ཨོལ་རིས་ཀཱ།
བྷོར་ཧེ་ཞི། ཚེ་རིང་མགོན་པོ་ཡིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
བདག་གི་གཏམ་རྒྱུད་དོན་དངོས་ལ་བློ་དཀར་ཐག་ཆོད་ཡིན་ལ། མ་མཐའ་ཡང་རང་ཉིད་ཀྱི་དྲན་པས་ཟིན་པའི་དོན་དངོས་དེ་ལ་ཧ་ཅང་བློ་དཀར་པོ་ཡོད་ཅིང་། འདི་གཉིས་ལ་ནི་ཁྱད་པར་དེ་ཙམ་མེད། དོན་དག་འདི་བྱུང་ནས་ཅུང་ཙམ་ལས་འགོར་མེད་མོད། བདག་གིས་ཡིག་མཁན་དག་ཡན་ལག་ཉིང་ལག་ཁ་སྣོན་པ་དང་ཚོན་མདོག་བྱུག་ནས་འུར་བཤད་བྱེད་པར་དགའ་བ་ཤེས་ཡོད། ངས་བཤད་འདོད་པ་ནི་ང་ཉིག་ཡོག་གྲོང་ཁྱེར་དུ་ཨོལ་རིས་ཀཱ(ངས་མོ་ཡི་རུས་ཅི་ཡིན་མི་ཤེས་ལ། ད་ནི་ནམ་ཡང་ཤེས་མི་སྲིད་ཀྱང་སྲིད།)དང་འཕྲད་པའི་བརྒྱུད་རིམ་དེ་ཡིན་པ་དང་། མཚན་མོ་ཞིག་དང་སྔ་དྲོ་ཞིག་གི་ཆ་ཙམ་ལས་འདུས་མེད།
སྤྱིར་བདག་གིས་ཁ་ཁོག་མེད་པར་རང་ཉིད་ནི་ཡོག་གྲོང་ཁྱེར་གྱི་བཙུན་མའི་ཆོས་གྲྭ་ལྔ་བ་རུ་མོ་དང་ཐོག་མར་འཕྲད་ཅེས་བཤད་ཆོག་མོད།(དེ་རུ་ཚོན་ཤེལ་གྱིས་བརྒྱན་ནས་ཡོད་པའི་དྲ་མ་ལ་བརྗིད་ཉམས་ལྡན་ཞིང་།ཐ་ན་ཁུ་རོམ་ཝེལ་སྐབས་ཀྱི་ལྷ་སྐུ་ལ་དད་པ་བྱེད་དུ་མི་འཇུག་པའི་མི་རྣམས་ཀྱིས་ཀྱང་དེ་ལ་སྲུང་སྐྱོབ་བྱས་འདུག)འོན་ཏེ་དོན་དངོས་ནི་ངེད་གཉིས་གྲོང་ཕྱིའི་བྱང་ཕྱོགས་མགྲོན་ཁང་གི་ཚོམས་ཆེན་དུ་ངོ་ཤེས་པ་ཡིན། སྐབས་དེར་མི་མང་པོ་མེད་ཅིང་མོས་ང་ལ་རྒྱབ་ཕྱོགས་ནས་བསྡད་འདུག མི་ཞིག་གིས་མོ་ལ་ཆང་ཕོར་བ་གང་དབུལ་མོད། མོས་གུས་པོས་ཕྱིར་བཟློགས་སོང་།
“ངས་མོ་དབང་བྱ་འགུལ་ལ་རྒྱབ་སྐྱོབ་བྱེད་བཞིན་ཡོད།” མོ་ན་རེ། “ངས་སྐྱེས་པ་ཚོར་ལད་བཟློས་བྱེད་མི་འདོད། ཆང་དང་དུ་བས་ང་སྐྱེས་པ་ཚོར་སུན་དུ་བཅུག་སོང་།”
མོས་སྐད་ཆ་འདི་བཤད་ནས་རང་ཉིད་ཀྱི་རིག་པ་ཕྱིར་མངོན་འདོད་ཡོད་ཅིང་། ངས་བསམས་ན་མོས་ཐོག་དང་པོར་འདི་ལྟར་བཤད་པའང་མིན་པར་འདོད། ཕྱིས་སུ་ངས་མོ་མི་དེ་ལྟ་བུ་ཞིག་མིན་པ་གཞི་ནས་ཤེས། འོན་ཀྱང་ང་ཚོ་ནི་ཅི་བཤད་ལྷུར་ལེན་མཁན་གྱི་མི་ཞིག་ནི་མ་ཡིན་ནོ།
མོས་བཤད་ན་མོ་བཤམས་སྟོན་ཁང་དུ་ལྟད་མོར་འགྲོ་དུས་སྒོ་འབྱེད་པའི་དུས་ནས་ཡོལ་འདུག་མོད། བཤམས་སྟོན་ཁང་གི་མི་རྣམས་ཀྱིས་མོ་ནོར་ཇེ(Norge)ཡི་མི་ཡིན་པ་ཤེས་ནས་ནང་དུ་འགྲོ་རུ་བཅུག་ཟེར།
དེ་རུ་སྡོད་པའི་མི་ཞིག་ན་རེ།
“ཡོག་གྲོང་ཁྱེར་དུ་ནོར་ཇེ་བ་ཐོག་དང་པོར་ཡོང་བ་མིན།”
“ངོ་མ་རེད།” མོ་ན་རེ། “གལ་ཏེ་མི་རྣམས་ལ་ཅི་ཞིག་ཡོངས་སུ་དབང་ནས་སླར་ཡང་ཤོར་སྲིད་པ་ཞིག་བཤད་དུ་ཡོད་ཚེ། ཨེན་གི་ལན་དྷི(England)ནི་མ་གཞི་ནི་ང་ཚོའི་ཡིན་ཏེ་ཕྱིས་སུ་ལག་ནས་ཤོར་བ་རེད།”
སྐབས་དེར་ངས་ད་གཟོད་མོ་ལ་མཉམ་བཞག་སྟེ་ཞིབ་ལྟ་ཞིག་བྱས་པ་ཡིན། ཝིལ་ལཱིམ•བྷི་ལེ་ཁི་ལ་དངུལ་ལྟར་ཞི་ཞིང་འཇམ་པ་དང་། གསེར་ལྟར་རྒོད་ཅིང་དབལ་བའི་གཞོན་ནུ་མ་ཞེས་པའི་སྙན་ཚིག་ཅིག་ཡོད་མོད། ཨོལ་རིས་ཀཱ་ཡི་ལུས་སྟེང་ན་ནི་གསེར་ལྟར་ཞི་ཞིང་འཇམ་པ་ཞིག་འདུག་སྟེ། མོའི་སྐྱེ་གཟུགས་རིང་ལ་ཧ་ཅང་གྲུང་ཤ་དོད་པ་དང་། ཤ་མདངས་རབ་ཏུ་དཀར་ཞིང་མིག་ལ་སྐྱ་མདངས་ཤིག་བབས་ནས་འདུག ང་ལ་བྱད་གཟུགས་ལས་གཞན་པའི་བག་ཆགས་ཟབ་མོ་ཞིག་བཞག་པ་ནི་མོའི་ཞི་ལྷོད་དང་ལྐོག་གྱུར་གྱི་གཤིས་ཀ་དེ་ཡིན་ཞིང་། མོ་ག་ལེར་འཛུམ་ཞིག་ལངས་མོད། འཛུམ་མདངས་དེས་མོ་སྔར་བས་ཀྱང་ང་ཚོ་དང་རྒྱང་བཀྱེད་དུ་བཅུག མོའི་ལུས་ཡོངས་སུ་ལྭ་བ་ནག་པོ་གྱོན་ཡོད་ཅིང་། དེ་ནི་བྱང་ཕྱོགས་ཀྱི་ས་ཁུལ་འདི་ལ་མཚོན་ན་ཧ་ཅང་མཐོང་དཀོན་པ་ཞིག་རེད། རྒྱུ་མཚན་དེ་རུ་སྡོད་པའི་མི་རྣམས་ཀྱིས་ནི་བཀྲག་མདངས་བཀྲ་བའི་ཁ་ཏོག་ཅིག་གྱོན་ནས་སྐྱ་མདོག་གི་ཁོར་ཡུག་དེ་ལ་སྤྲོ་སྣང་ཉག་ཙམ་བྱུག་པར་ཧ་ཅང་སྤྲོ། མོས་བཤད་པའི་ཨིན་སྐད་ཀྱང་སྒྲ་གསལ་ཞིང་དག་པ་དང་། འདར་སྒྲ་འདོན་པ་ལ་ལྗིད་དོག་ཙམ་འཕབ། ང་ལྟ་ཞིབ་ལ་མི་མཁས་པས་ཞིབ་ཆ་འདི་དག་ནི་ངས་ཕྱིས་སུ་རིམ་གྱིས་ཤེས་པ་ཡིན།
མི་ཞིག་གིས་ངེད་གཉིས་ཕན་ཚུན་ལ་འཚམ་སྦྱོར་བྱས་ཤིང་། ངས་མོ་ལ་རང་ཉིད་ནི་བྷོ་གྷི་ཐ་ཨན་དྷེ་སི་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ཞིག་ཡིན་ཞིང་། ཁུ་ལུམ་པི་ཡ(Columbia)ཡི་མི་ཡིན་ཞེས་བཤད་པ་ཡིན།
མོས་བསམ་གཞིགས་དང་བཅས་ང་ལ་འདི་ལྟར་དྲིས།
“ཁུ་ལུམ་པི་ཡ་ཡི་མི་ཞིག་ཡིན་ཞེས་པའི་མཚོན་དོན་ཅི་ཞིག་ཡིན།”
“ངས་མི་ཤེས།” ང་ན་རེ། “དེ་ནི་དཔང་ཡིག་གི་གནད་དོན་རེད།”
མོ་མོས་མཐུན་བྱུང་ནས“ང་ནོར་ཇེའི་མི་ཞིག་ཡིན་པ་དང་འདྲ་བོ་རེད”ཟེར།
དགོང་མོ་དེར་གཞན་ཅི་ཞིག་བཤད་པ་དྲན་རྒྱུ་མི་འདུག ཉིན་གཉིས་པར་ང་སྔ་མོར་ཐོག་ཁང་ལས་མར་བབས་ཏེ་གསོལ་ཁང་དུ་ཆས། མཚན་མོ་དེར་ཁ་བ་བབས་ཤིང་།དྲ་མའི་ཕྱི་རོལ་ནི་དཀར་ལམ་ལམ་དུ་གྱུར་ནས་ས་གཞི་ཡོངས་སུ་བཀབ་འདུག གསོལ་ཁང་དུ་མི་གཞན་པ་མེད་ཅིང་། ཨོལ་རིས་ཀཱ་ཡིས་ང་བོས་ནས་མོ་དང་མཉམ་དུ་སྡོད་དུ་བཅུག མོས་རང་ཉིད་ནི་གཅིག་པུར་འཆམ་འཆམ་དུ་འགྲོ་རྒྱུར་དགའ་ཟེར།
ངས་ཞོ་ཕེན་ཨོར(Arthur Schopenhauer)གྱི་དགོད་གཏམ་ཞིག་ཡིད་ལ་དྲན་ནས་ན་རེ།
“ང་ཡང་དེ་འདྲ་ཡིན། ངེད་གཉིས་མཉམ་དུ་ཕྱི་རུ་འཆམ་འཆམ་ཞིག་བྱེད་དུ་སོང་ཡང་མི་ཆོག་པ་ཅི་ཡོད།”
ཁ་བ་གསར་བ་དེ་ལྡོག་པས་གནོན་བཞིན་ང་ཚོ་མགྲོན་ཁང་དེ་དང་ཁ་གྱེས་པ་ཡིན། ཕྱི་རུ་མི་གཅིག་ཀྱང་མཐོང་རྒྱུ་མི་འདུག ངས་གཙང་བོའི་སྨད་རྒྱུད་ཀྱི་ཐོག་ལྷའི་ལྷ་ཁང་དུ་འགྲོ་རྒྱུའི་རེ་བ་བཏོན་པ་ཡིན་ཞིང་། དེ་དང་ཨིན་ལེ་འགའི་བར་ཐག་ལས་མི་འདུག བདག་གིས་རང་ཉིད་ཀྱི་སེམས་པ་སྔོན་ནས་ཨོལ་རིས་ཀཱ་ལ་ཤོར་བ་གཞི་ནས་ཤེས། མོ་ལས་གཞན་པའི་མི་སུ་ཡིན་ཡང་། ང་དེ་དང་ལྷན་དུ་སྐད་ཅིག་ཙམ་ལ་ཡང་འདུག་མི་འདོད།
ངས་གློ་བུར་དུ་རྒྱང་རིང་ན་སྤྱང་ཀིས་ངུ་ཟུག་བྱེད་ཀྱིན་པ་ཐོས། ངས་ཚེ་གང་བོར་སྤྱང་ཀིས་ངུ་ཟུག་བྱེད་པ་ཐོས་མ་མྱོང་མོད། འོན་ཀྱང་ངས་དེ་ནི་སྤྱང་ཀི་ཡིན་པ་ཤེས་སོང་། དེ་ལས་ལྡོག་སྟེ་ཨོལ་རིས་ཀཱ་ཡིས་ཅི་ཡང་ཤེས་ཀྱིན་མེད་པ་འདྲ།
ཅུང་ཙམ་འགོར་ནས་མོས་ཆིག་ལབ་བྱེད་པ་ནང་བཞིན་ན་རེ།
“ཨོ་སུ་ལོ(Oslo)བཤམས་སྟོན་ཁང་གི་གྲུ་གཟིངས་ཆེན་པོ་དེ་ཚོ་དང་བསྡུར་ན། ཁ་སང་ཉིག་ཡོག་ལྷ་ཁང་ནས་མཐོང་བའི་རལ་གྲི་རྙིང་ཟད་དེ་ཚོས་ངའི་ཡིད་སེམས་དྲངས་སོང་།”
ང་ཚོའི་ལམ་ཐིག་ཁ་ཁར་ཕྱོགས་འདུག ཨོལ་རིས་ཀཱ་ཉིན་དེའི་ཕྱི་དྲོར་ལོན་ཏོན་ལ་ཆས་པ་དང་། ང་འེ་ཏིན་སྦུ་ར(Edinburgh)ལ་སོང་བ་ཡིན།
“དྷི་ཁུན་སེ(De Quincey)ཡིས་ལོན་ཏོན་གྱི་མི་ཚོགས་ཁྲོད་ནས་ཁོའི་ཨན་ནཱ་བཙལ་བ་རེད།” ཨོལ་རིས་ཀཱ་ན་རེ། “ངས་ཨོ་ཁུ་སི་ཧྥོར་དྷི(Oxford)ནས་ཁོའི་གོམ་རྗེས་བསྙེག་རྒྱུ་ཡིན”ཟེར།
“དྷི་ཁུན་སེ་ཡིས་འཚོལ་མཚམས་བཞག་པ་རེད།” ངས་ཁོ་མོའི་ལན་དུ། “ངས་ནི་ད་དུང་གོམ་མཚམས་མ་བཞག་པར་ད་རེག་བར་དུ་བཙལ་ནས་ཡོང་བ་ཡིན”ཞེས་བཤད།
“ཁྱོད་ཀྱིས་མོ་བཙལ་ནས་རྙེད་ཡོད་ཀྱང་སྲིད།” ཁོ་མོས་སྐད་དམའ་མོས་དེ་ལྟར་བཤད་བྱུང་།
ངའི་བདེ་བ་སྙིང་ལ་ཟུག་སོང་། བློ་ངོར་མི་ཤོང་བའི་དོན་དག་ཅིག་ནི་ང་ལ་མཚོན་ན་བཀག་སྡོམ་རང་བྱས་མེད་པ་ཤེས། ངས་ཁོ་མོའི་མཆུ་ཏོ་དང་མིག་ཀོང་ལ་འོ་བྱས་པ་ཡིན། མོས་འཇམ་བག་ལྡན་ཞིང་བརྟན་ཚུགས་ཡོད་པའི་ངང་ང་ལ་ཕུད་ཤེད་ཅིག་བྱས་ཤིང་། ཡང་ཚམ་ཚོམ་མེད་པར་ན་རེ།
“ཐོག་ལྷའི་ལྷ་ཁང་གི་མགྲོན་ཁང་དུ་འབྱོར་ཚེ། ཁྱོད་ཀྱིས་ང་ལ་ཅི་བྱེད་འདོད་ན་དེ་བྱེད་ཆོག ད་ལྟ་ཁྱོད་ཀྱིས་ང་ལ་མི་རེག་པར་ཞུ། དེ་ལྟར་བྱས་ན་བཟང་།”
ལོ་ན་རྒན་པའི་སྐྱེས་པ་ཁེར་སྡོད་ཅིག་ལ་མཚོན་ན། ཐོབ་པར་འདོད་པའི་བརྩེ་དུང་ནི་སྔོན་ནས་རྨི་ལམ་ལྟ་བུའི་ལེགས་སྐྱེས་ཤིག་ཏུ་གྱུར་ནས་ཡོད་པས། ལྟོས་དབང་འདིར་ང་ལ་ཆ་རྐྱེན་ཞིག་འདོན་པའི་དབང་ཆ་ནི་ལོས་ཡོད་དེ། ངས་ཕོ་ཕཱེ་ཡན(Popayan)ན་ཡོད་པའི་གཞོན་དུས་ཀྱི་རང་ཉིད་དང་། ཐེ་ཁུ་སཱ་སི(Texas)ཡི་བུ་མོ་ཞིག་དྲན་བྱུང་། བུ་མོ་དེ་ཨོལ་རིས་ཀཱ་དང་འདྲ་བར་བྱད་གཟུགས་དྭངས་པ་ཞིག་ཡིན་མོད། ཁོ་མོས་ངའི་བརྩེ་བ་དང་དུ་མ་བླངས།
ངས་སྡུག་ཉོས་ནས་ཁོ་མོ་རང་ལ་དགའ་གིན་ཡོད་མེད་མ་དྲིས། ངས་རང་ཉིད་ཆེས་ཐོག་མ་མ་ཡིན་པ་ཤེས་ལ། རང་ཉིད་ཆེས་མཐའ་མ་དེ་ཡིན་མི་སྲིད་པ་ཡང་ཤེས་ཡོད། ལམ་ཐུག་འདི་ང་ལ་མཚོན་ན་ཆེས་མཐའ་མ་དེ་ཡིན་ཡང་སྲིད་མོད། འོན་ཀྱང་གཟི་བྱིན་འབར་ཞིང་འེ་བྷུ་སེན(henrik ibsen)གྱི་གཡོ་མེད་དད་འབངས་སུ་གྱུར་བའི་མི་དེ་ལ་མཚོན་ན། འདི་ནི་ཐེངས་གང་མང་ཁྲོད་ཀྱི་གཅིག་ཙམ་ལས་མ་འདས་སོ།
ངེད་གཉིས་ཀྱིས་ལག་གདང་སྦྲེལ་ནས་མུ་མཐུད་དུ་སོང་བ་ཡིན།
“འདི་དག་ཡོད་ཚད་རྨི་ལམ་ཞིག་དང་འདྲ།” མུ་མཐུད་དུ་ངས་དེ་ལྟར་བཤད། “འོན་ཀྱང་ངས་བྱིངས་ནས་རྨི་ལམ་རྨི་མ་མྱོང་།”
“ལྷ་སྒྲུང་ཁྲོད་ཀྱི་རྒྱལ་པོ་དེ་དང་འདྲ་བོ་འདུག” ཨོལ་རིས་ཀཱ་ན་རེ། “སྒྱུ་མ་མཁན་དེས་ཁོ་རང་ཕག་རར་སྙོལ་རེག་བར་དུ་ཁོས་ཀྱང་རྨི་ལམ་རྨི་མྱོང་མེད།”
ཅུང་ཙམ་བསྡད་རྗེས། ཡང་མོ་ན་རེ།
“ཞིབ་ཏུ་ཉོན་དང་། བྱ་ཞིག་གྲག་རྒྱུ་རེད།”
མ་འགྱངས་བར་ངེད་གཉིས་ཀྱིས་དངོས་གནས་བྱ་སྐད་ཅིག་ཐོས་བྱུང་།
“འདི་རུ་སྡོད་པའི་མི་དག” ང་ན་རེ། “ཁོ་ཚོས་འཆི་ལ་ཉེ་བའི་མི་རྣམས་ལ་སྔོན་ཤེས་ཡོད་པར་འདོད།”
མོས་ལན་དུ་ན་རེ། “འོ་ན་ང་ནི་འཆི་ལ་ཉེ་བའི་མི་ཞིག་རེད།”
ང་ཧོན་འཐོར་ནས་ཁོ་མོར་ཅེར་ནས་བསྡད།
“ང་ཚོས་ནགས་ཚལ་བརྟོལ་ཏེ་ཉེ་ལམ་བསྐོར་ནས་འགྲོ།” ངས་མོ་ལ་ནན་སྐུལ་གྱིས་ན་རེ། “ཐོག་ལྷའི་ལྷ་ཁང་ལ་མྱུར་དུ་སླེབས་ངེས།”
“ནགས་ཚལ་དུ་ཧ་ཅང་ཉེན་ཁ་ཆེ།” མོས་སྨྲས་པ།
ངེད་གཉིས་མུ་མཐུད་དུ་ཐང་སྟོང་བརྒྱུད་ནས་སོང་བ་ཡིན།
“ངས་སྐད་ཅིག་མ་འདི་ལ་ཇི་སྲིད་དུ་འགྱུར་བ་མེད་ན་བསམ།”ངའི་ངག་ནས་ལྡབ་ལྡིབ་ཀྱིས་ཤོར།
ཨོལ་རིས་ཀཱ་ཡིས་ཁོ་ཐག་ཆོད་པའི་ངང་ན་རེ། “‘ཇི་སྲིད’ཅེས་པ་འདི་ནི་སྐྱེས་པ་ཚོའི་ཁ་ནས་འཆོར་མི་རུང་།” ནན་བཤད་དེ་ཇེ་འཇམ་ལ་གཏོང་ཕྱིར། ཁོ་མོས་ཡང་བསྐྱར་ངའི་མིང་དེ་བཤད་པར་ཞུས་ལ། ཐོག་དང་པོར་གསལ་པོ་ཞིག་གོ་མ་སོང་ཟེར།
“ཧཱ་ཝིལ•ཨོ་ཐ་རོ་ལཱ།” ངས་མོ་ལ་དེ་ལྟར་བཤད།
མོས་ཐེངས་གཅིག་བཟློ་བར་ཚོད་ལྟ་བྱས་མོད་སྒྲ་དག་པོར་འདོན་མ་ཐུབ། ངས་ཨོལ་རིས་ཀཱ་ཟེར་བའི་མིང་འདི་བཟློ་སྐབས་ཀྱང་སྒྲ་ཡག་པོ་ཞིག་འཁྱོངས་དཀའ།
མོ་འཛུམ་ཆུང་ཞིག་ལངས་ནས་ན་རེ། “ད་ངས་ཁྱོད་ལ་སི་གར་དྷི(Sigurd)རུ་འབོད་རྒྱུ་བྱེད།”
“ཆོག་གི ང་སི་གར་དྷི་ཡིན།” ངས་མོ་ལ། “འོ་ན་ཁྱོད་ནི་སྦི་རན་ཧིལ་དྷི(brynhild)ཡིན་ངེས།”
མོས་གོམ་ཁ་ཇེ་དལ་ལ་བཏང་།
“ཁྱོད་ཀྱིས་སཱ་གཱ(saga)ཡི་གཏམ་རྒྱུད་དེ་ཤེས་སམ།” ངས་མོ་ལ་དེ་ལྟར་དྲིས།
“ལོས་ཤེས།” མོ་ན་རེ། “གཏམ་རྒྱུད་ཡིད་སྐྱོ་བ་ཞིག་ཡིན། རྗེས་སུ་འཇར་མན་པ་ཚོས་ཁོང་ཅག་གི་ནེ་སྦུ་ལུན(Nibelung)གྱི་གཏམ་རྒྱུད་ཀྱིས་བརྫད་པ་རེད།”
ངས་མོ་དང་རྩོད་པ་བྱེད་མ་འདོད་ནས་ན་རེ།
“སྦི་རན་ཧིལ་དྷི། ཁྱོད་ལམ་དུ་བགྲོད་ལྟ་ནི་མལ་ཁྲིའི་སྟེང་བཞག་པའི་སི་གར་དྷི་འགོག་བྱེད་ཀྱི་རལ་གྲི་ཞིག་དང་མཚུངས།”
གློ་བུར་དུ་ངེད་གཉིས་ཀྱིས་མགྲོན་ཁང་མིག་སྔོན་དུ་ཡོད་པ་མཐོང་། མགྲོན་ཁང་འདི་མགྲོན་ཁང་གཞན་ཞིག་དང་འདྲ་བར་ཡང་གཅིག་མིང་ལ་བྱང་ཕྱོགས་མགྲོན་ཁང་བཏགས་འདུག འོན་ཀྱང་ངས་དེ་ལྟོས་དབང་རེད་བསམ་མ་བྱུང་།
ཨོལ་རིས་ཀཱ་ཐོག་སྐས་ཀྱི་མཐོ་སར་འཛེགས་ནས་ང་ལ་སྐདབཏང་བྱུང་།
“ཁྱོད་ཀྱིས་སྤྱང་ཀིས་ངུ་ཟུག་བྱེད་པ་ཐོས་སོང་བ་མིན་ནམ། ཨིན་ཇི་ལ་སྔོན་ནས་སྤྱང་ཀི་མེད་པར་གྱུར་བ་རེད། མྱུར་མོར་ཡར་ཤོག”
ང་ཐོག་ཁང་དུ་ལངས་ནས་ལྟ་དུས། གྱང་ངོས་སུ་ཝིལ་ལཱིམ•མོར་སི(William Morris)ལུགས་ཀྱི་ལྡེབས་ཤོག་དམར་ནག་ཅིག་སྦྱར་འདུག་པ་མཐོང་ཞིང་། ཤིང་ཏོག་དང་འདབ་ཆགས་བསྲེས་པའི་རི་མོ་སྣ་ཚོགས་བྲིས་འདུག ཨོལ་རིས་ཀཱ་སྔོན་དུ་ཁང་པ་རུ་འཛུལ་སོང་། ཁང་པ་དམའ་ཞིང་ནང་ལ་མུན་པ་འཁྱིལ་ཡོད་པ་དང་། ཁང་ཀླད་མཆོད་རྟེན་ལྟར་རྩེ་འབུགས་ཤིང་གཤལ་འདབས་ཕྱོགས་གཉིས་སུ་བཟུར་ནས་བརྐྱངས་འདུག རེ་སྒུག་ཁྲོད་ཀྱི་མལ་གདན་དེ་གསལ་ལ་མི་གསལ་བའི་མེ་ལོང་ཞིག་ཏུ་ལྡོག་པར་འཕྲོས་ཤིང་། ཁམ་ཤིང་འོད་དུ་འཁྱུག་པ་དེས་ང་ལ《དམ་པའི་གསུང་རབ》ཁྲོད་ཀྱི་མེ་ལོང་དེ་དྲན་དུ་བཅུག ཨོལ་རིས་ཀཱ་ཡིས་གཞི་ནས་གོན་པ་ཕུད་ཚར། ཧཱ་ཝིལ། མོས་ང་ཡི་དངོས་མིང་ནས་བོས་བྱུང་། ངའི་ཚོར་བ་ཞིག་ལ་ཕྱི་རོལ་གྱི་ཁ་བ་ཆེ་ནས་ཆེ་རུ་བབས་བྱུང་། ཁྱིམ་ཆས་དང་མེ་ལོང་སོགས་གཅིག་ཀྱང་སྣང་ཡུལ་དུ་མ་གྱུར་ལ། ངེད་གཉིས་ཀྱི་བར་རོལ་ནི་རྣོ་གྲི་ཡིས་མ་ཆོད། དུས་ཚོད་ནི་སྤར་མོ་ནས་ཤོར་བའི་བྱེ་རྡུལ་དང་འདྲ་བར་ཡོལ། ཉམས་པ་མེད་པའི་བརྩེ་བ་ནི་མུན་ནང་ནས་ཡམ་ཡོམ་དུ་བསྐྱོམས། བདག་ལ་ཐེངས་དང་པོར་ཨོལ་རིས་ཀཱ་ཡི་ཤ་ཁྲག་གི་གཟུགས་བརྙན་དེ་ཐོབ་སོང་ལ། ཆེས་མཐའ་མ་དེ་ཡང་ཡིན་སྲིད་དོ།།།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1