ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་བདེ་སྐྱིད་ཀྱི་འཚོ་བ་གསར་པ།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-07



           ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ཞེས་པའི་མིང་འདི་ཐོག་མར་ཐོས་དུས། མི་མང་པོ་ཞིག་གི་སྣང་ངོར་སྡེ་མིང་འདི་ནི་སྔོན་ཆད་ཐོས་མ་མྱོང་བའི་མིང་གསར་པ་ཞིག་རེད་འདོད་པ་དང་། དེ་དང་བསྟུན་ནས་མིང་འདི་ལྟ་བུ་ཞིག་ཅིའི་ཕྱིར་བཏགས་པའི་རྒྱུ་མཚན་ཤེས་འདོད་ཀྱི་བློ་ཡང་འགོག་མེད་དུ་སྐྱེས་ཡོང་ངེས། དེ་བཞིན་དུ་གསར་འགོད་པས་ཀྱང་ཀུན་གྱིས་ཤེས་འདོད་ཀྱི་དྲི་བ་འདི་ཡིད་ལ་དམ་པོར་བཟུང་སྟེ་གོམ་པའི་འདེགས་འཇོག་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་ཕྱོགས་སུ་བསྒྱུར་བ་ཡིན། ཟླ11པའི་ཚེས29ཉིན་གྱི་ཕྱི་དྲོར། གསར་འགོད་པ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཞིན་ཧེ་རྫོང་མཁར་གྱི་ནུབ་ཕྱོགས་སུ་སྤྱི་ལེ་གཉིས་ཙམ་གྱི་སར་ཆགས་ཡོད་པའི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བར་སླེབས་པ་ན། གསར་དུ་ལས་པའི་རྒྱ་ཁང་གྲུ་བཞི་བགྲང་ལས་འདས་པ་ཞིག་སྟར་ཕྲེང་བསྒྲིགས་ཏེ་ཡོད་པ་མཐོང་ཞིང་། ཁང་པའི་བཟོ་བཀོད་དང་སྒོ་ར་སོགས་ཀྱི་རྣམ་པ་གཅིག་འདྲ་ཡིན་ལ། གཞན་གྱང་ངོས་སུ་བཀྲ་ཤིས་རྟགས་བརྒྱད་དང་ནོར་གནག་སོགས་ཀྱི་ཚོན་ལྡན་རི་མོ་གང་སར་བཀོད་ཡོད་པས། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་དེང་རབས་འཛུགས་སྐྲུན་གྱི་ཁྱད་ཆོས་ལྡན་ལ་བོད་པའི་རིག་གནས་ཀྱི་བྲོ་བ་ཡང་ཡལ་མེད་པའི་སྡེ་བ་གསར་པ་ཞིག་ཏུ་སྣང་།
           ཞིན་ཧེ་རྫོང་གནད་ཁེལ་དབུལ་སྐྱོར་གཞུང་ལས་ཁང་གི་ཀྲུའུ་རེན་ལྷུན་གྲུབ་རྡོ་རྗེ་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་ཞིན་ཧེ་རྫོང་གི་ཡུལ་གཞན་ལ་གནས་སྤོ་བྱེད་པའི་དབུལ་སྐྱོར་ལས་གཞི་ལ་བརྟེན་ནས2017ལོར་འཛུགས་སྐྲུན་བྱས་པའི་སྡེ་བ་གསར་པ་ཞིག་ཡིན་ལ། དབུལ་སྐྱོར་ལས་གཞིའི་མ་དངུལ་གྱིས་ཆུ་གློག་ལམ་གསུམ་འཛོམས་པའི་དམངས་ཀྱི་སྡོད་ཁང་དང་ལུས་རྩལ་ར་བ། སྡེ་བའི་ཐང་ཆེན། གཞན་སྲོལ་རྒྱུན་གྱི་མི་རིགས་ལག་རྩལ་གྱི་ཐོན་ལས་རྟེན་གཞི། བཟའ་བཏུང་དང་གུང་གསེང་གཏོང་ས། ཞག་སྡོད་བྱེད་ས་བཅས་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཁང་བརྩེགས་སོགས་འཛུགས་སྐྲུན་བྱས་ཡོད། འཛུགས་སྐྲུན་གྱི་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4883ཡོད་པ་དང་། དམངས་སྲོལ་རིག་གནས་སྡེ་བ་འཛུགས་སྐྲུན་གྱི་ལས་གཞི་ལ་བསྡོམས་པས་མ་དངུལ་སྒོར་ཁྲི11160བཏང་ཡོད། འཆར་གཞི་ལྟར་ན་སྡེ་བ་འདིར་བསྡོམས་པས་ཁྱིམ་ཚང1200གནས་སྤར་རྩིས་ཡོད་ཅིང་། ད་ལྟ་ཞང་དང་གྲོང་རྡལ7ནས་ཐོན་པའི་རོང་འབྲོག་ཁྱིམ་ཚང853སྡེ་བ་འདིར་འདུས་ཡོད་པ་དང་། དེའི་ཁྲོད་ཁྱིམ་ཚང601ནི་ཚགས་བཙུགས་བྱང་སྒྲིག་དབུལ་ཕོངས་ཁྱིམ་ཚང་རྐྱང་རྐྱང་རེད།
           ད་ལོར་ལོ69ལ་བུད་པའི་སྤོ་བོ་སྐལ་ལོ་ཚང་ནི་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་གྲས་ཀྱི་གཅིག་ཡིན་ལ། སྔོན་ཆད་ཁོ་ཚང་ནི་ཞིན་ཧེ་རྫོང་ལུང་བཟང་ཞང་རི་ཕྱོར་སྡེ་བའི་རེད། སྤོ་བོ་སྐལ་ལོར་བུ་མོ་བཞི་ཡོད་པ་ཡུལ་གཞན་དུ་གནས་ལ་ཕྱིན་པས། ཁྱིམ་དུ་སྤོ་བོ་སྐལ་ལོ་དང་རྒན་མོ་ཀླུ་མོ་འཚོ་གཉིས་ལས་མེད་ཅིང་། རྒན་མོ་ཀླུ་མོ་འཚོ་ལ་མིག་ནད་ཀྱང་ཕོག་ཡོད་པས་འཚོ་བར་ཧ་ཅང་དཀའ་ཁག་ཆེ། སྔོན་ཆད་རི་ཕྱོར་སྡེ་བར་ཡོད་དུས་ཀྱི་འཚོ་བ་གླེང་སྐབས། སྤོ་བོ་སྐལ་ལོས་སྐྱོ་ཉམས་དང་བཅས“སྔོན་ཆད་ངེད་ཚང་གི་ཁང་པ་ནི་དགུན་གྱི་ཙག་མི་ཁོག་ལ་དབྱར་གྱི་ཚ་བའང་འགོག་མི་ནུས་པའི་ཁང་པ་རྡིབ་ལ་ཁད་ཅིག་ཡིན། ངེད་ཚང་ལ་རྩྭ་ས་མུའུ457ཙམ་དང་། ནོར3ཙམ་ལས་ལུག་གཅིག་ཀྱང་མེད་པས། ངེད་རྒན་རྒོན་བཟའ་ཟླ་གཉིས་ལ་འཚོ་བའི་བརྟེན་ས་དང་ཡོང་སྒོ་ཆེན་པོ་ཞིག་མེད”ཅེས་བཤད་བྱུང་། དམངས་སྲོལ་རིག་གནས་སྡེ་བ་རུ་གནས་སྤར་རྗེས། ད་ལྟ་ཁོ་ཚང་ལ་སྨི་གྲུ་བཞི་མ80ཡོད་པའི་ཁང་བ་གྱན་བཞི་ཅན་ཞིག་ཡོད་པར་མ་ཟད། མལ་ཁྲི་དང་ལྕགས་ཐབ། བརྙན་འཕྲིན། འཁྱགས་སྒམ་སོགས་ཁྱིམ་ཚང་ཞིག་ལ་འཛོམས་དགོས་པའི་ཆ་རྐྱེན་ཚང་མ་འཛོམས་ཡོད་ལ། དེར་མ་ཟད། སྤོ་བོ་སྐལ་ལོ་བཟའ་ཟླ་གཉིས་ལ་རྩྭ་སའི་ཁ་གསབ་རོགས་དངུལ་དང་ཐོན་ལས་འཕེལ་རྒྱས་ཀྱི་རོགས་དངུལ། གཞན་མ་མཐའི་འཚོ་བའི་འགན་སྲུང་གི་རོགས་དངུལ། རྒན་གསོའི་འཚོ་དངུལ། དབུལ་སྐྱོར་གྱི་རོགས་དངུལ་བཅས་བསྡོམས་པས་ལོ་རེར་སྒོར་ཁྲི་ལྷག་གི་ཡོང་སྒོ་ཡོད་པས། སྤོ་བོ་སྐལ་ལོས“ད་ལྟ་ངེད་རྒན་རྒོན་གཉིས་ཀྱི་འཚོ་བར་དཀའ་ཁག་ཆེན་པོ་མེད”ཅེས་ཟེར། སྐབས་དེར། ཁོ་ཚང་ལ་དབུལ་སྐྱོར་བྱེད་མཁན་དུ་གྱུར་པའི་ལས་བྱེད་མི་སྣའང་ཁོ་ཚང་དུ་ཡོང་ཡོད་ལ། ཁོས་ཁོ་ཚང་ལ་དུས་ལྟར་གློག་རིན་སྤྲོད་རོགས་བྱེད་བཞིན་ཡོད་པར་མ་ཟད། ད་དུང་འབྲེལ་ཡོད་ཀྱི་དབུལ་སྐྱོར་སྲིད་ཇུས་ཐད་ནས་ཀྱང་ཁ་བརྡ་བྱེད་བཞིན་འདུག
           ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་མ་འོངས་པའི་འཕེལ་ཕྱོགས་ཀྱི་ཆ་ནས། ལྷུན་གྲུབ་རྡོ་རྗེས་བཤད་རྒྱུར། “མ་འོངས་པ་ན་ང་ཚོས་དམངས་སྲོལ་རིག་གནས་སྡེ་བ་རུ་བྱིས་སྙོར་ཁང་དང་འཕྲོད་བསྟེན་ཁང་། རིག་གནས་བྱ་འགུལ་ལྟེ་གནས་སོགས་འཛུགས་སྐྲུན་བྱེད་པའི་འཆར་གཞི་ཡོད་ལ། རྡོ་བརྐོས་དང་གཙགས་དྲུབས། མ་ཎི་རྡོ་འབུམ་སོགས་རང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་ཀྱི་རྟེན་གཞིའང་འཛུགས་སྐྲུན་བྱེད་རྩིས་ཡོད། ང་ཚོས་རྒྱལ་ཡོངས་གློག་རྡུལ་ཚོང་དོན་དཔེ་སྟོན་རྫོང་དང་གཟུགས་འདས་ཤུལ་བཞག་རིག་གནས་རྒན་འཛིན་ལྟེ་གནས། གཞན་རིག་གནས་ཡུལ་སྐོར་སོགས་ཀྱི་ལས་གཞི་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ནི་ཡུལ་སྐོར་བྱེད་ས་དང་གུང་གསེང་གཏོང་ས། ཕྱུགས་ལས་རིག་གནས་ལ་ཉམས་ཞིབ་བྱེད་ས་བཅས་གཅིག་ཏུ་འདུས་པའི་དམངས་སྲོལ་རིག་གནས་སྡེ་བ་ཞིག་ཏུ་འཛུགས་སྐྲུན་བྱ་རྩིས་ཡོད”ཟེར། ཁོང་གིས་མ་འོངས་པའི་འཆར་གཞི་དང་དམིགས་འབེན་སོགས་རེ་རེ་བཞིན་གླེང་བ་ན། གསར་འགོད་པའི་ཤེས་འདོད་ཀྱི་དྲི་བ་སྟེ་སྡེ་བ་འདིར་ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་ཞེས་འདོགས་དགོས་པའི་རྒྱུ་མཚན་ཡང་ཁོ་ཚོའི་མ་འོངས་པའི་དམིགས་འབེན་གྱི་ཆ་ནས་བཏགས་པ་ཤེས་ཐུབ་ལ། སྡེ་བ་འདིའི་འཛུགས་སྐྲུན་གྱི་ཐད་ལ་ཁོ་ཚོས་དཀའ་བའི་རྔུལ་ཆུ་གང་མང་ཞིག་གཏོར་ཡོད་ལ་མནོ་བསམ་ཡང་གང་མང་ཞིག་བཏང་ཡོད་པ་རྟོགས་ཐུབ།
           བཅོས་བསྒྱུར་སྒོ་འབྱེད་ཀྱི་རྗེས་དང་སྒོས་སུ་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། དམངས་ཕན་སྲིད་ཇུས་རབས་དང་རིམ་པ་ཞིག་ཆར་རྗེས་ཀྱི་ཤ་མོ་བརྡོལ་བ་བཞིན་བྱུང་སྟེ་མི་དམངས་ཀྱི་འཚོ་བ་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་མཆིས། ལྷག་པར་དུ་ཉེ་བའི་ལོ་འགའི་རིང་ལག་བསྟར་བྱེད་བཞིན་པའི་དབུལ་སྐྱོར་སྲིད་ཇུས་ཀྱིས་དབུལ་ཕོངས་ཁྱིམ་ཚང་གང་མང་ཞིག་ལ་སྔར་མེད་ཀྱི་གསོན་ཤུགས་སྦྱིན་ཞིང་དྲོད་ཁོལ་བསྩལ། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་སྡེ་མི་རྣམས་ཀྱང་དབུལ་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་མཁན་དང་སྲིད་ཇུས་འདིའི་ཁེ་བཟང་རག་མཁན་དུ་གྱུར་ཡོད། ང་ཚོའི་བཅར་འདྲི་མཇུག་རྫོགས་ཏེ་ཕྱིར་ལོག་སྐབས། སྡེ་བའི་ཐང་ཆེན་དུ་རྫོང་ཐོག་ནས་ཡོང་བའི་སྤྱི་སྤྱོད་རླངས་འཁོར་གཉིས་བསྡད་བྱུང་། ཕྱི་རོལ་དུ་གྲང་རླུང་འུར་འུར་ལྡང་བཞིན་ཡོད་ནའང་རླངས་འཁོར་ལས་མར་འབབ་སྐབས་སྡེ་མི་རྣམས་ཀྱི་གདོང་ལ་འཛུམ་གྱིས་ཁེངས་འདུག ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་རུ་གནས་སྤར་རྗེས། སྡེ་མི་རྣམས་ཀྱི་སྡོད་ཁང་དང་ཆུ་གློག་ལམ་གསུམ་འཛོམས་པའི་རྨང་གཞི་སྒྲིག་བཀོད་ཀྱི་ཆ་རྐྱེན་སོགས་སྔོན་ལས་ལྡབ་འགྱུར་གྱིས་ཇེ་ལེགས་སུ་སོང་བ་ལས་གཞན། ད་དུང་འགྲིམ་འགྲུལ་སྟབས་ཇེ་བདེར་སོང་ཡོད་ལ། བུ་ཕྲུག་སློབ་གྲྭར་སྐྱེལ་བ་དང་སྨན་ཁང་དུ་ནད་ལ་སྟོན་པར་ཡང་སྟབས་བདེ་ཆེན་པོ་བསྐྲུན་ཡོད་པ་དང་། དབུལ་སྐྱོར་ཐོན་ལས་ལ་བརྟེན་ནས་གང་ལ་དེ་འཚམས་ཀྱིས་ཡོང་སྒོ་བཙལ་ཆོག་ཅིང་ཁོ་ཚོའི་འཚོ་བར་རེ་ལྟོས་ཡོད་པར་གྱུར་པས། ད་ལྟ་ཁོ་ཚོས་གཞི་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་ཞིག་རོལ་མགོ་བརྩམས་ཡོད་ལ། ཨ་མདོ་དམངས་སྲོལ་རིག་གནས་སྡེ་བ་འཛུགས་སྐྲུན་གྱི་དབུལ་སྐྱོར་འཆར་གཞི་དང་བསྡོངས་ནས་ཁོ་ཚོའི་མ་འོངས་པའི་འཚོ་བའང་ད་ལྟ་ལས་ཀྱང་བདེ་ཞིང་སྐྱིད་ངེས་རེད། །
    ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་ཕྱིའི་རྣམ་པ།

     ཨ་མདོ་དམངས་སྲོལ་རིག་གནས་སྡེ་བའི་སྤོ་བོ་སྐལ་ལོ་བཟའ་ཟླ་གཉིས།

    གསར་འགོད་པས་སྤོ་བོ་སྐལ་ལོ་ཚང་གི་གནས་ཚུལ་ལ་རྒྱུས་ལོན་བྱེད་བཞིན་པ།

སྡེ་བའི་ཐང་ཆེན་དང་ཁང་བརྩེགས།

སྡེ་བའི་ཐང་ཆེན་དུ་སྤྱི་སྤྱོད་རླངས་འཁོར་ཐོན་ཡོད་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1