ནགས་ཀླུང་ཕྱུག་མོ་ཚར་དུ་དངར་བའི་ཡུལ། །
འཆི་མེད་དགའ་ཚལ་བཞིན་དུ་མཛེས་ཤིང་སྡུག །
སོ་མང་གཙང་བོ་དགའ་བས་གར་རྩེན་པ། །
གཡུ་འབྲུག་ས་ནས་འཁྱུག་ལྟར་ཡིད་དབང་འཕྲོག །
ཕྱོགས་བཞིར་བསྐོར་བའི་གངས་རིའི་མུ་ཁྱུད་གང་། །
ཤེལ་གྱི་ཀ་བ་དགུང་ལ་རེག་འདྲ་བ། །
མཐོ་དམའ་མི་གཅིག་ནགས་རི་སྤང་རི་སོགས། །
རིན་ཆེན་སྣ་མང་བསྟར་ལ་བརྒྱུས་བཞིན་ནོ། །
རི་རྩེ་དང་ནི་ལུང་མཐིལ་གང་ཆགས་ཀྱང་། །
ཆོས་སྒྲ་ལྷང་ལྷང་སྒྲོག་པའི་དགོན་སྡེ་བཞིན། །
བྱམས་པས་ཆོས་ཀྱི་བདུད་རྩི་བསྩལ་བ་ཡི། །
དགའ་ལྡན་ཡིད་དགའ་ཆོས་འཛིན་རྣམ་པར་རྒྱལ། །
ས་ལེ་སྦྲམ་ནི་ས་ལ་བྱུགས་པ་བཞིན། །
ཀེ་ཚེའི་མེ་ཏོག་ས་ཞིང་ཡོངས་ན་དགོད། །
མེ་ཏོག་ལ་ནི་རྐང་དྲུག་འཁོར་བ་ལྟར། །
རིན་ཆེན་དང་བོས་སྐྱེ་དགུ་ཡོངས་སུ་བཀུག །
འགག་མདོ་དང་ནི་རི་གཟར་རུ། །
བརྩིགས་ཤིང་ཀྲོང་ངེའི་རྡོ་མཁར་དག །
ལོ་ཟླའི་དུས་ཀྱིས་མི་འཇིག་དཔེ། །
རྡོ་རྗེའི་མཁར་རྫོང་ལས་ནི་ཅི། །
ཤིང་སྣ་བརྒྱ་ལས་གྲུབ་པའི་ནགས་ཚལ་དུ། །
འདབ་ཆགས་ཚོགས་ཀྱིས་གསུང་སྙན་སྒྲོག་པ་ཡིས། །
དྲི་ཟའི་གླུ་དབྱངས་ལ་ནི་ཅོ་འདྲི་ཡང་། །
རྗེས་མཐུན་གཞན་ཡང་ལྡན་ན་དེའི་དཔེར་རིགས། །
སྒང་བ་བོད་ཀྱི་ཁྱད་ཆོས་ལྡན་པ་ཡི། །
མུ་ཏིག་བསྟར་ལ་བརྒྱུས་འདྲའི་ཁང་རྩེག་དག །
མདོག་གིས་སྐར་ཚོགས་དང་ནི་མཚུངས་མིན་ཏེ། །
མཚན་དུས་དེ་ནས་འོད་སྣང་སྦྱིན་པས་ཀྱང་། །
བསེ་ཁྱུང་སྦྲ་ལས་མཆེད་པའི་རྒྱལ་རོང་བས། །
ཕས་རྒོལ་ཟིལ་གྱིས་གནོན་ཞེས་སྔ་རབས་གཏམ། །
ཕྱོགས་བཞིའི་དགྲ་བཞི་འདུལ་བའི་གེ་སར་སྒྲུང་། །
དུས་ཀྱིས་སོ་སོར་ཕྱེ་ལས་གཞན་ཡོད་མིན། །
རྒྱལ་རོང་བུ་མོའི་གར་གྱི་སྟངས་སྟབས་དེ། །
བདག་ལ་ལྡན་ཞེས་ལྷ་མོས་རྒྱགས་མི་འཚལ། །
དྲི་བཞོན་རླུང་གི་སྐྱོད་པའི་ཆུ་སྐྱེས་ལའང་། །
ཡིད་ཀྱི་བརྟན་པ་འཕྲོག་པའི་མཛེས་སྡུག་ལྡན། །
མཐོན་མཐིང་ཡངས་པའི་ལྷ་ཡི་རྫིང་རིང་ནི། །
ཡང་ཡང་བསྲུབས་ལས་ཀུན་ཕན་འབྱུང་སྲིད་ན། །
ཆུ་སྣ་མང་བོ་གཅིག་ཏུ་འདུས་པ་ཡི། །
ཆུ་གཏེར་ཆེན་པོའི་དཔེ་ཟླར་ཅིས་མི་རིགས། །
སྔོ་བསངས་ནམ་མཁར་ལང་ལོང་གཡོ་བ་ཡི། །
སྤྲིན་ཕུང་རྒྱ་མཚོའི་རླབས་ལ་རབ་འཁྲུལ་ཏེ། །
དུང་དཀར་རླབས་ཀྱིས་འཁུར་འོངས་སྙམ་ནས་ནི། །
ངལ་བ་ཁྱད་བསད་རི་རྩེ་མཐོན་པོར་འཛེག །
གཡུ་ཡི་མེ་ལོང་བཞིན་གྱི་ཀུན་གསལ་ངོས། །
བརྒྱ་བྱིན་གཞུ་ཡི་གཟུགས་བརྙན་ཤར་བའམ། །
འབྲུ་རིགས་སྣ་ལྔའི་མེ་ཏོག་སྣ་མང་གིས། །
ས་ཞིང་ཡོངས་ཁེབས་གང་ཡིན་འཕྱང་མོ་ཉུག །
ཡིད་ཀྱི་དང་བ་འདྲེན་པའི་གདངས་སྙན་དེ། །
སྒྲ་དབྱངས་ལྷ་མོའི་ངག་དང་དབྱེར་མེད་ཀྱང་། །
རྒྱལ་མོ་ཚ་བ་རོང་ནས་གྲགས་པས་ན། །
བོད་པས་མ་ཎི་སྒྲེང་བ་ལས་ནི་ཅི། །
སྟར་ཀའི་མེ་ཏོག་གང་སར་ལྷུག་པོར་འཛུམ། །
རྫ་ཆུ་བསིལ་མ་ཕུ་ནས་གྱ་གྱུར་འབབ། །
བྱ་བྱིའུ་མང་བོས་ཀྱུར་ཀྱུར་འབྱིན་པ་ཡི། །
དཔྱིད་ཀྱི་འབར་ཁམས་ལྷ་ཡུལ་ལྟ་བུ་མཛེས། །
ཨ་སྔོན་དབྱིངས་སུ་རེག་པའི་རི་གཟར་དུ། །
རྟག་བཞུགས་ཐུགས་རྗེ་ཆེན་པོ་རང་བྱོན་གྱི། །
ངོ་མཚར་བྱིན་རླབས་བསམ་འཕེལ་ནོར་བུ་བཞིན། །
སྐྱེ་འགྲོ་ཡོངས་ཀྱི་རེ་འདོད་ཀུན་ནས་བསྐངས། །
ཁུ་བྱུག་གསུང་སྐད་སྙན་ཡང་ཡུན་ཐུང་ཙམ། །
དྲི་ཟའི་རྒྱུད་མངས་འཇེབས་ཀྱང་ཡུལ་གྱིས་བསྐལ། །
དེ་དག་ལས་ནི་བན་བོན་དུང་བརྡ་ཉིད། །
མཚུངས་པ་ལས་ཀྱང་ལྷག་པ་སྨོས་ཅི་དགོས། །
འདེབས་འཁོར་ཉིན་རེར་ས་ཞིང་མུའུ་འགའ་རྨོད། །
འདྲུད་འཐེན་འཁོར་ལོས་རྒྱུ་རྫས་ཏུན་འགའ་འདེགས། །
གཤིན་ས་འདོམ་གྱིས་འཇལ་བའི་རྨོན་མཛོ་ཡང་། །
འཕྲུལ་འཁོར་དེ་དག་དང་ནི་ཡང་དག་མཚུངས། །
དབྱར་བསིལ་དགུན་དྲོ་ཡིན་ཞེས་བསྔགས་བརྗོད་དང་། །
ས་རྩུབ་ལམ་བཙོག་རེད་ཅེས་སྨད་ཀྱང་རུང་། །
ནགས་ཀླུང་པང་དུ་གཟིམས་པའི་གྲོང་ཁྱེར་འདི། །
ལྷ་ཡུལ་དང་མཚུངས་ཞེས་བརྗོད་བཟློག་ནུས་མིན། །
ཕྱག་ན་ནེའུ་ལེ་ཐོགས་པའི་བང་མཛོད་བརྗིད། །
ཕས་རྒོལ་ཟིལ་གནོན་ལྕགས་རི་རིང་བོ་བརྩན། །
མདོ་སྨད་རྒྱལ་རོང་ཡུལ་གྱི་ཆར་གཏོགས་པའི། །
འབར་ཁམས་འདི་གསུམ་ཕན་ཚུན་རྣམ་པར་འགལ། །
སྟོད་ཀྱི་བརྩན་ས་བཟུང་ཡང་ས་ལས་གྲུབ། །
གཞི་རྒྱ་ཆེ་ཡང་འཁྲུག་པས་འཇིག་པ་ཡི། །
གུ་གེའི་གཡང་དྲུང་འཁྱིལ་བ་གྲགས་ཆེ་ཡང་། །
ཅོག་ཙེའི་ཕོ་བྲང་ལ་ནི་འགྲན་ནུས་མིན། །
རྣམ་སྲས་ཕོ་བྲང་རིན་ཆེན་ནོར་གྱིས་བརྒྱན། །
རྡོ་ཁང་གྲུ་བཞི་འབྲུ་དྲུག་ནོར་གྱིས་བརྒྱན། །
དེ་ལྟར་ཡིན་ཡང་ནོར་ལྷའི་ཕོ་བྲང་དང་། །
རྒྱལ་རོང་རྡོ་ཤག་གཉིས་ནི་ཀུན་ནས་མཚུངས། །
མཛེས་སྡུག་རྣམ་པར་བཀྲ་འདི་གསེར་མཆོག་དང་། །
མཚུངས་ཀྱང་གསེར་མིན་ཀེ་ཚེའི་མེ་ཏོག་ཉིད། །
སྐད་སྙན་འདི་ནི་རྒྱུད་མང་སྒྲ་དང་ནི། །
འདྲ་ཡང་མ་ཡིན་རྐང་དྲུག་བུང་བའི་སྒྲ། །
རི་མོ་མཁན་གྱིས་པིར་གྱིས་བྲིས་འདྲ་བའི། །
ངོ་མཚར་འབུམ་གྱིས་ཕྱུག་པའི་བྱིན་རླབས་གནས། །
བེེ་རོ་ཙ་ནའི་སྒྲུབ་ཕུག་མཚན་སྙན་འབར། །
དེ་ཡི་དཔེར་འོས་ཁམས་གསུམ་རང་ལས་བྲལ། །
དག་པའི་ཞིང་གི་ཁྱད་འཕགས་ཡོན་ཏན་གྱི། །
སྙིང་བཅུད་གཅིག་ཏུ་བསྡུས་ནས་སྤུངས་པ་ལྟར། །
ས་དགེ་ཆུ་འཛོམས་རྒྱལ་རོང་ཡུལ་གྱི་ཆ། །
འབར་ཁམས་སྣོད་བཅུད་བཀོད་པ་བླ་ན་འཕགས། །
གོར་མ་རྡོ་རུ་མེ་ཏོག་སྐྱེས་པ་དང་། །
གཡའ་མ་བཙིར་ནས་སྣུམ་སེར་འབྱུང་བ་བཞིན། །
མཆོག་གསུམ་གཙུག་ཏུ་བཀུར་བའི་ཡུལ་གྲུ་འདིར། །
རྐུན་ཇག་རིགས་དག་འབྱུང་བའི་དཔེ་སྲིད་དམ། །
གསེར་དངུལ་གཡུ་བྱུར་ལ་སོགས་རིན་ཆེན་བཞིན། །
ཡབ་མེས་དམ་པའི་གསུང་དང་ཆ་འདྲ་ཞིང་། །
སྔོན་རྗེས་འདོགས་བརྩེགས་བཅས་ནི་དག་ཐོན་པའི། །
རྒྱལ་རོང་སྐད་འདྲ་བོད་ཡུལ་གཞན་ན་དཀོན། །
གངས་ཅན་པ་གོར་བེེ་རོ་ཙ་ན་རྗེ། །
འཕགས་ཡུལ་ལོ་ཆེན་ནང་ནས་བྱོན་པ་བཞིན། །
རྫོགས་པ་ཆེན་པོའི་ཆོས་ཀྱི་བདུད་རྩི་གང་། །
པདྨ་འབྱུང་གནས་ངག་ལས་བླངས་དང་མཚུངས། །
ཆུ་འཛིན་ལང་ལོང་འཁྲུགས་པས་སྦྲང་ཆར་བཞིན། །
དེ་ཡིས་སྦྲང་རྩི་རྒྱལ་མཚན་ཇི་བཞིན་ལས། །
པད་མའི་ཚལ་ལ་རྐང་དྲུག་འཁོར་བ་ལྟར། །
ན་གཞོན་ཕོ་མོ་རིག་པའི་གནས་ལ་རེམ། །
དགུ་ཚིགས་ཇི་བཞིན་གྲོང་ཁྱེར་གཞི་རྒྱ་ཆེ། །
འཇའ་ཚོན་བཞིན་དུ་མེ་ཏོག་སྣ་བརྒྱ་དགོད། །
མཚན་དུས་སྐར་ཚོགས་དམུལ་དམུལ་འཛུམ་པ་ལྟར། །
འཇའ་ཚོན་གློག་བཞུས་གྲོང་ཁྱེར་ཡོངས་སུ་ཁྱབ། །
བྷོ་ཊའི་ཡུལ་དུ་སྒྲུབ་ཕུག་བགྲང་གིས་མི་ལངས་ཀྱང་། །
བེེ་རོ་ཙ་ནའི་སྒྲུབ་ཕུག་ལ་ནི་འགྲན་ནུས་གང་། །
ཀུན་གསལ་དབྱིངས་སུ་རྒྱུ་སྐར་བྱེ་བ་བཀྲ་ན་ཡང་། །
རྒྱུ་སྐར་རྒྱལ་བོ་གཉིས་པ་ཁམས་གསུམ་གང་ན་མཆིས། །
རྒྱལ་བ་གཉིས་པ་སྟོད་ཀྱི་དབུས་གཙང་དང་། །
རོང་བ་ལྗགས་ནག་ཡུལ་འདིར་བཀའ་ཆོས་གསུངས། །
ཁོང་གིས་སྐལ་ལྡན་གདུལ་བྱ་རྣམ་པར་འདྲེན། །
དེ་ཡིས་མ་རིག་རྨོངས་པ་ཡོངས་སུ་འདུལ། །
གྲུབ་མཐའ་རིས་མེད་གདའ་བས་ན་ལེནྡྲ་ཡི་ཟླ། །
མཁས་དབང་མང་དུ་བྱོན་པས་འཕགས་པའི་ཡུལ་ལ་འགྲན། །
སྟོབས་འབྱོར་མངའ་ཐང་དར་བས་གྲོང་ཁྱེར་ཧྲང་ཧའེ་བཞིན། །
ཡིད་ཀྱི་དང་བ་འདྲེན་པས་ས་བླའི་རྗེས་སུ་འགྲོ། །