སྒྱུ་མའི་རང་མཚང་བརྟོལ་བ།
གཙང་ཞོགས་སྤྲིན། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
འདི་སྣང་ལས་ཀྱིས་གྲུབ་པའི་འཇིག་རྟེན་གྱི་ཁམས་ན།།
སྣང་བ་རང་གར་ཡན་པའི་མི་ཚོགས་ཀྱི་དབུས་ན།།
རྣམ་ཤེས་འགྱུ་བག་རྒོད་པོ་རྟ་མཆོག་ལ་བཞོན་པའི།།
ང་དང་ཁྱོད་ཀྱི་དད་འདུན་གང་ཞིག་ཏུ་བཅོལ་ལམ།།
གང་ནས་གང་ལ་འདུར་ཞིང་གང་ཞིག་ཏུ་བསྡད་ཀྱང་།།
ཅི་ནས་ཅི་ལ་བསྒྲུབས་ཏེ་ཅི་ཞིག་ཏུ་གྲུབ་ཀྱང་།།
འདི་དང་ཕྱི་མ་གཉིས་ཀ་སྡུག་བསྔལ་ལས་གྲོལ་བའི།།
བདེ་ནས་བདེ་བར་སྙེག་པའི་དད་འདུན་གྱི་ཆེད་དོ།།
ལྟར་སྣང་ཚུར་མཐོང་ངོ་ལ་བདེན་གྲུབ་ཏུ་སྣང་བའི།།
འཇིག་རྟེན་བྱ་བྱེད་འདྲ་མིན་འདུས་བྱས་སུ་བསྡུས་མོད།།
རྟག་དང་བདེན་པར་བཟུང་བའི་འཁྲུལ་སྣང་གི་ལས་ཀྱིས།།
ང་ཚོ་སྡུག་ལ་གཏད་པ་ཐེངས་གཅིག་ཙམ་མིན་ནོ།།
ཐོག་མེད་འཁོར་བར་འཁྱམ་པའི་རིགས་དྲུག་གི་སེམས་ཅན།།
འཕྲལ་དང་ཕུགས་ཀྱི་བདེ་བ་རྟག་བརྟན་ལ་བསམ་ཏེ།།
ཉིན་མཚན་གཉིས་ལ་ཤ་ཐང་རུས་ཐང་དུ་འབད་ཀྱང་།།
དོན་གྱི་བདེ་བ་འཐོབ་མཁན་ཅི་ཙམ་ཞིག་བགྲང་ཐུབ།།
ཐོབ་དང་གོ་ས་རྙེད་ན་བདེ་སྐྱིད་དུ་འདོད་ཀྱང་།།
རྒྱལ་པོ་སུ་ཞིག་འགྱུར་མེད་བདེ་དགའ་རུ་རོལ་མྱོང་།།
རྒྱུ་དང་ནོམ་པ་འབྱོར་ན་བདེ་སྐྱིད་དུ་འདོད་ཀྱང་།།
ཕྱུག་པོ་སུ་ཞིག་རྟག་བརྟན་བདེ་དགའ་རུ་རོལ་མྱོང་།།
མེད་པ་གང་ཞིག་འཐོབ་ན་གནས་སྐབས་སུ་བདེ་མོད།།
འདོད་ཆུང་ཆོག་ཤེས་མེད་ན་སྡུག་བསྔལ་གྱི་རྒྱུ་ཡིན།།
ཡོད་པ་གང་ཞིག་བོར་ན་སྐབས་འཕྲལ་དུ་སྡུག་མོད།།
ཐམས་ཅད་བློས་གཏོང་ཐུབ་ན་བདེ་སྐྱིད་ཀྱི་རྒྱུ་ཡིན།།
གཟུང་བ་ཡུལ་གྱི་བསླུ་བྲིད་གང་ཞིག་ལ་ཆགས་ཏེ།།
འཛིན་པ་ཡུལ་ཅན་འཁྲུལ་བ་སྒྱུ་མ་ཡི་རང་མཚང་།།
འཁྲུལ་བ་ཚར་བར་གཅོད་པའི་ཤེས་རབ་ཀྱི་བློ་ཡིས།།
སྒྱུ་མའི་རང་མཚང་བརྟོལ་ཏེ་བཙན་ས་ཞིག་ཟིན་ཤོག།