མེ་ལོང་ངོས་ཀྱི་སྐར་ཚོགས།
ལྗང་རླུང་། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
མཚན་མོ་ནི་ཧ་ཅང་འཁྱོལ་དཀའ་བའི་དུས་ཚིགས་ཤིག་རེད།
སྣང་བ་ཞིག་ལ་ངང་བ་དཀར་པོ་ཁྱུ་ཞིག་གིས་ཉི་འོད་སྒྲིབ་ཅིང་།
ཟླ་བའི་མཛེས་སྡུག་ལ་མཚོ་མོ་ཡི་ཟེགས་མ་ཕོག་པས།
མིག་ཟུང་བགྲད་དེ་སྒེའུ་ཁུང་ནས་བལྟ་སྐབས།
འོད་ཆེམ་ཆེམ་གྱི་སྐར་མའི་ཚོམ་བུ།
ངའི་ཡིད་ཀྱི་ཐད་དུ་དཀར་ལམ་མེར་གསལ་འདུག
ཉི་འོད་རླུང་གིས་དེད་ནས་ཟད་སོང་།
མེ་ལོང་ངོས་ཀྱི་སྐར་ཚོགས་ཀྱི་འོད་ཟེར་དག
ངས་བར་སྣང་ལ་ཐེམ་སྐས་བཙུགས་ཏེ་ལག་གིས་བཟུང་ཞིང་།
འོད་ཟེར་འདི་དག་གི་ཁྲོད་ཀྱི་སྐར་མ་སྨིན་དྲུག
ཨ་མ་ཞིག་གིས་བུ་ཕྲུག་རུམ་པ་བཞིན་དྲོད་ཀྱིས་བསྲུངས་ཡོད།
སྐར་ཚོགས་ཀྱི་འོད་ཟེར་དག
ལག་གིས་འཐེན་ཞིང་རུམ་དུ་བཅུག་དུས།
བར་སྣང་ལ་བལྟ་འདོད་མཁན་གྱི་སྐྱེས་པ་གང་མང་ཞིག་གིས།
ཆུང་མའི་སྐྲ་ཉག་རེ་རེ་འཇིག་རྟེན་ཞིག་གི་ངོ་བོར་འཁྲུལ་ཏེ།
ཆུ་ནང་དུ་འཆར་བའི་ཟླ་གཟུགས་དེ་རང་ལུས་ཀྱིས་བཀབ་ཅིང་།
ཕ་རོལ་གྱི་གཡའ་རྡོ་ལས་མཆེད་པའི་བྲག་ཅའི་བརྩེ་གཞས་ཀྱི་གླུ་སྐད་དག
སྒོ་ཁྱིས་བར་སྣང་དུ་བལྟས་ཀྱིན་ཟུག་སྐད་གཏོང་བ་བཞིན།
སྐར་མའི་འོད་ཟེར་གྱི་ཕོ་བྲང་དེར་གཏོང་ཡོད་ངེས།