《རྒན་རབས་པའི་ལྟ་སྐྱོང་ཞབས་ཞུའི་ལས་གཞི་གཏན་འབེབས་དང་ལག་བསྟར་སྐོར་གྱི་བསམ་འཆར》ནང་རྒན་རབས་པར་ཕན་བདེ་སྔར་ལས་མང་པོ་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་བཏོན།
གཞི་རྩའི་འཚོ་བའི་ཁག་ཐེག
དཔལ་འབྱོར་ཐད་དཀའ་ཁག་ཡོད་པའི་ལོ་ན་ཆེ་བ་དང་ནུས་པ་ཤོར་བའི་རྒན་རབས་པར་དམིགས་པའི་ཁ་གསབ་ནང་རྐྱེན་འཛུགས་དགོས། མ་མཐའི་འཚོ་བའི་འགན་སྲུང་ཆ་རྐྱེན་དང་མཐུན་པའི་དབུལ་ཁྱིམ་ནང་གི་རྒན་རབས་པ་མ་མཐའི་འཚོ་བའི་འགན་སྲུང་གི་ཁོངས་སུ་འཇོག་དགོས།
མཁར་གྲོང་དང་སྡེ་ཁུལ་གྱི་སྤྱི་ཚོགས་རྩ་འཛུགས་དང་འབྲེལ་ཡོད་ལས་ཁུངས་ཀྱིས་ནུས་པ་ཤོར་བའི་རྒན་རབས་པར་གནས་སྐབས་སམ་དུས་ཐུང་གི་སྙོར་སྐྱོར་ལྟ་སྐྱོང་ཞབས་ཞུ་འདོན་སྤྲོད་ལ་སྐུལ་སློང་དང་རྒྱབ་སྐྱོར་བྱེད་དགོས།
གྲོང་ཁྱེར་ཆེན་པོ་ཉུང་ཤས་ཙམ་མ་གཏོགས། ལོ80དང་དེའི་ཡན་གྱི་རྒན་རབས་པས་རང་འདོད་ལྟར་རང་གི་བུ་བུ་མོ་ཡོད་སའི་གྲོང་ཁྱེར་དུ་ཁྱིམ་ཐོ་སྤོ་ཆོག
སྤྱི་སྤྱོད་སྒྲིག་འགོད་ཞབས་ཞུ།
སྡེ་ཁུལ་དང་ཁྱིམ་ཚང་གི་རྒན་རབས་པར་འཕྲོད་པའི་སྒྲིག་ཆས་བསྒྱུར་བཀོད་ལ་ཤུགས་སྣོན་དང་། རྒན་རབས་པ་མང་བོའི་སྡོད་གནས་ཀྱི་ཐོག་ཁང་ནང་གློག་སྐས་སྒྲིག་སྦྱོར་ལ་ཐོག་མར་རྒྱབ་སྐྱོར་བྱེད་དགོས།
གྲོང་ཁྱེར་གྱི་སྤྱི་སྤྱོད་འགྲིམ་འགྲུལ་ནང་རྒན་རབས་པར་གཟིགས་སྐྱོང་དང་སྟབས་བདེ་འདོན་སྤྲོད་ལ་རྒྱབ་སྐྱོར་བྱེད་དགོས། གཞུང་ལམ་དང་ལྕགས་ལམ། དམངས་སྤྱོད་གྲུ་གཟིངས་སོགས་སྤྱི་སྤྱོད་ཡོ་བྱད་ཀྱིས་རྒན་རབས་པར་སྟབས་བདེ་ཞབས་ཞུ་འདོན་སྤྲོད་ལ་སྐུལ་སློང་བྱེད་དགོས།
བཀག་ཆ་མེད་པའི་སྒྲིག་འགོད་འཛུགས་སྐྲུན་དང་བསྒྱུར་བཀོད་ཇེ་མགྱོགས་སུ་གཏོང་དགོས།
སྨན་བཅོས་བདེ་ཐང་ཞབས་ཞུ།
རྒན་རབས་པར་རིན་མ་བླངས་པར་གློག་རྡུལ་ཡིག་ཚགས་བཙུགས་ཏེ། ལོ་རེར་ལོ65དང་དེའི་ཡན་གྱི་རྒན་རབས་པར་ལུས་ཕུང་ཞིབ་བཤེར་སོགས་ཀྱི་བདེ་ཐང་དོ་དམ་ཞབས་ཞུ་སྤེལ་དགོས།
ཡོང་སྒོ་ཉུང་བའི་ཁྱིམ་ཚང་གི་རྒན་རབས་པ་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་ཉེན་འགོག་ཏུ་ཞུགས་པའི་ཆ་རྐྱེན་འཛོམས་ན་དེའི་འགྲོ་སྒོ་སྲིད་གཞུང་གིས་ཁ་གསབ་བྱེད་དགོས།
སྨན་བཅོས་ཉེན་འགོག་ལས་ཁུངས་དང་རྒན་གསོ་ཞབས་ཞུ་འཆམ་མཐུན་དུ་གོང་སྤེལ་བྱ་དགོས། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་རྒན་གསོའི་ལས་ཁུངས་ཀྱི་ལས་སྒོའི་མཉམ་ལས་ནང་རྐྱེན་འཛུགས་པ་དང་འཐུས་ཚང་དུ་གཏོང་དགོས།
གཞི་རིམ་གྱི་སྨན་བཅོས་ཉེན་འགོག་ས་གནས་གཞན་དུ་སྨན་བཅོས་བྱེད་པའི་རྩིས་ཞུ་བྱ་བའི་སྐུལ་འདེད་ཇེ་མགྱོགས་སུ་གཏོང་དགོས། 2017ལོའི་ལོ་མཇུག་སྔོན་དུ་ས་གནས་གཞན་དུ་སྨན་བཅོས་བྱ་ཆོག་པའི་གཏན་འཁེལ་དང་མཐུན་པའི་རྒན་རབས་པ་གནས་གཞན་དུ་སྨན་བཅོས་དང་སྨན་ཁང་དུ་བསྡད་པའི་ཐད་ཀར་རྩིས་ཞུ་ཕལ་ཆེར་མངོན་འགྱུར་བྱེད་དགོས།
རིག་གནས་སློབ་གསོའི་ཞབས་ཞུ།
འབྲེལ་ཡོད་རིག་ཚན་ཡོད་པའི་སློབ་ཆེན་གྱིས་རྒན་རབས་པའི་སློབ་གསོའི་རིག་ཚན་གསར་གཏོད་ལ་སྐུལ་འདེད་དང་། རྒན་རབས་པའི་བརྙན་འཕྲིན་སློབ་ཆེན(སྦྲེལ་དྲ)འཛུགས་པར་རྒྱབ་སྐྱོར་དང་། རྒན་རབས་པའི་སྡེ་ཁུལ་གྱི་སློབ་སྦྱོང་དྲ་བ་འཐུས་ཚང་དུ་གཏོང་དགོས།
དབུལ་ཕོངས་རྒན་རབས་པ་རྒན་རབས་པའི་སློབ་ཆེན(སློབ་གྲྭ)དུ་ཞུགས་ནས་སློབ་སྦྱོང་བྱེད་པའི་སློབ་ཡོན་མི་ལེན་པ་བྱེད་དགོས། ཞང་གྲོང་རྡལ(སྲང་ལམ)དང་མཁར་གྲོང་གི་སྡེ་ཁུལ་གྱིས་རྒན་རབས་པའི་སློབ་སྦྱོང་བྱེད་ས་དངོས་འབེབ་བྱེད་དགོས།
རྒན་རབས་པའི་ཞབས་ཞུ་ལས་ཁུངས་དང་རྩ་འཛུགས་ལ་རྒན་རབས་པར་འཕྲོད་པའི་རིག་གནས་དང་ལུས་རྩལ་སྒྲིག་ཆས་སྒྲིག་སྦྱོར་བྱེད་དགོས། ཆ་རྐྱེན་འཛོམས་པའི་སྤྱི་སྤྱོད་དཔེ་མཛོད་ཁང་གིས་རྒན་རབས་པར་དཔེ་ཆ་ཀློག་པའི་ས་ཁོངས་འཛུགས་པར་སྣེ་ཁྲིད་བྱས་ཏེ། ཡི་གེ་བའི་དཔེ་ཆའི་སྒྲིག་ཆས་དང་རེག་བྱེད་བརྙན་ཤེལ་སྟེང་ཚགས་པར་དང་དཔེ་ཆ་ཀློག་པའི་མ་ལག་འདོན་སྤྲོད་བྱེད་དགོས།།