ཝང་ཅན་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་ལྗང་འགྱུར་སྐུལ་སློང་ཚོགས་ཆེན་སྟེང་ནན་གྱིས་བསྟན་དོན། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བར་མཐོར་འདེགས་ཆེན་པོ་བྱུང་ བའི་དུས་སྐབས་སུ་འགན་ཆེན་པོ་འཁུར་བ་དང་ལས་ཆེན་པོ་བསྒྲུབ་དགོས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-07


        ཟླ4པའི་ཚེས9ཉིན། ཞིང་ཆེན་ཏང་ཨུ་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་ཡོངས་ཀྱི་ལྗང་འགྱུར་སྐུལ་སློང་ཚོགས་ཆེན་བསྡུས་ཤིང་། ཧྲིན་ཀྲང་ཝང་ཅན་ཅུན་ཚོགས་ཐོག་ཏུ་དངོས་སུ་ཞུགས་ནས་གཏམ་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མཚོ་སྔོན་གྱི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་དེ་མཐོར་འདེགས་ཆེན་པོའི་དུས་སྐབས་སུ་སླེབས་ཡོད་པས། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་རྒྱལ་སའི་ལས་འགན་སྡོང་འཛུགས་བྱ་འགུལ་སྟེང་ཞུགས་སྐབས་གསུང་བཤད་གལ་ཆེན་གནང་བའི་དགོངས་དོན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་ཏེ། གནས་བབ་གསར་པ་ལ་བསྟུན་པ་དང་རེ་ལྟོས་གསར་བ་ལ་གཞོགས་འདེགས་བྱེད་པ། མཚོ་སྔོན་འཛིན་མ་ཡངས་པོར་དགའ་ཞེན་བཅངས་པ་དང་།མཚོ་སྔོན་གྱི་རིགས་སོ་སོའི་མི་དམངས་ཀྱི་བདེ་སྐྱིད་དོན་གཉེར་བྱེད་པའི་བརྩེ་སེམས་ཡོད་པ། ལྗང་འགྱུར་ལས་རིགས་ཀྱི་འགན་ཁུར་དང་བྱས་རྗེས་དེ་ང་གཅིག་པུའི་ལེགས་འབུལ་དགོངས་པ་ལ་བསྟེན་དགོས་པའི་ངེས་པ་མེད་པ། སྙིང་རུས་ལྷོད་མེད་སྒོས་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་དང་ཁྱིམ་ཚང་མཛེས་པར་བརྒྱན་ནས་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་མཚོ་སྔོན་གྱི་ནུས་ཤུགས་འབུལ་བ་བཅས་བྱ་དགོས།

        རྡོ་རྗེ་རབ་བརྟན་དང་། ཝང་ཞའོ། ཝང་ཡུས་པའོ། ཆུས་ཞན་ཡུང་། ཀའོ་ཧྭ། ཉི་མ་སྒྲོལ་མ། ཝུའུ་ཁྲིན་ཡོན། ཏུའུ་ཅེ། ཀྲང་ཝུན་ཁོའེ་བཅས་གྲོས་ཚོགས་སྟེང་ཞུགས་ཤིང་ཡན་ཅིན་ཧེ་ཡིས་གྲོས་ཚོགས་ལ་འགོ་འཛིན་གནང་།

        ཝང་ཅན་ཅུན་གྱིས་གསུང་བཤད་ཁྲོད་བསྟན་དོན། སྡོང་འཛུགས་ནགས་བཟོ་དང་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་ནི་ཏང་ཀྲུང་དབྱང་གིས་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་པའི་འཐབ་ཇུས་གལ་ཆེན་ཞིག་ཡིན་ལ། སྤྱི་དམངས་ཀྱིས་ཁྲིམས་བཀོད་བྱས་པའི་ལས་འགན་ཞིག་ཀྱང་ཡིན། ཏང་གི་ཚོགས་ཆེན་སྐབས་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་གི་བླང་བྱ་ལག་ལེན་མཐར་ཕྱིན་བྱས་ཏེ། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་རྦ་རླབས་དྲག་པོ་སློང་དགོས་ན། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་བརྟན་པོར་འགོག་པའི་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ཡིན་པ་དང་། "མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་དེ་ནི་སྐྱེ་ཁམས་ཐད་ཡོད་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ཐད་ཡོད་པ། མི་མངོན་པའི་ནུས་པ་ཆོ་ཤོས་ཀྱང་སྐྱེ་ཁམས་ཐད་ཡོད་པ་སྟེ""ཆེ་ཤོས་གསུམ"གྱི་གལ་ཆེའི་མཛུབ་སྟོན་ལག་ལེན་མཐར་ཕྱིན་བྱེད་པའི་འགུལ་སྐྱོད་དངོས་ཡིན་པ་དང་། དུས་རབས་གསར་བའི་རང་རྒྱལ་གྱི་སྤྱི་ཚོགས་འགལ་ཟླ་གཙོ་བོའི་འགྱུར་ལྡོག་ལ་བསྟུན་པའི་ནང་གནས་ཀྱི་བླང་བྱ་ཡིན་པ་གཏིང་ཟབ་ནས་ངོས་འཛིན་བྱ་དགོས། 2017ལོ་ནི་རང་རེའི་ཞིང་ཆེན་གྱི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་ལོ་རྒྱུས་ཁྲོད་ཤུགས་ཆེན་པོས་མཚོན་པར་བྱས་པའི་ལོ་ཞིག་ཡིན། ལོ་འདིའི་ནང་ཞིང་ཆེན་ཡོངས་ཀྱི་གོང་འོག་རིམ་པས་ཞི་ཅིན་ཕེང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་མཛུབ་ཁྲིད་དུ་བཟུང་སྟེ། གཞི་ཁྱོན་ཆེན་པོའི་སྒོ་ནས་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་འགུལ་སྐྱོད་རྒྱ་ཆེར་སྤེལ་ནས། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བའི་བརྩི་མཐོང་བྱེད་ཚད་མཐོ་རུ་བཏང་བ་དང་། ཞུགས་པའི་མི་གྲངས་མང་དུ་གཏོང་བ། མ་དངུལ་འཇོག་ཚད་ཆེ་རུ་གཏོང་བ། ལྗང་འགྱུར་འབྲས་བུ་ལེགས་སུ་ཕྱིན་པ་བཅས་ལ་སྔར་བྱུང་མ་མྱོང་བའི་འཕེལ་རྒྱས་བྱུང་།

        ཝང་ཅན་ཅུན་གྱིས་བསྟན་དོན། དུས་རབས་གསར་བར་རྐང་ཚུགས་ནས་མགོ་འཛུགས་ས་གསར་བ་ནས་འགྲེང་སྟེ། མཚོ་སྔོན་གྱི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བ་དེ་མཐོར་འདེགས་ཆེན་པོའི་དུས་སྐབས་སུ་སླེབས་ཡོད། འདི་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྐྱེ་ཁམས་དཔལ་ཡོན་ལྟ་བ་བརྟན་པོར་འཛུགས་པའི་དུས་སྐབས་ཤིག་ཡིན་ཏེ། རི་ལྗང་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི་འདུ་ཤེས་ཉིན་བཞིན་སེམས་གཏིང་ལ་འཇགས་ཡོད་ཅིང་། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་པ་བཅས་ཀྱི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་ལམ་དུ་བསྐྱོད་པའི་ཡིད་ཆེས་བརྟན་པོ་རྒྱུན་ཆད་མེད་པར་ཤུགས་ཆེར་བཏང་ནས། མཚོ་སྔོན་ལ་དགའ་ཞེན་ཆེ་བ་དང་། མཚོ་སྔོན་འཛུགས་སྐྲུན་བྱེད་པ། མཚོ་སྔོན་ལ་སྐྱེས་སུ་འབུལ་བ་བཅས་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཐུན་མོང་གིས་དོན་གཉེར་བྱེད་པའི་རིན་ཐང་ཞིག་ཏུ་གྱུར་ཡོད། འདི་ནི་སྐྱེ་ཁམས་འབྲས་བུ་སྲ་བརྟན་དུ་གཏོང་བའི་དུས་སྐབས་ཤིག་ཡིན་ཏེ།《རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་མགྱོགས་སུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི》གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱས་པ་དང་བསྟུན་ནས། གནད་ཆེའི་ནགས་ལས་བྱ་བ་དང་ལྗང་འགྱུར་ལས་ཀ་རབ་དང་རིམ་པ་ཞིག་བརྒྱུད་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བྱས་ཏེ། མི་སྡོད་ཁོར་ཡུག་དང་སྐྱེ་ཁམས་ཐེག་ཚད་ལ་ལེགས་བཅོས་མངོན་གསལ་བྱུང་ཡོད་ཅིང་། མཛེས་སྡུག་ལྡན་པའི་མཚོ་སྔོན་གྱི་ལྗང་མདོག་མཛེས་པ་རྒྱུན་ཆད་མེད་པར་གོང་འཕེལ་བྱུང་ཡོད། འདི་ནི་སྤུས་ཚད་ཡག་པོའི་འཕེལ་རྒྱས་ཀྱི་དུས་སྐབས་ཤིག་ཡིན་ཏེ། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་བྱ་བ་གཏིང་ཟབ་ཏུ་རྒྱ་ཆེར་སྤེལ་བས། ནགས་ལས་དཔལ་འབྱོར་སླར་གསོ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་རྒྱུན་བསྲིང་འཕེལ་རྒྱས་འདེགས་སྐྱོར་བྱེད་པ།  སྤུས་ཚད་ཡག་པོའི་འཕེལ་རྒྱས་གཏོང་བ་བཅས་ལ་ཁོར་ཡུག་བཟང་པོ་ཞིག་གསར་སྐྲུན་བྱས་ཤིང་འདེགས་སྐྱོར་གལ་ཆེན་འདོན་སྤྲོད་བྱས། འདི་ནི་དམངས་འཚོའི་བདེ་སྐྱིད་ལེགས་བཅོས་གཏོང་བར་གཙིགས་ཆེན་བྱེད་པའི་དུས་སྐབས་ཤིག་ཡིན་ཏེ། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་དང་། སྐྱེ་ཁམས་མཛེས་སྡུག་ལྡན་པ། མི་སེར་ཕྱུག་པོ་ཡིན་པའི་མཐུན་སྦྱོར་སྐུལ་འདེད་རྒྱུན་འཁྱོངས་བྱས་ནས། རིགས་སོ་སོའི་མང་ཚོགས་ཀྱིས་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་བཏང་བའི་ལག་ལེན་ཁྲོད་སྔར་ལས་མང་བའི་ཐོབ་སེམས་དང་བདེ་སྐྱིད་ཀྱི་ཉམས་སྣང་ཡོད་པར་གྱུར། འདི་ནི་རེ་ལྟོས་ཆེན་པོ་ཡོད་པའི་དུས་སྐབས་ཤིག་ཡིན་ཏེ། མཛེས་སྡུག་ལྡན་པའི་ཀྲུང་གོ་དང་མཛེས་སྡུག་ལྡན་པའི་མཚོ་སྔོན་འཛུགས་སྐྲུན་བྱས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་གྱིས་མཉམ་གནས་བྱེད་པའི་དེང་རབས་ཅན་གྱི་གནས་བབ་གསར་བ་ཆགས་པར་སྐུལ་འདེད་གཏོང་དགོས། ང་ཚོས་གོ་སྐབས་དམ་འཛིན་བྱས་ནས་མི་ཚང་མས་ཤུགས་འདོན་པ་དང་མི་ཚང་མར་གྲུབ་འབྲས་ཡོད་པའི་གནས་ཚུལ་གསར་བ་ཆགས་སུ་བཅུག་སྟེ། རྒྱུན་ཆད་མེད་པར་ས་གཞི་ཆེན་པོ་སྐྱེད་ཚལ་ཅན་དུ་འགྱུར་བར་སྐུལ་འདེད་བྱས་ནས་མེས་རྒྱལ་འཛིན་མ་ཡངས་པོ་ལྗང་འགྱུར་དུ་གཏོང་བ་དང་མཛེས་པར་བརྒྱན་པ་ལ་ང་ཚོར་ཡོད་རུང་བའི་བྱས་རྗེས་འཇོག་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། ནན་ཏན་སྒོས་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བའི་དུས་རབས་ཀྱི་ལས་འགན་ལྕི་མོ་ཕྲག་ཏུ་བླངས་ནས། འཆར་གཞི་ལེགས་པོ་མཐའ་འཁྱོལ་བྱས་ནས་རབས་གཅིག་ནས་གཅིག་མཐུད་དེ་ནན་ནན་ཏིག་ཏིག་སྒོས་མཚོ་སྔོན་གྱི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་ལས་དོན་ལེགས་བསྒྲུབ་བྱེད་དགོས། གཅིག་གྱུར་འཆར་འགོད་ཀྱི་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ་དང་བརྒྱུད་རིམ་ལྡན་པའི་བསམ་གཞིག་གིས་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བའི་བརྒྱུད་རིམ་ལྡན་པའི་ལས་དོན་འདི་སྐུལ་འདེད་བྱས་ཏེ། ཆོས་ཉིད་ལ་བརྩི་བཀུར་དང་།  འཆར་གཞི་ལག་བསྟར་བྱེད་པ། འདེབས་འཛུགས་ལ་ཆུ་འོས་འཚམ་གཏོང་བ། སྐྱེ་སྟོབས་ཤུགས་ཆེར་གཏོང་བ། སེམས་བསྒྲིམས་ནས་སྲུང་སྐྱོང་བྱེད་པ་བཅས་ཀྱིས་ཤིང་རིགས་རྩྭ་ལྡུམ་ཐམས་ཅད་རབས་ནས་རབས་སུ་མི་ཉམས་པར་བྱེད་དགོས། མངོན་གསལ་ཆེ་བའི་གནད་དོན་གྱིས་སྣེ་ཁྲིད་དེ་བཅོས་སྒྱུར་ལ་བརྟེན་ནས་རྒྱལ་ཁབ་ནགས་སྒྱུར་སྲིད་ཇུས་ལེགས་པར་བཀོལ་བ་དང་འདང་ངེས་པར་བྱས་ནས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་འདྲེས་པར་བྱེད་པ་དང་། རྒྱལ་ཁབ་སྤྱི་གླིང་ལམ་ལུགས་ཀྱི་ཚོད་ལྟའི་འཛུགས་སྐྲུན་དང་། མདོ་ལ་རི་བོའི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་ཉམས་གསོ་བྱེད་པའི་ལས་དོན་དང་གཞི་ཁྱོན་ཅན་གྱི་ནགས་ར་འཛུགས་སྐྲུན་བྱེད་པ་གཉིས་དམ་འཛིན་བྱེད་པ། སྤྱི་ཚོགས་ཡོངས་ཀྱི་ནུས་པ་སྐུལ་སློང་བྱས་ནས་མཉམ་འཛུགས་མཉམ་གཉེར་མཉམ་སྤྱོད་བཅས་ཀྱི་སྤྱིའི་བཀོད་ཁྱབ་ཆགས་སུ་བཅུག་སྟེ། མཚོ་སྔོན་གྱི་རྩྭ་འདེབས་སྡོང་འཛུགས་ཀྱི་ནང་རྐྱེན་གསར་བ་འཚོལ་ཞིབ་དང་གསར་སྐྲུན་བྱ་དགོས། འབད་བརྩོན་གྱི་སྙིང་སྟོབས་དར་སྤེལ་གཏོང་དགོས་ལ། འབད་བརྩོན་ནི་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བའི་ཡུན་གཏན་གྱི་བརྗོད་དོན་གཙོ་བོ་ཡིན། མཚོ་སྔོན་གསར་བའི་ཁྱིམ་གཞིས་གསར་བ་འཛུགས་སྐྲུན་བྱེད་དགོས་ན་ཤུགས་ཆེན་པོས་བློ་མཐུན་སྐལ་བཟང་གི་དགོངས་དོན་དར་སྤེལ་དུ་བཏང་སྟེ་བླ་ན་མེད་པའི་དགོངས་དོན་གྱིས་ང་ཚོའི་ཐུན་མོང་གི་ཁྱིམ་གཞིས་སྐྱོང་དགོས།

        ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེང་དང་ཏང་ཀྲུང་དབྱང་གིས་ང་ཚོར་མིག་དཔེ་བསྐྲུན་ཡོད།ང་ཚོས"འདུ་ཤེས་བཞི"བརྟན་པོར་བཙུགས་ནས་འཕེལ་རྒྱས་གསར་བའི་འདུ་ཤེས་ལག་ལེན་མཐར་ཕྱིན་བྱས་ཏེ། དུས་དང་རྣམ་པ་ཀུན་ཏུ་ཆབ་སྲིད་དང་། བསམ་བློ། བྱ་སྤྱོད་བཅས་ཀྱི་ཐད་ནས་བློ་མཐུན་ཞི་ཅིན་ཕེང་གིས་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་བྱེད་དགོས་ལ། མགོ་ཁྲིད་ཀྱིས་སྣེ་ཁྲིད་བྱེད་པ་དང་། དམངས་ཡོངས་ལ་སྐུལ་སློང་བྱེད་པ། རང་ཉིད་ནས་སྒྲུབ་མགོ་རྩོམ་པ། ནན་སྒྲུབ་ལེགས་སྒྲུབ་སྒོས་ཆབ་སྲིད་ཀྱི་བརྩེ་སེམས་ཀྱིས་ཁེངས་བཞིན་རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་གཏོང་བའི་རླབས་ཆེན་ལག་ལེན་ཁྲོད་ཞུགས་ནས། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་བཏང་བའི་གྲུབ་འབྲས་གསར་བ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ལ་དྲིན་གཟོ་བ་དང་། ཏང་ཀྲུང་དབྱང་ལ་དྲིན་གཟོ་བ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་དྲིན་གཟོ་བ་བཅས་བྱ་དགོས།


        གྲོང་ཁྱེར་དང་ཁུལ་བརྒྱད་ཀྱིས་ཟུང་འབྲེལ་སྒོས་སོ་སོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་རྒྱ་ཆེར་སྤེལ་བ་དང་། རྒྱལ་ཁབ་མངའ་ཁོངས་ལྗང་འགྱུར་དུ་གཏོང་བ་སྐུལ་འདེད་བྱེད་པར་དངོས་སུ་སྤེལ་རེས་བྱེད་དགོས་པའི་གསུང་བཤད་གནང་ངོ་།།

     བསམ་གྲུབ་ཀྱིས་བསྒྱུར།)




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1