འཐུས་མི་རྣམ་པ།
ཐེངས་འདིའི་ཚོགས་ཆེན་གྱིས་ང་རང་མུ་མཐུད་དུ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་གྱི་འགན་འཁུར་བར་འདེམ་བསྐོ་བྱུང་བས། འཐུས་མི་རྣམ་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ང་ལ་ཡིད་ཆེས་གནང་བར། ངས་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གཙོ་འཛིན་ཞེས་པའི་བླ་མེད་ཀྱི་ལས་འགན་འདི་ཁུར་ན། ལས་འགན་གཟི་བརྗིད་ལྡན་ཞིང་འགན་འཁྲི་ཧ་ཆང་གལ་ཆེ་བ་ཞིག་རེད། ངས་སྔོན་ཆད་ནང་བཞིན་ལྷག་བསམ་རྣམ་དག་གིས་རྩ་ཁྲིམས་ཀྱིས་སྤྲད་པའི་ལས་འགན་ལག་བསྟར་བྱས་ཏེ། མེས་རྒྱལ་དང་མི་དམངས་ལ་བློ་དཀར་བ་དང་། ལས་འགན་བརྩི་སྲུང་ནན་མོ་བྱེད་པ་དང་། ནུས་ཤུགས་ཅི་ཡོད་འདོན་པ། བརྩོན་སེམས་ཀྱིས་བྱ་བ་སྒྲུབ་པ། བློ་དཀར་ཀྱིས་སྲི་ཞུ་འབུལ་བ་བཅས་ཀྱིས་མི་དམངས་ཀྱི་ཞབས་ཞུ་པ་བྱེད་པ་དང་། མི་དམངས་ཀྱི་ལྟ་རྟོག་དང་དུ་བླངས་ནས། འཐུས་མི་རྣམ་པ་དང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱི་ཡིད་ཆེས་དང་མངག་བཅོལ་གལ་ཆེན་དེ་སྟོང་ཟད་དུ་གཏན་ནས་གཏོང་མི་སྲིད།
རྒྱལ་ཁབ་ཀྱི་ལས་ཁུངས་ཀྱི་ལས་བྱེད་མི་སྣ་ཡོངས་རྫོགས་གོ་གནས་ཇི་འདྲའི་མཐོན་པོ་ཞིག་ཏུ་བཞུགས་ཡོད་ན་ཡང་། ཚང་མས་ངེས་པར་དུ་ང་ཚོའི་སྤྱི་མཐུན་རྒྱལ་ཁབ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཡིན་པ་ཡིད་ལ་བརྟན་པོར་བཟུང་སྟེ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་དེ་སེམས་ཀྱི་གནས་ཡུལ་ཆེས་མཐོན་པོ་རུ་འཇོག་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བ། དུས་དང་རྣམ་པ་ཀུན་ཏུ་མི་དམངས་ཀྱི་ཁེ་ཕན་དང་བདེ་སྐྱིད་ཀྱི་ཆེད་དུ་ཧུར་ཐག་གིས་བྱ་བ་བསྒྲུབ་དགོས།
འཐུས་མི་རྣམ་པ།
མི་དམངས་ནི་ལོ་རྒྱུས་གསར་སྐྲུན་བྱེད་མཁན་དེ་ཡིན་ལ། མི་དམངས་ནི་དཔའ་བོ་ངོ་མ་དེ་ཡིན། རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་འཕེལ་འགྱུར་ལོ་རྒྱུས་དེ་ནི་ཀྲུང་གོ་མི་དམངས་ཀྱིས་བརྩམས་པ་ཡིན་ལ། ཟབ་ཅིང་རྒྱ་ཆེ་བའི་ཀྲུང་ཧྭའི་དཔལ་ཡོན་ནི་ཀྲུང་གོ་མི་དམངས་ཀྱིས་གསར་སྐྲུན་བྱས་པ་ཡིན། ཡུན་རིང་གསར་སྣོན་བྱས་པའི་ཀྲུང་ཧྭ་མི་རིགས་ཀྱི་སྙིང་སྟོབས་ནི་ཀྲུང་ཧྭ་མི་དམངས་ཀྱིས་གསོ་སྐྱོང་བྱས་པ་ཡིན། ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་འབྱོར་ལྡན་དུ་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་རླབས་ཆེ་བའི་འཕུར་སྐྱོད་དེ་བསུས་པ་ནི་ཀྲུང་གོ་མི་དམངས་ཀྱིས་འབད་བརྩོན་བྱས་ནས་ཐོབ་པ་ཡིན།
ཀྲུང་གོ་མི་དམངས་ལ་དམིགས་བསལ་དུ་ཡོད་པའི་སྤུས་ཚད་དམ་རང་སྤུས་དེ་ཡིས་ལོ་ངོ་སྟོང་ཕྲག་གི་འཕེལ་རྒྱས་ད་ལྟའི་བར་རྒྱུན་མ་ཆད་པར་བྱུང་བའི་ཀྲུང་ཧྭའི་དཔལ་ཡོན་དེ་བསྐྲུན་པར་མ་ཟད། ཀྲུང་གོའི་དེང་རབས་འཕེལ་རྒྱས་ཡར་སྐྱེད་ཡོང་བར་ཡང་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད་པ་དང་། དེང་རབས་ཀྲུང་གོ་བའི་བསམ་པའི་འཇིག་རྟེན་ལའང་ཤུགས་རྐྱེན་ཟབ་མོ་ཐེབས་བཞིན་ཡོད། ཀྲུང་གོ་མི་དམངས་ཀྱིས་ཡུན་རིང་བའི་འབད་བརྩོན་ཁྲོད་སྐྱེད་སྲིང་དང་། རྒྱུན་འཛིན། གོང་འཕེལ་བཅས་སུ་བཏང་བའི་རླབས་ཆེ་བའི་མི་རིགས་ཀྱི་སྙིང་སྟོབས་དེས། ཀྲུང་གོའི་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་སུ་འགྲོ་བར་བསམ་པའི་སྒུལ་ཤུགས་ཆེན་པོ་བསྩལ།
--ཀྲུང་གོ་མི་དམངས་ནི་རླབས་ཆེ་བའི་གསར་སྐྲུན་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྲུང་གོ་མི་དམངས་ནི་དུས་དང་རྣམ་པ་ཀུན་ཏུ་དཀའ་སྤྱད་ཀྱིས་ངལ་རྩོལ་བྱེད་པ་དང་། གསར་སྐྲུན་དང་གསར་གཏོད་བྱེད་པ་ཞིག་སྟེ། རང་རྒྱལ་དུ་ལའོ་ཙི་དང་། ཁུང་ཙི། ཀྲང་ཙི། མེང་ཙི། མུའུ་ཙི། སིན་ཙི། ཧན་ཧྥེ་ཙི་སོགས་སྙན་གྲགས་གླིང་ཀུན་ཏུ་ཁྱབ་པའི་རླབས་ཆེན་བསམ་བློ་བ་མཁས་དབང་ཆེན་མོ་མང་པོ་བྱུང་སྟེ། ཤོག་བུ་བཟོ་རྩལ་དང་། མེ་རྫས། པར་འདེབས་ལག་རྩལ། ཕྱོགས་སྟོན་འཁོར་ལོ་སོགས་མིའི་རིགས་ཀྱི་དཔལ་ཡོན་འཕེལ་འགྱུར་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པའི་ཚན་རྩལ་གྱི་འབྲས་བུ་རླབས་ཆེན་པོ་གསར་གཏོད་མཛད་ཡོད་ཅིང་། སྙན་ངག་གི་བསྟན་བཅོས་དང་། ཁྲུའུ་ཡི་སྙན་ཚིག ཧན་རྒྱལ་རབས་ཀྱི་ལྷུག་མ། ཐང་རྒྱལ་རབས་ཀྱི་སྙན་ངག སུང་རྒྱལ་རབས་ཀྱི་སྙན་ངག ཡོན་རྒྱལ་རབས་དུས་ཀྱི་ཟློས་གར། མེང་ཆིང་རྒྱལ་རབས་དུས་སྐབས་ཀྱི་བརྩམས་སྒྲུང་སོགས་རླབས་ཆེ་བའི་རིག་རྩལ་བརྩམས་ཆོས་གསར་རྩོམ་མཛད་ཡོད། གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་དང་། མ་ན་སི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ། འཇང་གུར་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་སོགས་མི་སེམས་གཡོ་བར་བྱེད་པའི་རླབས་ཆེ་བའི་ལོ་རྒྱུས་སྙན་རྩོམ་རིང་མོ་དར་སྤེལ་བཏང་ཡོད། ལྕགས་རི་རིང་པོ་དང་། ཏུའུ་ཅང་ཡན་ཡུལ་ལྗོངས། མིས་བཟོས་གཙང་པོ་ཆེན་པོ། གནའ་བོའི་ཕོ་བྲང་། ཕོ་བྲང་པོ་ཏ་ལ་སོགས་རྔམ་བརྗིད་ལྡན་པའི་རླབས་ཆེན་བཟོ་བཀོད་བཞེངས་སྐྲུན་བྱས་ཡོད། མིག་སྔར་ཀྲུང་གོ་མི་དམངས་ཀྱི་གསར་སྐྲུན་སྙིང་སྟོབས་དེ་སྔར་བྱུང་མ་མྱོང་བའི་སྒོ་ནས་མཆེད་པར་གྱུར་ཏེ། རང་རེའི་རྒྱལ་ཁབ་ཉིན་རེ་བཞིན་རྣམ་པ་མི་འདྲ་བར་གྱུར་ནས་མདུན་དུ་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ནས་མདུན་སྐྱོད་ཆེན་པོས་འཛམ་གླིང་གི་སྔོན་གྲལ་དུ་སོན་ཡོད། གལ་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གིས་དུས་དང་རྣམ་པ་ཀུན་ཏུ་འདི་ལྟ་བུའི་རླབས་ཆེན་གྱི་གསར་སྐྲུན་སྙིང་སྟོབས་དར་སྤེལ་བྱས་ཚེ། ང་ཚོས་ངེས་པར་དུ་མི་ཡུལ་གྱི་བྱས་རྗེས་ངོ་མཚན་ཅན་མང་པོ་ཞིག་བསྐྲུན་ཐུབ་པར་ང་ལ་ཡིད་ཆེས་ཡོད།
--ཀྲུང་གོ་མི་དམངས་ནི་རླབས་ཆེ་བའི་འབད་བརྩོན་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྙིང་དོར་གསར་འཛུགས་དང་འབད་བརྩོན་ལྷོད་མེད་སྒོས་མེས་རྒྱལ་གྱི་ཡངས་ཤིང་རྒྱ་ཆེ་ལ་མཛེས་སྡུག་ལྡན་པའི་ཡུལ་ཁམས་བཟང་པོ་གསར་སྤེལ་དང་འཛུགས་སྐྲུན་བྱས་པ་དང་། རྦ་ཀློང་ཆིལ་ཆིལ་དུ་གཡོ་བའི་འབྱམས་ཀླས་པའི་མཚོ་རྒྱུད་མངའ་ཁུལ་གསར་འབྱེད་བྱས་པ། ཐོན་ཁུངས་ཕུན་སུམ་ཚོགས་པའི་འབྲུ་རིགས་འདེབས་ཞིང་མཐའ་ཡས་པ་མང་པོ་གསར་སྦོལ་བྱས་པ། གཤིས་རྒོད་འདུལ་དཀའ་བ་ལྟ་བུའི་ཆུ་བོ་དང་གཙང་པོ་ཆེ་གྲས་བརྒྱ་སྟོང་མང་པོ་གཙང་བཅོས་བྱས་པ། རང་བྱུང་གནོད་འཚེ་བགྲང་ལས་འདས་པ་མང་པོ་ལས་རྣམ་པར་རྒྱལ་བ། གྲོང་རྡལ་ཞིང་གྲོང་སྐར་ཚོགས་ལྟར་བཀྲམ་པ་མང་པོ་འཛུགས་སྐྲུན་བྱས་པ། ཐོན་ལས་སྣ་འཛོམས་མང་པོ་འཕེལ་རྒྱས་སུ་བཏང་བ། འཚོ་བ་རྣམ་པ་སྣ་ཚོགས་ཆགས་པར་གྱུར་བ་བཅས་བྱས་ཡོད། ཀྲུང་གོ་མི་དམངས་ཀྱིས་ཐོག་མ་ཉིད་ནས་ཤེས་ཡོད་དེ། དཀའ་ལས་གཞན་གྱིས་བྱས་ན་ལོངས་སྤྱོད་རང་གིས་བྱས་ཆོག་པའི་འཚོ་བ་ཞིག་མེད་ལ་བདེ་སྐྱིད་འདོད་ན་འབད་བརྩོན་བྱེད་དགོས་སོ། །མིག་སྔར་ཀྲུང་གོ་མི་དམངས་ལ་མངའ་བ་ཡོད་ཚད་དེ་ཀྲུང་གོ་བའི་སྤྱང་གྲུང་དང་བློ་གྲོས་གོང་བུར་ཆགས་པ་ལས་བྱུང་བ་དང་། ཀྲུང་གོ་བའི་དཀའ་སྤྱད་ཀྱི་རྔུལ་ཆུ་སིམ་པ་ལས་བྱུང་བ། ཀྲུང་གོ་བའི་མངོན་མེད་ཀྱི་རང་སྲོག་བློས་བཏང་བ་ལས་བྱུང་བ་ཡིན། གལ་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གིས་དུས་དང་རྣམ་པ་ཀུན་ཏུ་འདི་ལྟ་བུའི་རླབས་ཆེན་གྱི་འབད་བརྩོན་སྙིང་སྟོབས་དར་སྤེལ་བྱས་ཚེ། ང་ཚོས་ངེས་པར་དུ་མི་དམངས་ལ་སྔར་ལས་ལྷག་པའི་འཚོ་བ་གསར་སྐྲུན་བྱེད་པའི་དམིགས་ཡུལ་རྔམ་བརྗིད་ལྡན་པ་དེ་འགྲུབ་ཐུབ་པར་ང་ལ་ཡིད་ཆེས་ཡོད།
--ཀྲུང་གོ་མི་དམངས་ནི་རླབས་ཆེ་བའི་མཐུན་སྒྲིལ་སྙིང་སྟོབས་ལྡན་པའི་མི་རིགས་ཤིག་ཡིན། ལོ་ངོ་སྟོང་ཕྲུག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྲུང་གོ་བས་དུས་དང་རྣམ་པ་ཀུན་ཏུ་མཐུན་སྒྲིལ་བསམ་པ་གཅིག་སྦྲེལ་དང་དཀའ་ངལ་མཉམ་སེལ་བྱས་ནས་གཅིག་གྱུར་གྱི་མི་རིགས་མང་བའི་རྒྱལ་ཁབ་འཛུགས་སྐྲུན་བྱས་པ་དང་། མི་རིགས་ང་དྲུག་གི་རྒྱུ་མང་ཕུང་གཅིག་དང་མཉམ་འདྲེས་མཉམ་ཐུག་གི་མི་རིགས་ཀྱི་འབྲེལ་བ་མཐུན་པོ་འཕེལ་རྒྱས་སུ་བཏང་ནས། སོ་སྲུང་རོགས་རེས་བྱེད་པའི་ཀྲུང་ཧྭའི་ཁྱིམ་གཞི་ཆེན་མོ་ཆགས་པར་གྱུར་པ། ལྷག་པར་དུ་ཉེ་རབས་ཀྱི་ཕྱིས་སུ་ཡུལ་གཞན་གྱི་བཙན་འཛུལ་པས་གནོད་འཚེ་ཚབས་ཆེན་བཏང་བའི་གནས་བབ་དྲག་པོའི་འོག་ཏུ། རང་རྒྱལ་གྱི་རིགས་སོ་སོའི་མི་དམངས་ཀྱིས་ལག་སྦྲེལ་དཔུང་གཤིབ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་འབད་བརྩོན་དང་ཁྲག་བཏོན་དམར་འཛིང་བྱས་པས་ངན་པའི་མཐར་ལྷུང་བའི་བཙན་འཛུལ་པ་ཡོད་ཚད་ཕམ་པར་བཏང་སྟེ། མི་རིགས་རང་བཙན་དང་རང་དབང་སྲུང་སྐྱོབ་བྱས་ནས་ཐུན་མོང་གིས་ཀྲུང་ཧྭ་མི་རིགས་ཀྱི་མེས་རྒྱལ་སྲུང་སྐྱོབ་དང་ཕྱི་རྒྱལ་གྱི་བཙན་གནོན་འགོག་པའི་བརྗིད་ཆགས་ཡིད་འོང་གི་ལོ་རྒྱུས་སྙན་རྩོམ་རིང་མོ་བརྩམས། མིག་སྔར་ཀྲུང་གོས་གཞན་གྱི་ཡིད་དབང་འཕྲོག་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་བླངས་པ་ནི་དེ་བས་ཀྱང་རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་རིགས་ཚང་མས་ཡིད་སེམས་གཅིག་འདྲེས་དང་ལྟེ་མཐུན་ཕྱོགས་མཐུན་སྒོས་ཧུར་ཐག་བྱས་པའི་འབྲས་བུ་ཡིན། ཀྲུང་གོ་མི་དམངས་ཀྱིས་རང་ཉིད་ཀྱི་མྱོང་བརྒྱུད་ལས་མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན་པ་དང་མཐུན་སྒྲིལ་བྱས་ན་ད་གཟོད་མདུན་སྐྱོད་བྱེད་ཐུབ་པ་ལས། ཁ་ཐོར་དགུ་ཐོར་དུ་གྱུར་པའི་རྒྱལ་ཁབ་ནི་འཕེལ་རྒྱས་དང་ཡར་སྐྱེད་ཡོང་མི་སྲིད་པ་ངོས་ཟིན་གཏིང་ཟབ་བྱུང་ཡོད།གལ་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གིས་དུས་དང་རྣམ་པ་ཀུན་ཏུ་འདི་ལྟ་བུའི་རླབས་ཆེན་གྱི་མཐུན་སྒྲིལ་སྙིང་སྟོབས་དར་སྤེལ་བྱས་ཚེ། ང་ཚོར་ངེས་པར་དུ་ཞུམ་མེད་མདུན་སྐྱོད་དང་ཟླ་མེད་ནུས་ཤུགས་ལྡན་པའི་སྟོབས་ཤུགས་ཆེན་པོ་ཞིག་ཆགས་ཐུབ་པར་ང་ལ་ཡིད་ཆེས་ཡོད།
--ཀྲུང་གོ་མི་དམངས་ནི་རླབས་ཆེ་བའི་ཕུགས་བསམ་སྙིང་སྟོབས་ལྡན་པའི་མི་དམངས་ཤིག་ཡིན། ལོ་ངོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་ཀྲུང་གོ་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་ཕུགས་བསམ་བཅངས་པ་དང་དོན་གཉེར་ལྷོད་མེད་བྱས་ནས། ང་ཚོར་འབྱོར་འབྲིང་སྤྱི་ཚོགས་ཀྱི་འདུ་ཤེས་ཆགས་པར་མ་ཟད། འཛམ་གླིང་སྤྱི་སྙོམ་དུ་འགྱུར་བར་ཁ་ལོ་བསྒྱུར་བའི་བརྩེ་སེམས་ཀྱང་ཆགས་པར་གྱུར་ཅིང་། ཕན་ཀུའུ་ཡིས་གནམ་བཏེགས་པ་དང་། ཉི་ཝ་ཡིས་གནམ་གྱི་ཁུང་བུར་ཞིག་གསོ་བྱས་པ། ཧྥུ་ཞི་ཡིས་སྤར་ཁ་བརྒྱད་ཀྱི་རི་མོ་བྲིས་པ། ལྷ་སོ་ནམ་པས་རྩྭའི་བྲོ་བ་མྱངས་པ། ཁྭ་ཧྥུ་ཡིས་ཉི་མ་དེད་པ། ཅིང་ཝེ་ཡིས་རྒྱ་མཚོ་བསུབ་པ། ཡུས་ཀུང་གིས་རི་བོ་སྤོས་པ་སོགས་རང་རྒྱལ་གྱི་གནའ་བོའི་ལྷ་སྒྲུང་དེ་དག་གིས་ཀྲུང་གོ་མི་དམངས་ཀྱིས་དོན་གཉེར་བྱེད་ཕོད་པ་དང་ཕུགས་འདུན་མངོན་འགྱུར་བྱེད་པའི་རྩེ་གཅིག་གི་སྙིང་སྟོབས་གཏིང་ཟབ་སྒོས་མཚོན་ཡོད།རི་བོ་ཇི་འདྲའི་མཐོ་ན་ཡང་། ཡར་འཛེགས་ཀྱིན་སོང་ན་རི་རྩེར་སོན་ཐུབ་ཅིང་། ལམ་ཐག་ཇི་འདྲའི་རིང་ན་ཡང་། གོམ་ཤུགས་མཐར་བསྐྱལ་ན་འབྱོར་ཐུབ་པ་ཀྲུང་གོ་མི་མངས་ལ་ཡིད་ཆེས་ཡོད། ཉེ་བའི་དུས་རབས་འགའི་རིང་ནས། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེ་བའི་ཕུགས་འདུན་དུ་གྱུར་ཡོད་ཅིང་། ཀྲུང་གོ་མི་དམངས་ཀྱིས་ལན་བརྒྱར་ཕམ་ཡང་དཔའ་མི་ཞུམ་པ་དང་བློ་བརྟན་འགྱུར་བ་མེད་པར་དགྲ་བོ་དང་དམར་འཛིང་མཐའ་འཁྱོལ་བྱེད་པའི་དཔའ་ཉམས་དང་རང་སྟོབས་རང་སྤེལ་གྱི་རྨང་གཞིའི་སྟེང་ཉམས་པ་སོར་ཆུད་བྱེད་པའི་ཆོད་སེམས་བཅངས་ནས། འཛམ་གླིང་མི་རིགས་ཁྲོད་དུ་རང་ཚུགས་ཐུབ་པའི་ནུས་ཤུགས་ཀྱིས་རླབས་ཆེ་བའི་ཕུགས་འདུན་འདི་ཉིད་མངོན་འགྱུར་ཡོང་ཆེད་ལོ་ངོ་ཆིག་བརྒྱ་བདུན་ཅུ་ལྷག་གི་རིང་འབད་བརྩོན་རྒྱུན་འཁྱོངས་བྱས་ཡོད། མིག་སྔར་ཀྲུང་གོ་མི་དམངས་ལོ་རྒྱུས་སྟེང་གི་དུས་སྐབས་གང་ལས་ཀྱང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་བར་སྔར་ལས་ཐག་ཉེ་ཞིང་སྔར་ལས་ཡིད་ཆེས་དང་ནུས་པ་ཡོད། གལ་ཏེ་ཀྲུང་གོ་མི་དམངས་དུང་ཕྱུར་བཅུ་གསུམ་ལྷག་གིས་དུས་དང་རྣམ་པ་ཀུན་ཏུ་འདི་ལྟ་བུའི་རླབས་ཆེན་གྱི་ཕུག་འདུན་སྙིང་སྟོབས་དར་སྤེལ་བྱས་ཚེ། ང་ཚོས་ངེས་པར་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་ཡོང་ཐུབ་པ་ང་ལ་ཡིད་ཆེས་ཡོད།
བློ་མཐུན་རྣམ་པ། འདི་ལྟ་བུའི་རླབས་ཆེན་གྱི་མི་དམངས་དང་། འདི་ལྟ་བུའི་རླབས་ཆེན་གྱི་མི་རིགས། འདི་ལྟ་བུའི་རླབས་ཆེན་གྱི་མི་རིགས་སྙིང་སྟོབས་ཡོད་པ་ནི་ང་ཚོའི་གཟི་བརྗིད་ཡིན་ལ། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མདུན་ལམ་ལ་ཡིད་ཆེས་དང་། གཞུང་ལུགས་ལ་ཡིད་ཆེས། ལམ་ལུགས་ལ་ཡིད་ཆེས། རིག་གནས་ལ་ཡིད་ཆེས་བརྟན་པོ་བཅས་བྱེད་པའི་གཏིང་ཤུགས་ཡིན་ལ། འདི་ནི་ང་ཚོས་ཆར་རླུང་ཇི་ལྟར་འཚུབ་ཀྱང་མཚམས་མི་འཇོག་པ་དང་སྐད་གསང་མཐོན་པོས་གླུ་དབྱངས་ལེན་བཞིན་མདུན་དུ་སྐྱོད་པའི་རྩ་བའི་སྟོབས་ཤུགས་ཀྱང་ཡིན།
རང་རྒྱལ་ནི་བཟོ་པའི་གྲལ་རིམ་གྱིས་མཛུབ་ཁྲིད་བྱེད་པ་དང་བཟོ་ཞིང་མནའ་འབྲེལ་རྨང་གཞིར་འཛིན་པའི་མི་དམངས་དམངས་གཙོས་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་ལ། རྒྱལ་ཁབ་ཀྱི་དབང་ཆ་ཡོད་ཚད་མི་དམངས་ལ་དབང་། ང་ཚོས་ངེས་པར་དུ་མི་དམངས་ཀྱི་ལངས་ཕྱོགས་དུས་དང་རྣམ་པ་ཀུན་ཏུ་མཐའ་འཁྱོལ་བྱ་དགོས་ལ་མི་དམངས་ཀྱི་གོ་གནས་གཙོ་བོ་རྒྱུན་འཁྱོངས་བྱས་ནས། ཁེངས་སྐྱུང་གིས་མི་དམངས་ལ་སློབ་སྦྱོང་བྱེད་པ་དང་། མི་དམངས་ཀྱི་འབོད་སྒྲ་ལ་གཟབ་ཉན་བྱེད་པ། མི་དམངས་ཀྱི་ཤེས་རབ་བསྡུ་ལེན་བྱས་ཏེ། མི་དམངས་ཀྱིས་བརྩི་བཀུར་བྱེད་དམ་མི་བྱེད་དང་། བློ་ལ་འཐད་དམ་མི་འཐད། དགའ་འམ་མི་དགའ། ཁས་ལེན་ནམ་མི་ལེན་དེ་བྱ་བའི་ཐོབ་ཤོར་ཡོད་ཚད་འཇལ་བྱེད་ཀྱི་གཞི་རྩའི་ཚད་གཞིར་བཟུང་སྟེ། མི་དམངས་ཀྱིས་ཆེས་དོ་ཁུར་བྱེད་པ་དང་། ཆེས་ཐད་ཀ་ཡིན་པ། ཆེས་དངོས་ཡོད་དང་མཐུན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱེད་པར་འབད་བརྩོན་བྱས་ཏེ། ཀྲུང་གོ་མི་དམངས་དང་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་རྫོགས་ལ་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ཁྲོད་བདེ་སྐྱིད་དང་གཟི་བརྗིད་མཉམ་རོལ་བྱེད་དུ་འཇུག་དགོས།
འཐུས་མི་རྣམ་པ།
མི་དམངས་ལ་ཡིད་ཆེས་ཡོད་ན། ད་གཟོད་རྒྱལ་ཁབ་ལ་མ་འོངས་པ་ཡོད་ལ། རྒྱལ་ཁབ་ལ་སྟོབས་ཤུགས་ཀྱང་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་བར་ཞུགས་ཟིན་པས། ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི་ཀྲུང་གོ་མི་དམངས་ལ་སྔར་ལས་ལྷག་པའི་ཡིད་ཆེས་ཆེན་པོ་དང་། རང་རྩིས་ཆེན་པོ། རང་སྟོབས་ཆེན་པོ་བཅས་ལྡན། གནའ་དེང་ཟུང་འབྲེལ་གྱི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་ཀྲུང་གོར་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་དགེ་མཚན་ཁྲི་སྟོང་མང་པོས་ཡོངས་སུ་བརྒྱན་ཡོད། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་ལ་གསོན་ཤུགས་གསར་བས་བརྟས་ཡོད་པ་དང་། ཀྲུང་གོ་འཛིན་མའི་ཁྱོན་ཀུན་ཏུ་བྱས་རྗེས་ངོ་མཚར་ཅན་མང་པོ་ཆུ་གཏེར་རྒྱས་པ་བཞིན་འབྱུང་བཞིན་ཡོད་པས། ང་ཚོ་མ་འོངས་པར་ཡིད་ཆེས་ཆེན་པོས་ཁེངས་ཡོད།
ལོ་རྒྱུས་ཀྱིས་ར་སྤྲོད་བྱས་ཟིན་ཡོད་ལ་ད་ལྟ་ཡང་མུ་མཐུད་དུ་ར་སྤྲོད་བྱེད་བཞིན་ཡོད་དེ། སྤྱི་ཚོགས་རིང་ལུགས་ཁོ་ནས་ད་གཟོད་ཀྲུང་གོ་སྐྱོབ་ཐུབ་ཅིང་། ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་འཕེལ་རྒྱས་བཏང་ན་ད་གཟོད་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་དེ་མངོན་འགྱུར་ཡོང་ཐུབ། རྒྱལ་ཕྱི་ནང་གི་གནས་བབ་ལ་རྙོག་འཛིང་ཟབ་མོའི་འགྱུར་ལྡོག་འབྱུང་བཞིན་ཡོད་ན་ཡང་། རང་རྒྱལ་གྱི་འཕེལ་རྒྱས་སྔར་བཞིན་གལ་ཆེའི་འཐབ་ཇུས་ཀྱི་གོ་སྐབས་དུས་ཡུན་དུ་འཁོད་ཡོད། ང་ཚོར་འདས་པའི་དུས་ནང་བློ་ཡུལ་ལས་འདས་པའི་འཕེལ་རྒྱས་ཀྱི་ཆ་རྐྱེན་ལེགས་པོ་ཞིག་ལྡན་མོད། འོན་ཀྱང་། སྔར་བྱུང་མ་མྱོང་བའི་དཀའ་ཁག་དང་འགྲན་སློང་ཡང་མདུན་དུ་ལྷགས་ཡོད། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་སྐབས་བཅུ་དགུ་པས་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བཙུགས་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་བླངས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་རྒྱང་སྐྱོད་ཀྱི་ལམ་བུ་གསར་དུ་ཕྱེ་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་རྔམ་བརྗིད་ལྡན་པའི་འཆར་གཞི་དངོས་སུ་ལེགས་གྲུབ་བྱུང་བ་མཚོན་པར་བྱས། འཆར་གཞི་དེ་མངོན་འགྱུར་ཡོང་བར་བྱ་རྒྱུ་ནི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་ཞིག་རེད། ལམ་བུ་དེ་ད་དུང་ཧ་ཅང་རྒྱང་ཐག་རིང་ན་ཡང་། དུས་ཚོད་ཀྱིས་མི་ལ་སྒུག་མི་སྲིད་པས་རྣམ་གཡེང་ཅུང་ཙམ་ཡང་བྱེད་མི་རུང་། ང་ཚོ་ད་ཡོད་ཀྱི་གནས་ཚུལ་ལ་ཡིད་ཚིམ་པ་དང་སྐྱིད་ལ་ཆགས་ཤིང་སྡུག་ལ་གཡོལ་བར་བྱེད་པ། སྐྱིད་ལ་རོལ་ནས་སྡུག་བརྗེད་པ་གཏན་ནས་མི་བྱེད་པར། ངེས་པར་དུ་ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་ཡིད་ལ་བརྟན་པོ་འཆང་བ། སྙིང་སྟོབས་ཆེར་བསྐྱེད་ཀྱིས་བྱས་རྗེས་འཇོག་ཐུབ་པ་བཅས་ཀྱིས་ཧུར་ཐག་ཆེན་པོས་དུས་རབས་གསར་པར་གཏོགས་པའི་འོད་སྟོང་འབར་བའི་གྲུབ་འབྲས་གསར་སྐྲུན་བྱེད་དགོས།
ང་ཚོས་རང་རྒྱལ་ལོ་རྒྱུས་གསར་པའི་ཁ་ཕྱོགས་སུ་འཕེལ་རྒྱས་བྱུང་བར་བསྟུན་ཐུབ་དགོས་ལ། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་འགལ་ཟླའི་འགྱུར་ལྡོག་དམ་པོར་སྦྲེལ་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་པ། ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པ་དང་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པའི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ། མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏིང་ཞའོ་ཕེང་གི་རིག་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བྱེད་པ་བཅས་ཀྱིས། རླབས་ཆེན་གྱི་འཐབ་རྩོད་དང་། རླབས་ཆེན་གྱི་བཟོ་བཀོད། རླབས་ཆེན་གྱི་ལས་རིགས།རླབས་ཆེན་གྱི་ཕུགས་འདུན་བཅས་གཅིག་འདོམས་བྱས་ནས། "གནས་ལྔ་གཞི་གཅིག"གི་སྤྱིའི་ཆགས་སྟངས་ལ་གཅིག་གྱུར་སྐུལ་འདེད་བྱེད་པ་དང་། "ཁྱོན་ཡོངས་བཞི"ཡི་འཐབ་ཇུས་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་བྱེད་པ། ཧུར་བརྩོན་གྱིས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལས་རིགས་ཀྱི་རྣམ་པ་གསར་པ་གསར་གཏོད་བྱེད་དགོས།
ང་ཚོའི་དམིགས་ཡུལ་ནི་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་ན་རང་རྒྱལ་སྟོབས་ཤུགས་ཆེ་ལ་དམངས་གཙོ་ཡིན་པ་དང་། དཔལ་ཡོན་རྒྱས་པ། འཆམ་མཐུན་ཡོང་བ། མཛེས་སྡུག་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ལྡན་ཞིག་འཛུགས་ཐུབ་པར་བྱ་རྒྱུ་དེ་ཡིན།
ང་ཚོས་སྔར་ལས་ལྷག་པའི་ཤུགས་ཚད་དང་སྔར་ལས་དོན་དངོས་དང་མཐུན་པའི་བྱེད་ཐབས་ཀྱིས་ཁྱོན་ཡོངས་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་བཏང་སྟེ། ཕྱི་ཕྱོགས་སྒོ་འབྱེད་རྒྱ་བསྐྱེད་པ་དང་འཕེལ་རྒྱས་གསར་པའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱེད་པ། དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་པ། རང་རྒྱལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་དངོས་ཤུགས། ཕྱོགས་བསྡུས་རྒྱལ་ཤུགས་བཅས་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ནས། སྤྱི་ཚོགས་རིང་ལུགས་ཀྱི་དཔལ་འབྱོར་ཚོང་རའི་གསོན་ཤུགས་སྔར་ལས་གང་ལེགས་ཀྱི་སྒོ་ནས་གསལ་པོར་སྟོན་དགོས།
ང་ཚོས་སྔར་ལས་ལྷག་པའི་ཤུགས་ཚད་དང་སྔར་ལས་དོན་དངོས་དང་མཐུན་པའི་བྱེད་ཐབས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་འཕེལ་རྒྱས་སུ་གཏོང་བ་དང་། ཏང་གི་དབུ་ཁྲིད་དང་མི་དམངས་ཀྱི་རང་ཁྱིམ་རང་བདག ཁྲིམས་བརྟེན་རྒྱལ་སྐྱོང་མཐུན་སྦྱོར་གྱིས་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ། རྒྱལ་ཁབ་ཀྱི་བདག་སྐྱོང་མ་ལག་དང་བདག་སྐྱོང་ནུས་པ་ལྡན་པའི་དེང་རབས་ཅན་སྐུལ་འདེད་གཏོང་བ། ཆེས་ཡོངས་ཁྱབ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ་མི་དམངས་ལ་སྔར་ལས་ཆེས་ཡོངས་ཁྱབ་ཆེ་ཞིང་སྔར་ལས་འདང་ངེས་ཡིན་པ། སྔར་ལས་དོན་དངོས་ཡིན་པའི་དམངས་གཙོའི་ཁེ་དབང་ཡོད་པར་ཁག་ཐེག་ནན་ཏན་བྱས་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཁྱད་འཕགས་རང་བཞིན་སྔར་ལས་གང་ལེགས་སྒོས་གསལ་པོར་སྟོན་དགོས།
ང་ཚོས་སྔར་ལས་ལྷག་པའི་ཤུགས་ཚད་དང་སྔར་ལས་དོན་དངོས་དང་མཐུན་པའི་བྱེད་ཐབས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་ངང་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་སྲོག་ཤིང་དུ་འཛིན་པའི་རིན་ཐང་གི་ལྟ་བ་གསོ་སྐྱོང་དང་ལག་ལེན་བྱེད་པ། ཀྲུང་ཧྭའི་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་ཀྱི་གསར་སྐྲུན་རང་བཞིན་འཕོ་འགྱུར་གཏོང་བ་དང་གསར་གཏོད་རང་བཞིན་འཕེལ་རྒྱས་གཏོང་བར་སྐུལ་འདེད་བཏང་སྟེ། ཀྲུང་ཧྭའི་དཔལ་ཡོན་གྱི་ཤུགས་རྐྱེན་གྱི་ནུས་པ་དང་། གོང་བར་འགྲིལ་ཤུགས། ཡིད་འགུག་གི་ནུས་པ་བཅས་སྔར་ལས་ལེགས་པར་གསལ་པོར་སྟོན་དགོས་སོ།། བསམ་གྲུབ་ཀྱིས་བསྒྱུར།