གཉིད་བཤད།

ཀླུ་ཤོད་སྙིང་དཀར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02


ལོག་བཤད་ཚག་ཚག་ལྡིང་བའི་མེ་སྟག་ལ།།

རླུང་བུས་ཤུག་ཤུག་རམ་བུ་བཏེགས་པ་ཡི།།

བདེན་དོན་ཚང་ཚིང་གཞོམས་པའི་དུ་ནག་གིས།།

གསར་སྐྱེས་གཞོན་ནུའི་བློ་ཡི་སྐར་ཁུང་སྒྲིབ།།

ལེགས་བཤད་ཞིམ་ཞིམ་ཐུལ་བའི་འོ་དྲི་ལ།།

ཁ་སྣ་བརྫེ་བརྫེ་བགྱི་བའི་སྐྱག་སྦྲང་གིས།།

མི་ཞིམ་ཤབ་ཤུབ་ཕྲ་མ་བསྐྱལ་བསྐྱལ་བས།།

མི་འདོད་ཟས་ནད་དྲག་པོས་ཕོ་བ་བཟུང་།།

འབྲས་བུ་ལྡེམ་ལྡེམ་གནང་བའི་ཞིང་ཁ་རུ།།

བརྩོན་སེམས་ལྷུང་ལྷུང་ཡུར་ལ་དྲངས་ན་ཡང་།།

ལེ་ལོ་ཧུར་ཧུར་གཉིད་ལ་ཞུགས་པ་ཡིས།།

རྔུལ་ཆུའི་མུ་ཏིག་འཛུམ་པའི་ཟིལ་བ་འཐོར།།

ལྷག་བསམ་དཀར་དཀར་དུང་གི་མཆུ་སྒྲོས་ལས།།

ལུང་རྟོགས་ལྷང་ལྷང་སྒྲ་དབྱངས་འཁྱིལ་ན་ཡང་།།

ཐོས་འཛིན་དོག་དོག་ལམ་ལ་མ་ཤོངས་པས།།

སྟོན་པར་རྫུན་ཁུག་བསྙད་པའི་བླུན་པོ་བྱུང་།།

རྩོམ་རིག་ལྟེམས་ལྟེམས་འཁྱིལ་བའི་མཚོ་མོ་རུ།།

ཚོར་བ་འཁྱུག་འཁྱུག་གནང་བའི་གསེར་ཉ་མོ།།

རྩོམ་རྩལ་ཤང་ཤང་ཆུ་ལ་མ་ཕྲད་པས།།

ཡལ་འདབ་ལྷག་མ་ཐོགས་པའི་རྐུན་པོ་སྐྱེ།།

གདུང་འབོད།

དབྱར་གསུམ་ཆར་ཆུས་མགྲིན་ལམ་མ་སྦངས་པའི།།

དགུན་གྱི་ཁུ་ལོ་ཁྱུ་ཞིག་འབྱོར་ན་ཡང་།།

ལྟས་ངན་ཨག་སྨད་འདེབས་པའི་ཕོ་རོག་ལས།།

དཔྱིད་ཀྱི་ལྷ་བྱ་ཡིན་པ་སུ་ཡིས་རྟོགས།།

ཚིག་སྦྱོར་ཚུལ་ལ་མ་མཁས་བཙན་ཚུགས་ཀྱིས།།

ཐ་སྙད་ཁ་ཆུར་བསྲེས་ནས་སྦྱར་ན་ཡང་།།

སྙན་ངག་སེང་གེ་འོ་མའི་སྣོད་མིན་པས།།

རྫ་ཆག་དཀར་ཆག་དེ་ཡིས་ཅི་ཞིག་བྱ།།

མེ་ཏོག་བུད་མེད་གཉིས་ཀྱི་མཐུན་ཆོས་དེ།།

སྔོན་བྱུང་མཁས་པའི་སྙུག་རྩེར་མཛེས་ན་ཡང་།།

གསར་བྱུང་ཚིག་གི་བྱུ་རུས་མ་བརྒྱན་པས།།

མཚོན་ཐབས་གོས་ཀྱི་འདབ་ཁ་ཐེད་ནས་འདུག།

བརྗོད་བྱེད་ལུས་ལ་ནད་ཀྱིས་བཟུང་བ་ཡིས།།

བརྗོད་བྱ་སྲོག་གི་འཛིན་ཐག་ཆད་ལ་ཉེ།།

རེ་འགས་དེ་ལ་ཡིད་འོང་མཛེས་མ་ཞེས།།

ཤ་དང་ཆུ་ཡི་མིག་གིས་ཡང་ཡང་བལྟ།།

བགྲང་བྱའི་ཆུ་ཤེལ་བརྩེགས་པའི་གུར་ཁྱིམ་ན།།

སྣ་ཚོགས་རྒྱན་གྱིས་བཀླུབས་པའི་མེ་ལོང་མ།།

ལོ་ན་བགྲེས་ཞེས་གྲོགས་སུ་མ་བཀུག་པས།།

བདེན་གཏམ་སྙན་པར་སྒྲོག་པའི་སྨྲ་ལྕེ་སྐམ།།

དགེ་ཆོས་སེང་རྡོར་བརྩད་པའི་ཚིག་ཉོག་གི།།

འབྲས་མེད་ལོ་མས་དོན་གྱི་ངོ་བོ་སྒྲིབ།།

དོན་སྤྱི་ཡིད་བརྙན་རྩོད་པའི་རྔུལ་ནག་གིས།།

མཁས་བླུན་བར་མའི་སྐྱེ་བོ་འུར་ལ་བརྫངས།།

རྩོད་པའི་རླབས་ཕྲེང་ཚིག་གི་གསེང་ནས་འཕྱུར།།

རྫུན་གྱི་སྙིགས་རོ་ཡི་གེའི་ཁོག་ལ་བཅུག།

རྫ་ཆུ་བསིལ་མ་ལྟ་བུའི་སྙན་ངག་ཞིག།

སྐོམ་པའི་གསོས་སུ་མ་གྱུར་རྙོག་ནས་སོང་།།

སྐད་འཕྲིན་འཛུམ་འཕྲིན་སྐད་ངན་སྒྲོག་ས་ལས།།

སྙན་ངག་མཛའ་མོར་སེམས་གཏམ་གླེང་ས་མིན།།

སུག་བྲིས་མི་འབྱོར་ཚོར་འདུ་ཕབ་པ་ལས།།

ཀ་ནས་ཨ་བར་ཞིབ་མོ་སྦྱངས་ན་སྙམ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1