ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་དེ་མཚོ་སྔོན་གྱི་ ལས་བྱེད་པར་སློབ་གསོ་བྱེད་པའི་ནང་དོན་གཙོ་བོར་འགྱུར་དགོས།

ཀྲའོ་དབྱིན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


འདུ་ཤེས་གསར་བ་དང་བསམ་བློ་གསར་བ།

          འཐབ་ཇུས་གསར་བ།

གཅིག མཚོ་སྔོན་གྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ཁྲོད་ཤུགས་ཆེན་གྱིས་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོའི་དགོས་ངེས་རང་བཞིན་ཐད།

        ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོར་ཤུགས་སྣོན་པ་ནི་ཏང་གི་མི་རིགས་བྱ་བའི་གྲུབ་ཆ་གལ་ཆེན་དང་ཏང་གི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱ་བའི་ནང་དོན་གལ་ཆེན་ཞིག་ཡིན་ལ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་ལས་དོན་བདེ་བླག་ངང་སྐུལ་འདེད་བྱེད་པར་ཁག་ཐེག་གཏོང་བའི་གནད་འགག་མ་ལག་ཤིག་ཀྱང་ཡིན། མཚོ་སྔོན་ནི་མི་རིགས་མང་པོ་འདུས་སྡོད་བྱས་ཡོད་པའི་ས་ཁུལ་ཞིག་ཡིན་པས། ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ནང་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་བྱེད་ཤུགས་ཇེ་ཆེར་གཏོང་བའི་ཐད་རིགས་པའི་གཞུང་ལུགས་དང་ལག་ལེན་བྱེད་པའི་དགོས་ངེས་རང་བཞིན་སྔར་ལས་འབུར་དུ་ཐོན་དགོས།

(གཅིག)མི་རིགས་སོ་སོའི་མང་ཚོགས་ཀྱི་སྲོག་ཤིང་ཁེ་ཕན་སྐོང་བའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན།

        མཚོ་སྔོན་སྔར་ནས་ད་བར་མི་རིགས་མང་པོ་འདུས་སྡོད་བྱེད་ཅིང་ཆོས་ལུགས་མང་ཞིང་ཆོས་ལུགས་ཀྱི་གྲུབ་མཐའ་མང་པོ་མཉམ་དུ་གནས་པ། རིག་གནས་སྣ་མང་མཉམ་འདྲེས་བྱས་ཡོད་པའི་ཞིང་ཆེན་ཞིག་རེད། མིག་སྔར། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཁྲི587.6དང་གྲངས་ཉུང་མི་རིགས་མི་གྲངས་ཁྲི280.34ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི47.71%ཟིན་ཅིང་། གྲངས་ཉུང་མི་རིགས་ཀྱི་གྲུབ་ཆ54ལྷག་ཡོད། མི་རིགས་ས་ཁོངས་རང་སྐྱོང་གི་གྲངས་ཉུང་མི་རིགས་དེ་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་མི་གྲངས་ཀྱི81.55%ཟིན་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ས་གནས་ཀྱི་རྒྱ་ཁྱོན་དེ་ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི98%ཡན་ཟིན་ཡོད་པས། རྒྱལ་ཡོངས་གྲངས་ཉུང་མི་རིགས་མི་གྲངས་ཀྱི་བསྡུར་ཚད་ཆེས་མཐོ་བ་དང་། མི་རིགས་ས་ཁོངས་རང་སྐྱོང་གི་རྒྱ་ཁྱོན་བསྡུར་ཚད་ཆེས་ཆེ་བའི་ཞིང་ཆེན་ཞིག་ཡིན། ཞིང་ཆེན་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་དང་དབྱི་སི་ལན་ཆོས་ལུགས། ཏའོ་ཅའོ་ཆོས་ལུགས། ཡེ་ཤུའི་ཆོས་ལུགས། གནམ་བདག་ཆོས་ལུགས་བཅས་ཆོས་ལུགས་ཆེན་པོ་ལྔ་ཡོད་པས་དགོན་སྡེ་ལྷ་ཁང་ཞིང་ཆེན་ཡོངས་ཀྱི་ས་ཆ་ཀུན་ཏུ་ཁྱབ་ཡོད། ད་ལྟ་ཞིང་ཆེན་ཡོངས་སུ་ཆོས་དད་མང་ཚོགས་ཁྲི292ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་མི་གྲངས་ཀྱི52%ཟིན། ཆོས་ལུགས་སྤེལ་ས2200ལྷག་དང་དགེ་རྒན་དང་ལས་བྱེད་པ་ཁྲི4.9ཡོད། རྒྱལ་ཡོངས་སུ་བོད་རིགས་རང་སྐྱོང་ཁུལ10ཡོད་པ་དང་། དེའི་ནང་དུ་མཚོ་སྔོན་ལ་བོད་རིགས་རང་སྐྱོང་ཁུལ6ཡོད། མཚོ་སྔོན་བོད་ཁུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ70.7ཡོད་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི98.2%དང་རྒྱལ་ཡོངས་ཀྱི་བོད་ཁུལ་སྤྱིའི་རྒྱ་ཁྱོན་གྱི53.6%ཟིན། ཞིང་ཆེན་ཡོངས་ཀྱི་བོད་རིགས་མི་གྲངས་ཁྲི148.25ཡོད་པ་དང་། མཚོ་སྔོན་གྱི་སྤྱིའི་མི་གྲངས་ཀྱི25.23%དང་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་མི་གྲངས་ཀྱི་ཕྱེད་ཙམ། རྒྱལ་ཡོངས་བོད་ཁུལ་སྤྱིའི་མི་གྲངས་ཀྱི23.2%དང་། རྒྱལ་ཡོངས་བོད་ཁུལ་གྱི་བོད་རིགས་མི་གྲངས་ཀྱི16.9%བཅས་སོ་སོར་ཟིན་པས། རྒྱལ་ཡོངས་སུ་བོད་ལྗོངས་ཕུད་ཆེས་ཆེ་ཤོས་ཀྱི་བོད་ཁུལ་དུ་གྱུར་ཡོད།  འདི་ནི་སྔར་ནས་ད་བར་མེས་རྒྱལ་གྱི་ནང་ལོག་དང་ཞིན་ཅང་། བོད་ལྗོངས། ཀན་སུའུ་དང་སི་ཁྲིན་བོད་ཁུལ་བཅས་ཀྱི་འབྲེལ་ཐག་གལ་ཆེན་ཞིག་ཡིན། ས་ཁམས་སྣུར་སྲིང་དང་ལམ་ལུགས་རྒྱུན་འཛིན། རིག་གནས་འཚིན་པ་སོགས་ཕྱོགས་ནས་བོད་ལྗོངས་དང་གཅིག་རྒྱུན་གཅིག་འཛིན་ཡིན། ཞིང་ཆེན་ཡོངས་སུ་རྒྱ་ཆང་དང་རྒྱ་བོད། ཞན་ཕེ། རྨོ་ཞིང་། རུ་འབྲོག གནས་སྤོས་ཡུལ་མི། རྨ་ཆུ་དང་ཙོང་ཆུ། མཚོ་སྐོར།  ཚྭ་འདམ། རྨ་འབྲི་རྫ་གསུམ་འབྱུང་ཡུལ་སོགས་ཀྱི་རིག་གནས་རྣམ་པ་མང་པོ་ལྡན་པས། རིག་གནས་དང་རིག་གནས་བར་ཕན་ཚུན་འབྲེལ་བ་དམ་པོ་ཡོད། ལོ་རྒྱུས་ཐོག་ཏུ་མི་རིགས་བར་འཆམ་མཐུན་མིན་པའི་གནས་ཚུལ་བྱུང་ཡོད་མོད། འོན་ཀྱང་སྤྱི་ཡོངས་ནས་བལྟས་ན། ཕན་ཚུན་མཁོ་ཟོག་བརྗེ་ཚོང་དང་མཉམ་དུ་ཡར་ཐོན་ཡོང་བ་ནི་མཚོ་སྔོན་གྱི་དུས་རབས་འཕེལ་རྒྱས་བྱེད་པའི་འགྲོ་ཕྱོགས་གཙོ་བོར་གྱུར་འདུག  ལོ་མང་པོའི་རིང་མི་རིགས་འབྲེལ་བ་སྣ་མང་གཞི་གཅིག་དང་ཆོས་ལུགས་འབྲེལ་བ་སྣ་མང་བརྡ་སྦྱོང་ཡིན་པས། རིག་གནས་ཀྱི་འབྲེལ་བ་མཉམ་འདྲེས་ཡིན་པ་དང་། ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་སྤྱི་ཚོགས་དང་བསམ་བློའི་ངོས་འཛིན་མཐུན་པར་གྱུར་ཡོད། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་སྔོན་ཐོན་ཁུལ་འཛུགས་སྐྲུན་སྤེལ་བའི་ཚུན་དུ། ཞིང་ཆེན་ཡོངས་ཀྱི་ལས་དོན་སྣ་ཚོགས་བརྟན་པོའི་ངང་སྐུལ་འདེད་བཏང་བ་དང་། དམངས་འཚོ་ལེགས་བཅོས་བྱེད་ཤུགས་ཇེ་མགྱོགས་སུ་བཏང་ཞིང་། མི་རིགས་འཆམ་མཐུན་སྔར་ལས་བཟང་བ། བོད་ཁུལ་གྱི་སྤྱི་ཚོགས་གཏན་འཇགས་དང་ཆོས་ལུགས་ལས་དོན་གྱི་སྤྱི་ཚོགས་དོ་དམ་སྲུང་སྐྱོང་བྱེད་པའི་ལག་ལེན་ཉམས་མྱོང་ལ་འཚོལ་ཞིབ་དང་ཕྱོགས་སྡོམ་བྱས་པས་ཀྲུང་དབྱང་གི་གཟེངས་བསྟོད་ཐོབ། ཞིང་ཆེན་ཏང་ཨུའི་མི་གྲངས་ཀྱི་ཞིང་ཆེན་ཆུང་བ་ནས་མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་ཞིང་ཆེན་ཆེན་པོར་བསྒྱུར་བའི་སྐོར་གྱི་འཐབ་ཇུས་དམིགས་འབེན་མངོན་དུ་འགྱུར་བར་བྱེད་ན། རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པ་རྣམས་ཀྱིས་ངེས་པར་དུ་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཀྱི་ཆུ་ཚད་ད་རུང་མཐོར་འདེགས་བྱེད་དགོས་པ་དང་། གོམ་གང་མདུན་སྤོས་སྒོས་ཞིང་ཆེན་གྱི་གནས་ཚུལ་གཏིང་ཟབ་ཏུ་བཏང་སྟེ། ཏང་དང་མི་རིགས་སོ་སོའི་མང་ཚོགས་བར་གྱི་བརྩེ་དུང་འབྲེལ་བ་སྐྱོང་བའི་ཟམ་པ་དང་འབྲེལ་ཐག་ལྟ་བུར་འགྱུར་དགོས་ལ། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་ཡོང་བའི་ལས་དོན་གྱི་འཚོལ་ཞིབ་པ་དང་ལམ་ཁྲིད་པར་དེ་བས་ཀྱང་འགྱུར་དགོས།

(གཉིས།)མང་ཚོགས་ཀྱི་རིན་ཐང་ཁས་ལེན་པ་གསོ་སྦྱོང་བྱེད་པའི་ཕྱི་རོལ་ཡུལ་གྱི་དགོས་མཁོ་ཡིན།

        རིན་ཐང་ཁས་ལེན་པ་ནི་སྤྱི་ཚོགས་ཀྱི་ཁོངས་མིས་སྤྱི་ཚོགས་ཀྱི་རིན་ཐང་ཚད་ལྡན་ཐད་སྤྱད་པའི་རང་རྟོགས་དང་ལེན་དང་རང་མོས་བརྩི་སྲུང་བྱེད་པའི་རྣམ་འགྱུར་ཡིན། ཉེ་བའི་ལོ་འགའི་རིང་མི་རིགས་ས་ཁུལ་དུ་སྤྱི་ཚོགས་ཀྱི་རིན་ཐང་ཁས་ལེན་པ་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་འགྲོ་བཞིན་ཡོད་པའི་དུས་མཉམ་དུ། དུས་རབས་དང་བསྟུན་པའི་སྣ་མང་འཕེལ་རྒྱས་དང་འགྱུར་ལྡོག་བར་གྱི་ཆེས་རྙོག་འཛིང་ཆེ་བའི་འབྲེལ་ཚད་དང་འབྲེལ་འདྲེས་ཚད་བྱུང་བཞིན་ཡོད། འདིས་སྲིད་སྐྱོང་ཏང་གི་སྲིད་སྐྱོང་བྱེད་པའི་ཆུ་ཚད་དང་ནུས་པ་ལ་མཚོན་ནས་བཤད་ན་ཉམས་སད་ཚབས་ཆེན་ཞིག་རེད། མཚོ་སྔོན་ནི་དམིགས་བསལ་གྱི་ས་ཁམས་དང་ལོ་རྒྱུས་ཀྱི་ཕྱོགས་མཚམས་ཀྱི་རྐྱེན་གྱིས། དེ་དང་འབྲེལ་བའི་རིག་གནས་སྐྱེ་ཁམས་བཅས་ཀྱི་རྐྱེན་གྱིས། སྔར་ནས་བཟུང་རྒྱལ་ཁབ་ཕྱི་ནང་གི་བསམ་པའི་རླབས་རྒྱུན་དང་རིན་ཐང་ལྟ་བ་ཚུལ་གྱི་འགྲན་སློང་མང་པོ་ཐེབས་ཡོ་ཅིང་། དེའི་ནང་་། མཚོ་སྔོན་བོད་ཁུལ་ནི་རྒྱལ་ཡོངས་ཀྱི་བོད་ཁུལ་ཆེན་པོ་གཉིས་པ་ཡིན་པ་དང་། དེའི་རྒྱུ་རྐྱེན་ནི་ཆོས་ལུགས་ཀྱི་སྣང་ཚུལ་ཟབ་པ་དང་ས་བབ་རྙོག་འཛིང་ཆེ་བས། མང་ཚོགས་ཀྱི་སྤྱི་ཚོགས་རིན་ཐང་ཁས་ལེན་པའི་ཐད་རྒྱལ་ཁབ་ཕྱི་ནང་གིས་དོ་སྣང་ཚད་མཐོན་པོ་བྱས་ཡོད། ཉེ་བའི་ལོ་འགའི་རིང་གཟིགས་སྐྱོང་འཕེལ་རྒྱས་སྲིད་ཇུས་མང་པོ་ལག་ཏུ་བསྟར་བ་དང་རིམ་པ་སོ་སོའི་སྲིད་གཞུང་གིས་ཤུགས་ཆེན་གྱིས་སློབ་གསོ་དྲིལ་བསྒྲགས་བྱས་པས། མཚོ་སྔོན་གྱི་བོད་ཁུལ་ནི་མང་ཚོགས་ཀྱི་རིན་ཐང་ཁས་ལེན་པ་དང་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་མཐོར་འདེགས་བྱེད་པའི་ཆེས་བཟང་བའི་དུས་སྐབས་ནང་དུ་ཞུགས། སྤྱི་ཚོགས་དང་རིག་གནས་སྣ་མང་ཅན་འཕེལ་རྒྱས་བྱེད་པའི་ད་ལྟར་རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཁྲོད་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་དྲིལ་སྒྲོག་སློབ་གསོ་ལ་ཤུགས་སྣོན་པ་དང་།  རང་རྟོགས་སྒོས"མི་རིགས་བར་གྱི་ཁྱད་པར་ལ་བརྩི་བཀུར་དང་རིག་གནས་སྣ་མང་འདུས་པའི"འདུ་ཤེས་འཛུགས་རྒྱུ་དེ་ནི། མགོ་ཁྲིད་ལས་བྱེད་པས་མི་རིགས་སོ་སོའི་མང་ཚོགས་སྣེ་ཁྲིད་དེ་སྤྱི་ཚོགས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་དང་རིན་ཐང་ཁས་ལེན་པའི་ནུས་འཛོམ་ཚད་གཞི་འཛུགས་པ་དང་བསྐྱར་བཞེངས་བྱེད་པ་རེད།

(གསུམ།)མི་རིགས་སོ་སོར་སྤྱི་དབང་བསམ་པའི་ཁྱིམ་གཞིས་འཛུགས་དགོས་པའི་ཕྱི་ཡུལ་གྱི་དགོས་མཁོ་ཡིན།

        དུས་རབས་གསར་བའི་ནང་ཞུགས་པ་ནས་བཟུང་། ཏང་གིས"ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ཁྱིམ་གཞིས་འཛུགས་དགོས་པའི"འབད་བརྩོན་དམིགས་འབེན་བཏོན་པ་དང་། 2014ལོར་ཀྲུང་དབྱང་མི་རིགས་བྱ་བའི་གྲོས་ཚོགས་ཐོག་ཏུ་མི་རིགས་སོ་སོའི་བསམ་པའི་ཁྱིམ་གཞིས་འཛུགས་པའི་གལ་ཆེན་རང་བཞིན་ཡང་བསྐྱར་བཏོན་ཏེ། "ཀྲུང་ཧྭ་མི་རིགས་ཀྱི་བསམ་པའི་ རྨང་གཞི་བརྟན་པོར་བཏིངས་ནས། མི་རིགས་སོ་སོའི་མི་དམངས་ཀྱིས་རླབས་པོ་ཆེའི་མེས་རྒྱལ་དང་། ཀྲུང་ཧྭ་མི་རིགས། ཀྲུང་ཧྭ་རིག་གནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་བཅས་ཁས་བླངས་ནས། མི་རིགས་སོ་སོའི་བསམ་པའི་ཁྱིམ་གཞིས་འཛུགས་པ་ནི། རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་མི་རིགས་མཐུན་སྒྲིལ་གྱི་གཞི་རྩ། བསམ་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་ཡིན།"མི་རིགས་བྱ་བ་དེ་ཏང་གི་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས་དངོས་པོ་མཐོང་དགོས་ལ་མི་དེ་ལས་ཀྱང་མཐོང་དགོས་པ་དང་། གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས་ལ། མི་རིགས་སོ་སོའི་མང་ཚོགས་ཀྱི་བསམ་པ་དང་རིག་གནས་ཉིན་བཞིན་ཇེ་མང་ཡིན་པའི་བསམ་པ་དང་རིག་གནས་ཀྱི་དགོས་མཁོ་ལ་བསམ་བློ་གཏོང་དགོས། དེ་ལ་དམིགས་ནས་ཀྲུང་དབྱང་གི་རྩ་བའི་དགོངས་དོན་ནི་མི་རིགས་སོ་སོའི་མང་ཚོགས་ཀྱི་གཞི་རྩའི་རིག་གནས་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པ་དང་། མི་རིགས་སོ་སོའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་དར་རྒྱས་བྱེད་པ་ནས་གཞིར་བཟུང་སྟེ།  སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་གསོ་སྦྱོང་དང་ལག་ལེན་དམིགས་འབེན་བྱེད་པ་དང་། མི་རིགས་མཐུན་སྒྲིལ་དང་རིག་གནས་ཡར་ཐོན་ཡོང་བ། སྤྱི་ཚོགས་འཆམ་མཐུན་བཅས་ནང་དོན་བྱས་པར་བརྟེན་ནས་མི་རིགས་སོ་སོའི་བསམ་པའི་ཁྱིམ་གཞིས་འཛུགས་དགོས། ཉམས་འཇོག་བྱེད་དགོས་པ་ནི། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་རྒྱས་བྱེད་པ་ནི། མི་རིགས་བར་གྱི་ཁྱད་པར་མེད་པར་བཟོ་བ་མ་ཡིན་པར། མང་ཚོགས་རང་མོས་དང་རང་རྟོགས། རང་སྒྲུབ་བཅས་ཀྱི་རྨང་གཞི་ཐོག་ཏུ་སྐྱོན་སྤངས་དགེ་སྒྲུབ་དང་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱས་ཏེ། དག་གིས་སྣང་ཆུང་བར་ཁྱད་ཀྱི་རྨང་གཞིའི་སྟེང་སྲིད་འཛིན་བཀའ་ཡིག་ལ་བརྟེན་ནས་བཙན་ཤེད་ཀྱིས་ལག་བསྟར་བྱེད་པ་མ་ཡིན་ལ། མི་རིགས་ཀྱི་ཐུན་མོང་རང་བཞིན་སྣང་མེད་བྱེད་པའི་རྨང་གཞིའི་སྟེང་རང་རྟོགས་སྣེ་ཁྲིད་དེ་ལས་ཀྱང་མ་ཡིན་ནོ།། རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པར་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་ཡང་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་ཧྭའི་རིག་གནས་ལ་ཡང་དག་གིས་ཤེས་རྟོགས་ལྡན་པས་ན། ད་གཟོད་རྒྱ་ཆེའི་མང་ཚོགས་དཀྱུས་མ་སྣེ་ཁྲིད་དེ་མི་རིགས་ཆེན་པོ་རིང་ལུགས་དང་ས་གནས་མི་རིགས་རིང་ལུགས་སོགས་ཀྱི་བསམ་བློའི་ཕྱོགས་ལྷུང་དེ་ཁྱད་སེལ་བྱེད་ཐུབ་པ་དང་། གྲངས་ཉུང་མི་རིགས་སོ་སོའི་རིག་གནས་དང་ཀྲུང་ཧྭའི་རིག་གནས་ཀྱི་འབྱུང་ཁུངས་འབྲེལ་བར་ལྟ་སྟངས་ཡང་དག་བཟུང་སྟེ། སྤུན་ཟླ་མཉམ་མཐུན་དང་རེ་སྒུག་རོགས་རེས་ཀྱིས། མི་རིགས་སོ་སོས་མཉམ་བདག་བྱེད་པའི་བསམ་པའི་ཁྱིམ་གཞིས་མཉམ་འཛུགས་བྱེད་དགོས།

གཉིས། མཚོ་སྔོན་གྱི་ལས་བྱེད་པ་གསོ་སྦྱོང་བྱེད་པའི་ནང་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་ཏན་ཏིག་གིས་གོང་དུ་སྤེལ་དགོས།

(གཅིག)མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་དེ་ལས་བྱེད་པ་སློབ་གསོ་གསོ་སྦྱོང་བྱེད་པའི་ནང་གི་གོ་གནས་གལ་ཆེན་འཛུགས་དགོས།

        ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་ནི་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ནང་དོན་གལ་ཆེན་ཞིག་ཡིན། ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ལས་འགན་ཁུར་བའི་རིམ་པ་སོ་སོའི་ཏང་གི་སློབ་གྲྭ་དང་སྲིད་འཛིན་སློབ་གྲྭ་ཆེན་མོ། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གྲྭ་ཆེན་མོ་བཅས་ཀྱིས་ཏང་དང་རྒྱལ་ཁབ་ཀྱི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས། མི་རིགས་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ། མི་རིགས་ཀྱི་རྨང་གཞིའི་ཤེས་བྱ་བཅས་ལས་བྱེད་པར་སློབ་གསོ་གསོ་སྦྱོང་བྱེད་པའི་ངེས་པར་དུ་སྦྱོང་དགོས་པའི་སློབ་ཚན་ནང་བཞག་ནས། རིམ་པ་སོ་སོའི་ཏང་སྲིད་ལས་བྱེད་པ་སྣེ་ཁྲིད་དེ"ཁ་འབྲལ་མི་སྲིད་པ་གསུམ"གྱི་བསམ་བློ་འཛུགས་པ་དང་། རང་རྒྱལ་གྱི་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་ཀྱི་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་ཀྱི་རང་རྟོགས་རང་བཞིན་མཐོར་འདེགས་བྱེད་དགོས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་བརྒྱུད་ནས་རིམ་པ་སོ་སོའི་ལས་བྱེད་པས་མི་རིགས་མཐུན་སྒྲིལ་ནི་མི་རིགས་སོ་སོའི་ཚེ་སྲོག་དང་། ཏང་གི་མི་རིགས་སྲིད་ཇུས་ནི་མི་རིགས་མཐུན་སྒྲིལ་གྱི་ཚེ་སྲོག་དང་།  རིམ་པ་སོ་སོའི་ལས་བྱེད་པས་མི་རིགས་འདྲ་མཉམ་དང་མི་རིགས་མཐུན་སྒྲིལ། མི་རིགས་ས་ཁོངས་རང་སྐྱོང་། མི་རིགས་སོ་སོའི་མཉམ་དུ་དར་རྒྱས་ཡོང་བ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཡིག》ནང་གཏན་འཁེལ་བྱས་ཡོད་པའི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་རྩ་དོན་རེད། མི་རིགས་འདྲ་མཉམ་ནི་ཏང་གི་མི་རིགས་སྲིད་ཇུས་ཀྱི་རྨང་རྡོ་ཡིན་པ་དང་། མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་རྩ་དོན་གལ་ཆེན་ཡིན་པ། མི་རིགས་ས་ཁོངས་རང་སྐྱོང་ནི་རང་རྒྱལ་གྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་གཞི་རྩའི་སྲིད་ཇུས་བཅས་ནི། རང་རྒྱལ་གྱི་གཞི་རྩའི་ཆབ་སྲིད་ལམ་ལུགས། མི་རིགས་སོ་སོའི་མཉམ་དུ་དར་རྒྱས་ཡོང་བ་མངོན་འགྱུར་བྱེད་པ་ནི་རང་རེའི་ཏང་གི་མི་རིགས་སྲིད་ཇུས་ཐད་ཀྱི་གཞི་རྩའི་ལངས་ཕྱོགས་ཡིན་ནོ།།

(གཉིས།)དགེ་རྒན་གྱི་དཔུང་སྡེ་འཛུགས་སྐྲུན་ལ་ཤུགས་སྣོན་དགོས།

        མིག་སྔར་རིམ་པ་སོ་སོའི་ལས་བྱེད་པར་གསོ་སྦྱོང་བྱེད་པའི་སྡེ་ཁག་གི་བྱ་བ་དངོས་ནས་བལྟས་ན། གསོ་སྦྱོང་སྡེ་ཁག་མང་པོ་ནི་རིམ་པ་གཅིག་མཚུངས་སམ་དང་གོང་རིམ་གྱི་འཐབ་ཕྱོགས། མི་རིགས་ཆོས་ལུགས་ལས་དོན་ཅུའུ་ཡི་མགོ་ཁྲིད་པ་གདན་འདྲེན་ཞུས་ནས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་ཁྲིད་བྱེད་དགོས། བྱས་ཚུལ་འདི་ནི་ཕན་ཡོད་ལ་ངན་ཡང་ཡོད་པ་རེད། "དགེ"ནི་འབྲེལ་ཡོད་མགོ་ཁྲིད་ཀྱིས་བྱ་བ་དངོས་ཀྱི་གནས་ཚུལ་ཤེས་པ་སྟེ། སློབ་ཁྲིད་ཀྱིས་དོན་དངོས་དང་དམ་པོར་འབྲེལ་བྱེད་ཐུབ་པ་རེད།"སྐྱོན"ནི་མགོ་ཁྲིད་ཀྱིས་སློབ་ཁྲིད་བྱེད་པ་དེ"བྱ་བའི་སྙན་ཞུ"དང་འདྲ་བར་བྱེད་སླ་བས་ན། རིགས་པའི་གཞུང་ལུགས་རང་བཞིན་དང་རྒྱུད་རིམ་ལྡན་པའི་རང་བཞིན་ཐད་རྟག་ཏུ་ཆེད་ལས་དགེ་རྒན་ལས་ཞན་པ་རེད། དེའི་ཕྱིར། རིམ་པ་སོ་སོའི་ལས་བྱེད་གསོ་སྦྱོང་སྡེ་ཁག་གིས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་ཀྱི་ཆེད་ལས་དགེ་རྒན་གསོ་སྦྱོང་བྱེད་པར་ཤུགས་འདོན་དགོས། ཆེད་ལས་དགེ་རྒན་གྱིས་མཐོ་རིམ་སློབ་གྲྭ་ཆེན་མོའི་ནང་དུ་ཟབ་སྦྱོང་བྱེད་པ་སོགས་བྱེད་ཐབས་སྤྱད་ནས་མར་ཁེ་སི་རིང་ལུགས་ཀྱི་མི་རིགས་རིགས་པའི་གཞུང་ལུགས་དང་། རང་རྒྱལ་གྱི་མི་རིགས་སོ་སོ་དང་མི་རིགས་ས་ཁུལ་གྱི་ཆབ་སྲིད་དང་དཔལ་འབྱོར། རིག་གནས་བཅས་དང་། ཀྲུང་དབྱང་མགོ་ཁྲིད་ཀྱི་རང་རྒྱལ་གྱི་མི་རིགས་གནད་དོན་སྐོར་གྱི་གནས་ཚུལ་མདོར་བསྡུས་རྒྱས་བཤད་གལ་ཆེན་དང་། ཏང་གི་མི་འདྲ་བའི་དུས་སྐབས་ཀྱི་མི་རིགས་སྲིད་ཇུས་སོགས་བརྒྱུད་རིམ་ལྡན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་དགོས།

(གསུམ།)དོན་དངོས་དང་ཟུང་འབྲེལ་དམ་པོ་བྱེད་པ།

        མི་འདྲ་བའི་དུས་སྐབས་དང་མི་འདྲ་བའི་ས་ཁོངས་སུ་ཏང་གི་མི་རིགས་བྱ་བར་མི་འདྲ་བའི་གནད་ས་ཡོད། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོའི་ཐད་རྒྱལ་སྤྱི་དང་རྒྱལ་ནང་གི་གནས་བབ་དང་འབྲེལ་འདྲིས་དམ་པོ་བྱས་ནས་དུས་བསྟུན་ལྷན་སྐྱོད་བྱེད་དགོས། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་ལ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་དྲིལ་སྒྲོག་བྱེད་དགོས་པ་མ་ཟད། ས་དེ་གའི་མི་རིགས་བྱ་བའི་དོན་དངོས་དང་བཟུང་འབྲེལ་བྱས་ནས། འབེན་ཡོད་སར་མདའ་འཕེ་དགོས། ལོ་རྒྱུས་རིག་པའི་མཐོང་རྒྱ་མཉམ་འདྲེས་སྡུད་ལེན་བྱས་ཏེ་མི་རིགས་ཀྱི་འབྱུང་ཁུངས་དང་ཆགས་ཚུལ། མི་རིགས་དང་ཆོས་ལུགས་བར་གྱི་མཉམ་འགུལ་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་དགོས་པ་མ་ཟད། ད་དུང་རིག་གནས་རིག་པའི་མཐོང་རྒྱ་མཉམ་འདྲེས་སྡུད་ལེན་བྱས་ནས། རིགས་མི་འདྲ་བའི་མི་རིགས་རིག་གནས་དང་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ལོ་རྒྱུསལ་ཞིབ་འཇུག་བྱེད་པ། སྤྱི་ཚོགས་རིག་པའི་མཐོང་རྒྱ་མཉམ་འདྲེས་སྡུད་ལེན་བྱས་ཏེ། མི་རིགས་སྣང་ཚུལ་དང་སྤྱི་ཚོགས་ཀྱི་མཉམ་འགུལ་འབྲེལ་བ་ཞིབ་འཇུག་བྱེད་དགོས་པ་མ་ཟད། ད་དུང་ཆབ་སྲིད་རིག་པའི་མཐོང་རྒྱ་མཉམ་འདྲེས་སྡུད་ལེན་བྱས་ནས། མི་རིགས་དེང་སྐབས་ཀྱི་སྤྱི་ཚོགས་དང་ཆབ་སྲིད་ཁྲོད་ཀྱི་གོ་གནས་དང་ནུས་པར་ཞིབ་འཇུག་བྱེད་དགོས། མདོར་ན། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་དེ་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་སྐར་ཚོམ་བཀྲ་བའི་ནམ་མཁར་གཟིགས་དགོས་པ་མ་ཟད། ད་དུང་མི་རིགས་འཕེལ་རྒྱས་སྤྱི་ཚོགས་་གཤིན་སའི་ནང་འདེབས་རྒྱུ་ནི་མིའི་རིགས་ཀྱི་མི་རིགས་ཀྱི་སྣང་ཚུལ་འགྲེལ་བཤད་བྱེད་དགོས་པ་མ་ཟད་དང་། ད་དུང་མི་རིགས་ཀྱི་སྣང་ཚུལ་དང་འབྲེལ་བ་ཡོད་པའི་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནད་དོན་ཡོད་ཚད་འཚོལ་ཞིབ་བྱེད་དགོས།

(བཞི།)རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས།

        རིམ་པ་སོ་སོའི་རྩ་འཛུགས་སྡེ་ཁག་དང་གསོ་སྦྱོང་ལས་ཁུངས་ཀྱིས་ལས་བྱེད་སློབ་གསོ་གསོ་སྦྱོང་ནང་ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་བཅས་ཀྱི་རྩ་འཛུགས་མགོ་ཁྲིད་ལ་ཤུགས་སྣོན་དགོས། དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས་ན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་ཀྱིས་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་མི་རིགས་སྲིད་ཇུས་སློབ་གསོར་ཤུགས་སྣོན་པའི་གལ་ཆེན་རང་བཞིན་ལ་གསལ་བོར་ཤེས་དགོས་ཤིང་། ཏང་གི་མི་རིགས་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོ་དེ་རིམ་པ་སོ་སོའི་ལས་བྱེད་པའི་གསོ་སྦྱོང་འཆར་འགོད་ནང་དུ་འཇོག་དགོས། རྐང་འཛིན་དགེ་རྒན་བདམས་ནས་གཙོ་བོར་བཟུང་ནས་གསོ་སྦྱོང་བྱེད་པ་དང་། རྒྱུན་ཆད་མེད་པར་ཆེད་ལས་དགེ་རྒན་གྱི་བསམ་བློའི་བྱང་ཚད་དང་བྱེད་སྒོའི་ཆུ་ཚད་མཐོར་འདེགས་བྱེད་དགོས། ཆེད་ལས་དགེ་རྒན་རྩ་འཛུགས་བྱས་ཏེ་ཁྲིད་ཡིག་འདེམ་སྒྲིག་དང་སློབ་ཡིག་བཟོ་སྐྲུན་བྱས་ནས་སློབ་གསོའི་ཕན་ནུས་མཐོར་འདེགས་བྱེད་དགོས། ས་དེ་གའི་དོན་དངོས་ལྟར་མི་རིགས་སྲིད་ཇུས་སློབ་གསོ་དང་ཞིབ་འཇུག་དེ་ས་དེ་གའི་སློབ་ཁྲིད་ཞིབ་འཇུག་འཆར་འགོད་ནང་དུ་འཇོག་དགོས། དེ་མིན་མ་དངུལ་གཏོང་བར་ཁག་ཐེག་བྱེད་པ་དང་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་ལ་ཤུགས་བསྣན་ནས། ས་དེ་གའི་མི་རིགས་ཀྱི་རིགས་པའི་གཞུང་ལུགས་དང་སྲིད་ཇུས་སློབ་གསོའི་བྱ་བར་ཞབས་འདེགས་ཞུ་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1