རླུང་འཚུབ་ཁྲོད་ཀྱི་རྟ་པ།
ཀླུ་པད་བཟང་། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
ཁོ་ཚོ་རླུང་འཚུབ་ལས་འདྲོགས་ཏེ་འཁྲུལ་སྣང་གི་ཞིང་དུ་གཤེགས།
ནམ་མཁའི་མཐོངས་དབྱིངས་ནས་དཔྱངས་པའི་སྐར་ཚོགས་གྲངས་མེད་པ་དག
རྟ་ཕོའི་སྲབ་མདའ་ལ་བརྫུས་ཏེ་ལག་གིས་འཐེན་པར་རྩོམ།
གོམ་སྟབས་མྱུར་མོས་བགྲོད་པ་དེ་ཁོ་ཚོའི་ཆུང་མ་དག་ཡིན་ཏེ།
ཞོགས་པའི་དུས་སུ་རི་འདབས་ནས་འཁྲིགས་པའི་སྨུག་པ་ལོང་ལོང་།
ཉི་ཟེར་གྱིས་གཤོག་མ་ནུས་པ་དེ།
མཚན་ཐུན་མུན་ཁང་ནས་སྦར་བའི་སྒྲོན་མེས་གསལ་བར་བྱ།
རླུང་འཚུབ་དང་འགྲོགས་ཏེ་གནའ་བོའི་གཞུང་ལམ་བསྙེགས།
རྨི་ལམ་ནས་བླངས་མྱོང་བའི་ལྷ་སྒྲུང་ནང་གི་དམངས་གླུ་དག
ངག་ལ་གྱེར་ཞོར་ལམ་དུ་ཞུགས་ཚེ།
རྟ་ཕོས་འཚེར་སྐད་སྒྲོག་པ་ལས་ཁོ་ཚོའི་གདོང་ནི་རྔུལ་ཆུས་གང་བར་བྱེད།
སྐྱོ་སྣང་དང་ཤུགས་རིང་འབྱིན་པ་བདག་གིས་གསོལ་འདེབས་སུ་བསྒོམས་ནས།
གླེགས་བམ་གཅིག་གི་ཆོས་ཐག་བཀྲོལ་དུས།
རྗེས་རབས་པའི་གུས་ཕྱག་ནི་ཕམ་ཁ་ཡིན་པར་རྟོགས་བྱུང་ཏེ།
འོད་དུ་འབར་བའི་ཡིག་འབྲུ་དེས་བདག་ལ་ན་ཟུག་སྐྱེད་པར་བྱེད།
ཟླ་འོད་འོག་གི་གཙང་བོ་ལ་ཕྱོགས་ཏེ།
སང་ཉིན་གྱི་གནམ་གཤིས་སྙན་ངག་གིས་འབྲི་བར་བྱ།
བྱེ་ཐང་གི་ས་གཞི་རིང་མོ་ལས་མིག་ཆུ་བཏང་བ་དེས།
ཁོ་ཚོའི་རྨི་ལམ་དུ་གཙང་བོ་བཞུར་རུ་བཅུག་ཡོད་དེ།
རླུང་གིས་ཁྱེར་བའི་ས་རྡུལ་གྲངས་མེད་པ་དག་ཆུ་ཐིགས་རེ་རེར་གྱུར་ཅིང་།
ཞི་འཇགས་ཀྱིས་བལྟམས་པའི་ཕ་ཡུལ་གྱི་རྩྭ་ཐང་ནས་སྐད་སྒྲ་འབྱིན་པར་བྱེད།
ཁོ་ཚོ་རླུང་འཚུབ་ལས་འདྲོགས་ཏེ་འཁྲུལ་སྣང་གི་ཞིང་དུ་གཤེགས།
འུ་ཅག་གི་རྨི་ལམ་ལས་ཁོ་ཚོའི་རེ་སྨོན་དང་ཡིད་ཆེས་བལྟམས།