ཏང་ཡོན་མགོ་ཁྲིད་ལས་བྱེད་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པའི་མིག་དཔེ་འཛུགས་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-04


        བློ་མཐུན་ཝང་གོ་ཧྲེང་གིས་ཞིང་ཆེན་ཏང་གི་འཐུས་མི་གྲོས་ཚོགས་ཐེངས་བཅུ་གསུམ་པའི་སྟེང་བསྟན་དོན། "ཏང་ནང་གི་ཆབ་སྲིད་འཚོ་བར་ཏན་ཏན་ཏིག་ཏིག་གིས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་བཏོན་པའི་བླང་བྱ་གལ་ཆེན་ཡིན།  ང་ཚོས་སློབ་སྦྱོང་དང་རྒྱུས་ལོན་སྔར་ལས་གཏིང་ཟབ་མོ་བྱེད་པ་དང་། སྔར་ལས་རང་མོས་སྒོས་ལག་བསྟར་དངོས་འབེབས་བྱེད་དགོས།"ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བ་ནི་ཕྱོགས་ཡོངས་ནས་ཏང་གཟབ་ནན་གྱིས་སྐྱོང་བའི་གཞི་རྩའི་རང་བཞིན་གྱི་རྨང་གཞིའི་བྱ་བ་ཡིན་པས། རྒྱུན་འཁྱོངས་བྱེད་དགོས་ན་མགོ་ཁྲིད་ལས་ཁུངས་དང་མགོ་ཁྲིད་ལས་བྱེད་པ་ནས་མགོ་རྩོམ་དགོས།  ཏང་ཡོན་མགོ་ཁྲིད་ལས་བྱེད་པ་ནི་ས་གནས་ཤིག་དང་ལས་ཁུངས་ཤིག སྡེ་ཁག་ཅིག་བཅས་ཀྱི་ལས་དོན་སོ་སོའི་ཇུས་ཐག་གཅོད་མཁན་དང་རྩ་འཛུགས་མཁན།  སྐུལ་འདེད་མཁན་བཅས་ཡིན་པས། ཏང་གི་རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་དངོས་འབེབས་བྱས་ཚུལ་ཇི་ལྟ་བུ་ཞིག་ཡིན་པ་དང་། ཕན་འབྲས་ཅི་ལྟ་བུ་ཞིག་ཡིན་པའི་ཐད་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ནུས་པ་གལ་ཆེན་ཐོན་ཡོད།

རང་མོས་སྒོས་རྩ་འཛུགས་འཚོ་བའི་ནང་ཞུགས་པའི་མིག་དཔེ་བྱེད་དགོས།

         2015 ལོའི་ཟླ8པའི་ཚེས14ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཡོན་ཕལ་བའི་ཐོབ་ཐང་ཐོག་རང་བཞུགས་སའི་ཀྲུང་དབྱང་གཞུང་སྒྲུབ་ལས་ཁུངས་ཏང་ཨུའི་ཐད་གཏོགས་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་གྲོས་ཚོགས་སུ་ཞུགས་ཏེ། "གུང་ཁྲན་ཏང་ཡོན་ཞེས་པའི་མཚན་མིང་འདི་ནི་རྩ་འཛུགས་ཤིག་གི་མཚན་མིང་ཡིན་ལ། རྩ་འཛུགས་ནང་གི་མིས་རྩ་འཛུགས་འཚོ་བ་རོལ་དགོས། རྩ་འཛུགས་ཀྱི་བྱ་འགུལ་ནང་མི་ཞུགས་པའི་མི་ནི་ཏང་དང་ཁ་བྲལ་བ་རེད"ཅེས་བསྟན། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་ལས་སྒོའི་བྱ་བར་བྲེལ་འཚུབ་ཆེ་བའི་དོན་དངོས་ཁྱད་དུ་བསད་དེ། རང་ཉིད་ནི་ཀྲི་པུའུ་ཡི་ཏང་ཡོན་ཕལ་བ་ཞིག་ཡིན་པའི་ཐོབ་ཐང་ཡིད་ལ་དམ་འཛིན་གྱིས། རང་དཔེ་གཞན་སྟོན་སྒོས་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་ནང་ཞུགས་ན་ནི་སྣེ་ཁྲིད་དཔེ་སྟོན་གྱི་ནུས་པ་དང་མིག་དཔེའི་ནུས་པ་སྟོན་ཐུབ་ལ། རྩ་འཛུགས་འཚོ་བའི་ནང་ཏང་ཡོན་ཡོངས་ཞུགས་ཚད་འགན་སྲུང་ཡང་བྱེད་ཐུབ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས"ཏང་ནང་གི་དམངས་གཙོ་འདྲ་མཉམ་གྱི་བློ་མཐུན་འབྲེལ་བ་དང་ཏང་ནང་དུ་ཀུན་ལ་བློ་མཐུན་ཞེས་འབོད་པ་རྒྱུན་འཁྱོངས་བྱེད་པའི"བླང་བྱ་ལག་བསྟར་ནན་མོ་བྱས་ཏེ། ཀྲི་པུའུ་ནང་ཁུལ་དུ་སྣེ་ཁྲིད་དེ་བློ་མཐུན་ཞེས་འབོད་དགོས།  "དམིགས་བསལ་ཏང་ཡོན"དུ་གཏན་ནས་འགྱུར་མི་རུང་བ་དང་། རང་ཉིད་བླ་ན་མེད་པར་གཏན་ནས་འགྱུར་མི་རུང་བ་དང་། བྱ་བར་བྲེལ་བ་ཆེ་བ་དང་གཞུང་དོན་མང་བར་ཁ་གཡར་ནས་ཐེག་འགན་གཉིས་ཀྱི་རྩ་འཛུགས་འཚོ་བའི་བླང་བྱ་དངོས་འབེབས་མི་བྱེད་པ།  རང་གནས་སའི་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བར་རྒྱབ་སྐྱོར་མི་བྱེད་པ་དང་མི་ཞུགས་པ་བཅས་གཏན་ནས་བྱེད་མི་རུང་།

        ཚད་གཞི་མཐོ་བ་དང་བླང་བྱ་ནན་པོ་ཡིན་པའི་སྔོན་སྐྱོད་པ་བྱེད་དགོས། མེ་འཁོར་རྒྱུགས་ཚད་མགྱོགས་ཀྱང་ཡོད་ཚད་མེ་འཁོར་གྱི་མགོ་ལ་རག་ལས་ཞེས་པ་བཞིན།  ཏང་ཡོན་ལས་བྱེད་པ་ནི་དོ་དམ་མཁན་ཡིན་ལ་ཇུས་ཐག་གཅོད་མཁན་ཡང་ཡིན། ཏང་གཟབ་ནན་གྱིས་སྐྱོང་བ་དང་ཏང་གིས་ཏང་ལ་དོ་དམ་བྱེད་པའི་གནད་འགག་ནི་མགོ་ཁྲིད་ལས་བྱེད་པས་མགོ་ཁྲིད་དོ་དམ་གྱི་ནུས་པ་འདོན་སྤེལ་བྱ་རྒྱུ་དེ་ཡིན། རྩ་འཛུགས་འཚོ་བ་ནི་ཏང་གི་འཚོ་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་།  ཏང་འཛུགས་པའི་ནང་དོན་གལ་ཆེན་དང་འཛིན་ཐག་ལྟ་བུ་ཡིན་ལ།  ཤུགས་དང་ལྡན་པའི་རྩ་འཛུགས་ཀྱི་སྐུལ་འདེད་མེད་ན། ལག་བསྟར་བཟང་པོ་ཞིག་བྱེད་དཀའ། ཕྱོགས་གཅིག་ནས་ལྟ་སྐུལ་མཛུབ་སྟོན་ལ་ཤུགས་བསྣན་ཏེ། ཀྲི་པུའུ་ཡི་རྩ་འཛུགས་འཚོ་བ་དུས་རྒྱུན་དང་ནན་ཏན། གཟབ་ནན་ཡོང་བར་ཁག་ཐེག་བྱས་ནས། ཏང་ནང་གི་རྩ་འཛུགས་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན།  རྩ་དོན་རང་བཞིན།  འཐབ་རྩོད་རང་བཞིན་བཅས་དངོས་གནས་ཇེ་དྲག་ཏུ་གཏོང་དགོས། ཕྱོགས་གཞན་ཞིག་ནས་སྣེ་ཁྲིད་དེ་བསམ་བློ་བཅིངས་འགྲོལ་དང་ཐབས་ཤེས་མང་པོ་འདོན་པ། རྣམ་པ་དང་བྱེད་ཐབས་གསར་སྐྲུན་བྱེད་པ་བཅས་ཀྱིས།   རྩ་འཛུགས་འཚོ་བ་སྔར་ལས་ཏང་ཡོན་དང་ཉེ་བར་བཅར་བ་དང་དོན་དངོས་དང་ཉེ་བར་བཅར་བ། བྱ་བ་དང་ཉེ་བར་བཅར་བ་བཅས་བྱེད་དགོས། ལག་ལེན་ལས་ར་སྤྲོད་བྱུང་བ་ནི། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་མཐོང་ཆེན་དང་དོ་སྣང་། སྐུལ་ཁྲིད། འགན་འདྲི་བཅས་བྱས་ཚེ།  ཏང་འཛུགས་བྱ་བ་ཤུགས་དང་ལྡན་པའི་སྒོ་ནས་མདུན་དུ་སྐུལ་ཐུབ་པ་དང་། རྩ་འཛུགས་འཚོ་བའི་ལམ་ལུགས་ལག་བསྟར་བཟང་བོ་བྱེད་ཐུབ། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་རང་སྣང་གང་ཤར་དང་བྱ་བ་སྒྲུབ་ཁུལ་ཙམ་བྱས་ཚེ། རྩ་འཛུགས་འཚོ་བ་ལེགས་པར་སྤེལ་མི་ཐུབ་ལ། ཏང་རྩ་འཛུགས་ཀྱང་གཉོམ་ཞན་ཁ་ཐོར་དུ་འགྱུར་ངེས།

ཀྲི་པུའུ་ཡིས་ཆབ་སྲིད་སློབ་སྦྱོང་དང་བརྗེ་སྤེལ་བྱེད་པར་ཕྱོགས་སྟོན་བྱེད་དགོས།

         ལས་ཁུངས་ཤིག་དང་སྡེ་ཁག་ཅིག་གི་ལས་བྱེད་པའི་དཔུང་སྡེའི་གནས་ཚུལ་དེ་མགོ་ཁྲིད་པར་གསལ་བོ་ཡིན་ཏེ། ཕྱོགས་གང་ནས་མི་འདང་བ་དང་ཕྱོགས་གང་ལ་ཤུགས་འདོན་དགོས་པའང་མགོ་ཁྲིད་པའི་སེམས་སུ་གསལ་བོ་ཡིན། མགོ་ཁྲིད་ལས་བྱེད་པས་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བའི་གོ་སྐབས་བེད་སྤྱོད་པར་མཐོང་ཆེན་བྱས་ཏེ། མགོ་ཁྲིད་ཀྱི་ལས་རྐང་ནས་ཆ་འཕྲིན་རྒྱུས་ལོན་བྱེད་པ་ཕྱོགས་ཡོངས་དང་ཡང་དག་པ། ཆབ་སྲིད་ཀྱི་གཞུང་ལུགས་ཆུ་ཚད་མཐོ་བ། ལས་སྒོའི་ནུས་པ་ཆེ་བ་བཅས་ཀྱི་ལེགས་ཆ་འདོན་སྤེལ་བྱེད་པ་དང་། ཏང་ཡོན་ཕལ་བའི་ཐོབ་ཐང་ཐོག་ཀྲི་པུའུ་རུ་བསམ་བློ་བརྗེ་རེས་དང་གཏམ་བཤད་པ་དང་། ཏང་གི་སློབ་ཁྲིད་མང་པོ་བྱེད་པ། བློ་མཐུན་རྣམས་དང་གླེང་མོལ་མང་དུ་བྱེད་པ་བཅས་བྱེད་དགོས། དངོས་ཐོག་བདེན་འཚོལ་དང་ཅི་ཞིག་དཀོན་ན་དེ་གསབ་པའི་རྩ་དོན་ལྟར། དམིགས་ཡུལ་ཡོད་པའི་སྒོ་ནས་ཆབ་སྲིད་སློབ་སྦྱོང་དང་བརྗེ་རེས་བྱ་འགུལ་ལ་སྐུལ་ཁྲིད་བྱེད་དགོས། གཞུང་ལུགས་ཀྱི་གནད་དོན་དང་སྤྱི་ཚོགས་ཀྱི་གླེང་གནད་དང་དཀའ་གནད་བཅས་ཀྱི་གནད་དོན་གསལ་བོར་བཤད་དེ། རྒྱ་ཆེ་བའི་ཏང་ཡོན་གྱི་ཆབ་སྲིད་ལངས་ཕྱོགས་སུ་བརྟན་པོར་འཛུགས་པ་དང་ཡིན་མིན་གྱི་དབྱེ་མཚམས་གསལ་བོར་འབྱེད་པ། བསམ་བློ་གཅིག་གྱུར་བཅས་བྱེད་དགོས།  རྩ་འཛུགས་འཚོ་བ་དང་ཆབ་སྲིད་སློབ་སྦྱོང་གི་དངོས་ཕན་རང་བཞིན་དང་དམིགས་གཏད་རང་བཞིན་རྒྱུན་མི་ཆད་པར་ཇེ་དྲག་ཏུ་བཏང་ན། རང་ཉིད་ཀྱི་སློབ་སྦྱོང་གི་གྲུབ་འབྲས་སྲ་བརྟན་དུ་གཏོང་ཐུབ་པ་མ་ཟད།  རྒྱ་ཆེ་བའི་ཏང་ཡོན་ལའང་སློབ་གསོ་གཏོང་བ་དང་། དམིགས་ཡུལ་ཡོད་པའི་སྒོ་ནས་རྩ་འཛུགས་འཚོ་བའི་གསོན་ཤུགས་དང་ཕན་འབྲས་མཐོར་འདེགས་བྱེད་ཐུབ།

        སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པའི་སྣེ་ཁྲིད་པ་བྱེད་དགོས། ཏང་ཡོན་གཞན་པའི་མི་འདང་ས་སྐྱོན་བརྗོད་དང་བསྟོན་དགོས་པ་དང་། བློ་མཐུན་མང་པོ་ཞིག་བློ་མཐུན་གྱི་འབྲེལ་བར་ཤུགས་རྐྱེན་བཟོ་བ་དང་མཉམ་དུ་ལས་སྒྲུབ་བྱེད་པའི་ཁོར་ཡུག་ལ་སེམས་ཁུར་ཆེན་པོ་བྱེད་ཀྱིན་ཡོད། སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པ་ནི་ཏང་གི་སྤྱོད་ཚུལ་བཟང་པོ་ཡིན་ལ། ཚང་མས་རྒྱུན་མི་ཆད་པར་རང་ཉིད་བསྒྱུར་བཅོས་དང་རང་ཉིད་མཐོར་འདེགས། རང་ཉིད་འཐུས་ཚང་དུ་གཏོང་བ་བཅས་ལ་ཕན་ནུས་ལྡན་པའི་རྣམ་པའི་རིགས་ཤིག་དང་། བློ་མཐུན་རྣམ་པའི་བྱམས་སེམས་རིགས་ཤིག་ཡིན། ཏང་ཡོན་མགོ་ཁྲིད་ལས་བྱེད་པས་མི་འདང་ས་རྩད་ཞིབ་བྱེད་པའི་རྣམ་འགྱུར་གྱིས་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་བྱེད་པར་སྣེ་ཁྲིད་དེ་སྤེལ་བ་དང་། རང་གཞན་ཀུན་གསལ་དང་སྤོབས་སེམས་ཆེན་པོས་སྐད་ཆ་དྲང་མོ་བཤད་པ་དང་རྣམ་དག་གིས་བསམ་བློ་བརྗེ་རེས་བྱས་ཏེ། ཚང་མར་སེམས་ནང་གི་སྐད་ཆ་དྲང་མོར་བཤད་དུ་བཅུག་ནས་ཚང་མའི་སེམས་ཀྱི་ཁུར་བོ་དབོར་ཏུ་འཇུག་དགོས།  སྔོན་ལ་མིག་དཔེ་བསྟན་ཏེ། རང་སྐྱོན་རང་བརྗོད་བྱེད་སྐབས་གཏིང་ཟབ་པ་དང་སེམས་ཀྱི་ཟབ་སར་ཐུག་པར་བྱེད་དགོས་ལ། བློ་མཐུན་ལ་སྐྱོན་བརྗོད་བྱེད་སྐབས་རྣམ་དག་གཟབ་ནན་ཡིན་པ་དང་སྤྲོ་བས་བརྟས་པ་ཞིག་ཡིན་དགོས་ལ། བློ་མཐུན་རྣམས་ཀྱིས་ཕན་ཚུན་ལ་སྐྱོན་བརྗོད་བྱེད་སྐབས་མཚང་འབྱིན་བྱས་པའི་གནད་དོན་ལ་མི་བྱོལ་བ་དང་ཁོང་ཁྲོ་མི་སྐྱེ་བར།  སེམས་ཞིབ་མོས་དང་ལེན་དང་རྩ་དོན་ཡོད་པར་ཡོ་བསྲང་དང་རྩ་དོན་མེད་པར་སྐུལ་ལྕག་བཏང་ཚེ། ཕན་འབྲས་དངོས་ཐོན་ཐུབ་པ་དང་།  ཚང་མའི་སེམས་ཁྲལ་བསལ་ཐུབ་ལ།  ནན་ཏན་གཟབ་ནན་དང་དམངས་གཙོ་འཆམ་མཐུན་གྱི་མཁའ་དབུགས་བསྐྲུན་ནས།  མཐུན་སྒྲིལ་ཡར་ཐོན་ཡོང་ཐུབ་པ་དང་།  རྩ་འཛུགས་འཚོ་བའི་སྐྱོན་བརྗོད་དང་རང་སྐྱོན་རང་བརྗོད་ཀྱི་ལག་ཆ་སྔར་ལས་ཤུགས་དང་ལྡན་པ་ཞིག་ཏུ་ཡོང་ཐུབ།

        མང་ཚོགས་ལ་འབྲེལ་གཏུག་ཟབ་མོ་བྱེད་པའི་ལག་བསྟར་མཁན་བྱེད་དགོས། 2017ལོའི་ཟླ1པའི་ཚེས22ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་བློ་མཐུན་ཝང་གོ་ཧྲེང་ཏང་ཡོན་ཕལ་བའི་ཐོབ་ཐང་ཐོག་རང་གནས་སའི་ཏང་ཀྲི་པུའུ་ཡི་རྩ་འཛུགས་འཚོ་བར་ཞུགས། ཁོས"མགོ་ཁྲིད་ཅིག་གིས་གལ་ཏེ་ལུས་འགྲམ་གྱི་མང་ཚོགས་ལའང་འབྲེལ་གཏུག་མི་བྱེད་ན། མང་ཚོགས་གཞན་ལ་ཇི་ལྟར་འབྲེལ་གཏུག་བྱེད་ཨང"ཞེས་བསྟན་པ་དང་། ཡང་མགོ་ཁྲིད་ལས་བྱེད་པས་རྩ་འཛུགས་འཚོ་བའི་ནང་ཞུགས་པ་དེ་མགོ་རྩོམ་ས་གསར་བ་ཞིག་ཏུ་བརྩིས་ནས།  ཏང་ནང་གི་ཆབ་སྲིད་འཚོ་བར་སྔར་ལས་ཤུགས་སྣོན་པ་དང་ཚད་ལྡན་དུ་གཏོང་དགོས་ལ། འདི་ལྟ་བུའི་བསམ་རྒྱ་ཞིག་ངེས་པར་དུ་ཡོད་དགོས་ཞེས་བསྟན། མགོ་ཁྲིད་པའི་འགན་ཁུར་བའི་ཏང་ཡོན་ལ་མཚོན་ནས་བཤད་ན། རང་རྟོགས་སྒོས་གཞི་རིམ་ཏང་རྩ་འཛུགས་ཀྱིས་སྤེལ་བའི་རྩ་འཛུགས་འཚོ་བའི་ནང་ཞུགས་ཏེ།  དམངས་གཙོ་དར་སྤེལ་གང་ལེགས་གཏོང་བ་དང་། གཞི་རིམ་ཏང་ཡོན་གྱི་སྐད་སྒྲར་ཐད་ཀར་ཉན་ནས་གནས་ཚུལ་རྒྱུས་ལོན་དང་ལྟ་སྐུལ་དང་ལེན། དམིགས་བསལ་ཅན་གྱི་ཕྱོགས་ལྷུང་བཀག་འགོག་དང་ཁྱད་བསད་བཅས་བྱས་ནས། རིམ་པ་སོ་སོའི་ཏང་ཡོན་དང་མང་ཚོགས་འབྲེལ་གཏུག་ཟབ་མོ་ཡོང་བར་ཤུགས་སྣོན་ཆོག


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1