སྙན་ངག་ཁག་གསུམ།
དུངས་གྲོལ། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
ལྕེ།
མེས་པོའི་སྙིང་རྩ་ནས་བཅད་པའི།
ལྷ་འདྲེའི་གཟུངས་སྔགས་ཀྱི་མེ་ཕུང་།
ང་རྒྱལ་གྱིས་རྫ་རི་ངམ་ནག་ཚོའི་འདབས་ནས་སྦར་དུས།
མཚན་མོ་རེ་རེར།
རྨི་ལམ་དུ་གཅོད་རྒན་ཚོས་ཌ་རུ་བསྒྲགས།
རྒྱང་རིང་དུ་བཞུད་པའི་གནའ་བོ་ཡ།
རླུང་གིས་ཁྱེར་བའི་མེ་ཏོག་གི་འདབ་མ་སྟེ།
བེམ་པོ་ཁྱིས་ཟོས་པའི་རྣམ་ཐར།
བར་སྣང་ན་སྨུག་པ་དང་སྤྲིན་གྱི་ཡོ་ལང་རྒོད།
དགའ་གྲོགས་དང་ལུག་ཁྱུ་བཅོམས་པའི་
ཉི་འོད་ལམ་ལམ་གྱི་དགུན་གྱི་ཙག་ངར་རིང་མོ་རྒས་སོང་།
ཟུར་མིག
བདག་གི་བར་སྣང་ན་ཅི་ཡང་མེད།
ནམ་མཁའི་ཁ་དོག་དམར་པོ་ཡིན་ནམ།
རླུང་ནང་གི་དར་ལྕོག་དག་གི་སྐད་ཆ་སྙན་ངག་ཡིན་ནམ།
གངས་རིའི་ཟབ་ས་ནས་བབས་པའི་གླུ་ངག
གཙང་བོར་བསྐྱོན་ནས།
རྒྱང་བཞུད་ཀྱི་གྲུ་དམག་གི་དཔུང་སྡེ་ལ་འཁྲུལ་འགྲོ།
ཁྱོད་རང་མཁའ་དབུགས་སུ་གྱུར་རྗེས།
ངས་ཁྱོད་ཀྱི་མཐོ་སྒང་ནས་རླུང་གིས་ཟད་པའི་ཟུར་མིག་དྲན་ཡོང་།
ངོ་།
ལམ་འགྲམ་གྱི་རྡོ་བོངས་དག་ལ་སྒྱོགས་ཀྱིས་ཕར་རྒོལ་བྱ།
རྡོ་བ་དག་གིས་མནན་པའི།
ཁྱོད་ཀྱི་ངོ་གདོང་།
མར་མེའི་ཁར་བཙོ་སྦྱངས་བྱས་རྗེས།
རི་དྭགས་མང་པོས་གཅན་གཟན་གྱི་ཁྱིམ་ལ་བཀོད་འདོམས་བྱ།
གནའ་གྲོང་གི་ཉི་འོད་སྣང་མེད་ཀྱིས་གྱང་རྩ་ན་ལྷུང་འདུག
གྲིབ་མའི་ཕོགས་ནས་ཡིབ་པའི།
ཁྱོད་ཀྱི་ངོ་གདོང་།
ཕྱོགས་བཞིར་འཐེན་པའི་ས་ཁྲ་རྙིང་བ་དེ་ཚོས།
གསང་མ་ཐུབ་པའི་འདོད་ཆགས་དག་ལ་མཚར་རྟགས་བརྒྱབ།