དུས་ཚོད།
ཕུན་བདེ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
དུས་ཚོད་གཙང་བོ་དང་འདྲ་ཡང་།
མི་རྣམས་ལ་གླེན་རྟགས་ལུང་པ་གང་སྟེར་ཡོད།
ཁྱོད་ཀྱིས་ཁ་སང་དང་དེ་རིང་།
དེ་རིང་སང་ཉིན་ཞེས་ཤ་ཐང་ཆད་རག་བར་དུ།
རང་ཉིད་ལ་འཆར་གཞི་དང་ལས་ཀ་མང་པོ་བཞག
འོན་ཀྱང་།
དུས་ཚོད་ལ་འདས་པ་དང་མ་འོང་པ་མེད།
དུས་ཚོད་ལ་མཐོ་དམན་དང་སྙིང་རྗེ་མེད།
དུས་ཚོད་ལ་ཆུང་མ་དང་བུ་ཕྲུག་མེད།
དུས་ཚོད་ཀྱི་ང་ཚོ་གཅིག་ཀྱང་ངོ་མི་ཤེས།
ཡིན་ཡང་དུས་ཚོད་ལ་ཧམ་པ་ཧ་ཅང་ཆེ།
ཐ་ན་མི་རེ་རེའི་ཕུགས་བསམ་དང་ལང་ཚོ་ཁྱེར་བར་ཡང་
དགོངས་དག་དང་བཟོད་གསོལ་ཅི་ཡང་མེད།
དུས་ཚོད་ལ་འཆར་གཞི་ཅི་ཡང་མེད་ཀྱང་།
དབྱེ་བ་གང་ཡང་མེད་ཀྱང་།
སྐྱེ་བོ་དག་དུས་ཚོད་ལ་ཧ་ཅང་དགའ།
དུས་ཚོད་གཙང་བོ་དང་འདྲ་ཡང་།
མི་རྣམས་ལ་གླེན་རྟགས་ལུང་པ་གང་སྟེར་ཡོད།
ལག་མཐིལ་གྱི་རི་མོ་དེ་དག
མི་ལ་ལས།
འཁོར་བ་ཁབ་ཀྱི་རྩེ་མོ་དང་།
རྡུལ་ཕྲ་རབ་ཀྱི་ངོས་གཅིག་ཏུ་བལྟ།
ཡིན་ཡང་།
གྲོང་ཁྱེར་གྱི་ཁང་བརྩེག་ལྟར།
གཅིག་ཐོག་ལ་གཉིས་བཟོ་མི་ཆོག་པ་དེ་འཁོར་བ་ཡིན་ལ།
བརྒྱ་ནས་བརྒྱད་ཕྲི་མི་ཆོག་པ་དེ་ཡང་འཁོར་བ་ཡིན།
ལས་ཉོན་རྩྭ་སྒྱེ་གང་ས་ལ་ཟེགས་རྗེས།
རླན་གཤེར་གྱིས་ཡོངས་སུ་ཁེབས་པའི་རི་ཐང་།
ཟླུམ་པོ་དང་གྲི་བཞིར་མ་ངེས་པའི་དབྱིབས་དང་།
དམར་པོ་དང་སེར་བོར་མི་གཏོགས་པའི་ཁ་དོག་དེ་དག
ངས་བསམ་ན།
འཁོར་བ་ནི་དེ་ལྟ་བུའི་བསམ་ལ་མི་བསམ་སར་དོད་པའི།
མི་སོ་སོའི་ལག་མཐུལ་གྱི་རི་མོ་དག་རེད་སྙམ།