རྒྱུ་མཚན་ཅིའི་ཕྱིར་ཡིན་མིན་མི་ཤེས་མོད། བསྟུད་མར་ཉིན་འགའི་རིང་ལ། སྒྲོལ་མ་འཚོ་ལས་ཚོགས་སུ་ཞུགས་མ་སོང་།
ཞོགས་པར། འགོ་གཙོ་རྣམ་རྒྱལ་ཐུགས་རྒྱལ་ཆེ་རུ་བཞེངས་ཤིང་། ལག་པས་ཁུ་ཚུར་བཅོས་ཏེ་ཅོག་ཙེ་སྟེང་ཤེད་ཀྱིས་གཞུས་པ་ན། ཁོའི་འབྲུག་རིས་ཅན་གྱི་ཇ་དཀར་ཡང་ཐང་ལ་ལྷུང་ནས་གས་ཆག་ཏུ་གྱུར་ཏེ། ཆག་རོ་དག་ཕྱོགས་སོ་སོར་ཐོར་སོང་། ཇ་དཀར་བཅག་པ་དེ་དང་ཁུ་ཚུར་གྱི་ན་ཟུག་གཉིས་ཀྱིས་འགོ་གཙོ་རྣམ་རྒྱལ་གྱི་ཁོང་ཁྲོའི་སྟེང་ལ་ཁོང་ཁྲོ་བསྣན་པ་འདྲ་སྟེ། ཁོས་ལྷ་མགོན་ལ་མཛུབ་མོ་བཙུགས་ནས་ཅི་ཞིག་བཤད་རྩིས་བྱས་མོད། རེ་ཞིག་སྐད་ཆ་ངག་ལ་མ་འཁྲོལ་བར་ལྐུགས་པར་གྱུར་ཞིང་། སྐད་ཆ་ངག་ལ་ཐོན་དུས་ཁོང་ཁྲོ་སྔར་ནས་ཆེ་རུ་གྱུར་འདུག་པས། ལྷ་མགོན་ཐེ་བའི་ལས་གྲོགས་ཚོ་འགོ་གཙོ་རྣམ་རྒྱལ་གྱི་དགོད་བྲོ་བའི་ཚུགས་ཀ་དེར་ཅེར་ནས་དགོད་ཀྱང་མ་ནུས།
ལྷ་མགོན་གྱིས་འགོ་གཙོ་རྣམ་རྒྱལ་གྱི་ཚུགས་ཀ་ལས་ཁོས་ཅི་ཞིག་འཆད་འདོད་པ་དེ་ཤེས་ཐུབ་སྟེ། འགོ་གཙོ་རྣམ་རྒྱལ་གྱིས་རྒྱུན་པར་ཁོང་ཁྲོ་ཆེ་བའི་དུས་སུ་དབུགས་སྟོད་ལ་འཚངས་ཤིང་ངག་ལྐུགས་ནས་སྐད་ཆ་མི་ཤོད་པར་གྱུར་འགྲོ སྐབས་དེ་དག་ཏུ། ལྷ་མགོན་གྱི་ལས་གྲོགས་ཚོས་རང་འགུལ་སྒོས་ལས་རྒྱུ་ཞིག་བཙལ་ནས་ཁོའི་ཁོང་ཁྲོ་ལ་གཡོལ་ཅི་ཐུབ་བྱས། དེ་བས། ལྷ་མགོན་གྱིས་ཀྱང་འགོ་གཙོ་རྣམ་རྒྱལ་གྱི་ཁོང་ཁྲོའི་སྟེང་ལ་ཁོང་ཁྲོ་མ་བསྣན་པར་མྱུར་དུ་སྒྲོལ་མ་འཚོ་འབོད་དུ་སོང་།
འགོ་གཙོར་ཁག་མི་འདུག སྒྲོལ་མ་འཚོ་ལས་ཚོགས་སུ་མ་ཞུགས་པ་དེར་སྐྱོན་ཆ་ཆེན་པོ་མེད་མོད། ཁོ་མོས་མ་མཐའ་ཡང་འགོ་གཙོ་རྣམ་རྒྱལ་ལ་ཁ་པར་གཏོང་བའམ་སྐད་བསྐུར་བ། བརྡ་བརྒྱག་པ་བཅས་ཀྱི་བྱ་ཐབས་གང་རུང་གི་སྒོ་ནས་གནང་བ་ཞུ་ལོས་དགོས། ཡང་གཅིག་བཤད་ན། ལས་ཁུངས་འདི་ཆེ་རྒྱུ་མེད་ལ་ཆུང་རྒྱུ་ཡང་མེད་མོད། ད་དུང་སྒྲོལ་མ་འཚོ་ལྟར་གཞུང་དོན་དང་སྒེར་དོན་གང་རུང་ལ་ཁ་གཡར་ནས་ལས་ཚོགས་སུ་མི་ཞུགས་པའི་གཞུང་ཞབས་པ་རེ་འགའ་ཡོད་པའི་དབང་དུ་བཏང་ན། ད་ནི་གཞུང་ལས་ཁང་དུ་གཞུང་ལས་སྒྲུབ་མཁན་ནི་འགོ་གཙོ་རྣམ་རྒྱལ་གཅིག་པུ་ཡིན་ངེས།
འགོ་གཙོ་རྣམ་རྒྱལ་ལ་ཁག་མི་འདུག་ལ། སྒྲོལ་མ་འཚོར་ཡང་ཁག་མི་འདུག་པའི་རྒྱུ་རྐྱེན་ཅི་ཞིག་ཡོད་ངེས། དེ་མིན་ན། ཁོ་མོ་ནམ་རྒྱུན་ལྟར་ནངས་སྔ་མོར་གཞུང་ལས་ཁང་དུ་ཡོང་ཞིང་།
ཁང་བའི་ནང་ལ་གད་བདར་གཙང་མར་བྱེད་པ་དང་གློག་དེམ་ལས་ཇ་ཁོལ་མ་བསྐོལ་བ། འགོ་གཙོ་རྣམ་རྒྱལ་གྱི་གཞུང་ལས་ཁང་དང་ལས་གྲོགས་ཚོའི་གཞུང་སྒྲུབ་ཅོག་ཙེ་སོགས་གཅིག་ཀྱང་མ་ལུས་པར་གཙང་མར་གད་བདར་བྱས་རྗེས། ད་ནི་རང་གི་རླབས་ཆེ་བའི་བྱ་གཞག་ཅི་ཞིག་འགྲུབ་སོང་བའི་སྣང་བས་ལས་གྲོགས་ཚོར་བསྒུག་ངེས།
མ་མཐའ་ཡང་། ལྷ་མགོན་གྱི་སྣང་ངོར་སྒྲོལ་མ་འཚོ་ནི་དོན་མེད་ལ་གཞུང་ལས་སྒྲུབ་ཏུ་མི་ཡོང་བའི་བུད་མེད་དེའི་རིགས་སུ་མི་གཏོགས། དེ་ནི་ལྷ་མགོན་ཁོ་མོར་ཧ་ཅང་ཆ་རྒྱུས་ཡོད་པ་ཁོ་ན་ཙམ་གྱིས་མ་ཡིན་པར། ཁོ་མོ་ནི་ནམ་ཞར་ཡང་བྱ་བར་ནན་ཏན་དང་ཤུགས་བསྐྱེད་པའི་བུད་མེད་མཛངས་མ་ཞིག་ཡིན་པས་ཀྱང་རེད། ཡང་ན། དེ་ནི་འགོ་གཙོས་ལས་གྲོགས་གཞན་སུ་ཡང་མི་གདམ་པར་ཆེད་དུ་ལྷ་མགོན་ཁོ་མོ་འབོད་དུ་འགྲོ་རུ་བཅུག་པའི་རྒྱུ་མཚན་ཡང་ཡིན་ངེས།
སྒྲོལ་མ་འཚོའི་མལ་ཤག་ནི་ཟློས་གར་ཁང་གི་རྒྱབ་ཕྱོགས་ཀྱི་སྒེར་གཉེར་སྡོད་ཤག་ཅིག་གི་ར་སྐོར་ནང་དུ་ཡོད་ལ། གནས་དེར་བསྡོད་པའི་མི་ཕལ་མོ་ཆེ་ནི་ཕོ་རྐྱང་མོ་རྐྱང་འབའ་ཞིག་ཡིན་པས། ཁོ་ཚོ་རྒྱུན་པར་གནས་དེར་འཚོགས་ནས་བྲོ་ཚོགས་སམ་གླུ་ཚོགས་བསྡུས་མྱོང་བ་མ་ཟད། ཆང་ཇི་ལྟར་འཐུང་ནས་འུར་ཅི་འདྲ་བརྒྱབ་ན་ཡང་། མི་གཞན་གྱི་བྱ་བར་གནོད་པའམ་ངལ་གསོར་བར་ཆད་ཐེབས་མི་སྲིད།
དེ་ནི་ཁ་སྐད་ལྟར་བཤད་ན། ལ་འོག་ཅིག་ན་ཡོད་ཅེས་པ་དེའི་དོན་རེད་ལ། སྒྲོལ་མ་འཚོ་འདི་ལྟར་ལ་འོག་ཅིག་ནས་འདུག་དགོས་དོན་ནི། ཁོ་མོ་ལ་འོག་གི་བུད་མེད་གཞན་དག་དང་འདྲ་བར་ཕོ་རྐྱང་མོ་རྐྱང་འབའ་ཞིག་བསྡུས་ནས་མི་ཚེ་སྟོང་ཟད་གཏོང་མཁན་དེའི་རིགས་སུ་གཏོགས་པར་སེམས་ཡོད་ཚེ། ངའི་སྙིང་ཉེ་བའི་ཀློག་པ་པོ་ཁྱོད་རང་ཁོ་མོར་གོ་བ་ལོག་པ་རེད།
དོན་དུ། ཟློས་གར་ཁང་གི་རྒྱབ་ཕྱོགས་ནི་སྲིད་གཞུང་དང་ཚོང་ར་གང་ལ་ཡང་ཁ་ཐག་རིང་བའི་དབང་གིས་ཁང་གླ་ཅུང་བདེ་བ་དེ་ཙམ་རེད། ཡང་ན། དེ་ཙམ་གྱིས་སྒྲོལ་མ་འཚོ་དང་སྒྲོལ་མ་འཚོ་ལྟ་བུའི་ཕོ་རྐྱང་མོ་རྐྱང་ཚོས་གནས་སྐབས་ཀྱི་གནས་མལ་དེ་རུ་བཅོས་པ་ཙམ་ལས། མི་ཚེ་ཧྲིལ་བོ་གནས་འདི་ནས་ཚུལ་འདི་ལྟར་བསྐྱལ་རྩིས་ག་ལ་ཡོད།
སྒྲོལ་མ་འཚོ་མལ་ཤག་ཏུ་བསྡད་འདུག
ལྷ་མགོན་གྱིས་སྒེའུ་ཁུང་ལས་སྐེ་བསྲིངས་ནས་ནང་དུ་བལྟས་པ་ན། ཁོ་མོ་ད་སོ་མར་མལ་ལས་ལངས་པ་འདྲ་སྟེ། ཉལ་ཐུལ་ཡང་ལྟེབས་མེད་པར་རང་སར་གཡུག་ཡོད་པ་དང་། ཁོ་མོ་ཉལ་ཁྲིའི་ཟུར་ཞིག་ཏུ་བསྡད་ནས་འདང་རྒྱག་གི་ཀློང་དུ་ཚུད་འདུག
སྒྲོལ་མ་འཚོར་འདང་རྒྱག་དགོས་པའི་དོན་དག་ཅི་ཞིག་ཡོད་དམ།
ནམ་རྒྱུན་ཡིན་ན། སྒྲོལ་མ་འཚོ་ནི་བུད་མེད་རྩེད་དགའ་ཅན་ཞིག་ཡིན་ལ། ལྷ་མགོན་གྱི་སྣང་ངོར་ཁོ་མོ་དགའ་ནས་བགད་པའི་འཛུམ་མདངས་ལས་སྐྱོ་བའི་སྡུག་གིས་བཟུང་བའི་སྐབས་ཤིག་དྲན་རྒྱུ་མི་འདུག་མོད། དེ་རིང་ཁོ་མོར་ཅི་བྱུང་བ་ཡིན་ནམ།
ལྷ་མགོན་གྱིས་ཁང་སྒོ་དལ་བུར་རྡུང་བ་ན། སྒྲོལ་མ་འཚོས་མགོ་བོ་ཡར་མི་འགྱོག་པར་སྐད་མགོ་དམའ་མོས། "ནང་ཟྭ་བརྒྱབ་མེད"ཟེར།
ཁང་བའི་ནང་དུ་འཛུལ་ཡོང་བ་ནི་ལྷ་མགོན་ཡིན་པ་མཐོང་འཕྲལ། སྒྲོལ་མ་འཚོ་ཐོག་མར་ཅུང་ཧད་དེ་འདུག་པ་དང་། དེ་ནས་ཅི་བྱེད་འདི་བྱེད་མེད་པར་རང་སར་གཡུག་ཡོད་པའི་ཉལ་ཐུལ་དང་སྔས་འབོལ། གྱོན་གོས་དག་ཉལ་ཁྲིའི་གྲུ་ཟུར་ཞིག་ཏུ་བརྫངས་བྱུང་། ལྷ་མགོན་གྱིས་དེ་དག་མ་མཐོང་བའི་ཟོལ་གྱིས་ཁང་སྒོར་ཁེན་ནས་བསྡད་པ་ན། སྒྲོལ་མ་འཚོ་ལྷག་ཏུ་དོགས་མི་བདེ་བར་གྱུར་སོང་།
ལྷ་མགོན་གྱིས་ཀུ་རེ་ངང་། "ཁྱེད་ཀྱིས་འདི་ལྟར་མགྲོན་པོ་སྒོ་ཁ་ནས་ལངས་ཏེ་སྡོད་དུ་འཇུག་གམ"ཞེས་དྲིས།
སྒྲོལ་མ་འཚོའི་གདོང་མདོག་དེའི་མུར་དམར་བོར་གྱུར་ཞིང་འཕྲལ་དུ་ཡར་ལངས་ཞོར། "ཁང་བའི་ནང་གཙང་སྦྲ་བྱས་མེད་པས་འདུག་ས་མི་འགྲོ་བར་འདུག ངེད་གཉིས་ཟ་ཁང་ཞིག་ཏུ་ནངས་ཇ་འཐུང་དུ་འགྲོ" ཟེར།
"ཕལ་ཆེར་འགྲོ་ཁོམ་མི་འདུག འགོ་གཙོ་ཁྲོས་འདུག" ལྷ་མགོན་གྱིས་ཀུ་རེ་ངང་། "ཁོ་ནི་ཐུགས་མ་ཁྲོས་ཐུགས་རྗེ་ཆེན་མོ། ། ཐུགས་ཁྲོས་ན་ཁྲོ་བོ་རྟ་མགྲིན་ཡིན་པ་ཁྱོད་ཀྱིས་ཀྱང་ལོས་ཤེས" ཞེས་བཤད།
"ཁོ་ཁྲོས་ཡོད་ན་ཁོ་རང་ཉིད་ཀྱི་སྡུག་གྱོང་རེད།"
ལྷ་མགོན་གྱིས་སྒྲོལ་མ་འཚོའི་སྐད་ཆ་དེ་ཧ་མ་གོ་བར་ཁོ་མོའི་གདོང་ལ་ཅེར་ནས་བསྡད།
ལྷ་མགོན་གྱིས་སྒྲོལ་མ་འཚོའི་སྐད་ཆ་དེ་ཧ་མ་གོར་བར་ཁག་མི་འདུག སྐད་ཆ་འདི་སྒྲོལ་མ་འཚོའི་ངག་ནས་བྱུང་བ་རེད་ཅེས་ཁ་ཐོག་མིག་ཐོག་གིས་མཐོང་བ་མིན་ན། ལྷ་མགོན་གཏན་ནས་ཡིད་ཆེས་མི་སྲིད།
"དེ་རིང་ང་ལ་བྱ་བྱ་སྒྲུབ་པའི་འདུན་པ་མི་འདུག"
སྒྲོལ་མ་འཚོས་སྐད་ཆ་དེ་བཤད་དུས་སུ། ཐད་ཀར་ལྷ་མགོན་གྱི་གདོང་ལ་མི་ལྟ་བར་ཁ་ཕར་འཁོར་ནས་གདོང་གི་ཉམས་འགྱུར་ཁྱད་པར་བ་དེ་ལྷ་མགོན་གྱིས་མི་མཐོང་བར་བྱས་མོད། ལྷ་མགོན་གྱིས་ཁོ་མོའི་ཁོག་ན་ཐེག་པར་དཀའ་བའི་སྡུག་ཅིག་ཡོད་པ་དེ་མུར་ཤེས་སོང་།
"ཅིའི་ཕྱིར།"
དྲི་བ་དེ་ངག་ནས་ཤོར་རྗེས། ལྷ་མགོན་དེའི་མུར་འགྱོད་བྱུང་། ལྷ་མགོན་གྱི་སེམས་ལ་བར་སྐབས་འདིར་མཚོན་ན། སྒྲོལ་མ་འཚོའི་ཁོག་གི་སྡུག་སློག་རྒྱུ་དེ་མིན་པར་སེམས་གསོ་བྱ་རྒྱུ་དེ་ཡིན་པར་སེམས།
"ཁྱེད་ཀྱིས་མི་འགྱངས་པར་ཤེས་ངེས་རེད།"
ལྷ་མགོན་སློབ་ཆེན་མཐར་ཕྱིན་ནས་ཟླ་གསུམ་འགོར་བའི་རིང་ལ། ཁོ་ཉིན་རྒྱུན་ཡར་མར་བཅོ་བརྒྱད་ལ་བརྒྱུགས་ཀྱང་ལག་ཏུ་བྱ་བ་འོས་མོ་ཞིག་མ་སོན། དེ་ནི་བྱ་བ་ལས་རྒྱུ་མེད་པ་མ་ཡིན་པར། ཁོས་ལས་འདོད་པའི་བྱ་བ་ཞིག་མེད་པས་རེད།
ཟླ་གསུམ་གྱི་རིང་ལ། ལྷ་མགོན་གྱི་སློབ་འབྲིང་དགེ་རྒན་དང་སློབ་ཆེན་སློབ་གྲོགས། གཉེན་ཉེ་མི་དག་གིས་ཁོ་ལ་བྱ་བ་གང་མང་འོས་སྦྱོར་བྱས་མྱོང་། ཡིན་ནའང་། ལྷ་མགོན་གྱིས་བྱ་བ་དེ་དག་གཅིག་ཀྱང་སྒྲུབ་འདོད་མ་བྱུང་བ་རེད།
ལྷ་མགོན་ལ་ཆེས་ཐོག་མར་བྱ་བ་འོས་སྦྱོར་བྱེད་མཁན་ནི་ཁོའི་སློབ་འབྲིང་གི་བོད་ཡིག་དགེ་རྒན་ཡིན། བོད་ཡིག་དགེ་རྒན་ནི་ཁོས་ཕར་བཙལ་ནས་སོང་བ་ཡིན་ཏེ། ཁོས་བོད་ཡིག་དགེ་རྒན་ལ་བྱ་བ་ཞིག་བཙལ་རོགས་བྱེད་པའི་རེ་བ་ཞུས་པ་ན། བོད་ཡིག་དགེ་རྒན་གྱིས་དེའི་མུར་ཁས་བླངས་སོང་།
སློབ་འབྲིང་གི་སྐབས་སུ། ལྷ་མགོན་གྱི་བོད་ཡིག་རྨང་གཞི་ཧ་ཅང་བཟང་བས། ནམ་རྒྱུན་གྱི་དཀྱིལ་རྒྱུགས་དང་མཇུག་རྒྱུགས། ཡང་ན་ཚོད་རྒྱུགས་དང་མཉམ་རྒྱུགས་གང་ཡིན་རུང་ལོ་རིམ་ཚན་ཁག་གི་ཨང་དང་པོ་འཆོར་དུ་བཅུག་མ་མྱོང་། དེ་བས། བོད་ཡིག་དགེ་རྒན་གྱིས་ཁོ་ལ་མཁར་གྲོང་བོད་ཡིག་སློབ་ཆུང་ནས་བོད་ཡིག་ཁྲིད་རྒྱུའི་གོ་སྐབས་ཤིག་བཙལ་བྱུང་།
བོད་ཡིག་དགེ་རྒན་གྱིས་ཁ་པར་ལས་གཏམ་བཟང་དེ་བཤད་ཡོང་དུས། ལྷ་མགོན་གྱིས་ངོ་ཤེས་ནས་སྐར་མ་འགའ་མ་གཏོགས་འགོར་མེད་པའི་བུ་མོ་ཞིག་ལ་ཟས་མགྲོན་བྱེད་ཀྱིན་པའི་སྒང་ཡིན།
བོད་ཡིག་དགེ་རྒན་གྱིས་ཁོ་ལ་བྱ་བ་ཞིག་བཙལ་ཐུབ་སོང་ཞེས་བཤད་མ་ཐག ཁོ་རང་དགའ་དྲགས་ཏེ་དགེ་རྒན་ལ་བཀའ་དྲིན་ཇི་ལྟར་ཞུ་དགོས་མིན་ཡང་མི་ཤེས་པར་གྱུར་མོད། དེ་གའི་སློབ་ཆུང་དུ་བོད་ཡིག་དགེ་རྒན་བྱེད་དགོས་པ་ཐོས་རྗེས། དེའི་མུར་ངོ་མདོག་གྱུར་སོང་།
བོད་ཡིག་དགེ་རྒན་གྱིས་ཧ་མ་གོ་བར། "དེས་ན་ཁྱོད་ཀྱིས་ཅི་ཞིག་བསྒྲུབ་འདོད་པ་ཡིན"ཞེས་དྲིས།
ལྷ་མགོན་གྱིས་འདང་ཞིག་བརྒྱབ་རྗེས། "ངས་བྱ་བ་ཡང་མོ་ཞིག་བསྒྲུབ་འདོད། དགེ་རྒན་གྱི་བྱ་བ་ནི་ང་ལ་འོས་འཚམ་ཞིག་མ་རེད"ཅེས་བཤད།
"འོ་ན། ཁྱོད་ལ་བྱ་བ་ཡང་མོ་གང་ཞིག་འོས་འཚམ་ཡིན་ནམ།"
"གང་ལྟར་དགེ་རྒན་ཞིག་བྱེད་མ་དགོས་ན་དེ་ཡིན།" ལྷ་མགོན་གྱིས་ཁ་གསབ་ཀྱི་ཚུལ་གྱིས་"རབ་ཡིན་ན་གཞུང་ཞབས་པ་ཞིག་བྱེད་ཐུབ་ན་བསམ་བྱུང་། ང་རང་དགེ་རྒན་གྱི་ལས་ཀ་དེར་སུན་པ་ཞིག་རེད"ཅེས་བཤད།
"དེས་ན་ཁྱོད་རང་སྐྱག་པ་བཟའ་རུ་སོང་། དགེ་རྒན་མེད་ན་ཁྱོད་རང་གང་ནས་ཡོང་བ་ཡིན།" བོད་ཡིག་དགེ་རྒན་དེའི་མུར་ཁོང་ཁྲོ་ལངས་སོང་།
བོད་ཡིག་དགེ་རྒན་ཁོང་ཁྲོ་ལངས་པ་ཤེས་རྗེས། ལྷ་མགོན་ཡང་དོགས་མི་བདེ་བར་གྱུར་མོད། འོན་ཀྱང་། ད་ནི་ཐབས་བཀོད་ཅི་ཡོད་ཨང་། དེ་ལས་མིག་མདུན་གྱི་བུ་མོ་འདི་འཆོར་དུ་མི་འཇུག་རྒྱུ་གལ་ཆེ་བོ་འདུག ལྷ་མགོན་གྱིས་དེ་ལྟར་བསམས།
མིག་མདུན་གྱི་བུ་མོ་དེའི་མིང་ལ་ཀླུ་མོ་ཚེ་སྐྱིད་ཟེར་ཞིང་། སྡེ་བ་ཆེ་གེ་མོའི་བྱིས་གཉོར་ཁང་ན་དགེ་རྒན་གྱི་ལས་ཀ་གཉེར་བཞིན་ཡོད་པས། གོང་དུ་ལྷ་མགོན་དང་ཁོའི་བོད་ཡིག་དགེ་རྒན་གཉིས་ཀྱི་ཁ་བརྡར་ཉན་རྗེས་ཅུང་མི་དགའ་བར་གྱུར་འདུག
ཀླུ་མོ་ཚེ་སྐྱིད་ཀྱིས་ལྷ་མགོན་གྱིས་ཁ་པར་སྒོ་གཏན་པ་མཐོང་རྗེས། "ཁྱེད་རང་དགེ་རྒན་གྱི་ལས་ཀར་སུན་དུས། ལས་ཀ་དེ་གཉེར་མཁན་གྱི་དགེ་རྒན་ལའང་སུན་སྲིད"ཅེས་ཡར་ལངས་པ་ན། ལྷ་མགོན་གྱིས་རང་གི་སྐད་ཆ་དེས་བོད་ཡིག་དགེ་རྒན་ལ་ཕོག་ཐུག་བཏང་བར་མ་ཟད། མིག་མདུན་གྱི་ཤ་ཚོན་པོ་འདི་ཡང་འཆོར་ལ་ཉེ་བའི་ཉེན་ཁ་དེ་ཚོར་བྱུང་།
"དེ་འདྲ་ཞིག་ག་ལ་ཡིན། སྐད་ཆ་དེ་ངས་བྱུང་བརྒྱལ་དུ་བཤད་པ་ཡིན།"
"དེ་ཡིན་དུས། སྔོན་འདིར་ཁྱོད་ཀྱིས་ངའི་གཤིས་ཀ་བློར་འབབ་ཅེས་པ་དེའང་བྱུང་བརྒྱལ་དུ་བཤད་པ་ཡིན་ནམ།"
ཀླུ་མོ་ཚེ་སྐྱིད་ཀྱིས་ཁོ་ལ་ལན་འདེབས་དབང་མ་བྱིན་པར་སྒོ་ཕྱིར་སོང་བ་ན། ལྷ་མགོན་གཅིག་པུ་ཤུལ་ན་འབག་སྐུ་བཞིན་འགྱིངས་འདུག
སློབ་ཆེན་གྱི་སྐབས་སུ། ལྷ་མགོན་གྱི་ཆེད་ལས་ནི་ཡིག་སྒྱུར་ཡིན་པས། ཁོས་ཡིག་སྒྱུར་གྱི་བྱ་བ་ཞིག་ལས་འདོད་ཡོད་མོད། འོན་ཀྱང་། རྩྭ་ཐང་གི་རྫོང་མཁར་ཆུང་ངུ་འདི་རུ་ཁོའི་འདོད་ཐོག་ལ་རྟ་རྒྱུག་ཆོག་ཆོག་གི་བྱ་བ་ཞིག་གང་ན་ཡོད། དེ་བས། ཟླ་གསུམ་གྱི་རིང་ལ་ལྷ་མགོན་གྱིས་བྱ་བ་བཙལ་བཙལ་མཐར་རེ་ཐག་ཡུན་གྱིས་ཆད་ཅིང་། རྫོང་མཁར་ན་ལས་རྒྱུ་མེད་པར་ཁོམ་དྲགས་པའི་རྐྱལ་སྟོང་དག་དང་འགྲོགས་ནས་ཉི་མ་གཏོང་ཐབས་བྱེད་མགོ་བརྩམས།
ལྷ་མགོན་སློབ་མཐར་ཕྱིན་ནས་ཟླ་གསུམ་འགོར་རྗེས། ད་ལྟ་སྡེ་དཔོན་གྱི་འགན་ཁུར་ཡོད་པའི་ཕ་རྒན་གྱིས་ཁོའི་བྱ་བྱེད་དེ་དག་མ་བཟོད་པར་གཡག་སྐམ་ཞིག་བཤས་ནས་རྫོང་དཔོན་ཚང་ལ་སོང་ཞིང་། ཕྱིར་ཆང་གིས་བཟི་ནས་སླེབས་པའི་ཕྱི་ཉིན། ལྷ་མགོན་མི་རིགས་སྐད་ཡིག་གཞུང་ལས་ཁང་དུ་ལས་བགོས་བྱས་སོང་། དེ་ལ་ལས་བགོས་བྱས་ཞེ་ན་ཅུང་མི་འགྲིག་པ་འདྲ་སྟེ། ལྷ་མགོན་མིང་ཐོ་འགོད་དུ་སོང་བའི་ཞོགས་པ་དེར། འགོ་གཙོ་རྣམ་རྒྱལ་གྱིས་འབྲུག་རིས་ཅན་གྱི་ཇ་དཀར་དེ་ལག་ཏུ་བཟུང་ནས་ཧུབ་ཅིག་བྱས་རྗེས། "གནས་སྐབས་ཀྱིས་ཟླ་གསུམ་རིང་ལ་ཁྱོད་ཀྱི་བྱ་བའི་གྲུབ་འབྲས་ལ་བརྟག་དགོས། གལ་ཏེ། ལས་རྐང་འདིར་རན་ཞིང་བྱ་བའི་ཉམས་མྱོང་འབྱོར་ཚེ། སྒྲོལ་མ་འཚོ་དང་འདྲ་བར་ལས་བྱེད་དངོས་སུ་ཞུགས་ཆོག"ཟེར།
"སྒྲོལ་མ་འཚོ་ཡང་ལས་ཁུངས་འདིར་ཡོད་དམ།"
སྐད་ཆ་དེ་ངག་ནས་ཤོར་རྗེས། ལྷ་མགོན་གྱིས་ད་གཟོད་འགོ་གཙོས་ཅུང་མ་རངས་བར་ཁོའི་གདོང་ལ་ཅེར་ཡོད་པ་མཐོང་ཞིང་། དོགས་མི་བདེ་བའི་ངང་གིས"ངེད་གཉིས་སློབ་ཆེན་གྱི་སློབ་གྲོགས་ཡིན"ཞེས་དམིགས་ཡུལ་གཞན་མེད་ཚུལ་དག་སེལ་བྱས།
སྒྲོལ་མ་འཚོ་ནི་ཟླ་གསུམ་གྱི་ཡར་སྔོན་ལ་ལས་ཁུངས་འདིར་བགོས་པ་ཡིན་འདུག ཁོ་མོའི་མཐར་ཕྱིན་དཔྱད་རྩོམ་དེས་དཔེ་ལེགས་མཐར་ཕྱིན་སློབ་མའི་མཚན་དཔང་བླངས་མྱོང་བས། བྱ་བ་བཙལ་བདེ་བོ་བྱུང་བར་མ་ཟད། ཁོ་མོའི་སློབ་མའི་དུས་ཀྱི་ཕུགས་བསམ་དང་འཚོ་བའི་ཁྲོད་ཀྱི་བྱ་བ་གཉིས་ཀྱང་མངོན་འགྱུར་བྱུང་སོང་།
ལྷ་མགོན་སྒྲོལ་མ་འཚོར་ཐུག་དུས་ཕལ་ཆེར་ཕྱི་དྲོར་ལོན་ཡོད། ཕྱི་དྲོ་དེར། ལྷ་མགོན་གྱིས་རྫོང་མཁར་དུ་ཡོད་པའི་གྲོགས་པོ་དང་གྲོགས་མོ་འགའ་བོས་ནས་ཁོའི་ལས་ཞུགས་ལ་རྟེན་འབྲེལ་ཞུ་བའི་སྟོན་མོ་ཆུང་ཆུང་ཞིག་བཤམས་པ་དང་། སྟོན་ཐོག་ཏུ། ཁོས་གྲོགས་མོ་ཞིག་གི་ཁ་པར་གཡར་ནས་སྒྲོལ་མ་འཚོར་མགྲོན་འབོད་བྱས་ཤིང་། ད་དུང་མ་འོངས་པར་བྱ་བའི་ཁྲོད་ནས་རོགས་རམ་དང་རྒྱབ་སྐྱོར་གང་ལེགས་བྱེད་པའི་རེ་བའང་ཞུས།
སྒྲོལ་མ་འཚོས་ལྷ་མགོན་ཡང་ཁོ་མོ་བསྡོད་སའི་ལས་ཁུངས་སུ་ལས་བགོས་བྱས་ཡོད་པ་ཐོས་འཕྲལ་ཧ་ཅང་དགའ་བྱུང་། ཁོ་མོས་སྔ་དྲོ་སྒེར་དོན་ཞིག་གི་དབང་གིས་ལས་ཚོགས་སུ་ཞུགས་མ་ཐུབ་པ་དང་། ལྷ་མགོན་ལ་བསུ་མའང་བྱེད་མ་ཐུབ་པས། ད་ལྟ་ཅིས་ཀྱང་ཁོ་ལ་རྟེན་འབྲེལ་ཞུ་རུ་ཡོང་ངེས་ཟེར།
སྒྲོལ་མ་འཚོ་ནི་ཁ་དན་ཚིག་ལ་གནས་མཁན་ཞིག་ཡིན་པས། ཁོ་མོས་ཡོང་ཞེས་བཤད་ནས་ཆུ་ཚོད་ཕྱེད་ཀ་མ་འགོར་བར་སླེབས་བྱུང་ལ། སླེབས་མ་ཐག ལྷ་མགོན་གྱི་ལག་མགོར་འཇུས་ནས་ཡུན་རིང་ལ་བཏང་མ་བྱུང་བས། ལྷ་མགོན་གྱིས་ཁོ་མོའི་གློ་བུར་བའི་བཅའ་སྲོལ་ལས་སྲོལ་འདི་དང་ཁོ་གཉིས་ལ་ཅེར་ནས་ཧད་འདུག་པའི་གྲོགས་པོ་དང་གྲོགས་མོ་གཞན་དག་གི་བཟོ་ལྟར་གཡོལ་ཆེད"ད་ནི་ཁྱོད་དང་ལས་གྲོགས་སུ་གྱུར་ཟིན་པས། ངའང་ཧ་ཅང་དགའ་བོ་བྱུང་ཡོད"ཅེས་རང་གི་ལག་པ་ཁོ་མོའི་ལག་པའི་ནང་ནས་ཕྱིར་འཐེན།
"དེ་ལོས་ཡིན། ངེད་གཉིས་ནི་ལས་ཁུངས་འདིའི་མ་འོངས་པའི་སྲོག་ཤིང་ཡིན།"
སྒྲོལ་མ་འཚོས་དེ་ལྟར་འཆད་ཞོར་མར་ཙོག་པ་ན། ཁྱད་མཚར་གྱི་ལྟད་མོ་ཞིག་ལ་རེ་བའི་གྲོགས་པོ་དང་གྲོགས་མོ་དག་གིས་ཀྱང་དེ་མུར་ཆང་དཀར་མཐོ་རུ་བཀྱག་ནས"ཁྱེད་གཉིས་ཀྱི་མ་འོངས་པར་ཞབས་དག་རྒྱགས"ཟེར་ཞོར་ལྟད་མོ་གཞན་ཞིག་ལ་རེ་བས་བསྒུག་འདུག
ལྷ་མགོན་གྱིས་རང་ཉིད་ཀྱི་མ་འོངས་པ་ནི་ཅི་དང་གང་ལྟ་བུ་ཞིག་ཡིན་མིན་ལ་གདེང་ཚོད་ཅི་ཡང་མེད་མོད། གྲོགས་པོ་དང་གྲོགས་མོ་དག་གི་སྨོན་འདུན་ལ་སེམས་བསམ་པའི་གཏིང་ནས་བཀའ་དྲིན་ཞུ་བཞིན་ཡོད་ལ། སྒྲོལ་མ་འཚོའི་ལག་པའི་ཤ་དྲོད་ད་དུང་རང་གི་ལག་མཐིལ་ན་ཡལ་མེད་པར་བསམ་བྱུང་།
ལོ་ཟླ་ནི་དེ་ལྟར་མིག་རྡེབ་དབང་ཙམ་གྱིས་མི་ལོ་གསུམ་འགོར་སོང་།
ལོ་གསུམ་གྱི་རྗེས་སུ། སྒྲོལ་མ་འཚོ་འདི་ལྟར་གློ་བུར་དུ་གཞུང་ལས་སུ་མ་འོང་ཞིང་། འགོ་གཙོས་ཆེད་དུ་ལྷ་མགོན་ཁོ་མོ་འབོད་དུ་འགྲོ་རུ་བཅུག ཡིན་ནའང་། སྒྲོལ་མ་འཚོའི་ཀླད་པའི་ནང་འཁོར་བ་ནི་གཞུང་ལས་སུ་ཞུགས་རྒྱུ་དེ་མ་ཡིན་པར་ནངས་ཇ་འཐུང་རྒྱུ་དེ་ཡིན་འདུག
ལྷ་མགོན་གྱིས་སྒྲོལ་མ་འཚོ་ཁྲིད་ནས་ཀླུ་མོའི་གཡང་ཁྱིམ་ཞེས་པའི་བོད་ཟས་ཁང་དེར་སོང་། ཟ་ཁང་དུ་སྒྲོལ་མ་འཚོས་འོ་ཇ་དཀར་ཡོལ་གང་ཚར་ལ་ཉེ་ན་ཡང་སྐད་ཆ་ཅི་ཡང་བཤད་མ་བྱུང་བས། ལྷ་མགོན་གྱིས་ཀྱང་བར་སྐབས་འདིར་འཚམ་པའི་སྐད་ཆ་ཅི་ཞིག་འཆད་དགོས་མིན་མི་ཤེས་པར་གྱུར།
ཏག་ཏག སྐབས་དེར། སྦྱིན་བདག་མ་ཀླུ་མོས་ནམ་ཡང་ཡལ་མ་མྱོང་བའི་རྟག་བརྟན་གྱི་འཛུམ་མདངས་དེ་ཁྱེར་ནས་སླེབས་བྱུང་། རྟག་བརྟན་གྱི་འཛུམ་མདངས་འདིས་ལྷ་མགོན་དང་ལྷ་མགོན་ལྟ་བུའི་མི་རྐྱང་ཚོ་ཁོ་མོ་ཚང་གི་རྒྱུན་མགྲོན་དུ་གྱུར་ཞིང་།
ཟླ་མཇུག་གི་ཟླ་ཕོགས་ལས་མང་ཤོས་ཤིག་རང་བཞིན་གྱིས་ཁོ་མོའི་ཁུག་མར་ཆུ་ལྟར་བཞུར་འགྲོ
སྦྱིན་བདག་མ་ཀླུ་མོ་ལྷ་མགོན་དང་སྒྲོལ་མ་འཚོ་གཉིས་ཀ་བསྡད་ཡོད་སའི་ཁང་མིག་དེར་འཛུལ་མ་ཐག མཆན་འོག་ནས་ཆང་དཀར་ཤེལ་དམ་གང་བཏོན་འོངས།
དེ་ནི་སྦྱིན་བདག་མ་ཀླུ་མོའི་གཤིས་ཀར་མི་འཚམ་ནའང་།
ཁོ་མོར་དམིགས་ཡུལ་གཞན་ཅི་ཞིག་ཡོད་ངེས་རེད་བསམ་ན། ལྷ་མགོན་གྱིས་ཀྱང་མི་དགོས་ལྟ་བུའི་ཟོལ་རྫུའི་སྐད་ཆ་ཅི་ཡང་མ་བཤད་ལ། ཚུལ་འཆོས་ཀྱི་ཚུགས་ཀ་མེད་པར་ལག་པ་ཕར་བསྲིངས་ནས་ཁོ་མོའི་མཆན་གྱི་ཆང་དཀར་ཤེལ་དམ་གང་བོ་འཛེམ་བག་མེད་པར་ཚུར་བླངས།
"འདི་འདྲ་སྔ་མོ་ཞིག་ལ། ཁྱོད་ཀྱིས་ངེད་གཉིས་ཀར་ཆང་ཐུངས་ཟེར་བ་ཡིན་ནམ། ཡང་ཅིག་བཤད་ན། ཁྱོད་རང་ངས་ཆང་འཐུང་པར་སུན་པ་མིན་ནམ།"
ལྷ་མགོན་གྱི་བསམ་པར། བར་སྐབས་འདིར་འཚམ་པའི་སྐད་ཆ་ནི་འདི་ལྟ་བུ་ཞིག་ཡིན་ངེས་རེད་སྙམ་བྱུང་།
"ཉིན་འདི་ཚོར་ངའི་ཡོང་འབབ་ཧ་ཅང་བཟང་བས། རྒྱུན་མགྲོན་ཚོར་ཆང་ཤེལ་དམ་གང་བླུད་པར་ཅི་སྐྱོན། ཡང་ཅིག་བཤད་ན། ང་རང་དགེ་རྒན་ཡིན་དུས་སུ་ཁྱོད་ཆང་འཐུང་བར་མི་དགའ་བ་མ་གཏོགས། ང་རང་སྦྱིན་བདག་ཡིན་དུས་སུ་ཁྱོད་ཆང་འཐུང་བར་མི་དགའ་བའི་ལྟ་སྟངས་བཟུང་མ་མྱོང་ཨང་།"
སྦྱིན་བདག་མ་ཀླུ་མོ་ཡང་བུད་མེད་རང་ག་བ་ཞིག་མིན་པས། ཚིག་ལ་ཚིག་ལན་གདབ་རྒྱུར་འདང་རྒྱག་ཅི་ཡང་མེད།
"འཇིག་རྟེན་ན། འདི་འདྲའི་དོན་བཟང་ཞིག་ཨེ་ཡོད་དམ།"
"མ་མཐའ་ཡང་། དེ་རིང་ཕྲད་པ་འདི་དོན་དངོས་རེད།"
སྦྱིན་བདག་མ་ཅུང་བགད་ནས། "དེ་རིང་གི་ཉི་མ་འདི། ཁྱོད་ལ་མཚོན་ན་ཧ་ཅང་ཕྱིར་དྲན་བྱེད་རན་ཡོད་པ་ཞིག་རེད། ལྟོས་དང་། འདི་འདྲ་སྔ་མོ་ཞིག་ལ་མ་ཡག་མ་དང་ཆང་བཙན་པོ་གཉིས་ཀ་ལག་ཏུ་རེག་པ་རེད"ཟེར།
སྦྱིན་བདག་མ་ཀླུ་མོའི་ཚིག་གི་ནང་ན་ཚིག་ཡོད་པ་ལྷ་མགོན་གྱིས་དེ་མུར་ཤེས་སོང་ལ། ཁོ་མོའི་ཚིག་གི་ནང་གི་ཚིག་དེར་སྐྱུར་དྲི་ཁ་བོ་ཞིག་འདྲེས་ཡོད་པའང་དེའི་མུར་ཤེས་སོང་།
ལོ་གསུམ་གྱི་ཡར་སྔོན་ལ། ལྷ་མགོན་གྱིས་ད་དུང་བྱིས་གཉོར་དགེ་རྒན་ཡིན་པའི་ཀླུ་མོ་ཚེ་སྐྱིད་ལ་ཟས་མགྲོན་ཐེངས་གཅིག་བྱས་མྱོང་ལ། ལོ་ངོ་གསུམ་གྱི་རྗེས་སུ། ལྷ་མགོན་གྱིས་གཞི་ནས་སྦྱིན་བདག་མར་གྱུར་ཟིན་པའི་ཀླུ་མོ་ཚེ་སྐྱིད་ཀྱི་ཟ་ཁང་དུ་ཁོ་མོས་དྲངས་པའི་ཆང་འཐུང་དགོས་བྱུང་།
འཇིག་རྟེན་ནི་འདི་འདྲ་ཞིག་སྟེ། ང་ཚོ་སུས་ཀྱང་མ་འོངས་པའི་འཚོ་བར་ཚོད་དཔག་བྱེད་ཐབས་མི་འདུག་པས། ལྷ་མགོན་གྱིས་ཁོ་མོ་གོ་བ་ལོག་སོང་སྙམ་ནས། "ཁྱོད་ཀྱིས་ངེད་གཉིས་ཀྱི་སྟེང་ནས་གཏམ་རྒྱུད་གསར་བ་ཅི་ལ་ཡང་རེ་བ་མ་བྱེད། ཁོ་མོ་ད་ལྟའི་ངའི་ལས་གྲོགས་ཡིན"ཞེས་བཤད།
"འོ་ན། མ་འོངས་པའི་ཅི་ཞིག་ཡིན་ནམ།"
སྦྱིན་བདག་མ་ཀླུ་མོས་ལྷ་མགོན་ལ་ལན་གདབ་དབང་མ་བྱིན་པར་ཁ་ཕྱིར་འཁོར་ནས་བུད་སོང་།
སྦྱིན་བདག་མ་ཀླུ་མོས་ལྷ་མགོན་ལ་ལན་གདབ་དབང་མ་བྱིན་པར་ཁ་ཕྱིར་ནས་སོང་བ་དེ་ནི་ཁོ་མོ་བུད་མེད་རིག་རྒོད་ཅིག་ཡིན་པས་རེད། ཡང་ན་ཁོ་མོས་ལོ་གསུམ་ཡར་སྔོན་དུ་རང་ཉིད་ཀྱི་སྟེང་དུ་བྱུང་བའི་སྐྱོ་གར་དེ་སླར་ཡང་མདུན་གྱི་བུད་མེད་འདིའི་སྟེང་དུའང་འབྱུང་སྲིད་པའི་རྒྱུད་རིམ་མཐོང་མ་འདོད་པས་ཡིན་ཡང་སྲིད་དེ། ལྷ་མགོན་གྱིས་ཀྱང་ཁོ་མོའི་གཞུག་ལ་བལྟས་ནས་སྐད་ཆ་ལྷག་མ་ཅི་ཡང་མ་བཤད། དེ་ནི་ལྷ་མགོན་ཡང་སྐྱེས་པ་རིག་རྒོད་ཅིག་ཡིན་པས་ལོས་ཡིན།
སྒྲོལ་མ་འཚོས་སྔར་བཞིན་མགོ་བོ་ནང་དུ་བསྒུར་ནས་ཅི་ཞིག་ལ་བསམ་བློ་གཏོང་གིན་འདུག
སྒྲོལ་མ་འཚོས་སྦྱིན་བདག་མ་ཀླུ་མོ་དང་ལྷ་མགོན་གཉིས་ཀྱི་གློག་བརྙན་འཁྲབ་སྟོན་ལྟ་བུའི་འཁྲབ་ཚིག་དེ་དག་ལ་སྣང་དོགས་ཅི་ཡང་མེད་པར་མགོ་བོ་སྒུར་ནས་བསྡད་པ་དེ་ནི་ཅུང་རྒྱུན་ལྡན་ཞིག་མིན་པ་འདྲ་ལ། ཡང་ན། ཁོ་མོ་ཡང་བུད་མེད་རིག་རྒོད་ཅིག་ཡིན་པས་གཞན་པའི་འཁྲབ་སྟོན་ལ་བར་ཆད་བྱ་མ་འདོད་པ་ཡིན་ནམ།
"ཁོ་མོ་ནམ་རྒྱུན་འདི་ལྟར་ཀུ་རེ་རྩེད་རྒྱུར་དགའ་བོ་ཡོད་པས། ཁྱོད་ཀྱི་སེམས་ལ་གནོད་མི་རུང་།"ལྷ་མགོན་གྱིས་བཤད།
"ཅི་ཞིག" སྒྲོལ་མ་འཚོས་དྲིས།
"ཁོ་མོས་བཤད་པའི་སྐད་ཆ་དེ་དག"
"ཁོ་མོས་ཅི་ཞིག་བཤད་པ་རེད་དམ།"
"ཧེ་ཧེ། ངས་ཀྱང་བརྗེད་ཟིན།"
སྒྲོལ་མ་འཚོས་སླར་ཡང་མགོ་བོ་ནང་དུ་བསྒུར་ནས་ཅི་ཞིག་ལ་བསམ་བློ་བཏང་བྱུང་བས། ལྷ་མགོན་གྱིས་བར་སྐབས་འདིར་འཚམ་པའི་ཁ་བརྡ་ཞིག་མ་རྙེད།
ནམ་རྒྱུན་ཡིན་ན། ཁོའི་སེམས་ལ་རང་ཉིད་ལ་བཟང་ཆ་ཞིག་ཡོད་པ་ནི་ཁ་གྲག་རྒྱུར་དགའ་བོ་མེད་པ་དེ་ཡིན་འདོད་ཡོད་མོད། སྐབས་ལན་རེར། མི་ཞིག་གི་སྐྱོན་ཆ་ནི་ཁ་གྲག་རྒྱུར་དགའ་བོ་ཡོད་པ་དེ་མ་ཡིན་པར། དེ་ལས་ལྡོག་སྟེ་ཁ་གྲག་རྒྱུ་དགའ་བོ་མེད་པ་དེ་ཡིན་ཚོད་འདུག
ཁོ་གཉིས་རང་རང་སར་འགྲན་བསྡུར་བྱེད་པ་ནང་བཞིན་ཁ་ཁུ་སིམ་མེར་བསྡད།
རེ་ཞིག་འགོར་རྗེས། སྒྲོལ་མ་འཚོས་ཁུ་སིམ་མེའི་ལྷིང་འཇགས་དེ་བཟོད་མ་ཐུབ་པར་མགོ་བོ་ཡར་དགྱེ་བྱུང་།
སྒྲོལ་མ་འཚོས"ངེད་གཉིས་ཁམས་བསང་ལ་སོང་ན་ཅི་འདྲ་རེད"ཟེར།
ལྷ་མགོན་གྱི་བསམ་པར། སྒྲོལ་མ་འཚོས་མ་མཐའ་ཡང་ད་ནི་ང་ལ་ཟས་དང་ཟ་མའི་ཡི་ག་མི་འདུག དེ་བས། ངེད་གཉིས་གཞུང་ལས་སུ་འགྲོ་ཞེས་ཟེར་འོས་སྙམ་མོད། དོན་དངོས་ནི་ཁོས་བསམས་པ་དེ་འདྲ་ག་ལ་ཡིན།
"ཁྱོད་གཞུང་ལས་སྒྲུབ་ཏུ་མི་འགྲོ་ཟེར་བ་ཡིན་ནམ།"
"འོ་ན། ཁྱོད་རང་གཞུང་ལས་བསྒྲུབ་ཏུ་སོང་།"
ཁོ་མོས་སྐེ་གཅུས་ནས་ཁོ་ལ་ཁྲོ་ཉམས་སྟོན།
ལྷ་མགོན་སྒྲོལ་མ་འཚོའི་གཤིས་ཀར་ཆ་རྒྱུས་ཧ་ཅང་ཡོད་དེ། སྐབས་ལ་ལར་བུད་མེད་དག་གིས་གནས་ལུགས་མ་བཤད་ཚེ་སུ་ལའང་ཐབས་ཤེས་མི་འདུག ལྷག་པར་དུ། སྐབས་འདིར་སྒྲོལ་མ་འཚོའི་སེམས་ཁམས་དེ་འདྲ་སྐྱིད་ཀྱིན་མེད་པས། ཁ་ཡ་མ་བྱས་པར་བསྐྱུར་ན་གྲོགས་ཀྱི་མཛའ་བརྩེ་ལ་གནོད་འགྲོ་བ་མ་ཡིན་ནམ།
ལྷ་མགོན་ཡར་ལངས་ནས་ཁོ་མོའི་རྗེས་སུ་སྙེག་པ་ན། ཁོ་མོས་ཀྱང་གོམ་ཁ་ཇེ་དལ་དུ་བཏང་ནས་ལྷ་མགོན་གྱིས་རང་ཉིད་ཀྱི་རྗེས་ཆོད་པར་བྱས།
སྦྱིན་བདག་མ་ཀླུ་མོས་ཁོ་གཉིས་ཀྱིས་ཟ་མ་ཡང་མ་ཟས་པར་ལམ་ལ་ཆས་པ་མཐོང་འཕྲལ། ཅུང་མི་དགའ་བར་གྱུར་ནས། "ཅི་རེད། འདི་ལྟར་འགྲོ་ཟེར་བ་ཡིན་ནམ"ཟེར།
ལྷ་མགོན་གྱིས་ཁོ་མོའི་དྲི་བར་ཐད་ཀར་ལན་མ་བཏབ་པར། ལག་ཏུ་བཟུང་བའི་ནས་ཆང་ཤེལ་དམ་གང་བོ་ཕྱིར་ཁོ་མོའི་ལག་ལ་འཇོག་ཞོར་ཀུ་རེ་ངང་། "གནས་སྐབས་སུ་ཕྱིར་ཁྱོད་ལ་བཅོལ་བ་ཡིན། ཁོམ་སྐབས་ཤིག་ལ་འུ་གཉིས་ཀྱིས་མཉམ་དུ་འཐུང"ཞེས་བཤད།
"ཁྱོད་ཀྱི་ཁོམ་སྐབས་དེ་དུས་ནམ་ཞིག་ཡིན་ནམ།"
སྦྱིན་བདག་མ་ཀླུ་མོའི་སྐད་ཆ་དེ་ལྷ་མགོན་གྱིས་མ་ཐོས་པ་འདྲ་སྟེ། ཁོ་རང་ཕྱི་མིག་ཙམ་ཡང་མེད་པར་སྒོར་ཕྱིར་བུད་སོང་།
གོམ་སྒྲའང་ཐག་རིང་དུ་ཡལ་སོང་།
"ཁོམ་སྐབས་ཤིག་ལ"ཞེས་པ་དེ་ནི་ལྷ་མགོན་གྱི་ཁ་ཚིག་ཅིག་ཡིན། གསལ་བོར་བཤད་ན། ལྷ་མགོན་གྱི་སློབ་ཆེན་སྐབས་ཀྱི་ཁ་ཚིག་ཅིག་ཡིན།
ལྷ་མགོན་ལ་ཁྱོད་ཀྱིས་མི་ཟ་ན་ངས་ཀྱང་མི་འཐུང་བའི་གྲོགས་པོ་དང་གྲོགས་མོ་ཧ་ཅང་མང་ལ། གྲོགས་པོ་དང་གྲོགས་མོ་དག་གིས་ལྷ་མགོན་གྱི་གཡས་ནས་སྐྱོར་ཞིང་གཡོན་ལས་བཏེགས་ཡོད། ལྷ་མགོན་རང་གི་གྲོགས་པོ་དང་གྲོགས་མོ་འདི་དག་ལ་འབྲལ་ཐབས་མེད་པ་ནང་བཞིན། གྲོགས་པོ་དང་གྲོགས་མོ་དེ་དག་ཀྱང་ལྷ་མགོན་ལ་རེ་དགོས།
"ལྷ་མགོན། ང་ལ་བུ་མོ་ཞིག་ངོ་སྤྲོད་བྱོས་དང་།"
ཚེ་རིང་འབུམ་གྱིས་ད་སོ་མར་ཕ་ཡུལ་ནས་བསྐུར་ཡོང་བའི་སྒོར་མོ་དག་དངུལ་བྱང་ལས་བླངས་རྗེས། ལྷ་མགོན་སོགས་ཤི་རོགས་གསོན་རོགས་འགའ་བོས་ནས་ཟས་སྟོན་ཆུང་ཆུང་ཞིག་བཤམས། ཟས་ཀྱིས་འགྲངས་ཤིང་བཏུང་བས་བད་པ་ན། ཚེ་རིང་འབུམ་གྱིས་གཞི་ནས་ཁོའི་དམིགས་ཡུལ་གསལ་བོར་བཤད་སོང་།
"ཡ་ཡ། ཁོམ་སྐབས་ཤིག་ལ་བུ་མོ་མཛེས་མ་ཞིག་ངོ་སྤྲོད་བྱེད་ཆོག"
ད་ནི་ཚེ་རིང་འབུམ་གྱི་བཟའ་བ་ཟས་ཤིང་བཏུང་བ་འཐུང་ཟིན་པས། ལྷ་མགོན་གྱིས་ཀྱང་མི་ཐུབ་མི་ནུས་ཟེར་སྲོལ་མེད་པར། དེ་མ་ཐག་མྱུར་དུ་ཁ་གཡར་ས་གཞན་ཞིག་མ་རྙེད།
ཚེ་རིང་འབུམ་གྱིས་ལྷ་མགོན་གྱི་ཁོམ་དུས་ཤིག་ལ་ཞེས་པའི་དུས་ཚོད་དེར་བསྒུགས་ནས་གཟའ་འཁོར་གཅིག་འགོར་སོང་། ཡིན་ནའང་། ལྷ་མགོན་ལ་གྲག་འགུལ་ཅི་ཡང་མ་བྱུང་།
ཚེ་རིང་འབུམ་གྱིས་ལྷ་མགོན་གྱི་ཁོམ་དུས་ཤིག་ལ་ཞེས་པའི་དུས་ཚོད་དེར་བསྒུགས་ནས་ཟླ་གཅིག་འགོར་སོང་། ཡིན་ནའང་། ལྷ་མགོན་ལ་སྔར་བཞིན་གྲག་འགུལ་མ་བྱུང་།
ཟླ་གཅིག་གི་རྗེས་སུ། ཚེ་རིང་འབུམ་དང་ལྷ་མགོན་གྱི་གྲལ་མཚེས་བུ་མོ་སྟེ་སྒྲོལ་མ་འཚོ་གཉིས་ཀྱི་བར་ལ་རིང་ལ་ཐུང་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་ཅིག་བྱུང་ཟིན་མོད། དེ་ནི་ལྷ་མགོན་དང་འབྲེལ་བ་ཅི་ཡང་མེད།
"ལྷ་མགོན། ང་ལ་མཐར་ཕྱིན་རྩོམ་ཡིག་འབྲི་རོགས་བྱོས་དང་།"
དོན་གྲུབ་དང་ལྷ་མགོན་གཉིས་སྡེ་བ་གཅིག་གི་མི་ཡིན་པ་མ་ཟད། དོན་གྲུབ་ལྷ་མགོན་ལས་ལོ་གསུམ་གྱིས་ཆེ་བ་དང་འཛིན་གྲྭ་གཅིག་གིས་མཐོ་བས། ཁོས་རྒྱུན་པར་དོན་གྲུབ་ལ་ཕུ་བོ་དོན་གྲུབ་ཅེས་འབོད་ཀྱིན་ཡོད། མཐར་ཕྱིན་ལ་ཉེ་བའི་ཉིན་ཞིག་ལ་དོན་གྲུབ་ཀྱིས་ལྷ་མགོན་བཙལ་འོང་ནས་དེ་ལྟར་བཤད།
"ཡ་ཡ། ཁོམ་སྐབས་ཤིག་ལ་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཆོག"
ཉིན་གཅིག་གི་རྗེས་སུ། དོན་གྲུབ་ཀྱིས་ཁ་པར་བཏང་ཡོང་ནས་རྩོམ་ཡིག་བྲིས་པའི་གནས་ཚུལ་རྒྱུས་ལོན་བྱས་སོང་བས། ལྷ་མགོན་གྱིས"ངས་ཕུ་བོས་བཅོལ་གདམ་བྱས་པའི་དོན་དག་དེ་བརྗེད་ག་ལ་སྲིད། ཁོམ་སྐབས་ཤིག་ལ་རྩོམ་ཡིག་ལེགས་པོ་ཞིག་འབྲི་ཁོ་ཐག་ཡིན"ཞེས་བཤད།
གཟའ་འཁོར་གཅིག་གི་རྗེས་སུ། དོན་གྲུབ་ཀྱིས་སློབ་གྲོགས་བུ་མོ་ཞིག་མངགས་ནས་ལྷ་མགོན་ལ་ད་ནི་དུས་ཚོད་མང་པོ་མེད་ཚུལ་དྲན་སྐུལ་བྱས་པ་ན། དོན་གྲུབ་ཀྱི་སློབ་གྲོགས་བུ་མོ་དེའི་ཆེ་ཞིང་སྒོར་ལ་ནག་ཅིང་འཛུམ་པའི་མིག་ཟུང་ལ་ཅེར་སྟེ། ལྷ་མགོན་གྱིས"ཁོམ་སྐབས་ཤིག་ལ"ཞེས་པ་དེ"ཟླ་གཅིག་གི་ནང་ལ་བྲིས་ཚར་ངེས་ཡིན"ཞེས་པའི་དམ་ཚིག་ལ་བརྗེས་སོང་།
ཟླ་གཅིག་གི་རྗེས་ནས། ལྷ་མགོན་གྱིས་ཡར་ནས་བཤུས་ཤིང་མར་ནས་བཏུས་པའི་བརྩམས་ཆོས་དེ་དོན་གྲུབ་ཀྱི་ལག་ལ་བཞག་རྗེས། དོན་གྲུབ་ཀྱི་སློབ་གྲོགས་བུ་མོ་དེའི་ལག་པར་འཇུས་ནས་གློག་བརྙན་ལ་ལྟ་རུ་འགྲོ་འདོད་ཚུལ་བཤད་པ་ན། དོན་གྲུབ་ཅུང་འཛུམ་ནས"ཁྱོད་ཀྱིས་སྲིང་མོའི་སྟེང་ལ་དམིགས་ཡུལ་ངན་པ་ཞིག་འཆང་མི་སྲིད་ཨང"ཟེར།
སྐད་ཆ་དེས་ལྷ་མགོན་གྱི་སྙིང་མགོར་བཙག་ཤད་ཅིག་རྒྱུག་ཅིང་། མགོ་བོ་གཟེར་བྲང་ངེར་རེ་ཞིག་ལ་འཆར་སྒོ་ཅི་ཡང་མེད་པར་གྱུར།
"ལྷ་མགོན། ང་ལ་ཁྱོད་ཀྱི་ཁ་ལྕེ་མེ་ལྕེ་འདྲ་བོ་དེས་རོགས་ཤིག་བྱོས་དང་།"
ལྷ་མགོན་དོན་གྲུབ་ཀྱི་སློབ་ཁང་ལས་སྒོར་བུད་ཅིང་ཐད་ཀར་ལུས་རྩལ་ཐང་དུ་དམིགས་མེད་ངང་སོང་བ་ན། ཟླ་བ་དབུགས་སྟོད་ལ་འཚངས་བཞིན་རྒྱུག་སླེབས་བྱུང་།
"ཡ་ཡ། ཁོམ་དུས་ཤིག་ལ་དུག་ནག་སྦྲུལ་ལྕེ་རྩ་ནས་བཅད་དེ་ཁྱོད་ལ་སྦྱིན་ཆོག"
ལྷ་མགོན་གྱིས་དེ་ལྟར་བཤད་རྗེས། ད་སོ་མར་རང་ཉིད་ཀྱི་སེམས་ལ་བྱོ་བའི་ཆུ་འཁྱགས་དེ་རྩ་བ་ནས་བརྗེད་པར་མ་ཟད། ཟླ་བའི་མགོ་ལ་རང་ཉིད་ལས་ཀྱང་ཐུ་བའི་ཆག་སྒོ་ཅི་ཞིག་བྱུང་སོང་མིན་ཤེས་འདོད་སྐྱེས་སོང་།
"ད་ནི་དུས་ཚོད་ཀྱིས་ང་ལ་བསྒུག་སྲིད་མོད། ལྷ་མོས་ང་ལ་བསྒུག་མི་སྲིད།"
ཟླ་བའི་བྲེལ་འཚུབ་ཀྱི་རྣམ་འགྱུར་དེས་ལྷ་མགོན་གྱི་སེམས་ལ་སྙིང་རྗེ་སྐྱེས་སུ་བཅུག་མོད། ཁོས་རང་གི་གདོང་ལ་རྣམ་འགྱུར་གཞན་པ་ཅི་ཡང་མངོན་དུ་མ་བཅུག་པར། "དེ་ནི་ལས་སླ་བོ་ཞིག་རེད། འགྲོ སྔོན་ལ་ཕུ་བོར་ཆང་ཞིག་འཐུང་རོགས་བྱོས"ཞེས་བཤད།
ཝུ་ཆང་དམ་བུ་བཞི་ལྔ་ཞིག་གི་རྗེས་སུ། ཐོག་མར་ལྷ་མགོན་ཅུང་བཟི་བར་གྱུར་ཞིང་དེ་ནས་ཟླ་བའང་བཟི་སོང་།
ལྷ་མགོན་ན་རེ། "དོན་གྲུབ་ནི་ཁྱི་ཞིག་རེད།"
ཟླ་བ་ན་རེ། "དོན་གྲུབ་ཀྱི་སློབ་གྲོགས་བུ་མོ་དེ་ཁྱི་མོ་ཞིག་རེད།"
ལྷ་མགོན་ན་རེ། "ཡིན་ནའང་། ང་ནི་ཁྱི་ཕྲུག་ཅིག་ལའང་མི་དོ་བར་འདུག"
ཟླ་བ་ན་རེ། "ལྷ་མོ་ནི་ཁྱི་མོ་ཞིག་རེད།"
ལྷ་མགོན་ན་རེ། "ཁྱོད་ནི་ཁྱི་ཞིག་རེད།"
ཟླ་བ་ན་རེ། "མ་རེད། ང་ནི་ཁྱི་ཕྲུག་ཅིག་ལའང་མི་དོ་བར་འདུག"
དེའི་རྗེས། ལྷ་མགོན་དང་ཟླ་བ་གཉིས་གཅིག་ལ་གཅིག་བསྙེས་ཀྱིས་མལ་ཁང་དུ་བུད་སོང་། གཡས་ལོག་གཡོན་ལོག་གིས་ཉལ་ཁྲིའི་སྟེང་འགྱེལ་སོང་། གཅིག་ལས་གཅིག་མགྱོགས་ཀྱིས་རྨི་ལམ་གྱི་ཞིང་ཁམས་སུ་ཆས་སོང་།
ཉིན་གཉིས་པར། ལྷ་མགོན་དང་དོན་གྲུབ་གཉིས་ལ་མགོ་བོའི་ན་ཟུག་ལས་སེམས་ཀྱི་སྡུག་བསྔལ་རྩ་བ་ནས་སངས་འདུག
"ལྷ་མགོན། ང་ལ་ཁྱོད་ཀྱི་ཁོམ་སྐབས་ཤིག་གཡོར་དང་།"
ནམ་རྒྱུན་ཡིན་ན། སྒྲོལ་མ་འཚོས་སྐད་ཆ་དེ་རིགས་ལྷ་མགོན་ལ་བཤད་མ་མྱོང་ལ། ལྷ་མགོན་གྱིས་ཀྱང་ཁོ་མོས་སྐད་ཆ་དེ་འདྲ་ཞིག་རང་ཉིད་ལ་ཨེ་བཤད་རེ་བ་བྱེད་ཀྱིན་མེད་མོད། སྐད་ཆ་དེ་སྒྲོལ་མ་འཚོའི་ཁ་ནས་བུད་རྗེས། ལྷ་མགོན་གྱིས་ཁོ་མོར་དོན་དག་ཅི་ཞིག་ཡོད་མེད་འདྲི་བསམ་མོད། ཁོའི་ངག་ནས་ཤོར་བའི་སྐད་ཆ་ནི། "ཡ་ཡ། ང་རང་ཧ་ཅང་ཁོམ་དུས་ཤིག་ལ་ངའི་ལུས་ངག་ཡིད་གསུམ་དང་འདས་མ་ད་གསུམ་ཁྱོད་ལ་དབང་ངེས"ཞེས་པ་དེ་རུ་གྱུར་སོང་།
སྒྲོལ་མ་འཚོའི་གདོང་ལ་ཧ་ཅང་གཟབ་ནན་གྱི་རྣམ་འགྱུར་ཞིག་མངོན་ནས། "ང་ལ་ཁྱོད་ཀྱི་ལུས་ངག་ཡིད་གསུམ་མི་དགོས་ལ། འདས་མ་ད་གསུམ་ཡང་མི་མཁོ་སྟེ། ང་ལ་ཁྱོད་ཀྱི་ཆུ་ཚོད་སྐར་མ་འགའ་གཡར་བས་ཆོག"ཅེས་བཤད་སོང་བ་དང་། དེ་ནས་མགོ་བོ་ལྷ་མགོན་གྱི་བྲང་ཁར་སྔས་ནས་མིག་ཆུ་བཏོན་སོང་།
ཡིན་རྒྱུ་ནི། སྒྲོལ་མ་འཚོ་དང་ཚེ་རིང་འབུམ་གཉིས་ཀྱི་བར་ལ་འགལ་བ་ཆུང་ཆུང་ཞིག་བྱུང་ཞིང་། འགལ་བ་ཆུང་ཆུང་དེས་སྒྲོལ་མ་འཚོའི་སེམས་ལ་ན་ཟུག་ཆེ་ཆེ་ཞིག་བཞག་སོང་བས་རེད།
ལོ་གསུམ་གྱི་རྗེས་སུ། སྒྲོལ་མ་འཚོས་སླར་ཡང་ལྷ་མགོན་གྱི་བྲང་ཁར་མགོ་བོ་སྔས་ནས་མིག་ཆུ་འདོན་སྲིད་པ་སུ་ཡིས་ཤེས་ཨང་།
སྒྲོལ་མ་འཚོ་དང་ལྷ་མགོན་གཉིས་མི་རིགས་སློབ་འབྲིང་རྒྱབ་ཕྱོགས་ཀྱི་གྲམ་གཞུང་དེད་ནས་ཡུན་རིང་སོང་བ་ན། ཁོ་མོས་ད་གཟོད་འགྲོ་མཚམས་བཞག་ཅིང་། ཆུ་འགྲམ་གྱི་རྡོ་ལེབ་ཅིག་གི་སྟེང་དུ་བསྡད་ནས་ཆུ་ནང་དུ་རྡོ་འགའ་འཕེན་ཞོར། ཁ་ལྷ་མགོན་གྱི་ཕྱོགས་སུ་འཁོར་ནས། "ཐུགས་རྒྱལ་མ་བཞེངས། དེ་རིང་ངའི་སེམས་ཁམས་སྐྱིད་པོ་ཞིག་མི་འདུག"ཟེར།
སྐད་ཆ་དེ་ནི་སྐད་ཆ་ལྷག་མ་ཞིག་སྟེ། ལྷ་མགོན་གླེན་པ་རྟོལ་འདྲ་བ་ཞིག་ཡིན་རུང་། སྒྲོལ་མ་འཚོའི་ཚུགས་ཀ་ལས་ཁོ་མོའི་སེམས་ཁམས་སྐྱིད་ཀྱིན་མེད་པ་ལོས་ཡིན། ཡིན་ནའང་། ཁོ་མོས་ཐུགས་རྒྱལ་མ་བཞེངས་ཟེར་བ་དེ་ནི་གྲོགས་ཀྱི་འདང་བརྩེའི་དབང་གིས་ཡིན་ན། ལྷ་མགོན་ཡང་ཐུགས་རྒྱལ་བཞེངས་ག་ལ་སྲིད།
"སྐྱོན་མི་འདུག" ལྷ་མགོན་གྱིས་ཁོ་མོའི་ཁམས་དང་བསྟུན་ཅི་ཐུབ་བྱས།
མ་གཞི། སྒྲོལ་མ་འཚོའི་སེམས་སྐྱིད་ཀྱིན་མེད་པ་ནི། གཞན་ཅི་ཡང་མ་ཡིན་པར། ཚེ་རིང་འབུམ་ནང་ལོགས་ཀྱི་རྒྱ་མོ་ཞིག་གི་རྗེས་བསྙེགས་ནས་བུད་སོང་བས་རེད།
ཚེ་རིང་འབུམ་དང་སྒྲོལ་མ་འཚོ་གཉིས་སློབ་མ་ཡིན་དུས་ནས་བཟུང་། སྐབས་ལན་རེར་མཛའ་བོ་ཡིན་པ་འདྲ་ལ། སྐབས་ལན་རེར་དགྲ་བོ་ཡིན་པའང་འདྲ་བར་མི་ལོ་གསུམ་འགོར་སོང་། ལོ་གསུམ་གྱི་རྗེས་སུ། སྒྲོལ་མ་འཚོས་ད་དུང་ཚེ་རིང་འབུམ་གྱི་ཆེད་དུ་སེམས་ངལ་མྱོང་སྲིད་པ་ལྷ་མགོན་གྱི་སེམས་ལའང་ཤར་མྱོང་མེད།
སྐབས་ལན་རེར། བརྩེ་དུངས་ཀྱི་སྡུག་བསྔལ་ནི་སྡུག་བསྔལ་གཞན་ལས་ཀྱང་བཟོད་དཀའ་བ་ཞིག་ཡིན་དོན་ནི། བརྩེ་དུངས་ཀྱི་ཆེད་དུ་གཏོང་ཕོད་ཅི་འདྲ་ཆེ་ན་བརྩེ་དུངས་ཀྱི་ཐོབ་ཤོར་ཁྲོད་ནས་དགའ་སྡུག་དེ་ལྟར་ཆེ་བས་ཡིན་པ་འདྲ།
"ཁྱི་སྐྱག་དེ།" ལྷ་མགོན་གྱི་ངག་ནས་དེ་ལྟར་ཤོར།
"དེ་ནི་ཁོ་རང་ལན་པ་མ་རེད། དྲང་མོར་བཤད་ན། ང་རང་རྒྱ་མོ་དེ་ལ་གཏན་ནས་མི་དོ་བར་འདུག དེ་ངས་ཀྱང་ལོས་ཤེས།"
"འོན་ཀྱང་། ཁོས་ཁྱོད་ལ་དེ་ལྟར་ཁྲེལ་མེད་བྱེད་སྲོལ་གང་ན་ཡོད།"
སྒྲོལ་མ་འཚོས་འདང་ཞིག་བརྒྱབ་རྗེས། གཞི་ནས་དངན་པ་རིང་བོ་ཞིག་འཐེན་ཏེ། "ད་ནི་ངས་དེ་དག་གླེང་མི་འདོད། འདི་ཡོད་ཚད་ལས་དབང་གི་བཀོད་སྒྲིག་ཡིན་ན་གཡོལ་ཐབས་ཡོད་པ་མ་རེད"ཟེར།
ལས་དབང་གི་བཀོད་སྒྲིག་ཡིན་ན་དངོས་གནས་ལྡོག་ཐབས་མེད་དམ།
ལྷ་མགོན་ནི་ལས་དབང་གི་བཀོད་སྒྲིག་ལ་ཡིད་ཆེད་བྱེད་མཁན་ཞིག་མིན་མོད། སྒྲོལ་མ་འཚོས་འདང་དེ་འདྲ་ཞིག་དཔོག་པར་ཧ་ཅང་དགའ་བྱུང་། ཡིན་ནའང་། ཁོས་ཁོ་མོར་མ་འོངས་པའི་འཆར་གཞིའི་སྐོར་འདྲི་དུས་སུ། ཁོ་མོའི་སེམས་ལ་སླར་ཡང་སྡུག་ཅིག་བཞག་པ་འདྲ་སྟེ། ཡུན་རིང་བོར་ཁ་མི་གྲག་པར་བསྡད་རྗེས། "ད་ནི་ངས་ཀྱང་མི་ཤེས་པར་འདུག སྔོན་ཆད་སློབ་མ་ཡིན་དུས་འཆར་གཞི་མང་པོ་ཞིག་གི་སྣེ་མོར་འཇུས་མྱོང་ན་ཡང་། ད་ལྟ་ཕྱིར་འདང་རེ་བརྒྱབ་ན། འགྲུབ་ཟིན་པ་ཅི་ཡང་མི་འདུག ཐ་ན་རང་ཉིད་ཆེས་རློམ་མྱོང་བའི་བརྩེ་དུངས་དེ་ཡང་འདི་ལྟར་ཆུ་རིས་སུ་གྱུར་བ་རེད། ད་ནི་ང་ལ་གཞན་པའི་འཆར་གཞི་ཅི་ཞིག་ཡོད་ཨང"ཟེར།
དངོས་གནས་དེ་འདྲ་ཞིག་རེད། སློབ་མའི་དུས་ཀྱི་བསམ་མེད་དང་འདང་རྒྱག་མེད་པའི་འཚོ་བ་དེ་ནི་སྤྱི་ཚོགས་འཚོ་བ་དངོས་དང་བསྡུར་ཐབས་ག་ལ་ཡོད། སྤྱི་ཚོགས་ནི་ད་གཟོད་འཚོ་བའི་སློབ་གྲྭ་ཆེན་མོ་ཡིན་པས། སྤྱི་ཚོགས་འཚོ་བ་ལས་མཐར་ཕྱིན་ཚེ་ད་གཟོད་བསམ་མེད་དང་འདང་རྒྱག་མེད་པའི་འཚོ་བ་ངོ་མ་དེ་འགོ་བརྩམས་པ་རེད།
གུང་ཇའི་སྐབས་སུ། ཁོ་གཉིས་ཕྱིར་སྒྲོལ་མ་འཚོའི་མལ་ཤག་ཏུ་བསླེབས་དུས། ཁོ་མོའི་སེམས་ཁམས་ཀྱང་ལྡབ་འགྱུར་གྱིས་ཇེ་སྐྱིད་ལ་སོང་འདུག དེའི་མུར་སྔོ་ཚལ་སྣ་ཁ་འགའ་བརྔོས་ཤིང་། ཅུང་འཛུམ་ནས། "ད་ནི་ཁྱེད་ཀྱང་གཞུང་ལས་ཀྱི་རྗེས་སུ་ལུས་པ་རེད། ངེད་གཉིས་ཀྱིས་མཉམ་དུ་ཟ་མ་བཟའ། དེ་རིང་ངས་ཀྱང་ཆང་གི་བྲོ་བ་མྱོང་ན་འདོད"ཟེར།
སྒྲོལ་མ་འཚོས་ཆང་གླེང་མ་ཐག་ལྷ་མགོན་གྱི་ཡིད་ལ་སྔ་དྲོ་སྦྱིན་བདག་མ་ཀླུ་མོའི་བོད་ཟས་ཁང་དུ་བཞག་ཡོད་པའི་ཆང་ཤེལ་དམ་གང་བོ་དེ་དྲན་བྱུང་།
སྒྲོལ་མ་འཚོས་ཁོའི་བསམ་ཚུལ་རྟོགས་སོང་བ་འདྲ་སྟེ། ཧ་ཅང་ནན་ཏན་ངང་།"ང་ལ་སྦྱིན་བདག་མ་ཀླུ་མོའི་ཆང་དེ་འདྲ་སྤུས་ལེགས་མེད་ན་ཡང་། ངའི་རྣམ་དག་གི་སེམས་པ་མཚོན་བྱེད་ཉག་གཅིག་ཡིན་བསམ་ན། ཁྱེད་ཀྱིས་ཀྱང་མི་འཐུང་ག་ལ་ཟེར"ཞེས་སྐར་མ་གསུམ་ཅན་གྱི་ནས་ཆང་དམ་བུ་གང་སྔས་འགྲམ་གྱི་ཆ་སྒམ་ལས་བཏོན་ཡོང་།
སྒྲོལ་མ་འཚོས་ཆང་འཐུང་མ་མྱོང་བ་འདྲ་སྟེ། ཁམ་བུ་གང་འཐུང་མ་ཐག་གློ་ལུ་བརྒྱབ་བྱུང་ལ། གདོང་མདོག་ཀྱང་དེར་མཐུད་ནས་ཅུང་དམར་བོར་གྱུར་སོང་།
ལྷ་མགོན་གྱིས་ཁོ་མོར་ཤ་ཚ་བའི་ངག་གིས།"འཐུང་མ་མྱོང་ན་ཨུ་ཚུགས་མ་བྱེད། ཆང་ལ་ལོབས་ན་དེ་འདྲ་བཟང་རྒྱུ་མེད། ཁྱེད་ཀྱིས་ངའི་ཚུགས་ཀར་ལྟོས་དང"ཞེས་དཔེ་རང་སྟེང་ལ་བླངས།
ལྷ་མགོན་གྱིས་དཔེ་རང་སྟེང་ལ་བླངས་པ་དེ་ནི་སྟག་ཤ་ར་ཞིག་གི་བྱ་བྱེད་ཅིག་རེད།
འཚོ་བའི་ཁྲོད་ཀྱི་མི་མང་པོ་ཞིག་གིས་རང་གི་དགེ་མཚན་དང་གཞན་གྱི་སྐྱོན་ཆ་ཁོ་ན་ལས་མི་མཐོང་བ་ནི་སུས་ཡང་གསང་དགོས་མེད་པའི་དོན་དངོས་ཤིག་རེད། དོན་དངོས་འདིའི་ཁྲོད་ན་ལྷ་མགོན་ལྟ་བུ་མང་པོ་མི་འདུག ཡང་ན། རྒྱུ་མཚན་དེའི་དབང་གིས་སྒྲོལ་མ་འཚོས་ལྷ་མགོན་དང་ལྷན་དུ་ཆང་འཐུང་འདོད་སྐྱེས་པ་ཡིན་ངེས།
དེ་བས། སྒྲོལ་མ་འཚོས་ལྷ་མགོན་ལ་ཡིན་མིན་གྱི་ལན་ཅི་ཡང་མི་འདེབས་པར། སླར་ཡང་ཆང་དཀར་ལག་ཏུ་བཟུང་ནས་ཚོད་ཚོད་ལ་ཧུབ་རྒན་ཞིག་བྱས་བྱུང་།
སློབ་ཆུང་འགྲིམ་དུས་སུ། ལྷ་མགོན་དང་སྒྲོལ་མ་འཚོ་གཉིས་འགྲོ་རོགས་ཡིན། འདུག་རོགས་ཡིན། དེ་ལས་ཀྱང་གལ་ཆེ་བོ་ནི་ཁོ་གཉིས་སྡེ་བ་གཅིག་གི་མི་ཡིན། ན་ཟླ་ཡིན།
སྤྱིར་ན། དེ་ནི་དོན་དག་བཟང་བོ་ཞིག་ཡིན་མོད། ཡིན་ནའང་། སློབ་གྲོགས་ཞི་ལི་ཚོས་ཐེངས་མང་པོ་ཞིག་ལ་སྒྲོལ་མ་འཚོར་རང་ཉིད་ཀྱི་འགྲམ་པར་སེན་རྗེས་མང་པོ་བརྐོ་རུ་བཅུག་པ་དང་། དེས་ནི་སློབ་གྲོགས་བུ་མོ་ཚོས་ཐེངས་མང་པོ་ཞིག་ལ་ལྷ་མགོན་ལ་རང་ཉིད་ཀྱི་ལན་བུ་འབལ་དུ་བཅུག་མྱོང་།
"ལྷ་མགོན་དང་སྒྲོལ་མ་འཚོ་གཉིས་ཀ་བཟའ་ཟླ་རེད།"
གལ་ཏེ། མི་ལོ་མང་པོ་ཞིག་འགོར་བའི་རྗེས་ཀྱི་ཁ་སང་དེ་རིང་ཞིག་ལ། སུ་ཞིག་གིས་ཁོ་གཉིས་ལ་དེ་ལྟར་ཀུ་རེ་རྩེད་པའི་དབང་དུ་བཏང་ན། ལྷ་མགོན་གྱིས་ཡིན་མདོག་གིས་མགོ་བོ་མཐོན་པོར་དགྱེ་ཞིང་བྲང་ཁ་མདུན་དུ་ལྡིར་ནས་འགྲོ་སྲིད་ལ། སྒྲོལ་མ་འཚོས་མིན་མདོག་གིས་མགོ་བོ་སྨད་དུ་སྒུར་ཞིང་མིག་གིས་རྡོག་ལམ་འཚོས་ནས་སྡོད་སྲིད་མོད། འོན་ཀྱང་། མི་ལོ་མང་པོའི་ཡར་སྔོན་དུ། སྐད་ཆ་དེ་རིགས་རྣ་ལམ་དུ་ཐོས་མ་ཐག ཁོ་གཉིས་སུ་ཡིན་ཡང་བསམ་དབང་དྲན་དབང་མེད་པར་ཕ་རོལ་བོར་འཐམ་སྲིད་ལ། རྒྱལ་ཁ་དང་ཕམ་ཁ་གང་ཡིན་རུང་མཇུག་འབྲས་ནི་ཕ་རོལ་བོས་ངུ་སྐད་མ་བཏོན་གོང་ལ་རང་ཉིད་ཀྱིས་མིག་ཆུ་གདོན་པར་བྱེད།
སློབ་ཆུང་གི་ལོ་ཟླ་དེ་ལྟར་རྫོགས་ཤིང་། སློབ་འབྲིང་གི་སྐབས་སུ། སྒྲོལ་མ་འཚོ་ཡུན་གྱིས་ལྷ་མགོན་ལ་རྒྱང་བཀྱེད་ཅིང་། ལྷག་པར་དམའ་འབྲིང་ལོ་རིམ་གསུམ་པའི་སྐབས་སུ། སྒྲོལ་མ་འཚོ་ལྷ་མགོན་དང་རྒྱང་ཐག་རིང་དུ་བཀྱེད་པར་བྱེད། དེ་ལ་རྒྱུ་རྐྱེན་ཞིག་ཡོད་སྲིད་མོད། སློབ་གྲོགས་ཚོའི་ཁྲོད་ན་དེའི་རྒྱུ་རྐྱེན་ལ་དོ་སྣང་བྱེད་མཁན་མེད་ལ། དོ་སྣང་བྱེད་དོན་ཡང་མེད་པ་རེད།
"ད་སྐབས། ཁྱོད་ཚོ་འཛིན་གྲྭའི་མེ་ཏོག་གིས་ཅི་ཞིག་བྱེད་ཀྱིན་འདུག"
འཛིན་གྲྭ་གཞན་པའི་སློབ་མ་ཚོས་རྒྱུན་པར་ལྷ་མགོན་ལ་དེ་ལྟར་འདྲི་ཞིང་། དེ་ལྟར་འདྲི་བའི་སྐབས་སུ། ལྷ་མགོན་གྱིས་ད་གཟོད་རང་ཉིད་ཀྱིས་དུས་ཡུན་རིང་བོ་ཞིག་ལ་སྒྲོལ་མ་འཚོས་རང་ཉིད་ལ་འབྲེལ་བ་བྱས་མ་སོང་ལ། རང་ཉིད་ཀྱི་སེམས་ཁོང་ནས་ནམ་ཡང་ནར་སོན་མེད་པའི་བྱིས་མོ་ཆུང་ཆུང་དེའང་མེ་ཏོག་རྐང་གཅིག་གི་ཚུལ་གྱིས། འདབ་མ་རྒྱས་ཤིང་གང་བུ་ཕྱེས་ལ་དྲི་བསུང་འཐུལ་གྱིན་པ་ཚོར་ཡོང་།
སློབ་ཆེན་ལོ་རིམ་དང་པོའི་སྨད་ཆར། སྒྲོལ་མ་འཚོས་ལྷ་མགོན་བཙལ་ཡོང་སྟེ་ལྟེབས་བཅག་བྱས་པའི་ཤོག་ལེབ་ཅིག་ཁོའི་ལག་ཏུ་བརྫངས་སོང་། ཤོག་ལེབ་དེའི་སྟེང་དུ"དེ་རིང་ནས་བཟུང་འུ་གཉིས་གྲལ་མཚེས་བྱེད་ཆོག་གམ། སྔོན་ཆད་སློབ་ཆུང་ནང་བཞིན་འགྲོ་རོགས་དང་འདུག་རོགས་བྱེད་ཆོག་གམ"ཞེས་བྲིས་འདུག་པས། ལྷ་མགོན་གྱིས་དེའི་མུར་འཛིན་གྲྭའི་སྐྱོར་དཔོན་བརྒྱུད་ནས་རང་ཉིད་ཀྱི་གྲལ་མཚེས་བུ་མོ་དེ་སྒྲོལ་མ་འཚོར་བརྗེ་ཐུབ་སོང་། ཡིན་ནའང་། གྲལ་མཚེར་གྱུར་བ་ཙམ་གྱིས་ཁོ་གཉིས་ཀྱི་བར་ལ་གཏམ་རྒྱུད་གསར་བ་ཅི་ཡང་བྱུང་མ་སོང་།
ནམ་རྒྱུན། ལྷ་མགོན་གྱིས་སྒྲོལ་མ་འཚོར་ཀུ་རེ་ངང"ད་ནི་ངས་ཁྱོད་ལ་མྱུར་དུ་མག་པ་ཞིག་མ་བཙལ་ན། ནམ་ཞིག་འུ་གཉིས་ལ་སློབ་ཆུང་སྐབས་ཀྱི་མི་ཁ་དེ་སླར་ཡང་འཁོར་ངེས་རེད"ཅེས་བཤད་པ་ན། སྒྲོལ་མ་འཚོའི་ངོ་གདོང་ཡང་དེ་མུར་དམར་བོར་མི་འགྱུར་བར།"ད་ནི་ང་རང་མི་ཁ་དེ་ལས་ཐར་ཡོད་པས། རང་སེམས་ན་ཉེས་པ་མེད་བཞིན་དུ་གཤིན་རྗེ་ཡི་འཇིགས་པར་སྐྲག་མི་སྲིད"ཟེར་བར་བྱེད།
"དཔའ་མོ་ཞིག་གི་ཚུགས་ཀ་འདུག"ལྷ་མགོན་གྱིས་བཤད།
"དེས་ན། ང་རང་ཁྱོད་ཀྱི་མ་འོངས་པའི་སྲུང་དམག་བྱ།" སྒྲོལ་མ་འཚོས་བཤད།
སྐད་ཆ་ནི་དེ་ལྟར་བཤད་པ་ཡིན་མོད། སྒྲོལ་མ་འཚོ་ལྷ་མགོན་གྱི་མ་འོངས་པའི་སྲུང་དམག་བྱས་མ་སོང་ལ། ལྷ་མགོན་གྱིས་ཀྱང་སྒྲོལ་མ་འཚོར་མ་འོངས་པའི་སྲུང་དམག་བྱེད་རྒྱུའི་རེ་བ་བཏོན་མ་སོང་། དེ་ལས་ལྡོག་སྟེ། སློབ་ཆེན་ལོ་རིམ་གཉིས་པ་ནས་བཟུང་སྒྲོལ་མ་འཚོ་དང་ཚེ་རིང་འབུམ་གཉིས་ཀྱི་བརྩེ་དུངས་ཀྱི་གཏམ་རྒྱུད་མགོ་བརྩམས་སོང་།
དོན་དག་དེ་ལྷ་མགོན་ལ་འབྲེལ་བ་ཅི་ཡང་མེད་མོད། སྐབས་ལན་རེར། ཚེ་རིང་འབུམ་གྱིས་སྒྲོལ་མ་འཚོར་ལག་འཇུ་བྱས་ནས་ལུས་རྩལ་ཐང་དུ་འཆམ་འཆམ་བྱེད་པ་དང་། སྒྲོལ་མ་འཚོ་ཚེ་རིང་འབུམ་གྱི་དཔུང་བར་འཐམ་ནས་གློག་བརྙན་ལ་ལྟ་རུ་འགྲོ་བ་མཐོང་ཐེངས་རེ་རེར། ལྷ་མགོན་གྱི་སེམས་སུ་གར་འོང་འདིར་འོང་མི་ཤེས་པའི་ཚོར་བ་འཁྱག་པོ་ཞིག་དབང་མེད་འཚངས་ཡོང་།
"ཉིན་འདི་ཚོར། ཁྱོད་ཀྱིས་ང་ལ་ལྟ་སྟངས་གཞན་པ་ཞིག་འཛིན་གྱི་འདུག"
སྒྲོལ་མ་འཚོས་སྐད་ཆ་དེ་འཆད་དུས་སུ། ལྷ་མགོན་གྱིས་ལྷ་སའི་དམངས་གཞས་ཤིག་ལ་ཉན་ནས་བསྡད་ཡོད། དམངས་གཞས་དེའི་ཚིག་གཅིག་ནི"མི་ལ་སེམས་ཤིག་མེད་ན། ། གྲམ་པའི་ནང་གི་རྡོ་རེད། ། རྡོ་ལ་གོ་བ་མེད་པས། ། ཆུ་མོ་བཞུར་ནས་བུད་སོང"ཞེས་པ་དེ་ཡིན། དམངས་གཞས་དེ་ནི་ཁོ་ཚོའི་སློབ་གྲོགས་ཤིག་གིས་བླངས་པ་ཡིན་ལ། ལྷ་མགོན་གྱིས་ཁ་པར་ནང་དུ་སྒྲ་བླངས་རྗེས། སེམས་སྐྱིད་དུས་དང་སེམས་སྡུག་དུས་སུ་ཉན་པར་གོམས་ཡོད།
"ངས་ཁྱོད་ལ་ལྟ་ཚུལ་གཞན་པ་ཅི་ཞིག་འཛིན་ཨང་།"
ལྷ་མགོན་གྱིས་དེ་ལྟར་བཤད་པ་ན། སྒྲོལ་མ་འཚོས"ཁྱོད་ཀྱིས་ང་ལ་ལྟ་ཚུལ་གཞན་པ་བཟུང་མེད་ན། སྔོན་ཆད་ལྟར་ཁ་ཡ་མི་བྱེད་དོན་ཅི་ཡིན"ཟེར།
"དེ་ནི་ཁྱོད་རང་སྔོན་ཆད་ལྟར་ཁོམ་མེད་པས་རེད།"ལྷ་མགོན་གྱིས་དེ་ལྟར་བཤད་རྗེས། སླར་ཡང་ཁ་སྣོན་གྱི་ཚུལ་དུ། "ཡང་གཅིག་བཤད་ན། ད་ལྟ་ཁྱོད་ལ་ཁ་ཡ་བྱེད་མཁན་ཡོད་པར་མ་ཟད། ངས་སྔོན་ཆད་ལྟར་ཁྱོད་ལ་ཁ་ཡ་བྱེད་འདོད་ཀྱང་སྟབས་བདེ་བོ་མ་རེད"ཅེས་བཤད།
སྐད་ཆ་དེ་སྒྲོལ་མ་འཚོའི་སེམས་ལ་ཕོག་སོང་བ་འདྲ་སྟེ། ཁོ་མོས་ལྷ་མགོན་གྱི་རྣམ་འགྱུར་མི་གསལ་བའི་རྣམ་འགྱུར་ལ་ཅེར་ནས་ཡུན་རིང་བསྡད་རྗེས། ཁ་ཕྱིར་འཁོར་ནས་བུད་སོང་། སྒྲོལ་མ་འཚོ་སོང་རྗེས། ལྷ་མགོན་གྱི་སྟོང་བསང་བསང་གི་སེམས་པ་སྔར་ལས་ཀྱང་སྟོང་བསང་བསང་དུ་གྱུར་སོང་།
རྗེས་སུ། སློབ་གྲོགས་ཤིག་གི་ངོ་སྤྲོད་བརྒྱུད་དེ་ལྷ་མགོན་གྱིས་འཛིན་གྲྭ་འོག་མའི་བུ་མོ་ཞིག་ངོ་ཤེས་ཤིང་། ཁོས་ཁོ་མོའི་ལག་པར་འཇུས་ནས་ལུས་རྩལ་ཐང་དུ་འཆམ་འཆམ་ལ་སོང་བ་དང་། ཁོ་མོས་ཁོའི་དཔུང་བར་འཇུས་ནས་གློག་བརྙན་ལ་ལྟ་རུ་སོང་།
རྗེས་སུ། མི་ལོ་བཞི་རིང་གི་སློབ་ཆེན་འཚོ་བ་མཇུག་རྫོགས་སོང་།
རྗེས་སུ། སྤྱི་ཚོགས་འཚོ་བ་དངོས་ཀྱི་ཁྲོད་ནས་ཀྱང་ལྷ་མགོན་སླར་ཡང་སྒྲོལ་མ་འཚོར་ཕྲད་སོང་། ལས་ཁུངས་གཅིག་ཏུ་ཁེལ་སོང་།
རྗེས་སུ། ལྷ་མགོན་གྱིས་ཐེངས་དང་པོར་སྒྲོལ་མ་འཚོའི་ཉལ་ཁང་དུ་ཁོ་མོ་དང་མཉམ་དུ་ཆང་བཏུང་སོང་། བཟི་སོང་།
རྗེས་སུ། གཏམ་རྒྱུད་ཡོད་ཚད་རྒྱུན་ལྡན་ནང་བཞིན་མགོ་བརྩམས་སོང་། མཇུག་རྫོགས་མ་སོང་།
(སྒྲུང་གཏམ་བསྐུར་སའི་ཡིག་སྒྲོམ། 3334392847@qq.com)