་སོང་།”

        བགྲེས་མོ་དེས་ཡུད་ཙམ་ལ་ཁ་ཅི་ཡང་མ་གྲག་པར་བསྡད་པས། ང་སྔར་བས་ཡ་མཚན་ཆེན་པོ་སྐྱེས་ཏེ་རེ་ཞིག་ཁོ་མོའི་གདོང་ལ་ཅེར་ནས་འདུག་དགོས་བྱུང་།

        “ཅི་ཟེར། འདི་དག་ཁྱོད་ཀྱི་ག་ལ་ཡིན། འདི་ཚང་མ་ང་རང་གི་ཡིན།” སྐབས་ཤིག་ལ་ཨ་ཕྱི་བགྲེས་མོས་བདེན་ཅོག་ཅོག་གིས་དེ་ལྟར་བརྗོད་ཅིང་། མིག་ཟུང་དུ་རང་རློམ་དང་ཡིད་ཆེས་ཀྱིས་ཁེངས་འདུག

        “ཨ་ཕྱི་བགྲེས་མོ་ལགས། དུས་དེབ་འདི་དག་ངས་ལོ་རེར་མངགས་ཉོ་བྱས་པ་ཡིན། འོན་ཏེ། ཟླ་འགའི་སྔོན་ནས་བཟུང་། ང་ལ་དུས་དེབ་གཅིག་ཀྱང་འབྱོར་མ་བྱུང་། མ་གཞི་ཁྱེད་ཀྱིས་ཁྱེར་སོང་བ་རེད་ཨང་།” ངས་ཡང་བསྐྱར་ཟོལ་བཅོས་ཀྱི་འཛུམ་ཞིག་བསྟན་རྗེས་བགྲེས་མོས་ཅི་ཟེར་ལ་བསྒུགས་ནས་བསྡད།
    
        “ཅི་ཟེར། ཁྱོད་ཀྱིས་ངས་བརྐུས་པ་རེད་ཟེར་བ་ཡིན་ནམ།”ཨ་ཕྱི་བགྲེས་མོ་གློ་བུར་དུ་ཁོང་ཁྲོ་ལངས་ཏེ། ཅི་ཞིག་ལ་འདང་ཞིག་བརྒྱབ་རྗེས་ཡང་བསྐྱར། “ཨ། ཁྱོད་ཀྱིས་ངས་བརྐུས་པ་རེད་ཟེར་བ་ཡིན་ནམ”ཞེས་ནན་འདྲི་གཏིང་འདྲི་བྱས་བྱུང་།

        “ག་ལ། ག་ལ། དེའི་དོན་ག་ལ་ཡིན……”ང་ལ་འཚུབ་ཆ་གློ་བུར་བ་ཞིག་ལྡང་བྱུང་བས་ཡུན་ཙམ་ལ་ཅི་ཞིག་འཆད་དགོས་པའང་མ་ཤེས་པར་ལུས།

        དེས་ན་ཅི་རེད། ཨ་ཕྱི་བགྲེས་མོས་དོགས་པ་དང་བཅས་དྲིས་ཤིང་། གདོང་གི་གཉེར་མའི་ནང་དུ་རང་ལ་མ་ཉེས་ཁ་གཡོགས་ཐེབས་པའི་རྣམ་འགྱུར་ཞིག་གིས་ཁེངས་འདུག

        “དེའི་དོན་གཏན་ནས་མིན། ང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་ཁྱེད་ཀྱིས་དུས་དེབ་འདི་དག་ལ་ལྟ་བཞིན་ཡོད་དམ། ” ངས་རང་གི་དོགས་པ་སེལ་ཆེད་སྐད་ཆ་ཡག་ལམ་ལ་བསྒྱུར།

        “མི་བལྟ་ན་ང་ལ་འདི་དག་གིས་ཅི་བྱ།” ཨ་ཕྱི་བགྲེས་མོས་ངའི་རྣམ་འགྱུར་ལ་ཡུན་ཙམ་བལྟས་རྗེས་ང་ལ་དེ་ལྟར་དྲིས། “འོ་ན་ཁྱོད་ཀྱིས་དེབ་འདི་ཉོས་ནས་ཅི་ཞིག་ལ་ལྟ་བཞིན་ཡོད།”

        “ངས་དུས་དེབ་འདི་དག་ལས་འཁྱམ་སྨྱོན་གྱི་སྙན་ངག་ཀློག་འདོད་པ་དེ་ཡིན།”

        “འཁྱམ་སྨྱོན་ཟེར་བ་སུ་རེད།”

        “སྙན་ངག་པ་ཞིག་རེད།”ངས་ཨ་ཕྱི་བགྲེས་མོའི་ལག་གི་དུས་དེབ་ཅིག་གི་རྒྱབ་རོལ་དུ་འཁྱམ་སྨྱོན་གྱི་འདྲ་པར་ཞིག་སྦྱར་ཡོད་པ་མཐོང་འཕྲལ། ཨ་ཕྱི་བགྲེས་མོ་ལ“ངས་ཟེར་བའི་མི་དེ་ཁོ་རེད”ཅེས་པར་ངོས་ཀྱི་འདྲ་པར་དེ་བསྟན།

        ཨ་ཕྱི་བགྲེས་མོས་ངའི་སྐད་ཆ་དེ་ཐོས་འཕྲལ། དུས་དེབ་རྒྱབ་རོལ་གྱི་འདྲ་པར་དེ་ལ་ལྟ་ཙམ་བྱས་རྗེས། ངའི་གདོང་ལ་བལྟས་ཏེ་དགོད་ཙམ་བྱེད་པ་དང་། ཁོ་མོའི་དགོད་འཛུམ་དེ་ལ་ནང་དོན་གྱིས་ཁེངས་འདུག

        ཕྱིས་སུ་རྩད་གཅོད་བྱས་པ་ན། ཨ་ཕྱི་བགྲེས་མོ་དེ་ནི་ང་ཚོའི་ལས་ཁུངས་ཀྱི་ལས་བྱེད་རྒན་རབས་པ་ཞིག་ཡིན་ལ། ལས་འཁྱུར་ངལ་གསོ་བྱས་ཏེ་ལོ་ངོ་ཉི་ཤུ་ལྷག་ཕྱིན་འདུག ཁོ་མོའི་ཁྱོ་ག་ནི་ང་ཚོའི་ལས་ཁུངས་གསར་དུ་འཛུགས་པའི་སྐབས་ཀྱི་འགོ་ཁྲིད་དང་པོ་དེ་ཡིན་པ་དང་། ཁོའི་མཛད་འཕྲིན་ནི་བསམ་གྱིས་མི་ཁྱབ་ལ་མཚན་སྙན་གྲགས་ཤིན་ཏུ་ཆེ་ཞེས་ད་ལྟའི་ལས་བྱེད་རྒན་པ་དག་གིས་རྒྱུན་པར་སྨྲ། ཡིན་ཡང་ཨ་ཕྱི་བགྲེས་མོའི་ཁྱོ་ག་དེ་ནི་ལོ་ངོ་བཅུ་ལྷག་གི་ཡར་སྔོན་དུ་མི་འདོད་ནད་ཀྱི་གཟེབ་འོག་ནས་ཅིས་ཀྱང་ཐར་བའི་སྐལ་བ་མ་བྱུང་བས་ཚེ་ཡི་འཕེན་པ་རྫོགས་སོང་། ཁོང་གཉིས་ལ་མིང་ལ་གནམ་ལྷ་བཀྲ་ཤིས་ཟེར་བའི་བུ་ཞིག་ཡོད་པ་གཞོན་དུས་ནས་ཕྱི་རྒྱལ་ལ་སློབ་སྦྱོང་དུ་མངགས་མོད། རྟིང་སོར་ཕྱིར་ལོག་ཏེ་བྱ་བའི་ལས་རྐང་དུའང་མ་ཞུགས་པར་ག་ས་གང་དུ་འཁྱམས་ནས་བསྡད།

        “ཨ་མའི་ལོ་ལོ། ཁྱོད་འདི་ལྟར་མ་འདུག་ཨང་། ལས་ཀ་ཞིག་རེག་ཨེ་ཐུབ་འབད་ན་མི་བཟང་ངམ།”

        ལན་ཞིག་གནམ་ལྷ་བཀྲ་ཤིས་ཕྱིར་ཡུལ་དུ་ལྡོག་པར། ཨ་མས་ཐུགས་འཁུར་དང་སེམས་ཁྲལ་ཆེན་པོས་དེ་ལྟར་བརྗོད། དེ་དུས་གནམ་ལྷ་བཀྲ་ཤིས་ཀྱི་ཨ་ཕ་སྔ་མོ་ནས་གྲོངས་ཟིན་ལ། ཨ་མ་ཡང་ལས་འཁྱུར་ངལ་གསོ་བྱས་ཏེ་རིང་ཙམ་ཕྱིན་འདུག ཡིན་ནའང་། ཕ་སེམས་བུ་ཐོག་དང་བུ་སེམས་རྡོ་ཐོག་ཟེར་བའི་དཔེ་ལྟར་གནམ་ལྷ་བཀྲ་ཤིས་ཀྱིས་ཨ་མའི་རེ་འདོད་ལྟར་ལས་ཀ་ཅི་ཡང་བཙལ་མ་བྱུང་། མཐར་ཨ་མའི་རེ་བའང་མར་མེ་ཟད་པ་ལྟར་གྱུར་ཞིང་། ནམ་རྒྱུན་ཕ་རྒོད་པོ་ཤ་གཟན་ཞིག་ལ་བུ་ཁྭ་ཏ་སྐྱག་གཟན་ཞིག་འདུག་ཅེས་རང་གི་བུ་ལ་སྡིགས་དམོད་གཏོང་། དེ་ནས་བཟུང་། གནམ་ལྷ་བཀྲ་ཤིས་ཐེངས་གཅིག་ལའང་ཕྱིར་ཡུལ་དུ་ལྡོག་རྒྱུ་མ་བྱུང་ལ། ཨ་མས་ཀྱང་ཁོའི་སྐོར་གྱི་སྐད་ཆ་ཚིག་གཅིག་ཀྱང་ཐོས་ཐུབ་མ་བྱུང་།

        ཉིན་དེར། ངས་ཨ་ཕྱི་བགྲེས་མོར་དུས་དེབ་རྒྱབ་རོལ་གྱི་མི་དེ་བསྟན་པར། ཁོ་མོའི་གདོང་ལ་ནང་དོན་གྱིས་ཁེངས་པའི་འཛུམ་མདངས་ཤིག་རྒྱས་མོད། ཡུད་ཙམ་མ་འགོར་བར། འཛུམ་པའི་མེ་ཏོག་དེ་སླར་ཡང་སྐྱོ་གདུང་གི་སེར་བས་བཅོམ་སོང་།

        ཁོ་མོས་ངའི་ལག་པར་འཇུས་ཏེ་ང་ལ་ཞུ་བའི་ཚུལ་དུ་འདི་ལྟར་བརྗོད་བྱུང་།

        “པར་ངོས་ཀྱི་མི་འདི་ནི་ངའི་བུ་ཡིན། དངོས་མིང་ལ་གནམ་ལྷ་བཀྲ་ཤིས་ཟེར། ངས་ཁོ་རང་འདི་ལྟར་དུས་དེབ་སོགས་ཀྱི་པར་ངོས་ལས་མཐོང་ཐུབ་པ་མ་གཏོགས། མི་དངོས་སུ་མཇལ་བའི་སྐལ་བ་མི་ལྡན། འདི་ནི་ང་ལ་མཚོན་ན་མནར་གཅོད་ཅིག་ཅི་ལ་མིན། བུ་ཆུང་གནམ་གྱིས་སྲུང་རྒྱུ་བོ། ཁོ་རང་ད་ལྟ་ཡུལ་གང་དུ་ཡོད་པ་ཤེས་སམ། ངས་ཁྱོད་ལ་སྐད་ཅིག་བསྐུར། གལ་སྲིད་ཁྱོད་རང་ངའི་བུ་འཁྱམ་པོ་འདི་དང་འཕྲད་ཚེ། ཁོ་ལ་ཁྱོད་ཀྱི་ཨ་མ་ནད་ཀྱིས་གཟིར་ཏེ་འཆི་ལ་ཉེ་ཞེས་བརྗོད་རོགས་ཞུ། ངེས་པར་བརྗོད་རོགས་ཞུ། ཅིས་ཀྱང་བརྗོད་རོགས་ཞུ། བུ་ཆུང་གནམ་གྱིས་སྲུང་རྒྱུ་བོ། …… ”

        ཨ་ཕྱི་བགྲེས་མོས་ཁ་ཤ་ལྷབ་ལྷུབ་ཏུ་འདར་བཞིན་འདི་ལྟར་བརྗོད་རྗེས། མཆན་གྱི་དཔེ་དེབ་དེ་དག་ཡུན་གྱིས་ང་ལ་སྤྲད་བྱུང་ལ། དེ་ནས་ལུས་པོ་འཁྱར་འཁྱོར་གྱིས་མདུན་ཕྱོགས་སུ་ཆས་སོང་།

        ངས་ཨ་ཕྱི་བགྲེས་མོ་དེའི་རྒྱབ་གཟུགས་ལ་ཅེར་ཏེ་མཐོང་ཡུལ་དུ་མི་སྣང་བར་དུ་མིག་སྐྱེལ་བྱས།

        ཁོ་མོའི་གོམ་འགྲོས་ནི་ཧ་ཅང་དལ། ཧ་ཅང་དལ།


རྩོམ་ཡིག་རྗེས་མ།
རྗེས་སུ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1