༄༅།། ཐང་ག་ཞེས་པའི་མིང་གི་བྱུང་ཚུལ་དང་གོ་དོན་སྐོར་གླེང་བ།
ཚངས་དབང་དགེ་འདུན་བསྟན་པ། རྩོམ་སྒྲིག་པ།ཡོང་ཁུངས།བོད་ལྗོངས་ཞིབ་འཇུག སྤེལ་དུས། 01-07
ཚངས་དབང་དགེ་འདུན་བསྟན་པ།
[ནང་དོན་གནད་བསྡུས།]རྩོམ་ཡིག་འདིའི་ནང་བོད་ཀྱི་ཐང་ག་ཞེས་པའི་མིང་གི་བྱུང་ཚུལ་དང་དེའི་གོ་དོན་ཐད་ཆེད་དུ་ཞིབ་འཇུག་བྱས་ནས་ཕུ་ཐག་ཆོད་པའི་སྡོམ་ཚིག་ཅིག་འཇོག་ཐུབ་མེད་པར་དམིགས་ཏེ་གནའ་དེང་གི་དེའི་སྐོར་གྱི་དཔྱད་གཞིའི་ཡིག་རིགས་ལ་གཞི་བཅོལ་ནས་ཐང་ག་ཞེས་པའི་མིང་བོད་རྒྱ་གཉིས་ཀྱི་སྐད་གང་ཡིན་གྱི་སྐོར་དང་སི་ཐང་གི་སྐོར་ལ་དཔྱད་པ་བྱས་ཏེ་ཐང་ག་ཞེས་པའི་མིང་དེ་བོད་སྐད་རྣལ་མ་ཡིན་པའི་རང་གི་འདོད་ཚུལ་གླེང་ཡོད།
[བརྡ་ཆད་གཙོ་བོ།]ཐང་ག མིང་། གོ་དོན།
[ཀྲུང་གོའི་དཔེ་དེབ་དབྱེ་རྟགས།]G03[ཡིག་ཚང་མཚོན་བྱང་།]A[རྩོམ་གྱི་གོ་རིམ་ཨང་སྒྲིག]1002 - 946X(2007)04 -061-15
གླེང་གཞི།
ཉེ་ཆར་ངེད་ཀྱིས་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》གི་དུས་དེབ་སྟེང་《ཐང་ག་ཞེས་པའི་མིང་གི་གོ་དོན་དང་དེའི་ཁྱབ་ཁོངས་སྐོར་བཤད་པ》ཞེས་པའི་དཔྱད་རྩོམ་མདོར་བསྡུས་ཤིག་སྤེལ་བ་ལ། སྤྱི་ཚོགས་སྟེང་གི་ཤེས་ཡོན་ཅན་འགའ་རེས་དེ་ལ་དོ་སྣང་དང་གདེང་འཇོག་བྱས་ཏེ། ང་ལ་ཁ་པར་དང་འཕྲིན་ཡིག་བཅས་དངོས་འཕྲད་བརྒྱུད་གསུམ་གྱིས་བསམ་ཚུལ་སྣ་ཚོགས་བཏོན་བྱུང་བ་དང་། སྒོས་སུ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་གི་འགོ་གཙོ་གཞོན་པ་བསོད་ནམས་དབང་ལྡན་མཆོག་གིས། ཐང་གའི་ཐ་སྙད་ཀྱི་ནང་དོན་ལ་《རྦ་བཞེད་》དུ་དྲངས་པའི་དར་ཐང་ཆེན་པོ་གསུམ་བྱ་བ་དེ་ཐོག་མར་ཡིན་མིན་ད་དུང་དཔྱད་གསུམ་དག་པས་བརྡར་ཤ་གཅོད་དགོས། ཞེས་པ་དང་། དགེ་བཤེས་བློ་བཟང་རྒྱལ་མཚན་གྱིས། བོད་ཀྱི་ལྷའི་ཐིག་རྩ་བྱ་བ་ལ། ཨ་མདོ་བྱམས་པས་རྒྱུད་ཀྱི་ཁུངས་ལུང་མི་འདུག་ཅེས་པའི་རྒྱུ་མཚན་ཅི། དུས་འཁོར་རྩ་རྒྱུད་དང་། དཔལ་སྡོམ་པ་འབྱུང་བའི་རྒྱུད་གཉིས་ལས་ད་ལྟའི་ཐིག་རྩ་ནང་བཞིན་དངོས་སུ་བཞུགས་པས་ན། མི་བཞུགས་ཞེས་དངོས་སུ་བསྙོན་འདིང་བའི་དམིགས་ཡུལ་གང་། འདིའི་སྐོར་ལ་གསལ་ཐག་ཆོད་པའི་ར་སྤྲོད་ཅིག་བྱེད་དགོས། ཞེས་པ་དང་། བོད་ཀྱི་རིག་དངོས་ཉར་ཚགས་པ་གྲགས་ཅན་རེ་ཁེ་ཀརྨ་བསམ་འགྲུབ་ལགས་ཀྱིས། ཐང་གའི་ཐ་སྙད་ཀྱི་འབྱུང་ཁུངས་སྐོར་ལ། གནའ་རྫས་རིག་པའི་ཐབས་ལམ་སྤྱད་དེ་ཞིབ་བསྡུར་གྱིས་ཕྲ་ཞིང་ཕྲ་བར་འབྲི་དགོས་ཞེས་དགོངས་འཆར་གསེར་ལས་དཀོན་པ་ཅི་རིགས་གནང་བྱུང་བས། འདིར་ངེད་ཀྱིས་ཀྱང་དེ་དག་ལ་རྐྱེན་བྱས་ནས་ཡང་བསྐྱར་ཐང་གའི་སྐོར་ཅུང་ཟད་རྒྱས་པར་གླེང་བར་འདོད། སྤྱིར་བཤད་ན། པིར་ཐོགས་པ་ངེད་ཀྱིས་ཐང་གའི་རི་མོ་བྲིས་ནས་ལོ་ངོ་ཉི་ཤུ་ལྷག་སོང་ཞིང་། དེའི་རིང་ལ་ངེད་ཀྱིས་མདོ་དབུས་མཐོ་སྒང་གི་རི་མོ་བ་དང་། ནང་སའི་རི་མོ་བ་ཚོ་དང་མཉམ་དུ་བོད་ཀྱི་ཐང་གའི་རི་མོའི་མདུན་ལམ་དང་། ཐུན་མོང་མ་ཡིན་པའི་ཁྱད་ཆོས། ཕྱིས་འབྱུང་ཇི་ལྟར་རྒྱུན་འཛིན་དང་དར་སྤེལ་གཏོང་ཕྱོགས་སྐོར་ལ་ཕན་ཚུན་ཉམས་མྱོང་སྤེལ་རེས་བྱེད་མྱོང་ཞིང་། བོད་ཀྱི་རིག་གནས་དང་ལོ་རྒྱུས་སྐོར་ལ་ཅུང་གསལ་ཁ་མེད་པའམ་ཆ་རྒྱུས་མི་མངའ་བའི་མི་རྣམས་ཀྱིས། ཐང་ག་ཟེར་བ་ནི་ཅི་རེད། ཅེས་ང་ལ་དྲི་བ་འདོན་སྐབས། ངས་ལན་དུ། ཐང་ག་བྱ་བ་ནི་རི་མོའི་འབྲི་སྟངས་ཤིག་རེད། དཔེར་ན། རྒྱ་མི་རིགས་ཀྱི་རྒྱལ་སྲོལ(国画)རི་མོ་བཞིན་རང་རྐྱ་འཕར་བའི་རི་མོའི་འབྲི་སྲོལ་ཞིག་རེད། དེ་ནི་ཡོ་རོབ་གླིང་གི་སྣུམ་ཚོན་རི་མོ་དང་མི་འདྲ་ལ། རྒྱ་གར་གྱི་འབུར་གཤོང་རི་མོ་དང་ཡང་མི་གཅིག་པའི་བོད་ཀྱི་རི་མོ་ཞིག་རེད། ཅེས་ལན་བཏབ་པ་ཡིན། དོན་ལའང་དེ་ལྟར་ཡིན་ཡང་། ཉེ་ཆར་ཐང་གའི་གདགས་གཞིའི་ཐད་བོད་རྒྱ་གཉིས་ཀྱི་སྐད་གང་ཡིན་ལ་རྩོད་གཞི་བྱུང་ནས་ད་དུང་ཡང་ཕུ་ཐག་ཆོད་པའི་སྡོམ་ཚིག་ཅིག་འཇོག་ཐུབ་མེད། སྐབས་འདིར་ང་རང་ཡང་བོད་ཀྱི་རི་མོ་བ་ཞིག་ཡིན་པའི་ཆ་ནས་ཐང་གའི་སྐོར་ལ་རང་གི་བསམ་འཆར་འདོན་པའི་འགན་ཡོད་པ་དང་ཁྱད་པར་《བོད་ལྗོངས་སྒྱུ་རྩལ་ཞིབ་འཇུག》གི་དུས་དེབ་སྟེང་《ཐང་ག་ཞེས་པའི་མིང་གི་གོ་དོན་དང་དེའི་ཁྱབ་ཁོངས་སྐོར་བཤད་པ་》 བྱ་བའི་དཔྱད་རྩོམ་མདོར་བསྡུས་ལྟ་བུ་ཞིག་བཀོད་པ་ལ་མ་འདང་ས་ཤིན་ཏུ་མང་པས། དེའི་ཁ་སྐོང་ཡིན་ནའང་འདྲ། གསལ་བཤད་ཀྱི་ཚུལ་དུ་ཡིན་ནའང་རུང་། གང་ལྟར་ཐང་གའི་སྐོར་སླར་ཡང་གཤམ་དུ་གླེང་བར་བྱ་སྟེ།
དང་པོ། ཐང་ག་ཞེས་པའི་མིང་བོད་རྒྱ་གཉིས་ཀྱི་སྐད་གང་ཡིན་སྐོར།
དེ་ཡང་ཐང་ག་བྱ་བའི་མིང་འདིར་རྒྱ་དཀར་ནག་དང་། སོག་པོ། ཉི་ཧོང་། དབྱིན་ཇི། ཧྥ་རན་སི་སོགས་ཀྱི་སྐད་ནང་ཚང་མས་སྒྲ་བསྒྱུར་བྱས་ཏེ། བོད་ཀྱི་ཐང་ག་བྱ་བ་ལ་རྒྱ་སྐད་དུ་(西藏唐卡)དང་དབྱིན་ཇིའི་སྐད་ལ་(Tibetanthangas) ཞེས་པ་དང་། ཐང་གའི་སྒྱུ་རྩལ་ལྟ་བུ་ལ་རྒྱ་སྐད་དུ་(唐卡艺术)བྱ་བ་དང་དབྱིན་ཇིའི་སྐད་དུ་(Tangka art)ཞེས་བྲིས་བ་དང་། དེ་ལྟར་བྲིས་པ་བཞིན་སྤྱི་ཚོགས་ཐོག་ཏུ་ཡང་དེ་ལྟར་འབོད་ཀྱིན་ཡོད་པས། བོད་རིག་པ་ལ་རྒྱུས་ཡོད་པའི་འཛམ་གླིང་གི་མི་རིགས་སུ་ཡིན་རུང་ཐང་ག་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་རི་མོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ལོ་རྒྱུས་ཐོག་ཐང་ག་ཞེས་པའི་མིང་བྱུང་ཚུལ་དང་དེའི་གོ་དོན་ཐད་ད་ཕན་ཆེད་དུ་ཞིབ་འཇུག་བྱས་ཏེ་འདི་ཡིན་གྱི་སྡོམ་ཚིག་བཀོད་པའི་དཔྱད་རྩོམ་ཞིག་བྱུང་མེད་པ་འདྲ། ཡིན་ན་ཡང་། ཉེ་སྔོན་བོད་རྒྱ་ཡིག་རིགས་གཉིས་ཆར་གྱི་རྩོམ་ཡིག་ཅི་རིགས་ཤིག་ལས་ཐང་གའི་གོ་དོན་སྐོར་ལ་དཔྱད་པ་བྱས་ཡོད་པ་མང་དུ་མཆིས་ཤིང་། དེ་དག་ལས་ཁ་ཅིག་ནི་ཐང་ག་ཞེས་པ་བོད་སྐད་ཡིན་པ་གཞིར་བཞག་གིས་བཤད་ཡོད་པ་དང་། ལ་ལས་རྒྱ་སྐད་ལས་བྱུང་བར་འདོད་པ་སོགས་ལྟ་ཚུལ་དུ་མ་བྱུང་འདུག དེས་ན་ལྟ་ཚུལ་མི་མཐུན་པའི་གནས་ཚུལ་དེ་རྣམས་བྱུང་དོན་ནི། རང་རང་གི་གཞི་འཛིན་སའི་ཡིག་ཆའམ་ལོ་རྒྱུས་ཀྱི་ཡིག་ཚང་ཁུངས་མི་འདྲ་བ་དག་ལ་བརྟེན་ནས་བྱུང་བ་ནི་སྤྲོས་མ་དགོས་པ་རེད། ངེད་ཀྱིས་ཀྱང་། འདིར་རང་གི་བསམ་ཚུལ་མཚོན་པའི་ལྟ་བ་མི་བཤད་ཐབས་མེད་ལྟར་གྱུར་བས་མཁས་པ་གཞན་གྱི་ལྟ་ཚུལ་དང་མི་མཐུན་པ་འབྱུང་ངེས་པས། ཞོར་དུ་མཁས་པ་གཞན་ལ་ཕོག་ཐུག་བཟོས་པ་ཡིན་ན་དགོངས་འགལ་མེད་པ་ཞུ།
1.ཐང་ག་ཞེས་པ་རྒྱ་སྐད་ལས་ཐོགས་པའི་སྐོར།
ཐོག་མར་ཐང་ག་བྱ་བ་རྒྱ་སྐད་ཡིན་པར་འདོད་པའི་ལྟ་ཚུལ་རྣམས་བརྗོད་པར་བྱ་སྟེ། ཁ་ཅིག་གིས་ན་རེ། ཐང་ག་བྱ་བ་ནི་རྒྱ་སྐད་ཡིན་ཞིང་། དོན་ནི་ཐང་རྒྱལ་རབས་སྐབས་སུ་ཤིང་བྱང་ལྟ་བུའི་ངོས་སུ་རི་མོ་བྲིས་པ་(唐代卡片画)དེ་ལ་ཟེར་སྐད། དེ་ནི་རྒྱ་ཡིག་གི་(唐卡)བྱ་བ་དེ་ཐད་ཀར་གོ་བ་ལེན་པ་འདུག་སྙམ་པ་བསམ་མོད། དེ་འདྲའི་ལོ་རྒྱུས་བྱུང་ཚུལ་རྒྱ་ཡིག་གི་མཛེས་རྩལ་གྱི་གཞུང་ལུགས་ཁག་ལས་ཀྱང་མི་གདའ་བས། བཙལ་ཀྱང་རྙེད་དཀའ་བ་ཡིན་ཕྱིར། དེ་ནི་ཁ་བདེ་ལྕེ་བདེ་བ་ཞིག་གིས་སྤྱི་བརྟོལ་དུ་སྨྲ་བ་འབའ་ཞིག་གོ བོད་ཀྱི་མཛེས་རྩལ་རིག་པའི་མཁས་པ་དཀོན་མཆོག་བསྟན་འཛིན་གྱི་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》ལས། ལོ་རྒྱུས་སྨྲ་བ་འགའ་ཞིག་གིས། ཐ་སྙད་དེ་རྒྱ་སྐད་ཀྱི་སྒྲ་ཐད་འགྱུར་ཡིན་ལ། དེའི་སྲོལ་ཡང་རྒྱ་ནག་ནས་བྱུང་བར་བཤད་མོད། ཁོ་བོས་དེ་སྔོན་ཡིད་རྟོན་རུང་བའི་ལོ་རྒྱུས་ཁུངས་བཙན་མ་མཐོང་བས་འདི་ནི་འདིའོ་ཞེས་སྨྲ་བའི་སྤོབས་པ་ཞུམ་མོད། འོན་ཀྱང་དེ་ལ་བསམ་དགོས་པ་ཞིག་ཀྱང་སྣང་སྟེ། བོད་ཀྱི་ལོ་རྒྱུས་ཆེན་མོ་ཁག་ལས། རྒྱལ་པོ་སྲོང་བཙན་གྱི་དུས། བློན་པོ་མགར་གྱིས་རྒྱ་བཟའ་ཀོང་ཇོ་བོད་དུ་སྤྱན་འདྲེན་པའི་ལྷན་དུ། ཇོ་བོ་ཤཱཀྱ་མུ་ནེ་དང་བཟོ་སྣ་བཅོ་བརྒྱད་ཀྱི་དཔེ། སྨན་དཔྱད་ཆེན་མོ་དང་། རྩིས་ཀྱི་སྤོར་ཐང་བརྒྱད་ཅུ་རྣམས་ཀྱང་བོད་དུ་དྲངས། ཕན་ཚུན་སློབ་མ་དང་བཟོ་རྩལ་པ་མངགས་སོ་ཞེས་བྱུང་བ་དང་། ཁྲི་སྲོང་ལྡེ་བཙན་གྱིས་བསམ་ཡས་བཞེངས་སྐབས་དར་ཐང་ཆེན་པོ་གསུམ་བཞེངས་ཚུལ་བཤད་ལ། དེ་ལ་ལོ་རྒྱུས་འགའ་ཞིག་ཏུ་སི་ཐང་ཞེས་བྲི་སྣང་མོད་སྒྲ་འགྱུར་ལ་སི་ཐང་དང་། དོན་འགྱུར་ལ་དར་ཐང་ཞེས་བརྗོད་པ་ཡིན་ནམ་སྙམ་དཔྱོད་དོ།①ཞེས་འཁོད་ཡོད། དེས་ན་ཁོང་གི་བཞེད་དགོངས་ལྟར་ན། ཐང་ག་བྱ་བ་ནི་སི་ཐང་ལས་སྒྲ་འགྱུར་བར་འདོད་ལ། དར་ཐང་ཞེས་པ་ནི་སི་ཐང་གི་དོན་འགྱུར་ཡིན་པར་བཞེད་དོ། གོང་དུ་དར་ཐང་ཆེན་མོ་གསུམ་བཞེངས་ཞེས་ལོ་རྒྱུས་ཀྱི་ཡིག་ཚང་གང་དུ་གསལ་བ་མིང་འཁོད་མེད་ཀྱང་། སྐུ་ཞབས་ཞེ་ཅིས་ཧྲིན་(谢继胜)གྱིས་བརྩམས་པའི་《མི་ཉག་གི་བོད་བརྒྱུད་རི་མོ་--西夏藏传绘画》ལས་ཆེས་ཡིད་ཕངས་པ་ཞིག་ནི། རྩོམ་པ་པོས་(དཀོན་མཆོག་བསྟན་འཛིན་) དཔེ་ཆ་གང་ནས་ལུང་དྲངས་པ་དཔྱད་གཞི་ཙམ་ཡང་བཀོད་མེད་མོད། འོན་ཏེ་པིར་ཐོགས་པ་ངེད་ཀྱིས་བཤད་ཕྱོགས་འདི་བརྒྱུད་ནས་《སྦ་བཞེད་》དུ་འཚོལ་ཀློག་བྱས་པ་ན། དེ་ནས་རྙེད་བྱུང་། བསམ་ཡས་གཙུག་ལག་ཁང་གི་ཉིས་ཐོག་ཏུ། དར་ཐང་ཆེན་པོ་གསུམ་(三幅丝缎唐卡)བཞེངས་ཡོད་ཅེས་བོད་ཡིག་གིས་(dar thang chen po gsum) བྲིས་ཡོད་པར་མཐོང་། ཞེས་པ་དང་། ཡང་དེ་ཉིད་ལས། ད་དུང་ངེད་ཀྱིས་དར་ཐང་བྱ་བའི་དར་ནི་རྒྱ་སྐད་དུ་(丝绸 ) སི་ཀྲིག་གི་འབོད་ཚུལ་དང་། དར་ཐང་དང་སི་ཐང་གང་ཡིན་ཡང་དེ་ནི་རྒྱ་སྐད་དུ་(丝质唐卡)བྱ་བའི་བོད་སྐད་ཀྱི་འབོད་སྟངས་ཤིག་སྟེ། དར་ཐང་ནི་གནའ་བོའི་དུས་ཀྱི་འབོད་ཆུ་ལ་ཞིག་དང་། སི་ཐང་ནི་ཕྱིས་སུ་དར་བར་འདོད། ཅེས་པ་དང་། སི་ཐང་དང་བོད་ཀྱི་ཐང་གའི་འབྱུང་ཁུངས་ཐད་འབྲེལ་བ་ཤིན་ཏུ་ཟབ་ལ། 《སྦ་བཞེད་》དུ་དྲངས་པའི་དར་ཐང་ཆེན་མོ་བྱ་བ་དེ་ཡོད་ངེས་པ་མ་ཟད། དེས་པཱ་ལི་དང་(巴勒)ཐའོ་ཆིས་ཅོ་ཧྲུག(杜齐 )གཉིས་ཀྱིས། བོད་ཀྱི་ཐང་གའི་འབྱུང་ཁུངས་དེ་རྒྱ་གར་གྱི་རས་བྲིས་རི་མོ་ལ་ཁུངས་གཏུགས་པར་བཤད་པ་དེ་ལྟ་མ་ཡིན་པར། བོད་ཀྱི་ཐང་ག་དེ་རྒྱ་ནག་གི་རི་མོ་ནས་འགྱུར་བར་ཡིན་པ་གལ་ཆེ་བའི་གསལ་བཤད་ར་སྤྲོད་གནང་ཡོད།②ཅེས་གསལ་བ་དང་། གོང་གི་ནང་དོན་ཁག་ལས་སྐུ་ཞབས་ཞེ་ཅིས་ཧྲིན་གྱིས། དཀོན་མཆོག་བསྟན་འཛིན་གྱིས་བཤད་པའི་དར་ཐང་ཆེན་པོ་གསུམ་ཞེས་པའི་ཐ་སྙད་དེ་《སྦ་བཞེད་》དུ་བཀོད་འདུག་ཅེས་གསལ་བཤད་གནང་འདུག་པ་དང་། དར་ཐང་དང་སི་ཐང་གི་ནང་དོན་ཡང་དཀོན་མཆོག་བསྟན་འཛིན་གྱིས་བཤད་པ་ནང་བཞིན་འཐད་པ་བྱུང་ཡོད། དེས་ན་ཁོང་གཉིས་ཀྱི་ལྟ་བ་ཕུགས་སུ་གཏད་ན་ཐང་ག་ཟེར་བ་སི་ཐང་ལས་བྱུང་བར་འདོད་པ་ནི་གཅིག་མཚུངས་ཡིན་ནོ། ལར་ཡིན་ན། དཀོན་མཆོག་བསྟན་འཛིན་ནི་ཉེ་ཆར་བོད་ཀྱི་རི་མོ་བའི་ནང་ནས་ལག་རྩལ་དང་གཞུང་ལུགས་གཉིས་འཛོམས་ཀྱི་མཁས་པ་ཞིག་དང་། ཁོང་གིས་མཛད་པའི་བོད་ཀྱི་བཟོ་རིག་གི་གཞུང་ཆེན་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》 ནི་ད་ཕན་བདག་གིས་མཐོང་བའི་བོད་ཀྱི་བཟོ་རིག་གི་གཞུང་ལུགས་ཁག་ལས་ཕུལ་བྱུང་གི་གྲས་ཡིན་པས། བདག་གིས་ཀྱང་གདེང་འཇོག་མཐོན་པོ་བྱེད་བཞིན་ཡོད། སྐུ་ཞབས་ཞེ་ཅིས་ཧྲིན་གྱིས་བརྩམས་པའི་《མི་ཉག་གི་བོད་བརྒྱུད་རི་མོ་》བྱ་བ་ནི། ཞིབ་འཇུག་གི་ཐབས་ལམ་བཟང་ཞིང་ཁྱབ་ཁོངས་ཆེ་བ། དོན་གནད་གསལ་ཞིང་དཔྱད་སྟོབས་ཕྲ་བ་བཅས་ཕུན་སུམ་ཚོགས་པའི་བརྩམས་ཆོས་ཤིག་ཡིན་པས། སྤྱི་ཚོགས་སྟེང་ཡིད་འཇོག་ཆེན་པོ་བྱེད་ཀྱི་ཡོད། དེ་ལྟ་བུ་ཆེད་ལས་མཁས་པ་གཉིས་ཀྱིས་དགོངས་པ་གཅིག་དང་དབྱིངས་གཅིག་གིས་ཐང་ག་ནི་སི་ཐང་ལས་བྱུང་ཞིང་། བསམ་ཡས་གཙུག་ལག་ཁང་དུ་དར་ཐང་ཆེན་པོ་གསུམ་བཞེངས་ཡོད་ཚུལ་སོགས་ཡོད་ཚད་ཀྱི་ཁུངས་གཏུགས་ས་《སྦ་བཞེད་》ལ་བཅོལ་ཡོད་པ་རེད། དེས་ན་ང་ཚོས་ཐང་གའི་ཐ་སྙད་སྐོར་བརྡར་ཤ་གཅོད་དགོས་ཚེ། ཐོག་མར་《སྦ་བཞེད་》དུ་ལུང་དྲངས་པའི་“དར་ཐང་ཆེན་པོ་གསུམ་”བྱ་བ་དེ་ལ་དཔྱད་པ་ཞིབ་ཏུ་གཏོང་དགོས་ཏེ། དེ་སྔོན་《སྦ་བཞེད་》ཀྱི་དཔེ་ཆ་ཧ་ཅང་དཀོན་པོ་ཞིག་ཡིན་པས། མ་ཕྱི་གསུམ་བཞི་ཙམ་ལས་མི་བཞུགས་པར་བཤད། ཉེ་ཆར་དཔར་དུ་བཏབ་པའི་ཐོག་མ་ནི་མི་རིགས་དཔེ་སྐྲུན་ཁང་གིས་མི་རིགས་རིག་གནས་ཕོ་བྲང་དང་། བོད་ལྗོངས་ཡིག་ཚགས་ལས་ཁུངས། བོད་ལྗོངས་དགེ་འོས་སློབ་གྲྭ་ཆེན་མོའི་བློ་མཐུན་ཕུན་ཚོགས་ཚེ་རིང་གསུམ་གྱི་བྲིས་མ་བཤུས་ཏེ། སྤྱི་ལོ་1980ལོའི་ཟླ་6པ་ལ་པར་གཞི་དང་པོ་བསྒྲིགས་ཤིང་། སྤྱི་ལོ་1982ལོའི་ཟླ་9པར་པེ་ཅིན་ལ་པར་ཐེངས་2པ་བརྒྱབ་པའི་《སྦ་བཞེད་》དེའི་མགོ་ཤོག་ལི་སྐྱ་དང་ཁ་རིས་སྔོ་སྐྱ་ཅན། དགེ་མགོན་པོ་རྒྱལ་མཚན་གྱིས་རྩོམ་སྒྲིག་གི་འགན་འཁུར་བ་དེ་རེད། དཔེ་ཆ་དེའི་ཤོག་ལྡེབ་46སྟེང་དུ། “..........རྒྱུད་རིས་ཐམས་ཅད་མདོ་སྡེ་དང་བསྟུན། ལྡེར་ཚོ་ཐམས་ཅད་གསང་སྔགས་དང་བསྟུན། དེ་ལྟར་ན་ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒོ་ཆུང་ཆུང་བཞི་བཅུ་ཞེ་གཉིས། གྲུ་སྐས་ཆེན་པོ་དྲུག ཅོང་ཆེན་པོ་བརྒྱད། དང་དང་( དར་ཐང་) ཆེན་པོ་གསུམ་ལ་སོགས་པ་”ཞེས་པའི་གོང་གི་གུག་རྟགས་ནང་གི་དར་ཐང་དེ་ད་ལྟ་ཚང་མས་གཞི་འཛིན་སའམ་ཁུངས་གཏུགས་ས་དེ་རེད། དེས་ན་གུག་རྟགས་ནང་གི་དར་ཐང་ནི་རྩོམ་སྒྲིག་པས་མཆན་འགྲེལ་བྱས་པ་ཞིག་ལས་གཞུང་དངོས་ལས་བསྟན་པའི་ཚིག་མིན་པ་ཀུན་གྱིས་མཁྱེན་གསལ་ལྟར་ན། དང་དང་ནི་དར་ཐང་ཡིན་པའི་གདེང་ཚོད་སུ་ལ་ཡོད། རྩོམ་སྒྲིག་པས་བཅོས་པའི་དར་ཐང་ལ་ཡིད་རྟོན་ཅི། དོན་དངོས་ཐོག་རྩོམ་སྒྲིག་པས་དང་དང་བྱ་བའི་ཐ་སྙད་ཀྱི་ནང་དོན་མ་གོ་བར་རང་གར་དར་ཐང་དུ་བཅོས་པ་ཞིག་གོ གལ་ཏེ་དར་ཐང་དུ་བཅོས་ཀྱང་མཚམས་འདིར་མི་འཚམ་སྟེ། དར་ཐང་ཡིན་ན་སྐུ་གསུང་ཐུགས་རྟེན་གྱི་གྲས་ཡིན་པས། ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི་ཞེས་པའི་སྐབས་སུ་བཞག་ན་འགྲིག་པ་ལས་ཆེས་དཀྱུས་མའི་ཅ་ལག་གི་མཇུག་ཏུ་ག་ལ་འཇོག དེ་ནི་སྐབས་དེའི་གནས་ཚུལ་ཞིག་ཡིན་པ་《སྦ་བཞེད་》ཀྱི་གཞུང་བྱིངས་རྣམས་ཀྱི་གོང་འོག་ཏུ་གཟིགས་དང་ཤིན་ཏུ་གསལ་ལོ། གཞན་ད་ལྟ་ཡོད་པའི་《སྦ་བཞེད་》ཀྱི་བྲིས་མ་གནའ་ཡི་མ་ཕྱི་ངོ་མ་དག་ནི་སྲིད་གཞུང་རིམ་པའི་སྡེ་ཁག་རྣམས་སུ་ཉར་ཚགས་གནང་ཡོད་པས། ང་ལྟ་བུ་མི་སྒེར་ཞིག་གིས་ཡིག་ཚང་དེ་དག་མིག་ལམ་དུ་མཐོང་རྒྱུ་དེ་ཧ་ཅང་དཀའ་མོ་རེད། འོན་ཏེ། སྟབས་ལེགས་པ་ཞིག་ལ་བོད་ལྗོངས་རིག་དངོས་སྲུང་སྐྱོབ་ཁང་དུ་ཉར་ཚགས་བྱས་ཡོད་པའི་《སྦ་བཞེད་》 ནང་དུ། དང་དང་བྱ་བ་ལས་དར་ཐང་གི་ཐ་སྙད་མི་འདུག་པས། དར་ཐང་ནི་ཕྱིས་སུ་རྩོམ་སྒྲིག་པས་གསེར་གྱི་ཀ་བ་ལ་ཤིང་གི་ལྷན་པ་བཏབ་པའི་གནས་ཚུལ་ཞིག་ཡིན་པ་གཞི་ནས་ཤེས། དེ་བཞིན་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ་ཡང་། 《སྦ་བཞེད་》ཀྱི་ནང་དོན་ལྟར་བཀོད་ཡོད་པ་འདི་ལྟ་སྟེ། “ལྡེར་ཚོ་བདུན་ཅུ་དོན་བརྒྱད། མདོའི་རྒྱུད་རིས་བཅུ་བཞི། ཀ་བ་སྟོང་དང་རྩ་གཉིས། སྒོ་མོ་ཆེ་སུམ་ཅུ་སོ་དྲུག སྒེའུ་ཆུང་བཞི་བཅུ་རྩ་གཉིས། གྲུ་སྐས་ཆེན་པོ་དྲུག ཅོང་ཆེན་པོ་བརྒྱད། དང་དང་ཆེན་པོ་གསུམ་གྱིས་བརྒྱན་པ་བྱས་སོ། ། ” ③ཞེས་གསལ་ཞིང་། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ནི་སྤྱི་ལོ་1546ལོར་བརྩམས་འགོ་ཚུགས་ཏེ་ལོ་ཉི་ཤུར་བྲིས་ཟིན་པ་ལ་བརྟགས་ན་ཡིག་ཚང་འདི་བརྩམས་ནས་ད་ལྟའི་བར་མ་མཐར་ཡང་ལོ་ངོ་ལྔ་བརྒྱ་ལྷག་འདས་ཡོད་པ་ཤེས་ཐུབ། དེས་ན་ལོ་ངོ་ལྔ་བརྒྱའི་ཡར་སྔོན་ཞིག་ནས་《སྦ་བཞེད་》དུ་དང་དང་བྱ་བ་ལས་དར་ཐང་ཞེས་བྲིས་མེད་པ་བདེན་དཔང་བྱེད་ནུས་སོ། གོང་དུ་བཤད་པའི་ནང་དོན་ཁག་ལས་ང་ཚོས་ཤེས་ཐུབ་པ་ཞིག་ནི། 《སྦ་བཞེད་》 ཀྱི་དཔེ་ཆ་རྙིང་པ་རྣམས་སུ་དང་དང་ཞེས་མཆིས་པ་ལས་དར་ཐང་བྱ་བ་བྲིས་མེད་པ་གཞི་ནས་རྟོགས་ཐུབ་ཅིང་། རྩོམ་སྒྲིག་པའི་ལོག་འགྲེལ་དེས་མི་དུ་མ་ཞིག་རྨོངས་སུ་བཅུག་པའང་རང་ཤུགས་ཀྱིས་གསལ། འོ་ན་དང་དང་བྱ་བའི་དོན་ནི་ཅི་ཞིག་ཡིན་ནམ་ཟེར་ན། དེ་ནི་རོལ་ཆས་ཤིག་གི་མིང་སྟེ། དེང་སང་སྐུ་འབུམ་བྱམས་པ་གླིང་དུ་དུས་ཆེན་སྐབས་སུ་མེ་ལོང་དགུ་བརྡུང་(མགུར་གདུང་)བྱ་བའི་རོལ་དབྱངས་དཀྲོལ་སྟངས་ཤིག་མཆིས་པ་དེ་དང་ཧ་ལམ་མཚུངས་ལ། འཁར་རྔ་ཕྲེང་བསྟར་མ་ཡང་ཟེར། རྒྱ་སྐད་དུ་云锣ཟེར་ཞིང་། འཁར་རྔ་མི་འདྲ་བ་དགུ་བརྡུང་ན་སྒྲ་མི་འདྲ་བ་དགུ་ལྡན་པ་ཞིག་གོ ཉེ་དུས་སུ་བསྒྲིགས་པའི་བོད་རྒྱ་ཚིག་མཛོད་ཆེན་མོ་ཁག་དང་དག་ཡིག་རྣམས་སུ་དང་དང་བྱ་བའི་དོན་ཅི་ཞིག་ཡིན་པའི་འགྲེལ་བཤད་གནང་བ་ཞིག་མ་མཐོང་ཡང་། མིང་རྒྱལ་རབས་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གིས་བསྒྲིགས་པའི་《西番馆译语》ཞེས་པའི་བོད་རྒྱ་ཤན་སྦྱར་གྱི་དག་ཡིག་ཅིག་ཡོད་པ་དེའི་ནང་དུ་དང་དང་བྱ་བ་ནི་རྒྱ་སྐད་དུ་云锣ཟེར་བ་དེ་ཡིན། ④ཞེས་འཁོད་ཡོད་པ་དང་། ཚིག་མཛོད་དེའི་ནང་དུ་ད་དུང་ཕྱི་རྒྱལ་གྱི་སྐད་རིགས་ཀྱང་མང་དུ་མཆིས་པ་དཔེར་ན། ཐེ་གོ་རྒྱལ་ཁབ་ཀྱི་སྐད་རིགས་དང་རྒྱ་སྐད་ཤན་སྦྱར་སྐབས་སུ་《暹罗馆译语》ཞེས་མིང་བྱང་བཀོད་ཡོད་པ་དང་། དེ་བཞིན་དུ་འཇར་བྷན་སོགས་ཀྱང་དེ་ལྟར་བསྒྲིགས་ཡོད་ལ། དཔེ་ཆ་འདི་རང་རྒྱལ་གྱི་དཔེ་མཛོད་ཁང་དུ་མ་ཞིག་ཏུ་མཆིས་ནའང་། ངེད་ཀྱིས་ནི་འཇར་བྷན་གྱི་ཏུང་ཅིན་སློབ་གྲྭ་ཆེན་མོའི་དཔེ་མཛོད་ཁང་དུ་ཉར་ཚགས་ཡོད་པ་དེ་ལ་བསྐྱར་པར་བརྒྱབ་པ་ཞིག་སློབ་གྲྭ་དེའི་སྐད་བརྡ་རིག་པའི་པོ་ཧྲི་སློབ་མ་(海老原志穗)གཡུ་མཚོ་⑤ལགས་ནས་གཡར་ཏེ་བསྐྱར་པར་བཏབ་པ་ཡིན་ཞིང་། དཔེ་ཆ་འདིའི་ནང་གི་བོད་ཡིག་གི་ཐ་སྙད་ལ་བརྟགས་ན་བོད་སྐད་དུ་སྒྱུར་བ་པོ་ནི་ཨ་མདོའི་བོད་པ་ཞིག་ཨེ་ཡིན་སྙམ་སྟེ། 起营ལ་སྒར་ལངས་ཟེར་བ་དང་། ཚོན་朱砂ལ་མཚལ་རྒོད་དང་། དཀར་ཡོལ་ཁྲུང་ཁྲུང་རྟགས་ཅན་仙鹤ལ་ཚེ་རིང་དང་། 正月ལ་ཟླ་བ་དང་པོ་དང་། 河州ལ་ཀ་ཆུ་དང་།།》临洮ལ་ཤིང་ཀུན་སོགས་ཨམ་སྐད་དང་ཨ་མདོའི་ལུང་པ་ཁ་ཤས་ཀྱི་མིང་མཆིས་པ་ལས་དབུས་གཙང་སོགས་ཀྱི་ས་མིང་འཁོད་མིན་འདུག་གོ དེར་བལྟས་ན་བོད་ཡིག་འབྲི་མཁན་ཨ་མདོ་བ་ཞིག་རེད་བསམས་ཏེ་ཚོད་དཔག་བྱས་པ་ལས་མཇུག་བྱང་དང་རྩོམ་པ་པོ་སོགས་ཀྱི་མིང་མི་གསལ། གང་ལྟར་དང་དང་བྱ་བའི་རོལ་ཆས་དེ་མིང་རྒྱལ་རབས་དུས་སུ་ཨ་མདོའི་ཡུལ་དུ་མིང་དེ་ལྟར་བེད་སྤྱོད་གཏོང་བཞིན་པ་ཤེས་ནུས། དེས་ན་《སྦ་བཞེད་》གསར་དུ་དཔར་སྐྲུན་བྱེད་སྐབས་རྩོམ་སྒྲིག་པས་རང་གི་བློ་ངོར་མ་བདེ་བའི་ཐ་སྙད་དེ་གང་བྱུང་དུ་མཆན་ལོག་བརྒྱབ་པས། ཕྱིས་འབྱུང་གི་མཁས་པ་འགའ་མགོ་རྙོག་ཏུ་བཅུག་པ་རེད། 《སྦ་བཞེད་ཞབས་བཏགས་མ་》རུ། དར་ཐང་ཆེན་པོ་གསུམ། འཕན་ཆེན་པོ་བརྒྱད་ལ་སོགས་པ།⑥ཞེས་འཁོད་ཡོད་ཅིང་། དཔེ་ཆ་འདི་སྤྱི་ལོ་1990ལོར་དཔར་ཏུ་བཏབ་ཅིང་། 《སྦ་བཞེད་》ནི་སྤྱི་ལོ་1982ལོར་དཔར་སྐྲུན་མཛད་པ་ཡིན་པས། ཞུ་དག་པས་《སྦ་བཞེད་》ནང་གི་མཆན་འགྲེལ་དེ་མཐོང་ནས་《ཞབས་བཏགས་མ་》རུ། རྩ་བའི་མ་ཕྱི་གཡུགས་ཏེ་མཆན་ལོག་དེ་གཞིར་བཞག་བྱས་པ་ཞིག་ཡིན་པའང་ང་ཚོས་ཤེས་ཐུབ། 《སྐྲ་རྩེའི་ཆུ་ཐིགས་》སུ། ཅོང་ཆེན་པོ་བརྒྱད། དར་ཐང་ཆེན་པོ་གསུམ་ཞེས་མ་ཕྱི་དངོས་ཀྱི་མིང་བརྡ་གཡུགས་ཏེ་མཆན་ལོག་དེ་ཚད་མར་འཛིན་ཡོད་པ་རེད། གལ་ཏེ་ཕྱིས་ཀྱི་རི་མོ་བའམ་ཡང་ན་མཛེས་རྩལ་ཞིབ་འཇུག་པ་ཚོས་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོར་ལྟ་ཁོམ་མ་བྱུང་བར་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》 དང་། 《སྦ་བཞེད་ཞབས་བཏགས་མ་》ལྟ་བུ་དཔེ་ཆ་རེ་གཉིས་ལས་བལྟ་མ་ཐུབ་པ་ཡིན་ཚེ། གོང་གི་བྲིས་ཉེས་དེ་རྒྱུན་འབྱམས་སུ་དར་སྤེལ་སོང་སྟེ་མཐར་གཏམ་དེ་ལ་ཡལ་ག་དང་ལོ་འདབ་རྒྱས་རྒྱུ་ཡིན་པ་བཤད་མ་དགོས་སོ།
2.སི་ཐང་གི་སྐོར།
གོང་དུ་བཤད་པའི་《སྦ་བཞེད་》ཀྱི་དཔེ་ཆ་རུ་དྲངས་པའི་དར་ཐང་གི་མཆན་ཡིག་དེ་ལ་ཁུངས་ལུང་གི་རྒྱབ་རྟེན་མེད་ཚེ། དཀོན་མཆོག་བསྟན་འཛིན་དང་ཞི་ཅིས་ཧྲིན་གཉིས་ཀྱིས། སི་ཐང་ནི་བོད་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་དར་ཞེས་བཤད་པ་ལ་ཡིད་རྟོན་འཕེར་བའི་གནས་མ་ལགས་སོ། རྒྱུ་མཚན་ནི་ཁོང་གཉིས་ཀྱིས་སི་ཐང་ནི་《སྦ་བཞེད་》དུ་འཁོད་པའི་མཆན་ཡིག་དར་ཐང་ལ་གཏུགས་པ་རེད། དེའི་ཕྱིར་ཆུ་མགོ་མོ་གཤམ་གྱི་བུ་ལྟར་མཚུངས་པས་སོ། ཕྱིས་ཀྱི་མཁས་པ་མང་ཆེ་བས་སི་ཐང་གི་སྐོར་བརྗོད་སྐབས་སྨན་ཐང་བ་སྨན་བླ་དོན་གྲུབ་རྒྱ་མཚོའི་ལོ་རྒྱུས་དང་སྦྱར་ཏེ་བཤད་ཀྱི་ཡོད་པས། ཐོག་མར་ང་ཚོས་སྨན་ཐང་བའི་ལོ་རྒྱུས་སྐོར་ལ་དཔྱད་བསྡུར་དང་ཞིབ་འཇུག་བྱ་དགོས་འདུག་སྙམ། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བེེཌཱུརྱ་དཀར་པོའི་གཡའ་སེལ་》ལས། ལྷོ་བྲག་སྨན་ཐང་དུ་སྨན་བླ་དོན་གྲུབ་པ་སྐུ་འཁྲུངས་པ་དང་མཉམ་དུ་ལྷོ་བྲག་གི་སྨན་ཐང་གི་མཚལ་ཁ་ཡང་ཐོན་ཟེར། ན་ཐོག་འཚར་བ་དང་། རང་གི་ཆུང་མ་དང་མ་མཐུན་པར་ཡུལ་འཁྱར་ནས་བྱོན་པ་ཡར་འབྲོག་སྟག་ལུང་དུ་པིར་སྣོད་དང་བྲིས་དཔེ་ཞིག་རྙེད་པས་བྲིས་ལ་བློ་ཕྱོགས། གཙང་ས་སྐྱ་སོགས་བྲིས་ཤེས་ཨེ་ཡོད་ལ་ཕྱིན་མཐར་རྡོ་པ་བཀྲས་རྒྱལ་དང་ཐུག་པས་རི་མོ་གསན་མཁྱེན་གྱི་ཚུལ་མཛད། རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་དུས་བྲིས་པའི་སི་ཐང་རྒྱ་མཛོད་ཆེན་པོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་དྲན་གྱི་ཚུལ་བསྟན་པའི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོ་འདི་ཐུགས་ལ་བཀྲ་ལམ་གྱིས་ཤར། རྒྱུད་སྡེ་གཉིས་དང་བསྟུན་ཡིག་ཆ་མཛད་ཅིང་ཚུགས་ཆེན་བརྒྱད་ལ་ཤ་ཚུགས་རེ་དང་། ན་བཟའ་རྒྱན་སྤྲོད་རེ་བཅས་བཅུ་དྲུག་གིས་གཏན་ལ་ཕབ།⑦ཅེས་པ་དང་། ཡང་དེ་ཉིད་ལས། ཙནྡན་ཇོ་བོར་གྲགས་པ་དེང་སང་རྒྱ་ནག་ན་བཞུགས་པ་དངོས་ལས་བཤུས་པ་སི་ཐང་བྱུང་བ་སོགས།⑧ཞེས་གསུངས་ཤིང་། སྡེ་དགེ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་པའི་《གཙུག་ལག་ཁང་ཆོས་འབྱུང་བཀྲ་ཤིས་སྒོ་མངས་རྟེན་དང་བརྟེན་པ་ཇི་ལྟར་བསྐྲུན་པ་ལས་བརྩམས་པའི་གླེང་བ་བདུད་རྩིའི་རླབས་ཕྲེང་ཞེས་བྱ་བ་བཞུགས་སོ་》བྱ་བ་ལས། འབུར་སྐུའི་ཐོག་མ་ནི་ཙནྡན་གྱི་ཇོ་བོ་ཞེས་པ་སྟེ། བྱ་བ་ནས། ད་ལྟ་རྒྱ་ནག་ཏུ་འགྲོ་བའི་དོན་ལ་བཞུགས་ཤིང་། སྐུ་དེ་ལས་བཤུས་པའི་སི་ཐང་ཞེས་བྱ་བ་བྱུང་པ་སོགས་ལོ་རྒྱུས་རགས་པ་ཙམ་དང་།⑨ཞེས་འཁོད་ཡོད་པ་ལས་སི་ཐང་བྱ་བ་ནི་ཙནྡན་ཇོ་བོའི་རྣམ་པ་ལ་དཔེ་བླངས་ཏེ་བྲིས་བཞེངས་མཛད་པའི་རི་མོ་ཞིག་ལ་གོ་བ་ནི། སྡེ་སྲིད་སངས་རྒྱས་དང་ཁོང་གཉིས་ཀྱི་དགོངས་བཞེད་གཅིག་མཐུན་རེད། སྡེ་སྲིད་སངས་རྒྱས་རྒྱ་མཚོ་ནི་རབ་བྱུང་བཅུ་གཅིག་པའི་ཆུ་སྤྲུལ་(སྤྱི་ལོ་1653)ལོར་འཁྲུངས་ཤིང་། རབ་བྱུང་བཅུ་གཉིས་པའི་ཤིང་བྱའི་(སྤྱི་ལོ་1705)ལོར་འདས། ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་ནི་(སྤྱི་ལོ་1697-1774)བར་གྱི་མི་ཡིན་པས། འདིའི་སྐོར་གྱི་ཕྱག་རྩོམ་བྲིས་སྔ་ཤོས་ནི་སྡེ་སྲིད་སངས་རྒྱས་རེད། སྐུ་ཞབས་ཞི་ཅིས་ཧྲིན་སོགས་ཀྱིས་གོང་དུ་བཀོད་པའི་སྨན་ཐང་བའི་ལོ་རྒྱུས་རགས་བསྡུས་དེའི་ནང་གི་རྒྱལ་རིགས་བྱ་བ་ནི་རྒྱ་རིགས་ཀྱི་དོན་ཡིན་ཞིང་། ལྡན་ལུགས་ནི་ཁམས་ལྡན་མའི་ས་ཁུལ་གྱི་རི་མོའི་འབྲི་སྟངས་ཤིག་ལ་ངོས་འཛིན་གནང་ཡོད་ཀྱང་། རྒྱལ་རིགས་ལ་རྒྱ་རིགས་བྱ་བ་ནི་གོང་གི་མིང་ཚིག་“སི་ཐང་རྒྱ་མཛོད་ཆེན་པོ་” ཞེས་བྱ་བ་སོགས་ལ་བརྟགས་ནས་དེ་ལྟར་བྲིས་པ་ཡིན་སྲིད། སྤྱིར་བོད་ཡིག་གི་ནང་དོན་ལྟར་ན་རྒྱལ་རིགས་དང་རྒྱ་རིགས་བྱ་བ་ལ་གནམ་སའི་དབྱེ་བ་མཆིས་ཤིང་། གལ་ཏེ་ཡིན་ན་ཡིག་ནོར་ཡིན་དགོས་པ་ལས་དེ་མིན་དོན་དང་མི་འབྲེལ་བ་ཞིག་ཏུ་སྣང་། དེས་ན་ང་ཚོས་མཁས་པ་གཞན་གྱིས་བྲིས་པའི་སྨན་ཐང་བའི་ལོ་རྒྱུས་ཁག་ལ་དཔྱད་པ་བགྱིས་ཏེ། གཤམ་དུ་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱིས་བརྩམས་པའི་སྨན་ཐང་བའི་ལོ་རྒྱུས་མདོར་བསྡུས་ཤིག་མཆིས་པ་དེའི་ནང་དོན་ལ་དབྱེ་ཞིབ་མདོར་བསྡུས་ཤིག་བྱས་ན་འདི་ལྟར། གོང་དུ་འཁོད་པའི་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གྱི་《བདུད་རྩིའི་རླབས་ཕྲེང་》ལས། མཁས་པ་བཀྲ་ཤིས་རྒྱལ་པོ་ཞེས་བྱ་བ་ལ། སློབ་མ་རང་ལས་མཁས་པ་སྨན་བླ་དོན་གྲུབ་(སྤྱི་ལོ་2005ལོའི་《གངས་ལྗོངས་རིག་གནས་》དུས་དེབ་གཉིས་པའི་ནང་དུ་ཟ་ཤར་ཨོ་རྒྱན་རྡོ་རྗེས་བརྩམས་པའི་《ལྷོ་ཁའི་སྲོལ་རྒྱུན་རི་མོའི་སྒྱུ་རྩལ་སྐོར་གླེང་བ་》བྱ་བ་ལས། དེ་ཡང་སྨན་བྲིས་ཀྱི་སྲོལ་འབྱེད་མཁན་ནི་སྨན་བླ་དོན་གྲུབ་རྒྱ་མཚོ་བྱ་བ་དེ་ཡིན་ཞིང་། སྤྱི་ལོ་1400ལོར་ད་ལྟའི་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ཁོངས་སྨན་ཐང་གི་ཡུལ་དུ་སྐུ་འཁྲུངས། ཞེས་འཁོད་ཡོད། ལྷོ་བྲག་སྨན་ཐང་དུ་སྐུ་འཁྲུངས་པ་དང་ལྷོ་བྲག་སྨན་ཐང་གི་མཚལ་ཁ་ཡང་ཐོན་པ་བྱུང་ཞིང་། ནར་སོན་པ་ན་སྒྲ་དང་སྙན་དངགས་དང་། སྡེབ་སྦྱོར་དང་། ལཉྫ་དང་། ཝརྟུ་དང་། ནཱ་ག་རི་ཀ་དང་། དྷ་རི་ཀ་དང་། བོད་ཀྱི་ཡིག་རིགས་དུ་མ་ལ་བྱང་ཆུབ་པར་མཛད། འདི་ཉིད་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྣམ་འཕྲུལ་ཡིན་པ་གདོན་མི་ཟ་བར་གྲགས་ཤིང་། རང་གི་ཆུང་མས་ཡིད་འབྱུང་སྟེ་ཡུལ་འཁྱམས་ནས་བྱོན་པ་ན། ཡར་འབྲོག་སྟག་ལུང་དུ་པིར་སྣོད་བཅས་དང་བྲིས་དཔེ་ཞིག་རྙེད། དེ་ནས་བརྩམས་ཏེ་བྲིས་ལ་ཐུགས་ཕྱོགས་ཏེ། གཙང་ས་སྐྱ་ལ་སོགས་པར་ལྷ་བྲིས་མཁས་པ་འཚོལ་དུ་ཕྱིན་མཐར། མཁས་པ་བཀྲ་ཤིས་རྒྱལ་པོ་དང་ཐུག་ནས། དེ་ལས་རི་མོའི་ཚུལ་གསན་ཅིང་བྱང་ཆུབ་པར་མཛད། རང་གི་སྐྱེ་བ་སྔོན་མ་རྒྱ་ནག་ཏུ་འཁྲུངས་པའི་ཚེ་བྲིས་པའི་ཟིའི་ཐང་རྒྱ་མཛོད་ཆེན་མོར་གྲགས་པ་དེ་གཟིགས་པ་ཙམ་གྱིས་སྔོན་གནས་རྗེས་སུ་དྲན་པའི་ཚུལ་གྱིས་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཀྱི་རི་མོའི་རིང་ལུགས་མང་པོ་དང་། དུས་ཀྱི་འཁོར་ལོ་དང་སྡོམ་པ་འབྱུང་བ་རྩ་འགྲེལ་གྱི་རྗེས་སུ་འབྲངས་ནས། སྐུ་གཟུགས་ཀྱི་ཚད་རབ་ཏུ་བྱེད་པ་ཡིད་བཞིན་ནོར་བུ་ཞེས་བྱ་བ།⑩ཞེས་འཁོད་ཡོད་ཅིང་། ཟིའི་ཐང་རྒྱ་མཛོད་ཆེན་མོ་བྱ་བ་སི་ཐང་གི་ཡི་གེ་མི་འདྲ་བ་ཙམ་ལས་དེའི་བྱིངས་ནི་སྡེ་སྲིད་ཀྱི་གསུང་རྒྱུན་དང་གཅིག་པར་སྣང་ཞིང་། འདིའི་ནང་དུའང་རྒྱལ་རིགས་ཞེས་བྲིས་འདུག་པ་ལས་རྒྱ་རིགས་བྱ་བ་ནི་མེད། འོ་ན་དོན་གྱི་གནད་འགག་གམ་སྙིང་པོ་ནི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་ཞེས་པའི་ནང་དོན་དེ་ལ་དོན་དངོས་ཇི་ལྟར་གོ་བ་ལེན་དགོས་པའི་གནས་ཚུལ་དེ་གལ་ཆེ་བར་འདུག དེས་ན་ལྡན་ལུགས་ཟེར་པའི་རི་མོ་དེ་ཇི་འདྲ་ཞིག་ཡིན་པ་དེང་སང་སུས་ཀྱང་གསལ་པོར་བཤད་ཡོད་པ་ཞིག་མི་སྣང་ཡང་། གནའ་བོའི་ཡིག་ཚང་ཁག་ལ་དཔྱད་ན། ལྡན་ཁོག་དང་འདན་མའི་ཡུལ་བྱ་བ་ནི། དེང་སྐབས་ཡིན་ན་བོད་ལྗོངས་ཆབ་མདོ་ས་ཁུལ་གྱི་བྲག་གཡབ་རྫོང་དང་འཇོ་མདའ་རྫོང་། སི་ཁྲོན་ཞིང་ཆེན་གྱི་ཁོངས་གཏོགས་དཀར་མཛེས་བཅས་ལ་གོ་ཞིང་། ལྡན་ཀློང་ཐང་སྒྲོལ་མ་ནི་ལྷ་སའི་གཙུག་ལག་ཁང་རྣམ་གཉིས་དང་པོ་ཏ་ལ་སོགས་ལས་ཀྱང་བཞེངས་པ་སྔ་བ་ཡོད་ཚུལ་བོད་ཀྱི་ལོ་རྒྱུས་དེབ་ཐེར་ཀུན་ལས་ཡོངས་ཁྱབ་ཏུ་གྲགས། ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བྱུང་བའི་ལྡན་མ་རྩེ་མངས་ཞེས་མི་བརྗེད་པའི་གཟུངས་ཐོབ་པའི་གྲུབ་ཆེན་དེ་རྗེ་འབངས་ཉེར་ལྔའི་གྲས་ཤིག་ཡིན་ཞིང་། ཁོང་གིས་བོད་ཡིག་གི་དབུ་མེད་ལ་བཀས་བཅད་གནང་ནས་ད་ལྟའི་བར་དར་བའི་དབུ་མེད་དེ་ནི་ལྡན་ལུགས་ཀྱི་བརྒྱུད་པ་ཡིན་ཞེས་ཟེར། དེས་ན་ལྡན་ལུགས་བྱ་བ་ནི་ཡི་གེའི་འབྲི་སྟངས་ཤིག་ལ་བཤད་པ་ལས་རི་མོ་ལ་མི་གོ་བ་མངོན་གསལ་རེད། ཇོ་བོ་རྗེའི་དངོས་སློབ་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་། རྔོག་ལེགས་པའི་ཤེས་རབ། འབྲོམ་སྟོན་པ་གསུམ་ཐོག་མར་ཇོ་བོ་རྗེ་ཨ་ཏི་ཤ་བོད་དུ་མ་བྱོན་གོང་དུ་བར་ཁམས་འདན་ཀློང་ཐང་དུ(ལྡན་ཀློང་ཐང་ཡང་ཟེར་གདམ་ང་ཡིན་པར་བཤད་)ཕེབས་ཏེ། བླ་མ་སེ་བཙུན་གྱི་དྲུང་དུ་ཕར་ཚད། དབུ་མ། སམ་སྐྲི་ཏའི་སྐད་བཅས་ལ་སྦྱངས་པ་མཛད་ཅེས་གྲུབ་མཐའ་ཆོས་འབྱུང་ཁག་དང་ལོ་རྒྱུས་ཡིག་ཚང་རྣམས་སུ་གསུངས་པར་གཞིགས་ན། དེ་སྔོན་ལྡན་མའི་ཡུལ་ནི་ཁམས་ཀྱི་ཆོས་རིག་དར་བའི་འབྱུང་གནས་སམ་ལྟེ་གནས་ལྟ་བུ་ཡིན་འདུག ཡིན་ན་ཡང་། ཁོང་རྣམ་པའི་རྣམ་ཐར་དང་རྟོགས་བརྗོད་རྣམས་སུ་ལྡན་ལུགས་ཀྱི་རི་མོ་ཟེར་བ་ཞིག་མ་རྙེད་མོད། འོན་ཏེ། 《རྒྱལ་རབས་གསལ་བའི་མེ་ལོང་》ལས། “ . . . . . དེའི་བར་ལ་རྒྱ་མོ་བཟའ་ལ་སོགས་པའི་བོད་བློན་རྣམས་ཀྱིས་ལྡན་མ་བྲག་རྩར་ཕེབས་ནས། བྲག་ལ་བྱམས་པ་ཁྲུ་བདུན་པ་ཅིག་དང་། བཟང་སྤྱོད་གཉིས་བརྐོས་མར་བཞེངས། དེར་ཟླ་བ་གཅིག་བསྒུག་དེར་ཡང་བློན་པོ་མ་བྱོན།”⑾ ཞེས་འཁོད་པ་འདི་ལ་ཁ་ཅིག་གིས་ལྡན་ལུགས་ཞེས་ཟེར། འདི་ལ་བཤད་ཚུལ་གཞན་ཡང་ཡོད་དེ། དཔའ་བོ་གཙུག་ལག་ཕྲེང་བའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》 ལས་“དེ་ནས་ཀོང་ཇོ་དཔོན་གཡོག་གིས་ཁམས་སུ་ཕེབས་ནས་མགར་སྒུག་པའི་ཕྱིར་བྲག་ལོགས་ལ་རྒྱས་པའི་དབུ་དུམ་དང་བཟང་སྤྱོད་བརྐོས། རྡོ་སྐུ་ཁྲུ་བརྒྱད་ཅུ་པ་བརྐོས་”⑿ ཞེས་གསལ་བ་དང་། སྟག་ཚང་དཔལ་འབྱོར་བཟང་པོའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ལས་ཀྱང་། “བློན་པོ་མགར......ཀོང་ཇོ་དཔོན་གཡོག་གི་ཕྱི་རྗེས་ཁམས་ཀྱི་ནགས་བཤོད་དུ་ཟིན་” ⒀ཞེས་གོང་འཁོད་ཀྱི་ནང་དོན་ཁག་ལ་དཔགས་ན། ལྡན་མའི་ཡུལ་དུ་ད་དུང་མགར་མ་སླེབས་པར་ནགས་བཤོད་བྱ་བའི་ས་ཆར་ཀོང་ཇོའི་རྩར་ཐོན་པར་བཤད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། ཁམས་བྱ་བ་ལས་ལྡན་མའི་ཡུལ་ཞེས་བྱེ་བྲག་གི་མིང་གླེང་མེད་པ་དང་། རྡོ་སྐུ་ཁྲུ་བརྒྱད་ཅུ་བ་ཞེས་པ་ལས་སྐུ་གང་ཞིག་ཡིན་པའང་མི་གསལ། 《རྒྱལ་རབས་གསལ་བའི་མེ་ལོང་》དུ། བྱམས་པ་ཁྲུ་བདུན་པ་ཞེས་ཆེ་ཆུང་སོགས་མི་འདྲ་བ་མ་གཏོགས་བཟང་སྤྱོད་བྲག་ལ་བརྐོས་པ་གཅིག་མཚུངས་རེད། ཡིན་ན་ཡང་། གོང་འཁོད་ཀྱི་ནང་དོན་རྣམས་ལ་ངོས་འཛིན་སྟངས་མི་འདྲ་སྟེ། སྡེ་སྲིད་སངས་རྒྱས་དང་ཀརྨ་སི་ཏུ་སོགས་ཀྱིས་དེང་གི་ཡུལ་ཤུལ་གྱི་འབིས་ཁོག་གི་རྣམ་སྣང་ལྷ་ཁང་ཡོད་ས་དེ་ལ་ངོས་བཟུང་གནང་ཞིང་། སྒོས་སུ་སྡེ་སྲིད་ཀྱིས་འབིས་རྣམ་སྣང་གི་དཀར་ཆག་བརྩམས་པ་དེའི་ནང་དུ་ལྡན་མའི་ཡུལ་ཞེས་གསལ་པོ་བཀོད་འདུག་པ་དང་། སི་ཏུ་ཚང་གིས་རྒྱ་བཟའ་རྗེས་མའི་སྐབས་ཡིན་པ་འདྲ་ཞེས་གསུངས་པ་བཅས་ལ་གཞིགས་ན་གསལ་ལོ། དེས་ན་དོན་དངོས་སུ་དེ་འདྲ་མ་ཡིན་པར་འབིས་ཁོག་ནི་ཁམས་སྐྱེ་རྒུ་མདོ་བྱ་བ་དེང་སང་བཤད་ན་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཡུལ་ཤུལ་རྫོང་གི་ཁོངས་སུ་གཏོགས་ཤིང་། ལྡན་མ་བྲག་རྩ་བྱ་བ་ནི་བོད་རང་སྐྱོང་ལྗོངས་ཆབ་མདོ་ས་ཁུལ་བྲག་གཡབ་རྫོང་རི་མདའ་ཤང་གི་ཁོངས་སུ་གཏོགས་པ་རེད། དེ་གཉིས་ཀྱི་བར་ལ་ཉིན་ཞག་དུ་མའི་བར་ཐག་ཡོད་པས། སྔོན་བྱོན་གྱི་མཁས་པ་ཚོས་ཡིག་ཚང་ལོ་རྒྱུས་ནང་འཁོད་པའི་ས་ཆ་དེ་དག་ཏུ་དངོས་སུ་ཕེབས་ཏེ་ཆེད་དུ་ཞིབ་འཇུག་བྱས་མེད་པའི་རྐྱེན་གྱིས་ས་ནོར་བྱུང་འདུག 《རྒྱལ་རབས་གསལ་བའི་མེ་ལོང་》སོགས་བོད་ཀྱི་ལོ་རྒྱུས་ཡིག་ཚང་མང་པོ་ཞིག་ཏུ་རྒྱ་བཟའ་ཀོང་ཇོ་བོད་དུ་ཕེབས་པའི་ལམ་བར་དུ་རྡོ་སྐུ་དང་བཟང་པོ་སྤྱོད་པའི་མདོ་སོགས་བྲག་ངོས་སུ་བརྐོས་པའི་ལོ་རྒྱུས་འཁོད་པ་དེ་དག་ཧ་ལམ་བོད་ཡུལ་ཡོངས་སུ་ཁྱབ་ཡོད། འོན་ཏེ་ཆེས་ཡ་མཚན་པ་ཞིག་ནི་ལོ་རྒྱུས་དེ་དག་ཡིག་ཐོག་ཏུ་འགོད་མཁན་ཚང་མ་ནང་བསྟན་ཆོས་ལུགས་ལ་ནང་བྱན་ཆུད་པའི་མཁས་པ་འབའ་ཞིག་ཡིན་པས། སྲོང་བཙན་གྱི་སྐབས་སུ་བཟང་སྤྱོད་བོད་ཡིག་ཏུ་བསྒྱུར་མེད་པ་ལ་དོགས་པ་ཙམ་ཡང་མི་ཟ་བ་ནི་ཡིད་ཕམ་པ་ཞིག་རེད། བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་ཡིག་ཚང་གང་དུའང་བཟང་སྤྱོད་བོད་ཡིག་ཏུ་ཐོག་མར་སྒྱུར་མཁན་ནི་ཡེ་ཤེས་སྡེ་ཡིན་པ་ཚང་མས་ཁས་ལེན་བྱེད་ཅིང་། ཡེ་ཤེས་སྡེ་ནི་ཁྲི་སྲོང་ལྡེ་བཙན་སྐབས་ཀྱི་མི་སྣ་ཡིན་པ་བསྒྱུར་བྱང་མང་པོའི་ནང་ཤིན་ཏུ་གསལ་བས་ཁུ་འཕྲིག་ཙམ་ཡང་མི་དགོས། དེས་ན་འབིས་ཁོག་ཡིན་ནའང་འདྲ། ལྡན་མ་བྲག་རྩ་ཡིན་ནའང་འདྲ། གང་ལྟར་དེ་གཉིས་ཀ་ཀོང་ཇོ་སྔ་ཕྱི་གང་གི་སྐབས་སུ་ཡང་མ་ཡིན་པར་ཁྲི་ལྡེ་སྲོང་བཙན་གྱི་དུས་ཡིན་པ་རྡོ་སྐུ་དེ་དག་གི་སྦྱར་བྱང་དུ་གསལ་ལོ། འོན་ཏེ། གནས་ཚུལ་འདི་དག་དེང་སྐབས་ཞིབ་འཇུག་པ་ཉུང་ངུ་ཞིག་གིས་ཤེས་རྟོགས་བྱུང་བ་མ་གཏོགས་བོད་བྱིངས་ཀྱི་མི་མང་ཆེ་བས་ད་དུང་ཡང་《རྒྱལ་རབས་གསལ་བའི་མེ་ལོང》བཅས་ཀྱི་འདོད་ཚུལ་གྱི་རྗེས་སུ་འབྲང་བཞིན་ཡོད།
དེས་ན་དོན་དངོས་སུ་ནི་ལྡན་མའི་རྡོ་བརྐོས་རི་མོ་དེ་ནི་《རྒྱལ་རབས་གསལ་མེ་》རུ་བཤད་པའི་བྱམས་པ་མ་ཡིན་པར་རྣམ་སྣང་གི་ལྷ་སྐུ་ཡིན་པ་དང་། དེ་ནི་ཀོང་ཇོ་དཔོན་གཡོག་གིས་བཞེངས་པ་ཡང་མིན་པར་རྒྱལ་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ་བོད་རྒྱ་གཉིས་ཀྱི་ཕོ་ཉ་བས་བཞེངས་བསྐྲུན་མཛད་པ་བཀའ་གཅིགས་དེ་དག་གི་ཁ་བྱང་དང་མཇུག་བྱང་དུ་གསལ་ཡོད། སྨྱུག་འཛིན་པ་རང་ཉིད་ལྡན་མའི་བྲག་རྩར་དངོས་སུ་འགྲོ་མ་ཐུབ་ཀྱང་། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བསྒྲིགས་པའི་《ལྡན་མའི་བཀའ་གཙིགས་བྲག་བརྐོས་མ་》དང་། ཁྲིན་ཅན་པེན་(陈建彬)གྱིས་བརྩམས་པའི་《关于西藏摩崖造像的几个问题》བྱ་བའི་ནང་དུ། ལྡན་མའི་རྣམ་སྣང་ལྷ་སྐུའི་བཀའ་གཙིགས་ཡི་གེ་བྲིས་ཡོད་པ་འདི་ལྟར་སྟེ། ལྡན་མའི་བཀའ་གཙིགས་ནང་དུ། “སྤྲེའུ་གྀ་ལོའི་(སྤྱི་ལོ་804ལོར་འཁེལ་དགོས་པ་བཀའ་གཙིགས་ཀྱི་ཡི་གེར། ‘བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ།’ཞེས་བྱ་བ་འདིས་ཤེས་ཐུབ་མོད། འོན་ཏེ། མཇུག་ཏུ་‘ཡེ་ཤེས་དབྱངས་ཀྱིས་ཡོལ་དང་། ཀློང་དང་འབོམ་དང་ལེད་.....བོའུ་ད་ཡང་རྒྱ་ཆེ...བྲིས་སོ།’ཞེས་པའི་འབོམ་ནི་དེང་སེང་གི་འབིས་ཁོག་དང་། ལེད་ནི་ལེབ་ཁོག་གམ་ལེགས་ཁོག་ཟེར་བ་ལ་གོ་དགོས་པར་སྣང་། དེས་ན་ཡུལ་ཤུལ་འབིས་མདོའི་སྐུ་རྟེན་བརྐོས་བཞེངས་ནི། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་སྟེ་ཁྱིའི་ལོར་(སྤྱི་ལོ་806)བསྐྲུན་པ་ཡིན་པས། དེའི་གཞུག་གི་སྤྲེའུ་གི་ལོར་ཡིན་ཚེ། སྤྱི་ལོ་861ལོར་འཁེལ་ཞིང་། ལོ་དེར་བཙན་པོ་ཁྲི་ལྡེ་སྲོང་བཙན་སྐུ་གཤེགས་ཟིན་པ་ལོ་རྒྱུས་ཡོངས་གྲགས་ལྟར་ན། འདིའི་སྐོར་ད་དུང་མཁས་པ་ཚོས་ཞིབ་ཏུ་བརྟག་དགོས་པར་འདུག)དབྱར། བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་རིང་ལ། དགེའ་སློང་ཆོས་དང་ཆབ་[སྲིད་]ཀྱི་བཀའ་ཆེན་པོ་བཏགས་སྟེ། གསེར་གྱི་བཀུ་[དཀུ]རྒྱལ་མན་ཅན་གྱི་ཐབས་སྩལ་ཇོ་མོ་མཆིམས་ཟ་ལེགས་མོ་བརྩན་ལ་སྩོགས་པ། རྗེས་(རྗེ)འབངས་མང་པོ་ཞིག་ཐར་བཀྱེ་ལ། བཀའ་ཆེན་པོ་ལ་གཏོགས་པའི་དགེ་སློང་བྲན་ཀ་ཡོན་ཏན་དང་ལྷོ་དོན། དམ་དང་བློན་ཆེ་ཞང་འབྲོའ་ཁྲི་གཟུའ་རས་ཤགས་དང་ནང་བློན་ད (བའ) ས་སྔོན་ཁྲི་སུམ་བཞེར་མདོའ་བརྩན་ལ་སོགས་པ་ཆབ་སྲིད་ལ་བཀའ་སྩལ་ཏེ། རྒྱ་དང་མཇལ་དུམ་ཀྱྀ་མགོ་བརྩམས་པའི་ལས་ལ་□མཁན་པོ་དགོར་ཡེ་ཤེས་དབྱངས་དང་། དགེ་སློང་སྟག་ལོག་ཐན་[ཡོན་ཏན་]ཏེ་(སྡེ]དང་། གད་ནམ་ཀའྀ་སྙིང་པོ་དབྱངས་ཀྱིས། བཙན་པོའི་སྐུ་ཡོན་དང་སེམས་ཅན་ཐམས་ཅད་ཀྱི་བསོད་ནམས་སུ། སྐུ་གཟུགས་དང་(དར་ངྡརྨ] མ་འདི་རྣམས་བྲིས་ཏེ། སྤྱིའི་ཞལ་ཏ་པ་ནྀ་འོར་དུའི་གནས་བརྟན། རླང་མཆོག་རབ་དང་། གཟྀ་བཟང་པོ་དཔལ་ཀྱིས་བགྱྀས། ། ལག་དཔོན་ནི་དགེའ་སློང་ཧྲའི། དགེ་□□□□□□ད་གསོང་བབ་[རབ)ཤེན་དང་ཨིན་དམ་ཨེས་བགྱིས། (རྡོ]མཁན་ནྀ། ཨུབ་སི་གཉག་བྲེད་ཤབ་དང་། ཧྭ་ཧོའུ་ཇིན་རྣམས་ཀྱིས་བགྱིས་སོ། ། འདྀ་ལ་རྗེས་སུ་ཡི་རང་བས་ཀྱང་། བསོད་ནམས་ཉམས་པར་ཐོབ་བོ། ། ཡེ་ཤེས་དབྱངས་ཀྱིས་ཡོལ་དང་། ཀློང་དང་འབོམ་དང་ལེད་□□འ་བོའུ་ད་ཡང་རྒྱ་ཆེ་□□བྲིས་སོ།། །[ཡི་གེ)མཁན་ནི་དགེ་སློང་རིང་རྡོ་རྗེས་” ⒂ ཞེས་གོང་གི་ནང་དོན་དུམ་བུ་འདི་ལས། ལྡན་མའི་བྲག་བརྐོས་ལྷ་སྐུ་དང་གཟུངས་སྔགས་དང་། མདོ་འདི་དག་ནི་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ། ཆབ་སྲིད་ཀྱི་བཀའ་ལ་གཏོགས་པའི་བློན་ཆེན་དང་ནང་བློན་མང་པོས་གྲོས་བགྱིས་ཏེ། རྒྱ་དང་མཇལ་དུམ་གྱི་ཕྱིར་མཁན་པོ་ཡེ་ཤེས་དབྱངས་ཀྱིས་གཙོ་བྱས་ཕོ་ཉ་མངགས་པ་དེ་དག་གིས་ལམ་བར་དུ་བཙན་པོའི་སྐུ་ཡོན་དང་སེམས་ཅན་གྱི་བདེ་སྐྱིད་ཆེད་སྐུ་གཟུགས་དང་མདོ་རྣམས་བྲག་ལ་བརྐོས་པའི་གནས་ཚུལ་ཞིག་ཡིན་པ་གསལ་པོར་ཤེས་ཐུབ། དེས་ན་ལྡན་མའི་བྲག་བརྐོས་དང་འབིས་དང་ལེད་རྣམས་ཀྱི་སྐུ་གཟུགས་དང་བཀའ་གཙིགས་ཀྱི་ཡི་གེ་ཚང་མ་མཁན་པོ་ཡེ་ཤེས་དབྱངས་ཀྱི་ཐུགས་བཀོད་འོག་བཞེངས་སྐྲུན་མཛད་པ་ཞིག་ཡིན་པས། ཡུལ་ཕྱོགས་མི་གཅིག་པ་གཉིས་ཀྱི་བཀའ་གཙིགས་ཡི་གེ་དང་། སྐུ་གཟུགས་དག་བསྡུར་ཏེ་དཔྱད་པ་གཏོང་རྒྱུ་གལ་ཆེ་བ་ཡིན་རྐྱེན། གཤམ་དུ་ཡུལ་ཤུལ་འབིས་མདོའི་སྐུ་རྟེན་བརྐོས་བཞེངས་ཀྱི་དཀར་ཆག་རྡོ་ཡིག་ལ་བརྟག་པར་བྱ་སྟེ། ༄༅། ། ཁྱིའི་ལོ་(སྤྱི་ལོ་806)ལ་སྐུ་གཟུགས་འབུར་དུ་བརྐོས་པ་དང་། དར་མ་ཀུན་བྲིས་པའི་སྨོན་ལམ་ལ་སོགས་པ་བཙན་པོ་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་རྗེ་བློན་ཡོན་བདག་དང་སེམས་ཅན་ཐམས་ཅད་ཀྱི་དོན་གྱི་ཕྱིར་དགེ་སློང་ལོ་ཆེན་ཡེ་ཤེས་དབྱངས་ཀྱིས་བགྱིས་ཏེ། བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། རྒྱལ་བཟང་དང་། དཔལ་ལྡན་དང་། ལག་དཔོན་ཐམས་ཅད་དགེ་ལེགས་སུ་བྱེད་པ་གཙུག་ནས་བླ་ལ་མི་སྟོབས་ལྡན་རྣམས་ཏེ། བྲག་ལ་སྐུ་གཟུགས་དང་། དར་མ་འདི་རྣམས་བྲིས་པ་དང་། དཀོན་མཆོག་གསུམ་གྱི་རྟེན་གྱི་རྣམ་པ་སེམས་ཅན་གང་དག་གིས་མཐོང་བ་དང་། རེག་པ་དང་། ཕྱག་འཚལ་བ་དང་། ཐོས་པ་དང་། དྲན་པའི་བསོད་ནམས་དང་། ཡེ་ཤེས་ཀྱིས་བཙན་པོ་ཡབ་སྲས་དང་སེམས་ཅན་ཐམས་ཅད་བླ་ན་མེད་པའི་བྱང་ཆུབ་དུ་གྲུབ་པར་སྨོན་ཏོ། ⒃ བྱ་བ་ནི་འབིས་མདོའི་བཀའ་གཙིགས་ཡི་གེའི་ནང་དོན་ཡིན་ཞིང་། སྟབས་ལེགས་པ་ཞིག་ལ་སྤྱི་ལོ་2005ཟླ་8ཚེས་4ཉིན་ལ་བོད་ཀྱི་རིག་དངོས་ཉར་ཚགས་གྲགས་ཅན་རེ་ཁེ་ཀརྨ་བསམ་འགྲུབ་དང་། མཁྱེན་རྒྱ་ཡངས་པའི་རིན་ཆེན་བསམ་འགྲུབ་དང་། ཕྲན་བཅས་ཀྱིས་མཉམ་དུ་འབིས་མདོ་དང་ལེབ་ཁོག་གི་བཀའ་གཙིགས་ཡི་གེ་ཁག་དང་། སྐུ་གཟུགས་ཀྱི་སྐོར། མཆོད་རྟེན་རྡོ་བརྩིགས་ཅན་དང་བྲག་བརྐོས་མ་སོགས་ལ་ཞིབ་ཏུ་མཇལ་བའི་གོ་སྐབས་ཐོབ་ཅིང་། ང་ཚོས་འདི་དག་ལ་འདྲ་པར་བརྒྱབ་པ་དང་། ཆེ་ཆུང་གི་ཚད་ལེན་པ། འདྲ་རིས་བླངས་པ་སོགས་བགྱིས་པས་ཅུང་ཟད་ངེས་ཤེས་འདྲོངས་ནུས་པའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། ལྡན་མའི་བྲག་རྩའི་སྐུ་གཟུགས་རྣམས་གོང་དུ་བཤད་པ་བཞིན་བདག་གིས་དངོས་སུ་མཇལ་མ་ཐུབ་ཀྱང་། དགེ་ལེགས་སོགས་ཀྱིས་བསྒྲིགས་པའི་《ཆབ་མདོ་ས་ཁུལ་གྱི་ལོ་རྒྱུས་》དང་། 《南方民族考古》བྱ་བའི་དཔེ་ཆ་བཅས་ཀྱི་ནང་དུ། ལྡན་མའི་སྐུ་གཟུགས་ཀྱི་འདྲ་པར་དང་། ཡི་གེ་སོགས་མཆིས་པ་དེ་དག་མཐོང་བས་དེའི་རི་མོའི་འབྲི་སྟངས་དང་། བརྗོད་བྱ། དེ་བཞིན་མི་སུ་དག་གདའ་བ་སོགས་ཤེས་བྱུང་། གང་ལྟར་མདོར་ན་ས་ཁུལ་འདི་གཉིས་ཀྱི་རྡོ་བརྐོས་བཀའ་གཙིགས་ཡི་གེ་དང་། སྐུ་གཟུགས་རྣམས་ནི། ལོ་རྒྱུས་ཁག་གཅིག་དང་དམངས་ཁྲོད་ཀྱི་བཤད་རྒྱུན་གྲགས་པའི་ཀོང་ཇོ་སྔ་ཕྱི་གཉིས་ཀྱིས་བཏབ་པར་བཤད་པ་མ་ཡིན་པར་ཁྲི་སྲོང་ལྡེ་བཙན་གྱི་སྲས་ཁྲི་ལྡེ་སྲོང་བཙན་གྱི་སྐུ་རིང་ལ་མཁན་པོ་ཡེ་ཤེས་དབྱངས་ཀྱིས་ཐུགས་བཀོད་གནང་སྟེ་བཞེངས་བསྐྲུན་མཛད་པ་གོང་འཁོད་ཀྱི་བཀའ་གཙིགས་ཡི་གེ་གཉིས་ལས་ར་སྤྲོད་བྱེད་ནུས། འབིས་མདོའི་རྣམ་སྣང་གི་སྐུ་བརྙན་འདི་ལ་དུས་སྐབས་འགའ་རེའི་ནང་འགྱུར་བཅོས་དང་ཚོན་རྩི་བཏང་བ་ནས་བཟུང་སྔོན་གྱི་རྣམ་པ་ཅུང་ཟད་འགྱུར་ཀྱང་། སྐུ་གཟུགས་འདི་དག་གི་རྣམ་པ་ནི་སྔར་བཞིན་བོད་བཙན་པོའི་སྐབས་ཀྱི་རྡོ་བརྐོས་ཐུགས་རྗེ་ཆེན་པོ་སོགས་དང་ཡོངས་སུ་འདྲ་བ་ཞིག་ཡིན་པ་ཞིབ་འཇུག་པ་ཚོས་དཔྱོད་དང་ཤིན་ཏུ་གསལ། ལྡན་མའི་བཀའ་གཙིགས་ཡི་གེའི་སྟེང་བཟོ་བོའམ་རི་མོ་བ་སུ་ཡིན་ཆད་བསུབ་བྱུང་བས་གསལ་པོར་བཤད་དཀའ་ཡང་། གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་ཁ་གསབ་བྱས་པ་ལྟར་ན། [རྡོ] མཁན་ནི། བྱ་བ་ནས། ཧྭ་ཧོའུ་ཇིན་རྣམས་ཀྱིས་བགྱིས་སོ་བར་བོད་ཀྱི་མིང་ཡིན་པ་གསུམ་དང་རྒྱའི་མིང་ཡིན་པ་གཉིས་འཁོད་ཡོད། འོན་ཏེ། རི་མོ་བ་སུ་ཡིན་འཁོད་མེད། འབིས་ཁོག་གི་བཀའ་གཙིགས་སུ། བཟོ་བོ་དགེ་སློང་རིན་ཆེན་སྣང་མཛད་དང་། རྒྱལ་བཟང་། དཔལ་ལྡན་དང་། ལག་དཔོན་ཐམས་ཅད། ཅེས་གསལ་པོར་འཁོད་ཡོད་པས་རི་མོ་བ་ཚང་མ་བོད་ཀྱི་གྲྭ་པ་དང་མི་སྐྱ་ཡིན་པ་སུས་ཀྱང་བསྙོན་ཐབས་མེད་པ་འདི་རེད། ཡེ་ཤེས་དབྱངས་ནི། རྗེ་འབངས་ཉེར་ལྔའི་གྲས་ཡིན་ཚུལ་《བཀའ་ཐང་སྡེ་ལྔ་》རུ་གསལ་ཏེ། “ནམ་མཁའི་སྙིང་པོ་ཉི་མའི་ཟེར་ལ་ཆིབས། ། ཡེ་ཤེས་དབྱངས་ནི་མཁའ་སྤྱོད་གནས་སུ་གཤེགས། ། ”ཞེས་གསུངས་པ་འདིས་རྟོགས་ནུས་ཤིང་། ཁོང་ད་དུང་བོད་སྐད་དང་། ལེགས་སྦྱར་སྐད། རྒྱ་སྐད་བཅས་སྐད་ཡིག་གསུམ་བཞི་ཙམ་མཁྱེན་པའི་ལོ་ཙཱ་བ་ཞིག་ཡིན་པ་མ་ཟད། 《མདོ་སྡེ་བརྒྱད་ཅུའི་ཁུངས་》ཞེས་པ་དེ་ཡང་ཁོང་གིས་གཙོ་བྱས་ཏེ་བརྩམས་པ་ཡིན་ཞེས་མཁར་རྨེའུ་བསམ་གཏན་གྱིས་མཛད་པའི་《དུས་རབས་བཅུ་པ་ནས་བཅུ་གསུམ་པའི་བར་གྱི་རྫོགས་ཆེན་ལུགས་ཀྱི་གནས་བབ་ལ་དཔྱད་པ་》⒄བྱ་བའི་དཔྱད་རྩོམ་ཐོག་འཁོད་འདུག
དེས་ན་སྡེ་སྲིད་སངས་རྒྱས་རྒྱ་མཚོ་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གཉིས་ཀྱིས་གསུངས་པའི་རྒྱལ་རིགས་དང་ཉེ་བའི་ལྡན་ལུགས་བྱ་བ་ལ་ད་དུང་བསྐྱར་དུ་དཔྱད་དགོས་པ་ལས་གཞན་སི་ཐང་བྱ་བ་ནི། ཙན་དན་ཇོ་བོ་ལུགས་ཀྱི་འབྲི་སྟངས་ལ་དཔེར་བླངས་པ་ཡིན་ཟེར་བ་དེ་ལའང་བརྟག་དགོས་འདུག་སྟེ། སྡེ་སྲིད་ཀྱིས་སི་ཐང་དང་། ཚུལ་ཁྲིམས་རིན་ཆེན་ཚང་གིས་ཟིའུ་ཐང་དང་། དཔའ་བོ་གཙུག་ལག་ཕྲེང་བས་གསི་ཐང་ཞེས་ཡི་གེ་མི་འདྲ་བ་བྲིས་ཡོད་པ་མ་ཟད། 《ཆོས་འབྱུང་མཁས་པའི་དགའ་སྟོན་》ནང་། གསི་ཐང་གི་བྱུང་ཚུལ་ལ་འདི་ལྟར་བཤད་ཡོད་དེ། “དེ་ཚེ་གནམ་ཐེ་དཀར་པོའི་སྤྲུལ་པ་ཡི། ། ཧོར་གྱིས་བོད་ཁམས་དབང་བྱེད་སྡུག་བསྔལ་འགོད། ། དེ་བས་ཧོར་གྱི་ཕོ་ལྷ་ཤིང་བྱ་ཅན། ། གནམ་ལྷ་བྱང་ཆུབ་སྲུང་མར་བསྐོས་པ་དང་། ། འཇིག་མི་ནུས་པས་དེ་ཉིད་གུག་གོ་གསུང་། ། བི་ཧར་གླིང་དུ་རྒྱལ་པོའི་རྟེན་བཅས་ཏེ། ། ཏ་ར་ཀླུ་གོང་ལ་སོགས་དམག་དཔུང་གིས། ། ཧོར་གྱི་སྒོམ་གྲ་བཅོམ་ནས་རྟེན་རྣམས་ཁྱེར། ། ཨོ་རྒྱན་ཆེན་པོ་ཕྱག་རྡོར་དངོས་སུ་བཞེངས། ། རྒྱལ་ཆེན་རྣམ་སྲས་བྲན་དུ་བཀོལ་ནས་ནི། ། དེ་ཡིས་གནོད་སྦྱིན་དམག་དཔུང་ཀུན་བསྐུལ་ཏེ། ། ལྷ་ཡི་དགེ་བསྙེན་བདུད་ཀྱི་དམག་དཔོན་ཆེ། ། སྡེ་བརྒྱད་དབང་བྱེད་སྐྱེ་འགྲོའི་དབུགས་ལེན་པ། ། བེ་ཧར་རྒྱལ་པོ་ལས་མཁན་བཅས་པ་བཀུག དམ་ལ་བཏགས་ཏེ་ཆོས་འཁོར་(བསམ་ཡས་)གཉེར་དུ་བཏད། འདི་ཡི་བཀོད་པའི་གསི་ཐང་འབྱུང་བ་ལ། ། རྣམས་སྲས་འཇང་ཡུལ་མ་ཞེས་གྲགས་པ་ཡིན། ། ⒅ཞེས་གསུངས་པ་ལ་དཔགས་ན། གསི་ཐང་གི་འབྱུང་ཁུངས་ནི་རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བློན་ཆེན་པོ་ཏ་ར་ཀླུ་གོང་གིས་ཧོར་གྱི་སྒོམ་གྲྭ་(འདི་ནི་དེང་སང་ཀན་སུའུ་ཞིང་ཆེན་གཡིས་ཀུའུ་རིགས་རང་སྐྱོང་རྫོང་ཐོག་ནས་ཤར་ལྷོའི་མཚམས་སུ་སྤྱི་ལེ་80ལྷག་གི་ལིན་སུང་རི་བོའི་ངོས་སུ་ཆགས་ཡོད་པའི་རྟ་མིག་དགོན་པ་དེ་ཡིན་ཞེས་ཟེར། རྒྱ་སྐད་དུ་马蹄寺ཟེར་བ་དེ་རེད།) བཅོམ་ནས་རྟེན་རྣམས་བོད་དུ་ཁྱེར་འོངས་སྐབས་སློབ་དཔོན་ཆེན་པོས་པེ་ཧར་རྒྱལ་པོ་གདུལ་བའི་ཕྱིར་ཕྱག་རྡོར་གྱི་སྐུ་བཞེངས་ཏེ་རྣམ་སྲས་སོགས་བྲན་དུ་བཀོལ་ནས་པེ་ཧར་རྒྱལ་པོ་བཀུག་རྗེས། རྣམ་སྲས་ཀྱི་སྐུ་གཟུགས་བཞེངས་པ་དེ་ལ་གསི་ཐང་རྣམ་སྲས་འཇང་ཡུལ་མ་ཞེས་གསུངས་པ་དེ་ནི། སྡེ་སྲིད་དང་ཞུ་ཆེན་ཚུལ་ཁྲིམས་རིན་ཆེན་གཉིས་ཀྱིས་བརྗོད་པའི་སི་ཐང་གི་ལོ་རྒྱུས་བྱུང་ཚུལ་དང་གཏན་ནས་མི་གཅིག་པ་རེད། འོ་ན། སི་ཐང་བྱུང་ཚུལ་གྱི་བཤད་རྒྱུན་མི་འདྲ་བ་ཁག་གཉིས་ལས་གང་བདེན་དང་གང་མི་བདེན་པའི་གཏན་ཚིགས་རིག་པའི་སྒྲུབ་བྱེད་ད་ལྟ་སུས་ཀྱང་བཀོད་མེད་པས། མཁས་པ་ཚོས་ཞིབ་ཏུ་བརྟག་དཔྱད་གནང་བར་མཛོད། དེ་ལྟར་སི་ཐང་བྱུང་ཚུལ་གྱི་ལོ་རྒྱུས་ལ་བཤད་སྲོལ་མི་འདྲ་བ་མང་དུ་མཆིས་ཀྱང་། དེང་སང་ལྟར་ན། སི་ཐང་བྱ་བ་ནི་གོས་དྲུབ་དང་འཐག་དྲུབ་རིགས་ཀྱི་ཐང་ག་སྤྱི་ལ་གོ་བ་ཁྱབ་ཆེ་བས། དེའི་སྟེང་ནས་བརྟག་དཔྱད་བགྱིས་དགོས་ཏེ། མཁས་པ་ལ་ལས་སི་ཐང་ངམ་འཐག་དྲུབ་རིགས་ཀྱི་ཐང་ག་ཆེས་སྔ་ཤོས་ནི། དེང་སང་ཨུ་རུ་སུ་ཀི་ལིས་བཤམས་སྟོན་ཁང་དུ་ཉར་ཚགས་ཡོད་པའི་“སྒྲོལ་ལྗང་”གི་ཐང་ག་དེ་ཡིན་པར་བཤད་ཅིང་། ཐང་ག་དེ་ནི་མི་ཉག་ནས་འཁྱེར་ཕྱིན་པ་རེད། བོད་ལ་མཚོན་ན། པོ་ཏ་ལར་བཞུགས་པའི་“གུང་ཐང་བླ་མ་ཞང་” དང་། “ཁྲོ་བོ་མི་གཡོ་བ་”གཉིས་ཡིན་ཞིང་། གུང་ཐང་བླ་མ་ཞང་ནི་རབ་བྱུང་གཉིས་པའི་ཆུ་སྟག་ལོར་འཁྲུངས་ཤིང་། (སྤྱི་ལོ་ལྟར་ན་1122 - 1193བར་ཡིན་)རབ་བྱུང་གསུམ་པའི་ཆུ་གླང་ལོར་འདས། ཁ་ཅིག་གིས་ཆུ་ཡོས་ལོར་འཁྲུངས་ཟེར་བ་སྣང་། སྤྱི་ལོ་1175ལོར་ཚལ་ཡང་དགོན་ཕྱག་བཏབ་ཅིང་། སྤྱི་ལོ་1187ལོར་གུང་ཐང་དགོན་པ་ཕྱག་བཏབ་མཛད། ཐང་ག་དེའི་བཞེངས་ཚུལ་ལ་བལྟས་ན། གུང་ཐང་བླ་མ་ཞང་གི་ཞལ་རས་ལ་གཉེར་མས་ཁེངས་ཤིང་རྒས་ཉམས་ཀྱང་ཆེ་བར་བརྟག་ན་ཐང་ག་དེ་ཧ་ལམ་ཁོང་དགུང་ལོ་མཐོན་པོར་སོན་པའི་སྐབས་སམ་ཡང་ན་སྐུ་གཤེགས་རྗེས་བཞེངས་པ་གང་ཡིན་གསལ་ཐག་ཆོད་དཀའ། གུང་ཐང་བླ་མ་ཁོང་འཚོ་བཞེས་སྐབས་སུ་དམག་འདྲེན་པ་སོགས་དྲག་པོའི་ལས་ཀྱང་མི་ཉུང་བ་ཞིག་མཛད་པའི་མཐར། ཀརྨ་དུས་གསུམ་མཁྱེན་པས་བཤོལ་གནང་བའི་ཚུན་ནས་དམག་འདྲེན་པ་སོགས་མཚམས་བཞག་སྟེ། སྒྲུབ་པ་ཉམས་ལེན་ཁོ་ན་མཛད་པས་སྣོད་ལྡན་གྱི་སློབ་མའང་མང་དུ་འདུས་ཤིང་མཚན་སྙན་གྱི་གྲགས་པ་འབར། གུང་ཐང་བླ་མ་ཞང་ལ་སློབ་མ་མང་དུ་ཡོད་པ་ལས། གཙང་པ་དུང་ཁུར་བ་དབང་ཕྱུག་བཀྲ་ཤིས་འདི། ཐོག་མར་ཞིས་ཞའམ་མི་ཉག་རྒྱལ་པོའི་བླ་མར་གདན་དྲངས་ཏེ་མི་ཉག་གི་ཡུལ་དུ་ཚལ་པ་བཀའ་བརྒྱུད་ཀྱི་ཆོས་ལུགས་སྤེལ་ཞིང་། རྗེས་སུ་ཇིང་གེར་ཧན་གྱིས་ཞིས་ཞ་རྒྱལ་རབས་གཏོར་རྗེས་སོག་ཡུལ་དུ་གདན་དྲངས་ནས་ཇིང་གེར་ཧན་ལ་ཆོས་གསུངས་ཏེ་སོག་ཡུལ་དུ་ཚལ་པ་བཀའ་བརྒྱུད་ཀྱི་བསྟན་པ་སྤེལ། བླ་མ་དེ་ཞིས་ཞའམ་མི་ཉག་ཏུ་བཞུགས་དུས་གུང་ཐང་བླ་མ་ཞང་གི་ཐང་ག་དེ་བཞེངས་པ་འདྲ་སྙམ། དེ་ཅི་ཡིན་ཞེ་ན། ཉེ་ཆར་མཐོང་རྒྱུ་ཡོད་པའི་མི་ཉག་ཐང་ག་ཞེས་གྲགས་པ་དེ་དག་ཏུ་པོ་ཏ་ལར་བཞུགས་པའི་“གུང་ཐང་བླ་མ་ཞང་”དང་། “ཁྲོ་བོ་མི་གཡོ་བ་”གཉིས་དང་འདྲ་བའི་ཐང་ག་མང་ཞིང་། ཐ་ན་ཐང་ག་དེ་རྣམས་ཀྱི་གོས་རྒྱུ་དང་། ཚོན་མདངས། འབྲི་ཚུགས་བཅས་ཕྱོགས་ཡོངས་ནས་གཅིག་མཚུངས་ཀྱི་བཟོ་ལྟ་མཆིས་པས་སོ། “ཁྲོ་བོ་མི་གཡོ་བ་”ཡི་ཐང་ག་འདི་བོད་ལྗོངས་རིག་དངོས་ཁང་གི་ཞིབ་འཇུག་པ་ཚོས་《བོད་ཀྱི་ཐང་ག》བྱ་བ་རུ། སུང་རྒྱལ་རབས་སྐབས་སུ་བཞེངས་པའི་ཐང་ག་ཡིན་པར་ངོས་འཛིན་གནང་ཞིང་། སོའུ་པེ་ཅོ་ཧྲུག(宿白)དང་ཞེ་ཅིས་ཧྲིན་སོགས་ཀྱིས་ཡོན་རྒྱལ་རབས་ཀྱི་རེད་བཤད་ཚུལ་མི་འདྲ་བ་ཅི་རིགས་བྱུང་ཡོད། ངས་བལྟས་ན་ཐང་ག་འདི་ནི་ཡོན་རྒྱལ་རབས་ཀྱི་མིན་པ་ཐག་བཅད་དེ་བཤད་ན་ཆོག་སྟེ། ཐང་ག་འདིའི་གཤམ་དུ། “ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ། རྗེ་བཙུན་འཁོན་གྲགས་པ་རྒྱལ་མཚན་ལ། ཁམས་པ་སློབ་མ་ཅང་བརྩོན་འགྲུས་གྲགས་ཀྱིས་ཕུལ་བ་ལགས།”ཞེས་བྱུང་བ་འདི་ལས། དབུལ་བྱའི་ཡུལ་དང་། འབུལ་མཁན་སུ་ཡིན་པ་གསལ་པོར་སྣང་ཞིང་། ཕུལ་ནི་འདས་ཚིག་ཡིན་ཙ་ན། རྗེ་བཙུན་འཁོན་གྲགས་པ་རྒྱལ་མཚན་དངོས་སུ་བཞུགས་པའི་སྐབས་སུ་སློབ་མ་ཅང་བརྩོན་འགྲུས་གྲགས་ཀྱིས་ཕུལ་ཟིན་པ་ཞིག་ཡིན་པ་བོད་ཡིག་གི་བརྡ་སྤྲོད་ཤེས་མཁན་ཚང་མའི་སེམས་ལ་གསལ་ལེར་སྣང་བས་གསལ་བཤད་ཀྱི་ངལ་བ་དེ་ག་ལ་དགོས། སོའུ་པེ་ཅོ་ཧྲུག་སོགས་ཀྱིས་གཤམ་གྱི་ཡི་གེའི་ནང་དོན་ལ་བོད་ཀྱི་ཐུན་མིན་གྱི་བརྡ་སྤྲོད་བཞིན་གོ་བ་མ་བླངས་བའི་རྐྱེན་གྱིས་འཁྲུལ་བའི་གནས་ཚུལ་དེ་བྱུང་བ་ཞིག་རེད། རྒྱུ་མཚན་ནི། འཁོན་གྲགས་པ་རྒྱལ་མཚན་ནི་རབ་བྱུང་གསུམ་པའི་མེ་ཡོས་ལོར་(སྤྱི་ལོ་1147)ཡབ་ས་ཆེན་ཀུན་དགའ་སྙིང་པོ་དགུང་ལོ་ང་དྲུག་བཞེས་པའི་དུས་སུ་འཁྲུངས་ཤིང་། རྗེ་བཙུན་བསོད་ནམས་རྩེ་མོའི་གཅུང་པོ་ཡིན། དགུང་ལོ་བདུན་ཅུ་བ་རབ་བྱུང་བཞི་པའི་མེ་བྱིའི་ལོར་(སྤྱི་ལོ་1216)སྐུ་གཤེགས། སུང་རྒྱལ་རབས་ནི་སྤྱི་ལོ་1278ལོར་མཇུག་རྫོགས་ཤིང་། 1279ལོར་ཡོན་རྒྱལ་རབས་གསར་དུ་བཙུགས་པ་ཡོངས་གྲགས་ཀྱི་ལོ་རྒྱུས་ཡིན་ཞིང་། དེ་ལྟར་ན་འཁོན་གྲགས་པ་རྒྱལ་མཚན་ནི་སུང་རྒྱལ་རབས་སྐབས་ཀྱི་མི་ཡིན་པ་ཤིན་ཏུ་གསལ།
བོད་ཀྱི་བླ་ཆེན་འགའི་རྣམ་ཐར་དུ་དར་གོས་འབྱུང་བའི་སྨན་རྩེ་ཡུལ་ནི་མི་ཉག་གི་ཡུལ་ཡིན་པར་བཤད་པའང་ཡོད་པས་ད་དུང་ཞིབ་ཏུ་བརྟག་དགོས་པར་འདུག རེབ་གོང་དུ་དེང་སང་ཡང་མན་ཙི་བྱ་བའི་ཐང་གའི་ཞལ་ཁེབས་སུ་བཀོལ་བའི་དར་གོས་ཤིག་ཡོད་ལ། གནའ་དུས་ཀྱི་ཐང་ག་མང་ཤས་ཀྱི་ཞལ་ཁེབས་ལ་འདི་གཅིག་པུ་བཀོལ་པ་ཁྱབ་ཆེ། བོད་ཀྱི་ལོ་རྒྱུས་ཡིག་ཚང་འགའ་རེའི་ནང་། སྨན་རྩེའམ་མན་ཙི་ཡུལ་ནི་སུང་ལྷོ་མའི་རྒྱལ་རབས་ཟེར་བ་དེ་ཡིན་ཞིང་། དེང་སང་ནན་ཅིན་དང་ཧོང་ཀྲིག་གཉིས་ཀྱི་གནས་ཡུལ་ལ་གོ འདི་ནས་ཐོན་པའི་དར་གོས་ལ་སྨན་རྩེའམ་མན་ཙི་བྱ་བས་ཡུལ་མིང་གོས་ལ་ཐོགས་པ་ཞིག་རེད། སུང་རྒྱལ་རབས་ཀྱི་རྒྱལ་པོ་མཐའ་མ་དེ། ཡོན་རྒྱལ་རབས་ཀྱི་གོང་མ་ཧུ་པི་ལིའམ་སེ་ཆན་ཧན་གྱི་བློན་པོ་བ་ཡན་ཆིང་སང་གིས་གསོན་བཟུང་བྱས་ཏེ། ས་སྐྱ་དགོན་པར་རྩིས་སྤྲད་ནས་རབ་བྱུང་བྱེད་དུ་བཅུག་པ་དེ་ལ་བོད་སྐད་དུ་སྨན་རྩེ་ལྷ་བཙུན་ཟེར་བར་གཞིགས་ན། སྨན་རྩེ་ཡུལ་ནི་དེང་སང་གི་ནན་ཅིན་དང་ཧོང་ཀྲིག་ལ་གོ་བ་ཡོངས་གྲགས་ཀྱི་ལོ་རྒྱུས་ལྟར་རོ། མདོར་ན། སི་ཐང་བྱ་བ་ནི་དར་ཐང་གི་རྒྱ་སྐད་ཡིན་ཚུལ་དང་། ཕུགས་སུ་གཏད་ན་སི་ཐང་གི་ཁུངས་ནི་ལྡན་ལུགས་དང་ཉེ་ཞེས་པའི་སྐད་ཆ་དེའི་རིགས་ལ་རྒྱབ་རྟེན་གྱི་ཁུངས་ལུང་ཡང་དག་ཅིག་མི་མངའ་བས། གཟུར་གནས་མཁས་དབང་རྣམ་པས་བསྐྱར་དུ་དཔྱད་པ་གཏོང་རྒྱུ་གལ་ཆེའོ།
3.ཐང་ག་ཞེས་པ་བོད་སྐད་རྣལ་མ་ཡིན་པའི་སྐོར་བཤད་པ།
མི་རིགས་གང་ཞིག་གི་སྐད་བརྡ་དེ་རང་གི་མིང་བརྡ་རྣལ་མ་ཡིན་མིན་ནི། མི་རིགས་དེའི་སྐད་ཆའི་ནང་རྒྱུན་སྤྱོད་ཀྱི་བརྡ་རྙིང་དང་། བྱ་བྱེད་ལས་ཚིག་རྣམས་རང་གི་མི་རིགས་ཀྱི་བརྡ་སྤྲོད་རིགས་པའི་གཞུང་ལུགས་དང་མཐུན་མི་མཐུན་དེར་ཐུག་ཡོད། དེས་ན་ཐང་ག་ཞེས་པའང་བོད་སྐད་ཡིན་མིན་གྱི་རྩ་བའི་ས་བཅད་ནི་སྒྲོམ་གཞི་འདི་སྟེང་ནས་དབྱེ་ཞིབ་ཀྱི་དཔྱད་པ་གཏོང་དགོས་ཏེ། སྤྱིར་ཐང་ག་བྱ་བ་ལ་ཐང་ཀ་དང་ཐང་ཁ་ཞེས་ཀྱང་དཔེ་ཆ་ལ་ལར་བྲིས་ཡོད་པ་མཐོང་བྱུང་བས། ཀ་ཁ་ག་གསུམ་ཁྱད་མེད་དུ་འཇུག་པ་འདྲ། དཔེར་ན། དབྱར་དགུན་སྟོན་དཔྱིད་སོ་སོའི་ཚིགས་གྲོགས་སུ་ཀ་ཁ་ག་ཁྱད་མེད་དུ་འཇུག་པ་དང་མཚུངས་ཏེ། དཔྱིད་ཀ དཔྱིད་ཁ། དཔྱིད་ག་བྱ་བ་དང་། སྟོན་ཁ། སྟོན་ག སྟོན་ཀ་བཅས་པ་དང་རིགས་གཅིག་སྟེ། ཀ་ཁ་ག་ནི་མིང་གི་ཟུར་དང་བརྗོད་བདེ་བའི་དབང་གིས་གྲུབ་པ་ཞིག་ལས་དོན་གཞན་ནི་མེད་དོ། བོད་ཀྱི་སྐད་ལ་མིང་གཅིག་དོན་མང་ལ་འཇུག་པ་ཤིན་ཏུ་མང་བས་མཐའ་ཅིག་ཏུ་ཁ་ཚོན་གཅོད་རྒྱུ་དེ་ཧ་ཅང་དཀའ། ཐང་ཀ་ལྟ་བུར་མཚོན་ན་ཡང་དེ་འདྲ་ཡིན་པ་《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས། ཐང་ཀ་ནི་ཐང་ག་དང་འདྲ་ཞེས་གསལ་ཞིང་། དེའི་ཐད་ཀྱི་ཐང་ག་ནི། རི་མོ་བྲིས་ཡོད་པའི་རས་སམ་ཤོག་བུ་བསྒྲིལ་ནས་དྲིལ་ཆོག་པའི་རིགས། ཞེས་འཁོད་ཡོད། གོང་གི་འགྲེལ་པ་དེ་ནི་དབྱི་ཏཱ་ལིའི་ཏའོ་ཆིས་ཅོ་ཧྲུག་དང་རྒྱའི་རྒྱལ་སྲོལ་རི་མོའི་ནང་དོན་ལྟར་བྲིས་པ་ཞིག་ལས། ཐང་ཀ་ཞེས་པའི་མིང་དངོས་ལ་ད་དུང་ཞིབ་གསལ་གྱིས་དཔྱད་བརྗོད་གནང་མེད། 《དུང་དཀར་ཚིག་མཛོད་》དུ། ཐང་ཀ་ནི་གོང་བའི་ཐད་ཀྱི་སྐེ་སྟོད་ཅེས་འགྲེལ་འདུག་པ་དང་། དེའུ་དམར་ཚང་གི་《ཤེལ་གོང་ཤེལ་ཕྲེང་》ལས། ཐང་ཀ་སྐྱེས་པའི་སེར་དུ་འགྱུར། ཡང་དེ་ཉིད་ལས། ཐང་ཀར་སྨུག་པོ་ཞེས་ཀྱང་བྱ། ། ཞེས་མདོག་ལྡོང་རིས་འདྲ་བ་ཅུང་སྨུག་པོ་ཞིག་ལ་གོ་བ་སོགས་དོན་མང་ལ་འཇུག་པ་འདི་རེད། གོང་སྨོས་ཀྱི་ནང་དོན་ཁག་ལ་བརྟགས་ན་ཀ་ཁ་ག་ལྟ་བུ་མིང་ཟུར་དག་ལ་རྣམ་པ་གཅིག་ཏུ་ནང་དོན་ཅི་ཡང་མེད་ལ། རྩ་བའི་རྨང་གཞིའི་ཡི་གེ་དངོས་ནི་ཐང་ཞེས་པ་འདི་ཡིན་ཙ་ན། ཐོག་མར་ཐང་བྱ་བའི་ཡི་གེའི་ནང་དོན་ཅི་ཞིག་ཡིན་པ་དེ་ཤེས་དགོས་ཕྱིར། གཤམ་དུ་བོད་ཡིག་དང་བོད་སྐད་ནང་ཐང་དང་སྦྲེལ་བའི་མིང་གི་ཐ་སྙད་སྐོར་ལ་ཞིབ་ཏུ་དཔྱད་ན། ཐང་མ་ནི། དག་ཡིག་ཁ་ཅིག་ལས། བརྡལ་ནས་ཉི་མར་སྐེམ་པའི་དངོས་རྫས་ཀྱི་མིང་ལ་འཇུག་པ་དཔེར་ན། རིལ་མ་ཐང་མར་བརྡལ་ལྟ་བུ་དང་། འབྲུ་རིགས་ཀྱི་མིང་ལའང་འཇུག་སྟེ། ཐང་མ་ཉ་ར་བྱས་ལྟ་བུ། ཤིང་ནགས་ལའང་གོ་བ་《ཆོས་འབྱུང་མཁས་པའི་དགའ་སྟོན་》དུ། སྟེང་ཁང་གི་ཤིང་ཐམས་ཅད་ཐང་མ་དང་གསོམ། ཞེས་གསལ་ཞིང་། ཐང་ཅིག་ནི། ཡུན་ཐུང་ངུ་ཞིག་གི་མིང་སྟེ། སྐད་ཅིག་ཐང་ཅིག་ཡུད་ཙམ་ལ་ཞེས་པ་ལྟ་བུ་དང་། ཐང་ཅིག་བྱ་བའི་ཚད་ག་རེ་ཡིན་པ་《མདོ་གཟེར་མིག》ལས། སྟོན་པ་གཤེན་རབས་ཀྱི་ཞལ་ནས། སྐད་ཅིག་མའི་གདགས་པ་ནི། ཐང་དང་ཡུད་དང་ལོ་དང་ཟླ་བའོ། ⒆ཞེས་པ་ལྟ་བུའོ། མངའ་ཐང་ནི་དབང་ཐང་ལ་གོ་ཞིང་། མངའ་ཐང་ལོངས་སྤྱོད་དཔྱིད་ཀྱི་དཔལ་ལ་འགྲན། བྱ་བ་དང་། སྐུ་བསོད་མངའ་ཐང་ཡར་ངོའི་ཟླ་ལྟར་འཕེལ་ལྟ་བུ། ཐོབ་ཐང་ནི། ཐོབ་ཚོད་ཀྱི་འོས་འབབ་དང་། གང་ལ་དེ་འཚམས་ཀྱི་གོ་གནས་ལ་འཇུག་གོ ཐང་ཆད་ནི། ངལ་ཆད་པའི་དོན་ནོ། ཤིན་ཏུ་ངལ་ཆད་པ་ལ་ཤ་ཐང་ཐང་དུ་ཆད་ལྟ་བུའོ། ཡིན་ན་ཐང་ནི། ཡིན་མདོག་ཁ་པོའམ་ཧ་ལམ་ཡིན་ནམ་སྙམ་པའི་དོན་ལ་གོ གླ་ཐང་ནི་གླ་ངན་དང་དོན་གཅིག་སྟེ། དེང་སང་གི་སྐད་ཆ་ལྟར་ན་ལས་གླ་ཟེར་བ་ལ་གོ་ཞིང་། དག་ཡིག་ལ་ལར་ལས་གླའི་ཚད་དམ་ཐང་གཞི་ལ་འཇུག་པར་བཤད། ལོ་ཐང་ནི། དུས་ལྟར་གོང་ལ་འཇལ་དགོས་པའི་ཁྲལ་དང་། ཁྲལ་ཡིག་ལ་ཟེར། ཐང་སྦྱར་ནི། དབང་བསྐུར་རམ་དབང་བྱིན་པའི་དོན་ཏེ། 《བོད་ཀྱི་བརྡ་རྙིང་ཡིག་ཆ་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་རབ་གསལ་མེ་ལོང་》ནང་དུ། སྤྱི་ལོ་726ལོར་མངན་གྱི་ཐང་སྦྱར་བར་མ་ཟད་ཁབ་སོའི་ཁྲལ་པ་ཡང་བསྐོས་ལྟ་བུའོ། ཐང་ཁྲམ་ནི། བཙན་པོའི་དབང་ཐང་ལ་གཏོགས་པའི་མི་ལ་དམིགས་བསལ་དུ་ཡོད་པའི་བྱང་བུ་ལ་ཟེར་ཞིང་། 《བརྡ་བཀྲོལ་གསེར་གྱི་མེ་ལོང་》ལས། ཐང་ཁྲམ་ནི། འབངས་དང་དམག་གི་ལག་འཛིན་ཡི་གེ་བྱང་བུའི་མིང་སྟེ། 《ཏུན་ཧོང་གཏེར་ཡིག་དོན་ཆེན་གནད་བསྡུས་ཀྱི་ལོ་ཚིགས་》ལས། འདུནམ་མཁར་ཕྲག་ཏུ། བློན་ཁྲི་སུམ་རྗེས་བསྡུས་ནས་མངན་དང་། སླུངས་སྟོད་སྨད་ཀྱི་ཐང་ཁྲམ་ཆེན་པོ་བཏབ་⒇ཅེས་པ་ལྟ་བུའོ། ཐང་ཁྲིམས་ནི། དབངས་སྤྱིའི་ཁྲིམས་ལུགས་དང་དེའི་ཡིག་ཚང་ལ་འཇུག་སྟེ། 《བཀའ་ཐང་སྡེ་ལྔ་》ལས། བཀའ་ཁྲིམས་དང་ཐང་ཁྲིམས། བྱ་བའི་ཐང་ཁྲིམས་ཀྱང་གོང་དང་མཚུངས་སོ། ཆེ་ཐང་ནི། རྒྱ་ཆེན་པོའི་དོན་ཏེ། 《མཁས་པའི་དགའ་སྟོན་》 ལས། ཕྱྭ་མཁན་འཁོར་བཅས་ལ་བྱ་དགའ་ཆེ་ཐང་དུ་བསྩལ། ལྟ་བུའོ། གཞན་ཡང་ཐང་དང་འབྲེལ་བའི་མིང་བརྡ་རིན་ཐང་དང་། ཐང་ཕྲོམ། ཐང་ཡིག གསོས་ཐང་། རྩྭ་ཐང་། བདེ་ཐང་སོགས་བགྲང་གིས་མི་ལང་བ་ཡོད་ཀྱང་། དེ་དག་རེ་རེ་ནས་བརྗོད་ན་ཡིག་ཚོགས་མང་དྲགས་པས་སྐྱོན་འབྱུང་ཉེན་ཆེ། འོན་ཏེ། ཅིས་ཀྱང་བཤད་དགོས་པའི་གནད་འགག་འགའ་རེ་མི་བརྗོད་ཐབས་མེད་ཡིན། སྐུ་ཞབས་ཞེ་ཅིས་ཧྲིན་གྱིས་ཐང་སྨན་ཟེར་བ་རྒྱ་སྐད་ཀྱི་ཐང་ཡོ་(汤药)བྱ་བའི་གཡར་ཚིག་ཡིན་པར་བཤད། ངེད་ཀྱིས་བལྟས་ན་མི་བདེན་པར་སེམས། རྒྱུ་མཚན་ནི། ཐང་སྨན་ཟེར་བའི་ཐ་སྙད་འདི་སྟོན་པ་གཤེན་རབས་ཀྱི་གདུང་སྲས་དཔྱད་བུ་ཁྲིད་ཤེས་ཀྱིས་ཕྱོགས་བསྒྲིགས་མཛད་པའི་《གསོ་རིག་འབུམ་བཞི་》དང་། གཡུ་ཐོག་པ་སོགས་ཀྱིས་བསྒྲིགས་པའི་《གསོ་རིག་རྒྱུད་བཞི་》བཅས་སུའང་འཁོད་ཡོད་པས། མིང་བརྡ་རྙིང་པ་ཞིག་ཡིན་པ་བཤད་ཅི་དགོས། གལ་ཏེ་མིང་བརྡ་གསར་པ་ཞིག་ཡིན་པའི་དབང་དུ་བཏང་ཡང་རྒྱ་སྐད་ཡིན་པའི་ངེས་པ་མེད། འོ་ན་ཐང་སྨན་བྱ་བ་དོན་དངོས་བོད་སྐད་ཡིན་མིན་ཡང་བོད་སྨན་མཁས་པ་ཚོས་འགྲེལ་བཤད་གནང་བ་ཞིག་ལ་བལྟ་དགོས་པ་ལས་དག་ཡིག་དཀྱུས་མ་ཁག་ལ་གཏུག་རྒྱུ་མེད་དོ། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཚང་ནི་ངེས་པ་དོན་གྱི་གསོ་རིག་མཁས་པ་ཞིག་ཡིན་པ་མ་ཟད། མདོ་སྔགས་གང་ལའང་མཁས་གྲུབ་ཀྱི་གོ་འཕང་མཐོན་པོར་གཤེགས་པ་ཞིག་ཡིན་པ་བོད་ཀྱི་མཁས་པ་ཚང་མས་ཁས་ལེན་བྱེད་ཅིང་། ཁོང་གིས་མཛད་པའི་《ཤེལ་གོང་ཤེལ་ཕྲེང》 ནང་དུ། དེ་ལྟར་ཐང་སྨན་ལྡུམ་གྱི་རིགས་རྩ་བ་དྲུག་ཅུ་རྩ་བདུན་ནང་ཚན་རིགས་དབྱེ་བཅས་བརྒྱ་དང་ཞེ་གཉིས་རྒྱས་པར་བཤད་ཟིན་ཏོ། ། 21ཞེས་འཁོད་ཡོད་པ་དང་། ཡང་དེ་ཉིད་ལས། ལྡུམ་བུའམ་ཐང་སྨན་གྱི་སྡེ་བཤད་པ། བྱ་བ་དང་། ཐང་ཞེས་པ་དང་ལྡུམ་བུ་ནི་དོན་གཅིག རྩ་བ་རྒྱས་ཤིང་ལོ་སྡོང་སོགས་ལོ་རེར་ཤིང་ལྟར་སྐྱེ་ཡང་དགུན་ནས་རྩ་བ་མ་གཏོགས་སྔོ་ལྟར་རྒས་ནས་ལོ་རེ་བཞིན་བརྗེ་བ་མ་ནུ་དང་ལྕུམ་ལྟ་བུའི་རིགས་ལ། རྒྱུད་ལས། ཐང་གི་གཙོ་བོ་ཏིག་ཏ་བ་ཤ་ཀ་གསུངས་པས་རྩ་བ་ཤིང་ལ་སྡོང་པོ་ལྡུམ་ལོ་མེ་སྔོའི་རང་བཞིན་ཅན་ཏི་ག་ཏ་བ་ཤ་ཀ་ཡུ་གུ་ཤིང་སོགས་ཀྱང་འདྲ་བར་མངོན། 22ཞེས་པ་འདི་ལས་བོད་སྨན་གྱི་གཞུང་ལས་བཤད་པའི་ཐང་སྨན་བྱ་བ་བོད་སྐད་དངོས་ཡིན་པ་རྒྱུ་མཚན་དང་བཅས་ཏེ་གསལ་བཤད་གནང་ཡོད། 《བོད་རྒྱ་ཚིག་མཛོད་ཆེན་མོ་》ལས། ཐང་སྨན་ནི། དོན་གཉིས་ལ་འཇུག་སྟེ། 1. གདུས་ཏེ་ཁུ་བ་འཐུང་རྒྱུའི་སྨན་རིགས་དང་། 2.རྫ་རི་གཡའ་གངས་སོགས་རི་རྩེ་མཐོ་སར་སྐྱེས་པ་མ་ཡིན་པ་ཐང་ལ་ཤས་ཆེར་སྐྱེས་པའི་སྨན། 23ཞེས་གསལ་ཞིང་། ནང་དོན་དང་པོའི་རྒྱ་ཡིག་གི་འགྲེལ་པར་(汤药)ཞེས་བྲིས་ཡོད་པས་ཞེ་ཅིས་ཧྲིན་གྱིས་དེར་བརྟེན་ནས་ནོར་འཁྲུལ་བྱུང་བ་འདྲ། གཞན་བོད་སྐད་ནང་མི་དང་ལྷ་དང་ས་མིང་བཅས་ཀྱི་ནང་དུ་ཡང་ཐང་དང་འབྲེལ་བའི་མིང་བརྡ་ཧ་ཅང་མང་བ་དཔེར་མཚོན་ཙམ་ཞིག་གླེང་བར་བྱ་སྟེ། ལྷའི་མཚན་ཡོད་པ་《མདོ་གཟེར་མིག》ཏུ། ཡོན་ཏན་གྱི་ལྷ་ཐང་སྐྱེད་ཐུགས་རྗེ་ལ་ཕྱག་འཚལ་ལོ། ། ཞེས་དང་། ཐུགས་ཀྱི་སྲིད་པ་ཐང་པོ་རྩེར་ཕྱིན་ལ་ཕྱག་འཚལ་ལོ། ཐུགས་ཀྱི་ལྷ་མོ་ཐང་མ་འོལ་དྲུག་སྐས་ལ་ཕྱག་འཚལ་ལོ། ཡང་ན། དཔོ་བར་སྒྲོན་མ་ཅན་གྱི་བུ་མོ་དཔོ་བཟའ་ཐང་མོ་ལ། ལྟ་བུ་དང་། གཉན་ཆེན་ཐང་ལྷ། ཐང་སྟོང་རྒྱལ་པོ། ཐང་ལྷ་ཚེ་དབང་སོགས་མང་དུ་མཆིས་ཤིང་། གནས་ཀྱི་མིང་ལ་ཐོགས་པ་ནི་གྱི་ཐང་དང་། ཁྲི་ཐང་སོགས་བརྗོད་ཀྱིས་མི་ལང་བ་ཡོད། དེས་ན་ཐང་དང་འབྲེལ་བའི་ཐ་སྙད་འདི་འདྲ་ཇི་སྙེད་ཅིག་བོད་སྐད་ནང་ཡོད་བཞིན་དུ་དེ་ལ་ཅི་མི་སྙམ་པར་མཐའ་གཅིག་ཏུ་ཐང་ག་བྱ་བ་ནི་རྒྱ་སྐད་ལས་ཐོགས་པར་འདོད་པའི་གནས་ཚུལ་འདི་འདྲ་བྱུང་དོན་གྱི་རྒྱུ་རྐྱེན་ནི། བོད་ཀྱི་ལོ་རྒྱུས་ཞིབ་འཇུག་པ་ཁག་གཅིག་གིས་རང་གི་དད་ཞེན་ལ་བརྟེན་ཏེ་ལོ་རྒྱུས་ཞིབ་འཇུག་བྱེད་པ་ལས་ལོ་རྒྱུས་དངོས་ཀྱི་རང་མདོག་ནས་དཔྱད་པ་གཏོང་བ་ཉུང་བ་དང་། ཁག་གཅིག་གིས་བོད་ཀྱི་རིག་གཞུང་ལ་རྒྱུས་མེད་བཞིན་དུ་ཡོད་ཚད་ཤེས་མདོག་གིས་ཐག་གཅོད་པ་ལ་དགའ་བ་བཅས་ཀྱིས་བྱུང་བ་ཞིག་རེད། འགའ་ཞིག་གིས། ཐང་ག་ནི་ཐིང་ག་ཞེས་པའི་གདམ་ང་སྟེ། བཙན་པོ་རྣམས་ཀྱི་སྐུ་རིང་ལ་ཤོག་བུ་ཐིང་ག་ལ་གསེར་གྱིས་བྲིས་ཏེ་ཕྲ་མེན་གྱི་སྒྲོམ་བུར་བསྩལ་བ་སོགས་ཀྱི་གོམས་སྲོལ་མཆིས་ཤིང་། དེའི་མགོ་ཤོག་དང་བར་འཇུག་གི་སྐབས་སུ་རི་མོ་བྲིས་ཡོད་པ་དེ་ལ་ཐིང་གའི་རི་མོ་ཟེར་ཞིང་། ཡོངས་གྲགས་སུ་ཐིང་ག་ལ་མཐིང་ག་ཞེས་འབྲི་སྟངས་ཤས་ཆེ་སྟེ། 《ཆོས་འབྱུང་མཁས་བའི་དགའ་སྟོན་》དུ། མཐིང་ལ་ཐིང་ཞེས་བྲིས་འདུག་པ་དང་། 《སྦ་བཞེད་ཞབས་བཏགས་མ་》རུ་ཡང་། ཐིང་ཤོག་ལ་གསེར་ཆུའི་(ཆུས) བྲིས་པའི་ཆོས་བམ་པོ་སྟོང་གནང་། བྱ་དགའ་གཞན་ཡང་ཆེ་ཐང་དུ་གནང་། ཞེས་འཁོད་ཡོད། ཕྱིས་སུ་རི་མོའི་ཐང་ག་དང་ཤོག་ཐང་གཉིས་མི་ནོར་ཆེད་རི་མོའི་ཐང་ག་ལ་ཐང་འདི་དང་ཤོག་མཐིང་ལ་ཐིང་འདི་བྲིས་པ་སོགས་བྱུང་ཟེར། བོད་ཀྱི་ཡིག་རྙིང་གླེགས་བམ་སྣ་རིང་ཁག་ཏུ། དངོས་གནས་རེའུ་མིག་ནང་བཞིན་བར་འཇུག་རི་མོ་བྲིས་ཡོད་པ་མང་དུ་མཆིས་པ་འདི་དག་ལ་གཞིགས་ན། ཐང་ག་ནི་ཐིང་ག་བྱ་བའི་ཟུར་ཉམས་པའམ་སྒྲ་མཚུངས་པའི་དབང་གིས་གདམ་ང་རུ་གྱུར། ཞེས་བཤད་པ་ལ་རྒྱུ་མཚན་ངེས་ཅན་ཞིག་སྣང་། དེས་ན་འདི་ལྟར་ན། ཐང་ག་བྱ་བའི་འབྱུང་ཁུངས་ནི་ཐིང་གའི་ནང་དོན་ནས་རིམ་གྱིས་དར་འཕེལ་བྱུང་བར་འདོད། སྤྱིར་ཐང་ག་བྱ་བའི་མིང་འདི་ཏུན་ཧོང་ཡིག་རྙིང་དང་། རྡོ་རིང་ཡི་གེ་སོགས་སུ་ད་ཕན་བདག་གིས་མཐོང་མ་མྱོང་ཞིང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》ཏུ། 《དཔལ་སྡོམ་པ་འབྱུང་བའི་རྒྱུད་》ལས་ལུང་དྲངས་པ་ཞིག་འདུག་པ་ལས། “འདི་ལྟར་མཚན་ཉིད་མཚོན་བྱས་ནས། ། སྔགས་པ་རྣམས་ཀྱིས་ཐང་སྐུ་བྲི། ། ལས་དང་པོ་ཡི་སྔགས་པ་ཡིས། ། གཟུགས་བརྙན་ལ་སོགས་བྱ་བ་སྟེ། ། ཐང་སྐུ་སྒྲུབ་བྱ་རྒྱ་ཆེན་གྱིས། ། དངོས་གྲུབ་མྱུར་ཏུ་ཐོབ་པར་འགྱུར། ། ” 24 ཞེས་ཐང་སྐུ་བྱ་བའི་ཐ་སྙད་འདི་བྲིས་ཡོད། 《བདེ་མཆོག་སྡོམ་འབྱུང་》ནི་ལོ་ཙཱ་བ་སྨོན་ལམ་གྲགས་ཀྱིས་རྒྱ་གར་སྐད་ནས་བོད་སྐད་དུ་བསྒྱུར་བ་ཞིག་ཡིན་ཞིང་། ཁོང་ནི་དེ་སྔོན་བོད་སིལ་བུའི་དུས་མཇུག་བསྟན་པ་ཕྱི་དར་གྱི་འགོར་འཁྲུངས་པའི་རྭ་ལོ་ཙཱ་བ་དང་དུས་མཉམ་པ་ཡིན་ཚུལ་《རྭ་ལོ་ཙཱ་བའི་རྣམ་ཐར་》དུ་གསལ། འོན་ཏེ། སྡེ་དགེའི་བཀའ་འགྱུར་རྒྱུད་(ཁ)པའི་དུམ་པའི་ནང་དུ་《བདེ་མཆོག་སྡོམ་འབྱུང་》 བཞུགས་པ་25དེ་ནང་དུ་ཐང་སྐུ་ཞེས་པའི་ཐང་གི་ཡི་གེ་དེ་གཏན་ནས་འཁོད་མེད་པས་སྡེ་སྲིད་ཚང་གིས་དྲངས་པའི་《དཔལ་སྡོམ་པ་འབྱུང་བའི་རྒྱུད་》དེ་གང་གི་བཀའ་འགྱུར་དཔར་མ་ཡིན་པ་བརྟག་དགོས་སོ། རྭ་ཡེ་ཤེས་སེང་གེས་མཛད་པའི་《རྭ་ལོ་ཙཱ་བའི་རྣམ་ཐར་》ལས། “དེ་ནས་རྭ་ཆེན་གྱིས་མལ་སའི་ལོགས་ལ་ཕག་མོའི་ཐང་ཀ་བཀྲམ།”ཞེས་པ་དང་། “ཕུར་བུ་གཅིག་མལ་སའི་ཐང་སྐུ་ལ་ཕོག་ནས་ཐང་ཀ་ཐལ་བར་བཏང་།”26ཞེས་ཐང་ཀ་བྱ་བའི་མིང་འདི་དངོས་སུ་བཀོད་ཡོད། རྭ་ཡེ་ཤེས་སེང་གེའི་འཁྲུངས་འདས་ཀྱི་ལོ་ཚིགས་བདག་གིས་མ་རྙེད་ཀྱང་། རྭ་ཆོས་རབ་ཀྱི་དངོས་སློབ་ཡིན་པ་ལོ་རྒྱུས་ཀུན་ཏུ་གསལ་བས། དེས་ན་མ་མཐར་ཡང་རབ་བྱུང་གཉིས་པའི་སྐབས་ཀྱི་མི་སྣ་ཡིན་པ་གདོན་མི་ཟའོ། དེ་ལྟར་ན། རབ་བྱུང་གཉིས་པའི་སྐབས་སུ་ཐང་ག་བྱ་བའི་ཐ་སྙད་འདི་དངོས་སུ་བེད་སྤྱོད་གཏོང་བཞིན་པ་ཤེས་ནུས། ངེད་ཀྱིས་ནི་ཐང་ག་བྱ་བའི་མིང་འདིའི་ཐོག་མའི་གོ་དོན་ནི། དེང་སང་གི་ཉིན་ཐོ་ལྟ་བུ་ལ་གོ་སྟེ། དཔེར་ན། པདྨ་བཀའ་ཐང་། ཐང་ཡིག་ཆེན་མོ། བཀའ་ཐང་སྡེ་ལྔ། ཐང་ཁྲིམས། ཐང་ཁྲམ། ལོ་ཐང་། ཡིན་ཐང་། ཉིན་ཐང་སོགས་ཐང་དང་སྦྲེལ་བའི་ནང་དོན་མང་པོ་ཞིག་མཆིས་ཤིང་། དེ་དག་གི་དོན་འགྲེལ་དུ་བཀའ་ཐང་ཟེར་བ་ནི་ལོ་རྒྱུས་ཀྱི་དོན་གནད་རྣམས་རེའུ་མིག་ཏུ་བཀོད་པའམ། ཡང་ན་སྐད་ཆ་གནད་འགག་དག་ཁ་ཆེམས་ཡི་གེ་བཞག་པ་ལ་གོ་ཞིང་། དེ་བཞིན་དུ་ཐང་ཁྲིམས་དང་། ཐང་ཁྲམ། འོ་ཐང་སོགས་ཀྱང་གོང་དང་ཆ་མཚུངས་པའི་ལས་རིགས་ཁག་ལ་ཟེར། ཡིན་ཐང་ནི། དུང་དཀར་ཚང་གིས་བརྩམས་པའི་དེབ་དམར་གྱི་མཆན་དུ། “སྐབས་དེའི་གནས་ཚུལ་ངོ་མ་ཟིན་བྲིས་བྱས་པའི་རི་མོ་ཚོན་ཁྲ་ཅན།”ཞེས་གསུངས་ཡོད་པ་འདི་ལས་ཀྱང་ཤེས་ཐུབ་ཅིང་། དེང་སང་ཡང་རེབ་གོང་གི་སྡེ་པ་ལ་ལས་རྒྱ་སྐད་ཀྱི་(大字报)ལ་ཐང་མོ་ཆེ་ཞེས་བརྗོད་ལ། སྒོས་སུ་ཉིན་ཐང་ཞེས་ད་སྐབས་ཅིས་ཀྱང་ཉི་མ་གཅིག་ལ་བྲིས་ཚར་དགོས་པ་དེར་བལྟས་ནའང་དང་ཐོག་ཐང་ག་ཟེར་བ་ཉིན་ཐོ་ལྟ་བུའི་དོན་ལ་གོ་བ་ཡིན། ཕྱིས་སུ་བོད་དུ་སངས་རྒྱས་ཆོས་ལུགས་རྒྱ་ཁྱབ་ཏུ་དར་ཏེ་སྐུ་གསུང་ཐུགས་རྟེན་འབོར་ཆེན་བཞེངས་པ་ནས་བཟུང་སྟེ། ཐང་ག་ཞེས་པའི་ཐ་སྙད་འདི་ཡང་ལྷ་བྲིས་ཁོ་ན་ལ་གོ་བ་ལེན་པའི་གནས་ཚུལ་དེ་བྱུང་བ་དང་། དེ་ནས་རིམ་གྱིས་ཚོན་གྱི་སྡེབ་སྦྱོར་དང་། རས་གཞིའི་རྒྱུ་ཆ། སྒྲུབ་པ་པོའི་བྱེད་ལས། འབྲི་སྟངས་ཆེ་ཆུང་བཅས་སོགས་ཀྱི་དབང་གིས་དམར་ཐང་དང་། ནག་ཐང་། བསྙེན་ཐང་། གོས་ཐང་། གྱན་ཐང་། ཞལ་ཐང་། རྟེན་ཐང་། འདྲ་ཐང་། སྐུ་ཐང་། མུ་ཏིག་ཐང་ག ཉིན་ཐང་། སྐྱ་ཐང་། གསེར་ཐང་། འཚེམ་ཐང་། དམ་ཐང་སོགས་ནང་དོན་དང་བཟོ་དབྱིབས་མི་འདྲ་བའི་ཐང་ག་ཅི་རིགས་ཤིག་བྱུང་ཡོད། སྐུ་ཞབས་ཞེ་ཅིས་ཧྲིན་གྱིས་ཐང་གའི་གྲུབ་ཆའི་ཐད་ནས་བཤད་ན། གོང་གཤམ་གྱི་བཟོ་དབྱིབས་ནི་རྒྱ་ཡི་དར་འཕན་གྱི་བཟོ་དབྱིབས་ལ་དཔེ་བླངས་ཏེ་བྱུང་བར་འདོད་ཅིང་། དེ་ལ་ཁོང་གིས་རྒྱུ་མཚན་ཡང་མང་པོ་ཞིག་བཀོད་ཡོད་ཀྱང་། ངས་བལྟས་ན། དེ་ནི་བལྟས་བལྟས་ན་རི་འགུལ་འགྲོ་བའི་སྣང་ཞེན་ཙམ་ལས་རྒྱུ་མཚན་གཞན་མི་འདུག་སྙམ། ངེད་ཀྱིས་ནི་ཐང་གའི་གོང་གཤམ་དང་བཟོ་དབྱིབས་ནི་བོད་བཙན་པོའི་སྐབས་ཀྱི་རུ་དར་ལས་བྱུང་བར་འདོད། རུ་དར་བྱ་བ་ནི་དམག་དར་ལ་གོ་ཞིང་། རྒྱལ་མཚན་དང་དོན་གཅིག་ཡིན། འོན་ཀྱང་། དེང་སང་གི་རྒྱལ་མཚན་དེ་རྒྱ་ཡི་གདུགས་བརྩེགས་མའི་དབྱིབས་ལྟར་བྲིས་པ་ནི་རྒྱ་སྲོལ་ཡིན་ལ། བོད་ཀྱི་རྒྱལ་མཚན་གྱི་དབྱིབས་དངོས་ནི་རི་དར་རམ་དར་ཕྱྭ་དང་འཕྱར་དར་ཡིན་པ་འཇུ་མི་ཕམ་གྱི་སྙན་འགྲེལ་དུའང་གསུངས་ཡོད། བོད་ཀྱི་ལོ་རྒྱུས་ཡིག་ཚང་དང་གནའི་ལྡེབས་རིས་ཁག་ཏུ་བཙན་པོའི་སྐབས་སུ་གཡུལ་འགྱེད་ལ་འགྲོ་དུས་རུ་དར་འཕྱར་ནས་བསྐྱོད་པ་དང་། རུ་དར་སྟེང་དུ་རང་རང་གི་དགྲ་ལྷ་དང་ཡང་ན་བླ་རྟེན་སེང་གེ་དང་། འབྲོང་། སྟག ཁྱུང་སོགས་ཀྱི་རི་མོ་བྲིས་ནས་རྔམ་བརྗིད་དང་བཅས་གཡུལ་བཤམས་པར་གྲགས་ཤིང་། སྲོལ་ལུགས་དེ་ད་ལྟའི་བར་མ་ཉམས་པར་གསོན་པོར་གནས་པ་ནི། དབྱར་ཁའི་དུས་སུ་ཆོས་སྐོར་དུ་འགྲོ་སྐབས་ལག་ཏུ་རུ་དར་འཕྱར་ཞིང་རྒྱབ་ཏུ་ཆོས་དཔེ་འཁུར་ནས་ཞིང་ཁའི་བར་ཚིགས་རྣམས་སུ་སྐོར་བ་རྒྱག་སྲོལ་མཆིས་པ་དེ་རེད། སྐབས་དེའི་རུ་དར་གྱི་རྣམ་པ་ནི་དར་ལྕེ་ཡོད་མེད་ཙམ་ལས་དེ་བྱིངས་ནི་གྲུ་བཞི་ཡིན་ཞིང་། བརྒྱ་ཆའི་དྲུག་ཅུ་ཟིན་པའི་དབུས་ནི་དཀར་པོ་ཡིན་ལ་དེའི་ངོས་སུ་རང་རང་གི་སྐྱེས་ལྷའམ་སྲུང་མ་དང་། དགྲ་ལྷ། བཙན་ལྷ། རླུང་ལྷ་སོགས་བྲིས་ཡོད་ལ། དེའི་མཐའ་ཤན་དུ་རིམ་པ་གསུམ་གྱིས་བརྒྱན་པའི་དང་པོ་ནི་དམར་པོ་དང་། གཉིས་པ་སེར་པོ། གསུམ་པ་སྔོན་པོ་ཡོད་པ་ནི་ཐང་གའི་གོང་གཤམ་གྱི་བཟོ་དབྱིབས་བརྒྱུད་རིམ་དང་ཤིན་ཏུ་འདྲ་བར་སྣང་། སྔོན་གྱི་བཙན་པོའི་ལྷ་ཁང་རྙིང་པའི་ལྡེབས་རིས་ཀྱི་བཀོད་པ་ཡང་རུ་དར་གྱི་དབྱིབས་འདི་དང་མཚུངས་ཤིང་། དེང་སང་ཡང་འདུ་ཁང་དང་བཙན་ཁང་ལྟ་བུ་གསར་བཞེངས་བྱེད་སྐབས་རྩིག་ལོགས་ངོས་སུ་ལྡེབས་རིས་མ་བཞེངས་ཡར་སྔོན་དུ་གོང་དུ་བཤད་པའི་རི་དར་གྱི་བཟོ་ལྟ་བཞིན་དབུས་མ་དཀར་རྩི་དང་། མཐའ་ཤན་དུ་དམར་པོ་དང་། སེར་པོ། སྔོན་པོ་བཅས་རིམ་གྱིས་བཀོད་ཡོད། འོ་ན་ཐང་གའི་གོང་གཤམ་གྱི་དབྱིབས་ནི་སྲིད་རིང་ཞིང་ཞེང་ཐུང་བ་དང་། རུ་དར་གྱི་དབྱིབས་ནི་གྲུ་བཞི་ཡིན་པས་མི་འགྲིག་གོ་སྙམ་ན། ཐང་གའི་རི་མོའི་ལོ་རྒྱུས་འཕེལ་རིམ་ལ་གཞིགས་ན། ཐོག་མར་རས་བྲིས་ཐང་ག་ལས་ལྡེབས་རིས་ལོགས་ཐང་འདི་དར་བ་རྩོད་མེད་ཡིན་ཙ་ན། དང་ཐོག་གྲུ་བཞིའི་རྣམ་པ་ནས་རིམ་གྱིས་འགྱུར་བར་སེམས། དེ་མིན་གནའ་དུས་ཀྱི་རྒྱའི་དར་འཕན་ནི་སྲིད་རིང་ཞིང་ཞེང་ཧ་ཅང་དོག་པས་གོང་གཤམ་གྱི་དབྱིབས་དང་གནམ་སའི་ཁྱད་པར་ཡོད། གལ་ཏེ་འཚེམ་བཟོའི་ལག་རྩལ་ལ་བཤད་པ་ཡིན་ན་བདེན་ནམ་སྙམ། གཞན་ཐང་གའི་རས་གཞིའི་སྐོར་ལ། ཞེ་ཅིས་ཧྲིན་གྱིས། སོ་མ་རཱ་ཛཱ་ནི་རྒྱ་གར་སྐད་ཡིན་ཞིང་། རྒྱ་སྐད་དུ་(ཀྱི大麻)བྱ་བ་ནི་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཡི་ནང་དོན་ལྟར་གོ་བ་ལེན་པ་འདྲ་ཡང་། རྒྱའི་གསོ་རིག་གི་གཞུང་རྣམས་སུ་སོ་མ་རཱ་ཛཱ་ལ་(黄葵子)བྱ་བ་དང་། སྲོ་མ་ར་ཙ་ལ་(大麻仁)ཞེས་བྲིས་ཡོད་དེ། དེ་གཉིས་སྒྲ་མཚུངས་པ་ལས་དོན་མི་གཅིག་གོ རས་འཐག་པ་ནི་སྲོ་མ་ར་ཙ་བྱ་བ་འདི་ཡིན་པ་《ཤེལ་གོང་ཤེལ་ཕྲེང་》དུ། “འདི་ཞིང་སྐྱེས་སྲོ་མ་ར་ཙ་ཞེས་སྲོ་རྒྱུད་ཡོང་། གོས་དང་ཐག་པ་འཆོས་པ།”27 ཞེས་གསལ་བཤད་གནང་འདུག་པ་དང་། 《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》ལས། “འདི་སྲོ་མ་ར་ཙ་དང་ཆུ་སེར་སྨན་སོ་མ་ར་ཛ་གཉིས་མིང་གི་སྒྲ་ཕྱོགས་མཐུན་ཙམ་གྱི་རྗེས་སུ་འབྲངས་ནས་ཕན་ཚུན་ནོར་བ་དང་།” 28 ཞེས་འཁོད་ཡོད་པ་དག་ལས་ཀྱང་དེ་གཉིས་གཅིག་མིན་པ་གསལ་པོར་སྣང་ངོ་། སྤྱིར་《བོད་རྒྱ་ཚིག་མཛོད་ཆེན་མོ་》ཡི་ནང་བོད་ཡིག་རྒྱ་ཡིག་ཏུ་བསྒྱུར་བ་ལ་གོ་ནོར་མང་པོ་ཞིག་བྱུང་འདུག་པ་མདོར་ན་ཐང་ག་བྱ་བའི་ཐ་སྙད་འདི་བོད་སྐད་རྣལ་མ་ཞིག་ཡིན་པའི་རྒྱུ་མཚན་གོང་འཁོད་ཀྱི་ནང་དོན་ཁག་ལ་ཞིབ་ཏུ་བརྟག་ཚེ་གསལ་ལེར་ཡོང་བས། གཟུར་གནས་བློ་ལྡན་སུ་ཞིག་གིས་ཀྱང་མངོན་སུམ་ལ་བསྙོན་འདིང་པ་དཔེ་མི་སྲིད་དོ། །
མཆན་འགྲེལ།
①དཀོན་མཆོག་བསྟན་འཛིན་གྱིས་བརྩམས་པའི་《བཟོ་གནས་སྐྲ་རྩེའི་ཆུ་ཐིགས་》ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།②སྐུ་ཞབས་ཞེ་ཅིས་ཧྲིན་གྱིས་བརྩམས་པའི་《མི་ཉག་གི་བོད་བརྒྱུད་རི་མོ་》ཡི་ཤོག་ལྡེབ་284སྟེང་གསལ། ཧུ་པེ་སློབ་གསོ་དཔེ་སྐྲུན་ཁང་གིས་2001.9ནང་བསྐྲུན། (རྒྱ་ཡིག)
③དཔའ་བོ་གཙུག་ལག་ཕྲེང་བས་མཛད་པའི་《ཆོས་འབྱུང་མཁས་པའི་དགའ་སྟོན་》གྱི་ཤོག་ལྟེ་343སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
④མིང་རྒྱལ་རབས་སྐབས་སུ་ཀྲུང་དབྱང་སྲིད་གཞུང་གིས་བསྒྲིགས་པའི་(西番馆译语)བྱ་བའི་བོད་རྒྱ་ཤན་སྦྱར་གྱི་དག་ཡིག་ནང་དུ་གསལ།
⑤གཡུ་མཚོ་ནི་འཇར་བྷན་པ་ཡིན་ལ། ད་ལྟ་ཏུང་ཅིན་སློབ་གྲྭ་ཆེན་མོའི་སྐད་བརྡ་རིག་པའི་པོ་ཧྲི་སློབ་མ་ཡིན། མོའི་འཇར་བྷན་གྱི་མིང་ལ་(海老原志穗) ཟེར་རོ།
⑥《སྦ་བཞེད་ཞབས་བཏགས་མ་》ཡི་ཤོག་གྲངས་139སྟེང་གསལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།⑧⑦སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《བེེཌཱུརྱ་དཀར་པོའི་གཡའ་སེལ་》གྱི་ཤོག་ལྡེབ་458 - 459སྟེང་གསལ། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན།
⑨དཔལ་ལྡན་ས་སྐྱ་བའི་གསུང་རབ་ལས་《བཟོ་གནས་དང་སྡེབ་སྦྱོར་》བྱ་བའི་ཤོག་ངོས་17སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་དང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་གྱིས་བསྐྲུན།
⑩ མཆན་དགུ་པའི་ཤོག་གྲངས་18 - 19སྟེང་གསལ།
⑾ས་སྐྱ་བསོད་ནམས་རྒྱལ་མཚན་གྱི་བརྩམས་པའི་《རྒྱལ་རབས་གསལ་བའི་མེ་ལོང་》གི་ཤོག་ལྷེ་122སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
⑿མཆན་གསུམ་པའི་ཤོག་ལྡེབ་214སྟེང་གསལ།
⒀སྟག་ཚང་དཔལ་འབྱོར་བཟང་པོས་མཛད་པའི་《རྒྱ་བོད་ཡིག་ཚང་ཆེན་མོ་》ཡི་ཤོག་ངོས་158སྟེང་གསལ། ཟི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
⒁སི་ཁྲོན་སློབ་གྲྭ་ཆེན་མོའི་དངོས་རྫས་བཤམས་སྟོན་ཁང་དང་། བོད་རང་སྐྱོང་ལྗོངས་རིག་དངོས་བདག་གཉེར་ཨུ་ཡོན་ལྷན་ཚོགས་ཀྱིས་བསྒྲིགས་པའི་《ནུབ་ཕྱོགས་མི་རིགས་ཀྱི་གནའ་རྫས་འཚོལ་རྟོག》བྱ་བའི་དཔེ་ཆའི་ནང་དུ་གསལ།
⒂གཉའ་གོང་དཀོན་མཆོག་ཚེ་བརྟན་གྱིས་བརྩམས་པའི་《བོད་ཀྱི་ཡིག་རྙིང་རྩ་ཆེན་བདམས་བསྒྲིགས་རྣམས་ཀྱི་ཚིག་དོན་ཀུན་ནས་ཁྲོལ་བར་བྱས་པ་》ཤོག་ངོས་149 - 150སྟེང་གསལ། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
⒃མཆན་བཅོ་ལྔའི་ཤོག་ལྡེབ་162 - 163སྟེང་གསལ།
⒄《བོད་ལྗོངས་ཞིབ་འཇུག》ཤོག་གྲངས་74སྟེང་གསལ། སྤྱི་ལོ་2003ལོའི་དེབ་4པ།
⒅མཆན་གསུམ་པའི་ཤོག་ལྷེ་331 -332སྟེང་གསལ།
⒆དྲང་རྗེ་བཙུན་པས་བརྩམས་པའི་《མདོ་གཟེར་མིག》གི་ཤོག་གྲངས་221སྟེང་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་གིས་བསྐྲུན།
⒇བཙན་ལྷ་ངག་དབང་ཚུལ་ཁྲིམས་ཀྱིས་བརྩམས་པའི་《བརྡ་དཀྲོལ་གསེར་གྱི་མེ་ལོང་》ནང་དུ་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
2122དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་ཀྱིས་བརྩམས་པའི་《ཤེལ་གོང་ཤེལ་ཕྲེང་》གི་ཤོག་ལྡེབ་72 - 73- 75་སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
23《བོད་རྒྱ་ཚིག་མཛོད་ཆེན་མོ་》ནང་དུ་གསལ།
24སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་《མཆོད་སྡོང་འཛམ་གླིང་རྒྱན་གཅིག་གི་དཀར་ཆག》གི་ཤོག་གྲངས་343 - 343སྟེང་གསལ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བསྐྲུན།
25སྡེ་དགེའི་བཀའ་འགྱུར་རྒྱུད་ཁ་དུམ་པའི་ནང་དུ་གསལ། གླེགས་བམ་སྣ་རིང་།
26རྭ་ཡེ་ཤེས་སེང་གེས་མཛད་པའི་《རྭ་ལོ་ཙཱ་བའི་རྣམ་ཐར་》ཤོག་ལྡེབ་16སྟེང་གསལ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
27མཆན་ཉི་ཤུ་རྩ་གསུམ་པའི་ཤོག་ལྡེབ་209 - 210སྟེང་གསལ།
28དགའ་བ་རྡོ་རྗེས་བརྩམས་པའི་《འཁྲུངས་དཔེ་དྲི་མེད་ཤེལ་གྱི་མེ་ལོང་》ཤོག་ངོས་312སྟེང་གསལ། མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1