གསང་བ།
ཚེ་རིང་སྒྲོལ་མ། (པེ་ཅིན།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-03
ཉི་མས་ཆེས་མཇུག་མཐའི་འོད་སྣང་དེ་དཀར་བོ་རྫ་ཞེས་པའི་རི་རབ་སྟེང་ལ་སྤྲོས་པ་ན། ཉིན་གཅིག་པོར་རྩྭ་ཆུའི་ཆེད་དུ་འདུར་བའི་ནོར་ལུག་རྣམས་རང་རང་གི་ཕྱུགས་རའི་ཕྱོགས་སུ་འགྲོ་བཞིན་འདུག
“ཨ་ཕའི་གྱ་སྟོན་གྱི་ཆེད་ལ། མཛོ་མོ་འདི་མི་འཚོང་ག་མེད་རེད། ཁྱོད་ཀྱིས་ཉོས་པར་ངོ་མ་བཀའ་དྲིན་ཆེ།”དོན་གྲུབ་ཀྱིས་སྒོར་མོ་བརྩིས་ཚར་རྗེས་དེ་ལྟར་བཤད།
“འུ་གཉིས་ཀ་ཁྱིམ་མཚེས་རེད། ངས་ཁྱོད་ལ་རོགས་མི་བྱེད་སུས་བྱེད། བཀའ་དྲིན་བྱེད་མི་དགོས།”ཁྱིམ་མཚེས་རྡོ་རྗེས་དེ་ལྟར་བཤད།
“རེད་རེད། དོན་དག་འདི་ངའི་ཨ་ཕར་གཏན་ནས་མ་བཤད།”
“འོ་ཡ། དུས་རྒྱུན་ནོར་ཐམས་ཅད་རྫར་ཡོད་པས། ཁྱོད་ཀྱི་ཨ་ཕས་མི་ཤེས་ཁོ་ཐག་རེད།”རྡོ་རྗེས་དེ་ལྟར་བཤད་རྗེས་མཛོ་མོ་དེ་དེད་ནས་རང་གི་ནོར་ཁྱུར་ཕྱིན།
ཉི་མ་དལ་བུར་རི་རྒྱབ་ཏུ་བཞུད་སོང་།
དྲོད་སྣང་ཡལ་བ་དང་བསྟུན་ནས་ཨ་མྱེས་ཚེ་བརྟན་ཡང་གཉིད་ལས་སད་པས། ཁྱམས་རའི་མལ་ཁྲི་ཆུང་ངུ་དེའི་སྟེང་དུ་སྐྱིལ་ཀྲུང་བཅས་ཏེ་ཀྲོང་ངེར་བསྡད། ཁོའི་མགོའི་སྐྲ་དཀར་ཐུང་ངུ་དེ་ཡང་ང་བདག་པོར་ལད་མོ་བྱེད་བཞིན་ལྟ་བུར་ཀྲོང་ངེར་གཟེངས་འདུགཅུང་ཟད་འགོར་རྗེས། ཨ་མྱེས་ཚེ་བརྟན་གྱིས་ལག་པ་འདར་སིག་སིག་གིས་མལ་ཁྲིའི་འགྲམ་གྱི་ཇ་དྲེག་ཆགས་པའི་ཇ་ཕོར་དེ་བླངས་ཏེ། འདར་སིག་སིག་གིས་ཁ་ཕྱེ་སྟེ་ཇ་ཧུབ་ཀྱིས་འཐུངས་རྗེས། དལ་མོར་མལ་ཁྲིའི་སྟེང་དུ་སར་བབས་ཏེ། འདྲུད་ལྷམ་རྙིང་སྟུག་དེ་རྐང་པས་དྲུད་དེ་ཀ་བའི་མདུན་ལ་སོང་། ཀ་བའི་ངོས་ལ་འཛེར་མ་ཞིག་བརྡབས་ཡོད་པ་དང་། དེའི་ཐོག་ཏུ་མདོག་ལོག་པའི་ལྭ་བ་ཞིག་བཀལ་འདུགཨ་མྱེས་ཚེ་བརྟན་གྱིས་ལྭ་བ་དེ་བླངས་ནས་གཡང་ཤམ་བྱས་ཏེ། རང་གིས་རྐང་པ་དྲུད་པ་དང་རྐང་པས་འདྲུད་ལྷམ་དྲུད་དེ་སྒོར་སོང་།
གྲང་རླུང་ཞིག་དལ་བུར་ལྡང་བྱུང་། དེས་ཁེར་རྐྱང་གི་སྐྱོ་གླུ་ཞིག་ཡང་དང་ཡང་དུ་ལེན་བཞིན་ཡོད་པ་འདྲ། དེ་དང་བསྟུན་ནས་ཁྱིམ་ཚང་རེ་རེའི་དར་ལྕོག་ཡང་གཡོ་ཙམ་གཡོ་ཙམ་བྱེད་བཞིན་འདུག
ཉི་མ་ནུབ་རྗེས་ཀྱི་སྡེ་བ་ནི་ཅི་འདྲ་ལྷིང་འཇགས་ཞིག་རེད་ཨང་།
མི་དང་ཕྱུག་ཟོག་ཐམས་ཅད་རང་རང་གི་ཁྱིམ་དུ་ལོག་ཟིན་པས་མཐོང་རྒྱུ་ཅི་ཡང་མེད། ཨ་མྱེས་ཚེ་བརྟན་དལ་མོར་གཡུལ་ཁའི་ཕྱོགས་སུ་སོང་། ཁོ་དུས་རྒྱུན་དང་འདྲ་བར་རྩྭ་ཁང་གི་གྱང་ལ་བསྙེས་ནས་རྫ་མགོར་ཞིབ་ཀྱིས་བལྟས། དེ་ནས་ཅང་མ་འགོར་བར་ཁོས་དོན་གྲུབ་གཅིག་པུ་ཡོང་བཞིན་ཡོད་པ་མཐོང་བས། མྱུར་མོར“དེ་རིང་འདིས་མཛོ་མོ་དེད་དེ་མ་ཡོང་ངམ”སྙམ་སྟེ་ཁེར་བཤད་བྱེད་ཞོར་དུ་ཁྱིམ་དུ་ཕྱིན།
“ཨ་ཕ། བཟང་མོ་ད་རུང་ཡུལ་ལ་མ་ཡོང་ངམ།”དོན་གྲུབ་ཁྱིམ་ལ་ཐོན་རྗེས་དེ་ལྟར་དྲིས།
“མ་ཡོང་།”ཨ་མྱེས་ཚེ་བརྟན་གྱིས་དེ་ལྟར་བཤད།
“དེ་རིང་དགོང་ཇ་ཡང་ས་མ་རུབ་ན་འཐུང་ཐུབ་རྒྱུ་མ་རེད།”དོན་གྲུབ་གྱིས་ལྕགས་ཐབ་དུ་མེ་སྒོང་ཞོར་དུ་དེ་ལྟར་བཤད།
“མཛོ་མོ་དེད་དེ་མ་ཡོང་ངམ།”ཨ་མྱེས་ཚེ་བརྟན་གྱིས་དེ་ལྟར་དྲིས།
“དབྱར་གཞུང་ལ་རྫ་མགོར་རྩྭ་ཆུ་འཛོམས་འདུགཁྱིམ་ལ་དེད་དེ་ཡོང་ན་དུས་རྒྱུན་མི་ཞིག་རྗེས་དེད་དེ་མ་བསྡད་ཚེ། སྐབས་འགར་གཞན་གྱི་ཞིང་སར་རྒྱུག་འགྲོདེ་བས་སྡེ་བའི་ནོར་ཁྱུར་བཏང་བ་ཡིན། དེ་ན་བཟང་མོ་ཡུར་མ་ཡུར་དུ་བུད་སོང་རུང་། ང་ཁྱིམ་དུ་བསྡད་ན་ཆོགཁྱེད་གཅིག་པུ་ཁྱིམ་དུ་བཞག་ན་ང་གཉིས་ཀྱང་སེམས་མི་བདེ་པ་ཞིག་རེད།”དོན་གྲུབ་ཀྱིས་བ་མ་ཞིག་ཁྱེར་ཡོང་ནས་ལྕགས་ཐབ་སྟེང་དུ་བཞག་ནས་དེ་ལྟར་བཤད།
“ང་ལོ་བརྒྱད་བཅུ་བུད་ཡོད་རུང་། ཉལ་སར་ལྷུང་མེད། དེ་མིན། བཟང་མོས་ཡུར་མ་ཡུར་ཚར་ལ་ཁད་ཡོད་ཟེར། ཁྱིམ་ན་སྡོད་མི་དགོས། སང་ཉིན་མཛོ་མོ་འདེད་པར་སོང་།”
ཨ་མྱེས་ཚེ་བརྟན་གྱིས་དེ་ལྟར་བཤད་རྗེས་མལ་ཁྲིའི་སྟེང་ལ་བུད།
“ཨ་ཕ། ཉིན་འགའི་རྗེས་ནས་ཁྱེད་ལ་གྱ་སྟོན་བྱ་རྩིས་ཡོད། གྱ་སྟོན་ཚར་ན་ང་མཛོ་མོ་འདེད་པར་འགྲོ”དོན་གྲུབ་ཀྱིས་ཨ་ཕར་ཇ་གང་བླུགས་བྱུང་།
“གྱ་སྟོན་བྱེད་ན་སྒོར་མོ་མང་པོ་ཚར་འགྲོགྱ་སྟོན་ཞིག་མ་བྱས་ན་ཡང་སྡེ་མི་ཚོས་ཁྱོད་ལ་ངོ་ཚ་གཏོད་རྒྱུ་རེད།”
“ཁྱེད་ཀྱིས་སེམས་ཁུར་བྱེད་མི་དགོས། སྒོར་མོ་དལ་མོར་བཙལ་ན་ཆོགཁྱེད་རང་ལོ་བརྒྱད་ཅུ་བུད་པ་འདི་ནི་འུ་ཚང་བཟའ་མི་ཐམས་ཅད་ཀྱི་བསོད་ནམས་རེད། གྱ་སྟོན་མི་བྱེད་པའི་དཔེ་ཞིག་གང་ན་ཡོད།”
སྐབས་དེར་བཟང་མོ་ཁྱིམ་ལ་སླེབས་བྱུང་། ཁོ་མོས“ད་ལོར་ལོ་ཏོག་དང་ལྡུམ་བུ་མང་ཉུང་མེད་པ་འདྲ། ཡུར་མ་ཡུར་པར་མགོ་འཁོར་སོང་པས། ས་མ་རུབ་ཚེ་ཡུལ་ལ་ཡོང་རྒྱུ་ཡང་བརྗེད་འདུག”ཅེས་བཤད་རྗེས། མྱུར་མོར་ཟ་མ་གཡོས་སྦྱོར་བྱེད་འགོ་བརྩམས།
མུན་ནག་ནི་ཇེ་སྟུག་ནས་ཇེ་སྟུག་ཏུ་གྱུར། ཨ་མྱེས་ཚེ་བརྟན་ཚང་གིས་དགོང་ཇ་འཐུངས་ཚར་ཏེ་རང་གི་མལ་དུ་མནལ་འདུག
“ཁྱོད་ཀྱིས་ཟ་མ་བཟའ་དུས་སུ་བཤད་པའི་སྐད་ཆ་དེ་ངོ་མ་ཡིན་ནམ།”བཟང་མོས་ཁྱོ་གར་དེ་ལྟར་དྲིས།
“ཨ་ཕར་གྱ་སྟོན་བྱ་རྒྱུ་དེའམ། ངོ་མ་ཡིན།”དོན་གྲུབ་ཀྱིས་དེ་ལྟར་བཤད།
བཟང་མོས་འདང་ཞིག་བརྒྱབ་རྗེས“དེ་ན། སྒོར་མོ་ཡོད་དམ”ཞེས་དྲིས་པ་ན་དོན་གྲུབ་ཀྱིས“ཡོད”ཅེས་བཤད།
ཨ་མྱེས་ཚེ་བརྟན་ཚང་གི་གློག་བཅིལ་པ་དང་བསྟུན་ནས་ཁྱིམ་ཚང་སྐོར་ཞིག་གི་གློག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་བཅིལ་སོང་མོད། ཁྱིམ་ཚང་ལ་ལར་ད་རུང་གློག་འོད་གསལ་ལམ་ལམ་བྱེད། དོན་གྲུབ་དང་བཟང་མོ་གཉིས་ཀྱིས་རང་རང་སར་འདང་ཞིག་རྒྱག་བཞིན་རྒྱག་བཞིན་གཉིད་སོང་།
མཛོ་མོ་ཏག་ཏག་ཁྱིམ་ལ་གཏན་ནས་སླེབས་མ་བྱུང་།
ཉིན་འདིའི་རིང་ལ་ཨ་མྱེས་ཚེ་བརྟན་གྱིས་དུས་རྒྱུན་དོན་གྲུབ་རི་ལ་མངགས་རུང་། དོན་གྲུབ་ཀྱིས་གྱ་སྟོན་གྱི་ལས་ཀ་ལས་ཏེ་ཁྱིམ་དང་མ་གྱེས།
ཉི་མ་ནུབ་ཕྱོགས་ཀྱི་རི་བོའི་སྟེང་དུ་བབས་འདུགསེར་ལམ་ལམ་གྱི་ཉི་འོད་ཨ་མྱེས་ཚེ་བརྟན་གྱི་ལུས་པོའི་སྟེང་དུ་འཕྲོས་བཞིན་གདའ། ཁོ་ཡང་གཡུལ་ཁ་ནས་རྫ་མགོར་བལྟས་ནས་བསྡད་འདུག
ཉི་མ་ནུབ་སོང་། ཨ་མྱེས་ཚེ་བརྟན་ད་རུང་གཡུལ་ཁར་བསྡད་འདུགསྐབས་ཤིག་ལ། ཁོས་མ་ཎི་འདོན་བཞིན་རང་གིས་རྐང་པ་དྲུད་པ་དང་རྐང་པས་འདྲུད་ལྷམ་དྲུད་དེ་ཡིད་སེམས་མི་བདེ་བའི་ངང་ནས་ཕར་འགྲོ་ཚུར་འགྲོ་བྱས། ཏག་ཏག་སྐབས་དེར། མི་གཉིས་ཚུར་ཡོང་བཞིན་མཐོང་བས། ཨ་མྱེས་ཚེ་བརྟན་གྱིས་མ་ཎི་འདོན་མཚམས་བཞག་པ་དང་། གདོང་ལ་འཛུམ་ཞིག་བསྡུས་ནས་མི་དེ་གཉིས་ལ་ངང་སྒུག་བྱས།
“འོ། ཁྱོད་གཉིས་ཀ་རེད་ལ། གང་དུ་སོང་ངམ།”ཨ་མྱེས་ཚེ་བརྟན་གྱིས་མི་དེ་གཉིས་ཀ་ཁྱིམ་མཚེས་ཚང་གི་རྡོ་རྗེ་དང་ཁོའི་ཆུང་མ་ཡིན་པ་ཤེས་རྗེས་དེ་ལྟར་བཤད།
“ངེད་གཉིས་རྫ་མགོར་སོང་པ་ཡིན། སང་ཉིན་ཁྱེད་ཀྱི་གྱ་སྟོན་མིན་ནམ། དེའི་རྐྱེན་གྱིས་མོ་རྫ་མགོར་ང་རང་འབོད་དུ་ཡོང་བ་རེད། ཨ་མྱེས། ཁྱེད་ཀྱིས་ཅི་བྱེད་བཞིན་ཡོད།”རྡོ་རྗེས་དེ་ལྟར་དྲིས།
“འོ། ང་རང་འདི་གར་བསྡད་ཡོད། …… དེས་ན་ཁྱོད་ཀྱིས་ངེད་ཚང་གི་མཛོ་མོ་མཐོང་ངམ།”ཨ་མྱེས་ཚེ་བརྟན་གྱིས་རེ་ལྟོས་ཆེན་པོ་དང་བཅས་དེ་ལྟར་དྲིས།
“མཐོང་མ་སོང་། རྫ་མགོར་ནོར་མང་པོ་ཡོད་པས། ངས་ཁྱེད་ཚང་གི་མཛོ་མོ་མཐོང་རུང་གང་ཡིན་པ་མི་ཤེས།”
“འོ། རེད་རེད། བཀའ་དྲིན་ཆེ།”
“ཁྱེད་ཚང་གི་མཛོ་མོ་བོར་སོང་ངམ།”རྡོ་རྗེའི་ཆུང་མས་དེ་ལྟར་དྲིས།
“འོ། བོར་མེད། རྫ་མགོར་ཡོད།”
རྡོ་རྗེ་བཟའ་ཟླ་གཉིས་ཀ་ཨ་མྱེས་ཚེ་བརྟན་དང་གྱེས་རྗེས། གང་དྲན་དྲན་དུ་གཏམ་གླེང་ལ་རོལ་བཞིན་རང་ཁྱིམ་ཕྱོགས་སུ་སོང་།
“རྨོ་མོ་ཚེ་སྐྱིད་ཚེ་ལས་འདས་པ་ནས་བཟུང་། ཨ་མྱེས་ཚེ་བརྟན་དུས་རྒྱུན་སྒོ་ཁར་བསྡད་འདུགརྨོ་མོ་ཚེ་སྐྱིད་ལ་སྒུག་ཡོད་པ་འདྲ། ངོ་མ་སྙིང་རེ་རྗེ། ཁོ་ཚང་གིས་མཛོ་མོ་དེ་ཉོས་རྗེས། ཨ་མྱེས་ཚེ་བརྟན་གྱིས་རང་ལུས་མི་ལྕོགས་རུང་མཛོ་མོ་དེར་རྩྭ་ཆུ་སོགས་བྱིན་ནས་བདག་སྐྱོང་བྱས། དེའི་སྐབས་སུ། ཁོའང་དེ་འདྲ་སུན་པོ་མིན་པ་འདྲ། ཁྱོད་ཀྱིས་མ་ཤེས་པ་རེད། ཉིན་འདིའི་རིང་ལ། ཨ་མྱེས་ཚེ་བརྟན་གྱིས་ནམ་རྒྱུན་ཁོ་ཚང་གི་མཛོ་མོར་རེ་སྒུག་བྱས་ནས་བསྡད་འདུགངས་བལྟས་ན། མཛོ་མོ་དེ་ནི་རྨོ་མོ་ཚེ་སྐྱིད་ཀྱི་སྐྱེ་བ་ཡིན་ནའང་ཐང་། ངས་བཟང་མོར་ཐེངས་གང་མང་ཞིག་ལ་ཁ་བརྡ་བྱེད་འདོད་ཀྱང་བཤད་མ་ཕོད།”
རྡོ་རྗེའི་ཆུང་མས་དེ་འདྲ་ཞིག་བཤད་རྗེས། རྡོ་རྗེ་སེམས་མི་བདེ་བར་གྱུར་ནས“གླེན་མ་འདི། མི་བཤད་དགུ་བཤད། མགྱོགས་པར་འགྲོ”ཞེས་གཤེ་གཤེ་གཏོང་བཞིན་ཁྱིམ་དུ་ལོག
གྱ་སྟོན་གྱི་ཉིན་མོ་དེ་ལ། ཚ་བོ་བཀྲ་ཤིས་ཡང་སློབ་གྲྭ་ནས་ཡུལ་ལ་ཡོང་འདུགཨ་མྱེས་ཚེ་བརྟན་གྱིས་གནས་སྐབས་སུ་མཛོ་མོ་དང་འབྲེལ་ཡོད་ཀྱི་སེམས་ཁུར་དེ་རྣམས་སྤངས་ཏེ་དགའ་སྤྲོའི་ངང་ནས་གྱ་སྟོན་ལ་རོལ།
ཕྱི་ཉིན་ཨ་མྱེས་ཚེ་བརྟན་གྱིས་ཡང་བསྐྱར་དོན་གྲུབ་རྫ་ལ་མངགས། ཡིན་ཡང་། དོན་གྲུབ་ཀྱིས་ཁ་གཡོར་ས་བཙལ་ནས་ཨ་ཕར་ཁས་མ་བླངས། དེ་བཞིན་ཨ་མྱེས་ཚེ་བརྟན་གྱིས་དོན་གྲུབ་རྫ་ལ་འགྲོ་བར་བསྒུགས་ནས་གཟའ་འཁོར་གཅིག་འགོར་སོང་།
ཉིན་དེ་ལ། ཨ་མྱེས་ཚེ་བརྟན་ཡང་གཡུལ་ཁ་ནས་བསྡད་འདུག
“ཨ་ཕ། ཁྱེད་གཅིག་པུ་སྒོར་བསྡད་དེ་ཅི་བྱ། བཀྲ་ཤིས་གང་དུ་བུད་སོང་ངམ། ཁྱིམ་ལ་སོང་། བཟང་མོས་དགོང་ཇ་བསྐོལ་ཚར་འདུག”དོན་གྲུབ་ཕྱི་ལ་འགྲོ་ཞོར་དུ་དེ་ལྟར་བཤད།
ཨ་མྱེས་ཚེ་བརྟན་གྱིས་རེ་ལྟོས་དང་བཅས“ཁྱོད་གང་ལ་འགྲོ་རྒྱུ་ཡིན”ཞེས་དྲིས།
“རྡོ་རྗེས་ཁ་པར་བཏང་ནས་མྱུར་དུ་རྫ་མགོར་ཤོག་ཟེར། ཕལ་ཆེར་དོན་དག་ཅིག་བྱུང་སོང་།”
“དོན་དག་ཅི་ཞིག”
“གསལ་པོ་ཞིག་བཤད་མ་སོང། ང་ཕྱིར་ཡོང་ན་བཤད།”
གློ་བུར་དུ། ཨ་མྱེས་ཚེ་བརྟན་བློ་མི་བདེ་བར་གྱུར། ཁོ་ཁྱམས་རའི་མལ་ཁྲིའི་སྟེང་དུ་མ་ཎི་འདོན་བཞིན་དུ་བསྡད།
བཟང་མོས་ཨ་མྱེས་ཚེ་བརྟན་གྱིས་མ་ཎི་འདོན་པའི་སྐད་སྒྲ་ཐོས་པ་ན། ཁྱིམ་ལས་ལས་མཚམས་བཞག་སྟེ། ནང་སྒོ་ཕྱེ་ནས“ཨ་ཕ། དེར་བསྡད་དེ་ཅི་བྱ། ནང་དུ་ཤོགངས་ཁྱེད་ལ་དགོང་ཇ་ཁྱེར་ཡོང”ཞེས་བཤད།
“འོ་ཡ།”ཨ་མྱེས་ཚེ་བརྟན་ཡར་ལངས་ནས་ཁྱིམ་ལ་སོང་།
“རྒྱ་ཕྲུག་དེས་ཁྱེད་ལ་འདུག་རོགས་མ་བྱས་ཏེ་གང་ཞིག་ལ་རྩེད་མོར་རོལ་པར་ཕྱིན་སོང་ངམ།”བཟང་མོས་ཐུག་པ་དཀར་ཡོལ་གང་ཁྱེར་ཡོང་ནས་ཨ་ཕའི་ལག་ལ་བཞག་རྗེས་དེ་ལྟར་བཤད།
“ཅུང་ཙམ་སྒུགས་དང་། ཕལ་ཆེར་ཐོན་ལ་ཉེ།”
“འོ་ཡ། ཁྱེད་ཀྱིས་དགོང་འཚལ་ཐུངས། ང་རང་བཀྲ་ཤིས་འཚོལ་དུ་འགྲོ།”
བཟང་མོ་སོང་ནས་ཅུང་ཙམ་འགོར་རྗེས། ཨ་མྱེས་ཚེ་བརྟན་གྱིས་དཀར་ཡོལ་ཅོག་ཙེའི་སྟེང་ལ་བཞག་སྟེ། སྒེའུ་ཁུང་ལས་ཁོ་ཚོ་ཕྱིར་ཡོང་བཞིན་ཡོད་མེད་ལ་བལྟས།
ས་རུབ་སོང་། མུན་ནག་གིས་དལ་བུར་ས་གཞི་ཆེན་པོ་གཡོགས། དགུན་གཞུང་གི་མཚན་མོ་ནི་དུས་ཚིགས་གང་ལས་ཀྱང་ལྷིང་འཇགས་ཤིག་རེད། ལྷག་པར་དུ། དོ་དགོང་གི་ཨ་མྱེས་ཚེ་བརྟན་ཚང་དུ། གྲག་འགུལ་ཅི་ཡང་མེད་པར། ཐ་ན་ཨ་མྱེས་ཚེ་བརྟན་གྱི་སྙིང་ལྡིང་བའི་སྒྲ་ཡང་གསལ་པོར་ཐོས་ཐུབ།
དུས་ཚོད་ཕྱེད་ཀ་ཞིག་འགོར་སོང་། ཁོ་ཚོ་སུ་ཡང་ཕྱིར་སླེབས་མ་བྱུང་། ཨ་མྱེས་ཚེ་བརྟན་གྱིས་སྒེའུ་ཁུང་ཕྱེ་ནས“བཟང་མོ། བཟང་མོ”ཞེས་བོས་ཀྱང་། ཨ་ལན་ཅི་ཡང་མ་ཐོབ། དེ་ནས། ཨ་མྱེས་ཚེ་བརྟན་མྱུར་མོར་ཡར་ལངས་ཏེ་སྒོར་སོང་། ཡང་བསྐྱར་བཟང་མོ་བོས་པ་ན། སྔར་བཞིན་ཨ་ལན་སྟེར་མཁན་གཅིག་ཀྱང་མ་བྱུང་ལ། བཟང་མོ་ཡང་གར་སོང་ཆ་མེད་དུ་གྱུར་སོང་།
“དཀོན་མཆོག་མཁྱེན། དོན་དག་ཅིག་བྱུང་མེད་པར་སྨོན།”ཨ་མྱེས་ཚེ་བརྟན་གྱིས་ཡང་སྲང་ལམ་དེ་དེད་དེ་ཁོ་ཚོ་འཚོལ་དུ་སོང་།
དེ་ནས་ཅང་མ་འགོར་བར་མི་ཞིག་གི་སྐད་སྒྲ་གྲག་བྱུང་།
“ངའི་གཅེས་ཕྲུགཁྱོད་ལ་ཅི་ཞིག་བྱུང་སོང་། སུ་ཞིག་གིས་ཁྱོད་འདི་འདྲ་བཅོས་པ་རེད། ངའི་གཅེས་ཕྲུག”ཕལ་ཆེར་བཟང་མོའི་སྐད་ཡིན་པ་འདྲ།
“ཁྱོད་མ་ངུ། མགྱོགས་པོར་སོང་སྟེ་སྒོ་ཕྱེ།”དོན་གྲུབ་ཀྱིས་བཀྲ་ཤིས་ཁུར་ཏེ་སྒོ་ཁར་སླེབས།
“དོན་དག་ཅི་ཞིག་བྱུང་སོང་། ཨ……བཀྲ་ཁོ། ཨ……ཁྲག་འདི……”ཨ་མྱེས་ཚེ་བརྟན་གྱིས་གནས་ཚུལ་དེ་མཐོང་པ་ན། ཅི་བྱེད་འདི་བྱེད་མི་ཤེས་པར་གྱུར།
ཁོ་ཚོའི་གྲག་འགུལ་བྱུང་བ་དེ་དང་བསྟུན། སྡེ་བའི་ནང་གི་ཁྱི་རྣམས་ཕན་ཚུན་འགྲན་པ་ལྟ་བུ་གཅིག་རྗེས་གཉིས་མཐུད་ཀྱིས་གྲག་བྱུང་།
ཁོ་ཚོ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་ཁྱིམ་དུ་ལོག་རྗེས་སྡེ་བ་གང་བོར་ཡང་ལྷིང་འཇགས་སུ་གྱུར།
“བཀྲ་ཁོ། བཀྲ་ཁོ། ཁྱོད་ལ་ཅི་ཞིག་བྱུང་སོང་།”ཨ་མྱེས་ཚེ་བརྟན་གྱིས་བཀྲ་ཤིས་ཨ་ཕའི་རྒྱབ་ནས་བླངས་ཏེ་རང་གི་པང་དུ་བཟུང་།
“རྫ་མགོར་བྲག་རི་ཞིག་ནས་ལྷུང་སོང་ཟེར། མགོ་ལ་རྨས་ཙམ་བཟོས་པ་ལས་སྐྱོན་ཆེན་པོ་མི་འདུག”དོན་གྲུབ་ཀྱིས་དེ་ལྟར་བཤད།
“རྫ་གང་། བཀྲ་ཤིས་རྫ་མགོ་ལ་ཅི་ཞིག་བྱེད་པར་སོང་བ་རེད།”བཟང་མོས་བཀྲ་ཤིས་ཀྱི་གདོང་གི་ཁྲག་ཤུལ་འཁྲུད་བཞིན་དུ་དེ་ལྟར་དྲིས།
“ཚང་མ་ངའི་སྐྱོན་རེད།”ཨ་མྱེས་ཚེ་བརྟན་གྱིས་འགྱོད་གདུང་ཆེན་པོའི་ངང་ནས་བཀྲ་ཤིས་ཀྱི་གདོང་ལ་ལྟ་བཞིན་དེ་ལྟར་བཤད།
“ཨ་ཕ། ཁྱེད་ཀྱིས་ཅི་ཟེར།”བཟང་མོ་ཡ་མཚར་བའི་ངང་ནས་དེ་ལྟར་དྲིས།
“འདྲི་རྒྱུ་མ་མང་། བུ་ལ་སྐྱོན་ཆེན་པོ་ཞིག་བྱུང་མེད་པ་མིན་ནམ།”དོན་གྲུབ་ཀྱིས་དེ་ལྟར་བཤད།
ཏག་ཏག་སྐབས་དེར། བཀྲ་ཤིས་ཀྱིས་གློ་བུར་དུ “ང་ནི་རྫ་འགོར་སོང་བ་ཡིན། ཡིན་ཡང་། མཛོ་མོ་བཙལ་ནས་རྙེད་མ་སོང”ཞེས་བཤད་བྱུང་།
“མཛོ་མོ་སྡེ་བའི་ནོར་ཁྱུར་ཡོད། ཁྱོད་ཀྱི་ཨ་ཕ་འདེད་པར་འགྲོ་ངེས་རེད། ཁྱོད་ཀྱིས་མཛོ་མོ་དེད་འོངས་ནས་ཅི་བྱ།”བཟང་མོས་དགའ་སྐྱོ་འདྲེས་མའི་ངང་ནས་དེ་ལྟར་བཤད།
“ཨ་མྱེས་ཀྱིས་ཨ་ཕར་ཐེངས་མང་པོ་བཤད་རུང་། ཁོ་མ་སོང་ཟེར།”བཀྲ་ཤིས་ཀྱིས་ཁོའི་ཨ་ཕའི་ངོ་ལ་ལན་ཅིག་བལྟས་ནས་དེ་ལྟར་བཤད།
བཀྲ་ཤིས་ཀྱི་ཕ་མ་གཉིས་ཀ་དུས་རྒྱུན་ཕྱིར་ལས་ཀ་ལས་པར་འགྲོ་དགོས་པས། ལོ་འདིའི་རིང་ལ། བཀྲ་ཤིས་ནི་ཨ་མྱེས་ཚེ་བརྟན་གྱིས་གཉོར་སྐྱོང་བྱས་པ་ཡིན་ཞེ་ན་མི་ཆོག་རྒྱུ་མེད། དེ་བས། བཀྲ་ཤིས་ནི་ཕ་མ་གཉིས་ལས་ཨ་མྱེས་ལ་དུངས་པས། ཨ་མྱེས་ཀྱིས་ཅི་བཤད་བྱེད་ངེས་ཡིན།
“མ་རབས་འདི། ཁྱོད་ཀྱིས་འུ་ཚང་གི་མཛོ་མོ་གང་ཡིན་པ་ཤེས་སམ།”
“ཨ་མྱེས་ཀྱིས་བཤད་ན། མཛོ་མོས་རང་ཁྱིམ་གྱི་མི་ཤེས་པ་རེད་ཟེར།”
“དེས་ན་ཡང་ཁྱོད་གཅིག་པུ་སོང་ན་ག་ལ་འགྲིག”
བཟང་མོས་ལེ་བདའ་བྱེད་པའི་ཚུལ་གྱིས“ཨ་ཕ། བྱིས་པ་འདི་འདྲ་ཆུང་ཆུང་ཞིག་རྫ་ལ་སོང་ན་ཉེན་ཁ་ཅི་འདྲ་ཆེ། སང་ཉིན་ང་སོང་ནས་མཛོ་མོ་དེད་དེ་ཡོང”ཞེས་བཤད།
“ངའི་སྐྱོན་རེད། ངས་དོན་དག་འདི་འདྲ་ཞིག་བྱུང་འགྲོ་བ་ག་ལ་ཤེས།”
ཨ་མྱེས་ཚེ་བརྟན་གྱིས་བཤད་མ་ཐག་ཏུ་དོན་གྲུབ་ཀྱིས“ཨ་ཕ། དོན་ངོ་མ་ཡིན་ན། མཛོ་མོ་སྔར་ནས་བོར་སོང་། ཡུལ་ལ་དེད་དེ་མ་ཡོང་བའི་ཉིན་དེར”ཞེས་ཟེར།
“ཁྱོད་ཀྱི་ཚུགས་ཀར་བལྟས་ན་བོར་སོང་པ་ཤེས། དེའི་རྐྱེན་གིས་ངས་ཁྱོད་ཐེངས་དུ་མར་རྫ་མགོར་མངགས་པ་ཡིན། སང་ཉིན་ཡིན་གཅིག་མིན་གཉིས་མཛོ་མོ་རྙེད་དགོས།”
“ཉིན་འདི་འདྲ་མང་པོ་འགོར་སོང་། ཕལ་ཆེར་བཙལ་ན་རྙེད་དཀའ། གང་ཞིག་ནས་ཤི་སོང་ན་ཐང་།”
“ཉོག་གཏམ། ཤི་མེད་པ་ཁོ་ཐག་ཡིན། ཁྱོད་འཚོལ་དུ་མི་འགྲོ་ན་ཡང་། སྐད་ཆ་དེ་འདྲ་བཤད་མི་ཆོགདེ་ཁྱོད་ཀྱི…… ”ཨ་མྱེས་ཚེ་བརྟན་སྐད་ཆ་བཤད་མ་ཚར་གོང་ཁྲོས་ནས་མལ་ཁང་དུ་བུད་སོང་།
“ཨ་ཕས་མཛོ་མོ་འདི་ཡིན་གཅིག་མིན་གཉིས་བཙལ་ནས་རྙེད་དགོས་ཟེར་དོན་ཅི་ཡིན་ནམ། སྔོན་ན་འུ་ཚང་གི་ཟོག་ཅི་འདྲ་ཞིག་བོར་སོང་ན་ཡང་། ཨ་ཕས་འདི་འདྲ་བྱེད་མ་མྱོང་།”དོན་གྲུབ་ཀྱི་ཡིད་སེམས་གློ་བུར་དུ་མི་བདེ་བར་གྱུར།
“མཛོ་མོ་ངོ་མ་བོར་སོང་ངམ།”བཟང་མོས་དེ་ལྟར་དྲིས།
དོན་གྲུབ་ཀྱིས་བཟང་མོར་ལན་ཅི་ཡང་མ་བྱིན། བཟང་མོས་ཀྱང་ཅི་ཞིག་ཤེས་སོང་བ་བཞིན་འདྲི་མཚམས་བཞག་པས། ཁོ་བཟའ་ཟླ་གཉིས་ཀ་གྲག་འགུལ་མེད་པར་གྱུར།
མཚན་མོ་དེར་བཀྲ་ཤིས་མ་གཏོགས། སུ་ཡང་གཉིད་མ་ཁུགལྷག་པར་དུ། ཨ་མྱེས་ཚེ་བརྟན་ནི་འདང་རྒྱག་ཅིག་གི་ནང་དུ་ལྷུང་བ་དང་། སྡུག་བསྔལ་ཆེན་པོ་ཞིག་གིས་ཡང་ཡང་མནར་ནས་མཚན་མོར་གང་བོའི་གཉིད་ཀྱང་འཕྲོགས་སོང་།
“གལ་ཏེ། ངས་དུས་དོན་གྲུབ་ལ་རང་གི་ཨ་མའི་སྐྱེ་བ་ནི་མཛོ་མོ་དེ་ཡིན་པ་བཤད་ཡོད་ན། དོན་གྲུབ་ཀྱིས་མཛོ་མོ་བོར་མེད་ངེས་རེད། བོར་སོང་རུང་འཚོལ་བར་འགྲོ་ངེས། ད་ལྟ་བཤད་ན་ཁོར་སྡུག་བསྔལ་བཟོས་པ་ལས་ཅི་ཞིག་ཕན་ཐོགས། ད་མུ་མཐུད་དུ་གསང་དགོས་བྱུང་།”ཨ་མྱེས་ཚེ་བརྟན་ནི་ཞག་གང་བོར་གཉིད་མ་ལོག་པར་བསྡད།
ཕྱི་ཉིན། ཉི་མ་ཤར་མ་ཐག་ཏུ། ཨ་མྱེས་ཚེ་བརྟན་སྔ་མོར་ལངས་ཏེ་མ་ཎི་འདོན་བཞིན་འདུགབཟང་མོས་སྔར་བཞིན་ཁྱིམ་ལས་ལས་ཀྱིན་ཡོད། དོན་གྲུབ་ཀྱིས་བསང་བཏང་ཚར་རྗེས་སྒོར་བུད་སོང་། བཀྲ་ཤིས་ད་དུང་གཉིད་ལས་སད་མེད། སྔ་མོའི་གནས་ཚུལ་འདིར་བལྟས་ན། མདང་དགོང་དོན་དག་ཅི་ཞིག་ཀྱང་མ་བྱུང་པ་འདྲ།
ཅུང་ཙམ་འགོར་རྗེས། བཀྲ་ཤིས་ཡར་ལངས་ཚར་ནས་ཨ་མའི་མདུན་དུ་འོངས་ཏེ་“ཨ་མ”ཞེས་བོས།
“གཅེས་ཕྲུགམགོ་བོ་ན་བ་མིན་ནམ།”
“མི་ན།”
“འོ་ན་ཁྱོད་སྒོར་སོང་ནས་ཨ་ཕ་བོས་ཤོག”
བཀྲ་ཤིས་ཀྱིས“ང་ཏག་ཏག་སྒོ་ནས་ཡོང་པ་ཡིན། ཨ་ཕ་མཐོང་མ་སོང”ཞེས་ཟེར།
བཟང་མོས“དེས་ན་གང་ལ་བུད་སོང་ངམ”ཞེས་བཤད་རྗེས་ཇ་གང་ཁྱེར་ནས་ཨ་མྱེས་ཚེ་བརྟན་གྱི་ཁང་པར་སོང་།
ཉི་མ་དལ་མོར་ཤར་བྱུང་། སེར་ལམ་ལམ་གྱི་ཉི་འོད་དཀར་བོ་རྫ་དང་དེའི་རི་འདབས་ཀྱི་སྡེ་བའི་སྟེང་ལ་འཕྲོས། དོན་གྲུབ་རྫ་མགོར་སླེབས་བྱུང་། ཁོས་རྡོ་རྗེ་ཚང་གི་ནོར་ཁྱུ་ནས་རང་ཚང་གི་མཛོ་མོ་བཙལ་པ་ན། མཛོ་མོའི་གྲིབ་མ་ཙམ་ཡང་མ་མཐོང་། རྡོ་རྗེས་དོན་གྲུབ་མཐོང་བ་ན། ནོར་ཁྱུའི་གྲས་ནས་ཚུར་ཡོང་།
“དོན་གྲུབ། རྫ་མགོར་ཡོང་ནས་དོན་དག་ཡོད་དམ།”
“ངེད་ཚང་གི་མཛོ་མོ་དེ་འདིར་མེད་དམ།”
“རེད་ཡ། ངས་ཁྱོད་ལ་བཤད་རྒྱུ་བརྗེད་འདུགམཛོ་མོ་དེ་རྒྱ་མི་ཚོང་པ་ཞིག་ཡང་ཡང་རྫ་མགོར་ཡོང་ནས་ཁོར་འཚོང་དགོས་ཟེར་པས། ང་ལ་ཐབས་མེད་པར་ཁོ་ལ་བཙོངས་ཟིན།”
“ངས་ཨ་ཕར་རྫུན་བཤད་ནས་བོར་སོང་ཞེས་བཤད་ཡོད། ཁོས་ཡིན་གཅིག་མིན་གཉིས་བཙལ་ནས་རྙེད་དགོས་ཟེར། ད་ཅི་ཞིག་བྱས་ན་འགྲིག་གམ།”དོན་གྲུབ་འུ་ཐུག་པར་གྱུར།
“ཁྱོད་ཀྱི་ཨ་ཕས་རང་གི་ཚ་བོ་རྫ་མགོར་མཛོ་མོ་འཚོལ་དུ་མངགས་ལུགས་དེར་བལྟས་ན། ངས་ཀྱང་འདི་འདྲ་ཞིག་འབྱུང་ངེས་རེད་སྙམ་སྟེ། མཛོ་མོ་དེ་མྱུར་མོར་བཙོངས་པ་ཡིན། གལ་ཏེ། མ་བཙོངས་ན་དེ་རིང་མཛོ་མོ་དེ་ཕྱིར་ཁྱོད་ཀྱིས་དེད་འགྲོ་པ་ནི་བཤད་མ་དགོས་པ་རེད། ཡིན་ཡང་། ངའི་སྒོར་མོ་ཕྱིར་ལེན་དཀའ། ཁྱིམ་མཚེས་ཡིན་རུང་རང་གི་ཁེ་ཕན་ལ་བསམ་དགོས།”རྡོ་རྗེའི་སེམས་སུ་དེ་ལྟར་དྲན་བཞིན་དུ“ད་ནི་བཙལ་ནས་མ་རྙེད་ཟེར་པ་ལས་ཅི་ཞིག་བྱ”ཞེས་བཤད།
དོན་གྲུབ་ཕྱིར་ཁྱིམ་ལ་ཐོན་དུས། ཨ་མྱེས་ཚེ་བརྟན་གྱིས་གཡུལ་ཁ་ནས་བལྟས་ནས་བསྡད་འདུགདོན་གྲུབ་ཀྱིས་དེ་མཐོང་པ་ན། གློ་བུར་དུ་སྐྱོ་སྣང་ཆེན་པོ་ཞིག་སྐྱེས་ནས་ཨ་ཕའི་ཕྱོགས་སུ་གོམ་པ་གང་ཡང་སྤོ་མི་ཐུབ་པ་འདྲ།
“མ་རྙེད་དམ།”ཨ་མྱེས་ཚེ་བརྟན་གྱིས་དོན་གྲུབ་ཀྱི་གམ་ལ་བཅར་ནས་དེ་ལྟར་དྲིས།
དོན་གྲུབ་ཀྱིས་མགོ་གཡུགས་ནས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད།
“དེ་རིང་མ་རྙེད་ན། སང་ཉིན་ཡང་འཚོལ་དུ་སོང་། ནམ་ཞིག་ལ་བཙལ་ནས་རྙེད་ངེས་རེད།”ཨ་མྱེས་ཚེ་བརྟན་གྱིས་དེ་ལྟར་བཤད།
མཛོ་མོ་ཕྱིར་བཙལ་ནས་རྙེད་ཐབས་མེད་པ་ནི་དོན་གྲུབ་ཀྱི་སེམས་ན་གསལ་པོ་འདུགཡིན་ཡང་། ཨ་ཕས་ད་རུང་རེ་བ་བཟུང་ཡོད་པས། ཁོས་མུ་མཐུད་དུ་ཨ་ཕར་གསང་དགོས་བྱུང་།
ཉི་མས་ཆེས་མཇུག་མཐའི་འོད་སྣང་དེ་དཀར་པོ་རྫ་ཞེས་པའི་རི་རབ་སྟེང་ལ་སྤྲོས། ཉིན་གཅིག་པོར་རྩྭ་ཆུའི་ཆེད་དུ་འདུར་པའི་ནོར་ལུག་རང་རང་གི་ཕྱུགས་རའི་ཕྱོགས་སུ་འགྲོ་བཞིན་འདུག
ཨ་མྱེས་ཚེ་བརྟན་ཁྱམས་རའི་མལ་ཁྲི་ཆུང་ངུའི་སྟེང་དུ་བུད་དེ་སྐྱིལ་ཀྲུང་བཅས་ནས་བསྡད་ཡོད་པ་དང་། མལ་ཁྲིའི་འགྲམ་དུ་ཇ་དྲེག་ཆགས་པའི་ཇ་ཕོར་དང་འདྲུད་ལྷམ་རྙིང་སྟུག་གཉིས་རང་སར་བཞག་འདུགཀ་བའི་ངོས་ཀྱི་འཛེར་མའི་ཐོག་ཏུ་ཨ་མྱེས་ཚེ་བརྟན་གྱི་ལྭ་བ་བཀལ་འདུག་ལ། ཅུང་ཙམ་འགོར་རྗེས། དོན་གྲུབ་ཀྱིས་ཇ་དམ་ཁྱེར་ཡོང་ནས་ཨ་མྱེས་ཚེ་བརྟན་གྱི་ཇ་ཕོར་ནང་དུ་ཇ་གང་བླུགས།
སྐབས་དེར། ཕ་གིའི་ཞིང་ནང་ལས་གསལ་ལ་མི་གསལ་བའི་གླུ་སྒྲ་ཞིག་གྲག་བྱུང་། ཨ་མྱེས་ཚེ་བརྟན་གྱིས“ཁྱོད་ཀྱི་དྲིན་ཆེན་ཨ་མ་ན་གཞོན་པའི་དུས་སུའང་ཡུར་མ་ཡུར་ཞོར་དུ་གླུ་ལེན་པར་ཧ་ཅང་དགའ”ཞེས་བཤད།།