དཀར་ནག
ཞོགས་ཉི། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
དཀར་ནག་ནི་ཉིན་མཚན་གྱིས་འབྱེད་པར་སྣང་ཡང་དེ་མ་ཡིན་ལ། དཀར་ནག་ནི་ཁ་དོག་གིས་འབྱེད་དགོས་བསམ་མོད་དེའང་མ་རེད། དཀར་ནག་ནི་ནམ་ཡང་ཕྱི་ལ་མི་མངོན་པའི་དྲན་ཤེས་ཀྱི་གཏིང་རིམ་ན་བག་ལ་ཞ་བའི་སེམས་ཀྱི་ཁ་དོག་དེ་ཉིད་ཡིན།
ང་ཚོས་དཀར་པོ་ཟེར་དུས་གློ་བུར་དུ་གངས་རི་ཞིག་དྲན་སྲིད་ལ། ནག་པོ་ཟེར་དུས་མཚན་མོ་ཞིག་ཀྱང་ཡིད་ལ་འཆར་སྲིད། དེ་དག་ཡོད་ཚད་ནི་འདྲེན་བྱེད་ཀྱི་མཐོང་ལམ་ན་མངོན་པའི་དཀར་ནག་གི་ཆ་ཤས་ཙམ་རེད།
དུས་ཡུན་གྱི་བྱུང་འདས་ལས། འཇིག་རྟེན་གྱི་བྱ་དངོས་མང་པོ་ཞིག་འགྱུར་ལྡོག་གི་གཡོ་སྐྱོམ་གྱི་རྩུབ་བརྡར་ལས་ཡུན་གྱིས་རལ་ནས་ང་ཚོ་དཀར་ནག་མ་ཡིན་པའི་ཁ་དོག་གཞན་ཞིག་ལ་འཁྲུལ་དུ་བཅུག་ནས་ཡོད། དེ་བས། དེ་རིང་ནི་དཀར་ནག་བསྡེབས་ནས་ཡོད་པའི་ཁ་དོག་ཁྲ་ཁྲ་དེ་ཡིན་པ་ལས། དཀར་ནག་གི་དབྱེ་བ་འབྱེད་པའི་བློ་མིག་སུ་ལའང་དཀོན་སོང་།
དཀར་ནག་གི་གོ་རིམ་ནོར་སོང་བས། ང་ཚོའི་མིག་ལམ་གྱི་ཡོད་ཚད་ནི་དཀར་ནག་གཉིས་ཀྱི་སོ་མཚམས་ན་འགྲེང་བའི་ཚོད་དཔག་གི་རི་མོ་མདོག་འགྱུར་དེའོ།།
སྐྱ་རེངས་ཀྱི་འཛུམ་ཞལ་སྣུམ་པོ་མཁའ་མཐའ་ནས་གསལ་དུས་ང་ཚོས་མུན་པའི་དོང་དུ་བྱིངས་ཚར་བ་ལྟ་བུའི་རྔུར་དབྱངས་འཐེན་སྲིད་ལ། ས་སྲོས་ཀྱི་གྲིབ་སོ་ནག་པོ་ཐོ་ཡོར་བཞིན་ཉེ་སར་བཅར་དུས་ཀྱང་ང་ཚོས་གྲེ་བ་བསངས་ནས་བདེན་ཅོག་ཅོག་གི་གླུ་དབྱངས་ལེན་ངེས། དེ་ལས་ང་ཚོས་དཀར་ནག་གི་གཏིང་མཐའི་བདེན་པ་རྙེད་ཀྱིན་མེད་པ་རང་བཞིན་གྱིས་ཚོར་ཡོང་།
ནམ་ནམ་ཞར་ཞར་བདག་གིས་དཀར་ནག་གོ་འབྱེད་ཀྱི་མེ་ལོང་ཞིག་ཐོབ་པར་བསྒུག་ཡོད། ད་ལྟ། ཐ་ན་ངས་རང་ཉིད་ཀྱི་ལུས་སྟེང་ལ་འབྱར་བའི་གྱོན་པ་དག་གི་ཁ་དོག་ཤེས་ཀྱིན་མེད་ལ། གཡས་གཡོན་ན་འགྲེང་བའི་གྲིབ་མ་དག་གི་འབྱུང་ཁུངས་ཀྱང་རྟོགས་ཀྱིན་མེད། མདུན་ཅོག་སྟེང་གི་བཟའ་བཏུང་ཕོར་བ་གང་གི་ཐོན་ཁུངས་མི་ཤེས་ལ། ད་དུང་འཛུམ་ཤིག་ཤིག་གི་ངོ་གདོང་དང་དེའི་རྒྱབ་ལྗོངས། ངག་འཇམ་འཇམ་གྱི་སྐད་ཆ་དག་དང་དེའི་བརྗོད་དོན་སོགས་ཅི་ཡང་མི་རྟོགས་པས། རང་ཉིད་ཁོ་ནར་དབང་བའི་འཇིག་རྟེན་ཞིག་ལ་སྨོན་གྱིན་ཡོད།
ང་རང་གངས་རི་མཐོན་པོ་ཞིག་གི་ཕང་བ་རུ་སྐྱེས་པས་ལྷན་སྐྱེས་ཀྱིས་དཀར་པོར་དུངས་བའི་བག་ཆགས་སྐྲུན་ཡོད། ང་རང་ཆུ་ཕྲན་དྭངས་མོ་ཞིག་གི་མཚར་སྡུག་གིས་སྐྱེད་པས་རང་བཞིན་གྱིས་དྭངས་གཙང་ལ་དགའ་བའི་གོམས་གཤིས་ཆགས་ཡོད། ང་རང་རྩྭ་ཐང་ཡངས་པོ་ཞིག་གི་བྲང་གཞོང་ནས་རྒྱས་པས་རང་བྱོན་གྱིས་ཁོད་ཡངས་བའི་བློ་ཁོག་བྱིན་ཡོད། ང་རང་ས་སྨྱུག་དཀར་པོ་ཞིག་གི་རྡུལ་ཕྲན་གྱིས་གསོས་པས་ཡ་ཆུང་གི་ལྷུ་ལག་མ་ལུས་དཀར་པོ་ཡིས་བརྒྱན་ཡོད། ང་རང་ཨ་མའི་ནུ་ཞོ་མངར་མོའི་འོ་སྤྲི་ཡིས་བསྐྱངས་པས་དྲིན་ལ་དྲིན་ལན་གཟོ་བའི་དྲན་ཤེས་ཀྱིས་བརླན་ཡོད། ང་རང་དགེ་རྒན་དམ་པ་ཞིག་གི་ལམ་སྟོན་ལས་ཐོན་པས་དབྱངས་གསལ་སོ་བཞིར་དུངས་བའི་སེམས་འདུན་གྱིས་ཕྱུག་ཡོད། ང་རང་མེས་པོ་རླབས་ཆེན་ཞིག་གི་ཐུགས་རྒྱུད་ལས་འབུས་བས་རྒྱུ་འབྲས་མིག་འབྲས་ལྟར་སྲུང་བའི་བཀའ་ལུང་གིས་ཟིན་ཡོད།
དེ་མིན་ད་དུང་། ངའི་མཐོང་ལམ་གྱི་ནག་པོ་ཡོད་ཚད་དཀར་པོ་ཡིན་ལ། དཀར་པོ་མཐའ་དག་ཀྱང་དཀར་པོ་ཡིན་ངེས། སྦྲ་ནག་གྲུ་བཞིས་ངའི་དུས་བཞིའི་ཆགས་འཇིག་བཟོད་སྒོམ་གྱིས་བསྐྱལ་མྱོང་ལ། ནག་མོ་ནོར་ཁྱུས་ངའི་ལོ་ཟླའི་ལྟོགས་སྐོམ་ལོངས་སྤྱོད་ཀྱིས་བསྐྱབས་མྱོང་། སྒོ་སམ་ནག་པོས་ངའི་ལང་ཚོའི་མེད་མུག་འོད་སྣང་ལ་བསྒྱུར་མྱོང་། ཐ་ན་ཕྲག་སྟེང་ན་གཡོ་བའི་སྐྲ་ལོ་ནག་པོ་འདིས་ཀྱང་རིགས་རྒྱུད་ཅིག་གི་མཛེས་སྡུག་གི་མངའ་ཐང་སྟོན་གྱིན་ཡོད་ལ། ཡོད་ཚད་ཀྱིས་ནག་པོ་ལས་ལྡོག་པའི་དཀར་པོ་རྐྱང་རྐྱང་གི་ཞིང་ཁོད་ཅིག་མཚོན་གྱིན་ཡོད།
ད་ལྟ། ངའི་དཀར་ནག་འབྱེད་པའི་མིག་འབྲས་རླུང་གིས་བཀབ་སོང་། དཀར་ནག་གི་འཚོལ་བའི་བློ་མིག་སྨུག་སྤྲིན་གྱིས་བསུབས་སོང་། དུས་རབས་ཀྱིས་ང་ཚོར་སྦྲིད་སྨན་བླུད་ཟིན་པས། ཡོད་ཚད་ཀྱིས་ལྡོངས་བའི་མིག་ཟུང་གིས་གངས་རི་མ་མཐོང་ལ། འཁུམ་པའི་ལག་ཟུང་གིས་མཉེན་འགུལ་མ་ཐུབ་པས། རྐང་སྙོབ་ལག་སྙོབ་ཅི་ལྟར་བྱས་ཀྱང་ཉིན་མཚན་གྱི་གོ་རིམ་འཁྲུལ་སོང་བས་གཏན་འདུན་གྱི་དམིགས་སོ་མ་རྙེད།
དཀར་པོ་ཡིན་ཞེས་ལྷ་དང་འགྲོགས་མཁན་དེ་ཚོ་ཆེས་ནག་པོ་དེ་ཡིན་ཡང་སྲིད་ལ། ནག་པོ་རེད་ཅེས་སྨག་དང་སྦྱར་མཁན་དེ་ཚོའང་ཆེས་དཀར་པོ་ཡིན་ཡང་ངེས།དཀར་པོའི་སོ་ཕྲེང་གི་བྲོ་གར་སྒྱུར་མཁན་དེ་ཁྱོད་ཀྱི་དགྲ་བོ་ཡིན་སྲིད་ལ། ནག་པོའི་ངོ་གདོང་གིས་གཤེ་གཤེ་གཏོང་མཁན་དེ་ཁྱོད་ཀྱི་སྙིང་ཉེ་ཡིན་ཡང་ངེས། གྲོང་ཁྱེར་གྱི་ཁོང་གསེང་ན་ཤོག་སྒོར་གྱི་མལ་ཁྲི་བརྩིགས་པའི་མི་བུ་དེ་དབུལ་བོ་ཞིག་ཡིན་ཀྱང་སྲིད་ལ། ཞིང་གྲོང་གི་རྣང་བར་ན་ཐོང་གཤོལ་གྱི་ལྗིད་ཤུགས་འདེགས་ཀྱིན་པའི་ཉམ་ཆུང་དེ་ཆེས་ཕྱུག་པོ་ཡིན་ཡང་ངེས། མཐོ་བའི་ཁྲི་སྟེང་ནས་གཟི་བརྗིད་ཀྱིས་འགྱིང་སྟེ་གཏམ་རྫིག་པོ་གནང་མཁན་དེ་ཉེས་ཅན་ཞིག་ཡིན་ཡང་དཔེ་ལ། དམའ་བའི་སྟན་ལ་བསྡད་དེ་ཞུམ་ཞུམ་གྱིས་ལས་ཀ་སྒྲུབ་མཁན་ཏེ་མཁས་པ་ཞིག་ཡིན་ཀྱང་སྲིད། ཁྱོད་ཀྱི་གཡས་གཡོན་ན་མ་ལུས་སྙིམ་པར་འཕྱར་ནས་འབུལ་མཁན་གྱི་བུ་མོ་དེ་འདྲེ་ཁྲག་འཐུང་མཁན་ཡིན་སྲིད་ལ། ཁྱོད་ལ་རང་དབང་གི་ཁོར་ཡུག་བསྐྲུན་ཏེ་སེམས་ཀྱིས་འཚོ་སྐྱོང་གནང་བཞིན་པའི་བུ་མོ་དེ་ཁྱོད་ཀྱི་ཚེ་གྲོགས་ཡིན་ཡང་ངེས།
རྒྱུ་མཚན་སྟོང་གི་དབང་གིས། ངས་དུས་ཀྱི་དཀར་ནག་ལ་འགྲེལ་བཤད་བརྒྱག་ཐུབ་མ་སོང་། དེ་ལྟར། ང་སང་ཉིན་ལ་འགྲོ་མི་འདོད་པར་ཕྱི་ནུར་བྱེད་འདོད། སང་ཉིན་ནི་ཁ་དོག་མེད་པའི་འཇིགས་རུང་གི་གྲོང་ཁྱེར་ཏེ་མི་ཡོད་ཚད་འདྲེ་རུ་འགྱུར་བར་ཧ་ཅང་སྐྲག རྒྱུ་མཚན་མང་པོ་མི་དགོས་ཏེ་ཐ་ན་མདུན་ངོས་ཀྱི་དཀར་ཡོལ་ནང་གི་འོ་མ་དེའི་ཁ་དོག་ཀྱང་ཤེས་དཀའ་བས་སོ།།