རྟོགས་སད་ཀྱི་གླུ་ཆུང་སྙན་མོ།
མཁན་པོ་ཧན་ཧྲན། ཡ་མ་རྒྱལ་མཚན་གྱིས་བསྒྱུར། (དཀར་མཛེས) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
འཇིག་རྟེན་མི་རྟག་རླུང་རྡུལ་ཆུ་རིས་འདྲ།། ཚུལ་མཐུན་ཞི་འཇགས་བདེ་བའི་མན་ངག་མཆོག།
གང་ཕྱིན་རང་འདོད་ལས་ཀྱི་རྗེས་འབྲངས་ཏེ།། ཚེ་གཅིག་ཞི་མཐུན་ངང་ནས་སྤྱད་པར་འཚལ།།
གང་སྒྲུབ་ཚུལ་མིན་བསམ་སྦྱོར་ངན་བཅངས་ཏེ།། གང་སར་གཞན་སྐྱོན་ཕྱིར་བསྒྲགས་མ་བྱེད་ཅིག།
གང་ལའང་རྟོག་ལྡན་རྨོངས་ཀྱིས་མི་འཇུག་པར།། གང་མཛད་ཐམས་ཅད་གྲོས་ཀྱིས་བསྒྲུབ་པར་འཚལ།།
གཞུ་རྒྱུ་དྲག་བརྒྱངས་མྱུར་དུ་ཆད་འགྱུར་ཞིང་།། ངར་མཁྲེགས་ཉིས་ལྡན་གྲི་དབལ་རྡུགས་པར་སླ།།
དེ་བཞིན་རྣམ་ཀུན་གཞན་སེམས་འཁྲུགས་པའི་རྒྱུ།། བརྩེ་མེད་རྣོ་ངར་ཚིག་གིས་བསླངས་པ་ཉིད།།
ཡོད་མེད་ཡིན་མིན་གཞན་དང་རྩོད་དགོས་མེད།། ཁྱོད་རིང་ང་ཐུང་རྩོད་པའི་ཉིང་དགོས་ཅི།།
སྲིད་དོན་གང་མང་སྐྱོན་གྱིས་བཟུང་གྱུར་ན།། སྒྱུ་མའི་ལུས་གཟུགས་འདི་ལ་གཏད་སོ་ཅི།།
གྱོང་གུན་མྱངས་ཀྱང་བློ་ཕམ་ཅི་ཞིག་མཆིས།། ཕྱིར་ནུར་དགོས་ཀྱང་གཞན་འགོག་མ་བྱེད་དང་།།
དཔྱིད་དཔལ་ཤར་ཚེ་ལྕང་ལོར་ཚོན་ལྗང་བརྒྱན།། སྟོན་ཁར་སླེབས་དུས་མེ་ཏོག་གསེར་བཞིན་ནོ།།
མཚན་བཟང་སྙན་མོ་ཐུན་གསུམ་རྨི་ལམ་འདྲ།། རྒྱུ་ནོར་ལོངས་སྤྱོད་དབྱུག་ཟླའི་བ་མོ་བཞིན།།
གང་བྱུང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་ཀུན།། སུས་ཀྱང་མི་འཁྱེར་རང་གིས་མྱོང་དགོས་སོ།།
འགའ་རེས་སྤྱང་འཚུལ་ལམ་ནས་ནོར་འཚོལ་མོད།། བསླུ་མེད་ལས་འབྲས་བདེན་པའི་གྲུ་ཁ་ནས།།
འཁྱོག་ཅན་སྡང་ལྡན་དམྱལ་བར་ལྟུང་འགྱུར་ཞིང་།། སྲོང་པོ་རྒྱུད་འཇམ་སྐྱེས་བུ་ཞིང་ཁམས་འཆག།
དྲི་བཟང་དཔལ་གྱིས་ཕྱུག་པའི་རི་དྭགས་དང་།། རིན་བྲལ་དར་སྐུད་སྤྲས་པའི་འབུ་རིགས་གཉིས།།
རང་ལུས་ཁྱད་ཅན་བརྟེན་ཁར་སྲོག་འཕུང་བས།། ནོར་མང་མ་བརྩོན་ཆོག་ཤེས་སྨན་བཟང་བསྟེན།།
འཚོས་ཚེ་ཐབས་བརྒྱས་ནོམ་པ་གང་བསྒྲུབས་ཀུན།། འཆི་ཚེ་མི་འཁྱེར་ལག་སྟོང་ཆས་དགོས་མོད།།
བདེ་སྡུག་མཉམ་འདྲེས་འུར་འུར་འཕྱུར་ས་ནས།། སྤྲང་ཕྱུག་གཉིས་ཀས་ཟང་ཟིང་གནས་ལ་འབུངས།།
འགྲན་སེམས་དྲག་པོས་རྒྱལ་ཁའི་གནས་མ་སྙེག། ལོ་བརྒྱར་འཚོ་ཡང་སྒྱུ་མའི་གར་དང་མཚུངས།།
ཚེ་རྫོགས་འཇིགས་པའི་འཁར་སྒྲ་གྲགས་པའི་དུས།། རང་ཉིད་གང་འགྲོ་གནས་ལ་ཆ་མ་འཚལ།།