ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་ནི་འགྱུར་མེད་རང་བཞིན་གྱི་བླང་བྱ་ཡིན།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-08


        དེ་ཡང་བློ་མཐུན་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་སྙན་ཞུའི་ནང་བསྟན་དོན། ཏང་ཡོངས་ཀྱི་བློ་མཐུན་དང་ལྷག་པར་མཐོ་རིམ་ལས་བྱེད་པས་ཏང་གཤིས་སྦྱོང་བརྡར་ལ་ཤུགས་སྣོན་དགོས་པ་དང་།  རྒྱུན་ཆད་མེད་པར་ཆབ་སྲིད་ཀྱི་གོ་རྟོགས་དང་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས། ཆབ་སྲིད་ཀྱི་ནུས་པ་ནི་མགོ་ཁྲིད་ལས་བྱེད་པའི་ཧ་ཅང་གལ་ཆེ་བའི་ནུས་པ་ཞིག་ཡིན་ལ། དེ་ནི་ཁ་ཕྱོགས་ཁོང་དུ་ཆུད་པ་དང་གནས་བབ་ཁོང་དུ་ཆུད་པ། ཁྱོན་ཡོངས་ཁོང་དུ་ཆུད་པའི་ནུས་པ་ཞིག་ཡིན་པ་དང་།  ཆབ་སྲིད་ངེས་ཤུགས་དང་ཆབ་སྲིད་ཀྱི་རྣམ་པར་ཁ་ལོ་སྒྱུར་བ་དང་། ཆབ་སྲིད་ཀྱི་ཉེན་ཁར་དོགས་ཟོན་བྱེད་པ་བཅས་རྒྱུན་འཁྱོངས་བྱེད་པའི་ནུས་པ་ཞིག་ཀྱང་ཡིན།  ཡིན་ཡང་མགོ་ཁྲིད་ལས་བྱེད་པ་ཁ་ཤས་ཀྱིས་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཐད་ཀྱི་ངོས་འཛིན་ལ་ད་དུང་གོ་ནོར་གྱི་ཆ་ཅི་རིགས་ཤིག་མཆིས། ལ་ལའི་ངོས་འཛིན་གནད་དུ་ཁེལ་མེད་ལ། ཆབ་སྲིད་ཐོག་ནས་གནད་དོན་ལ་བལྟ་མི་མཁས་པ་དང་། ཆབ་སྲིད་དང་དཔལ་འབྱོར། ཆབ་སྲིད་དང་ལག་རྩལ། ཆབ་སྲིད་དང་ལས་སྒོ་བཅས་ཁ་ཕྲལ་འབྱེད་པ་དང་ཐ་ན་ཕན་ཚུན་ཁ་གཏད་དུ་བལྟ་ལ། ལ་ལའི་གོ་བར་ནོར་འཛོལ་ཤོར་ཡོད། ཆབ་སྲིད་ཀྱི་ནུས་པ་ནི་དོན་མེད་སྟོང་བ་ཡིན་པར་སྙམ་ལ། ཆབ་སྲིད་གླེང་བ་ནི་སྟོང་དོན་གཉེར་བ་ཡིན་ཞིང་། དེ་ནི་མགོ་ཁྲིད་ཀྱི་ནུས་པ་གཞན་དག་དང་བསྡུར་ན་དངོས་ཡོད་མིན་པས་བསྡུར་ཐབས་མེད་པར་འདོད། ལ་ལས་གོ་བ་ཇི་བཞིན་ལོན་ཐུབ་མེད་དེ། ཆབ་སྲིད་ཀྱི་ནུས་པ་ནི་ཡོད་ཀྱང་ཆོག་ལ་མེད་ཀྱང་ཆོག་པའི་མཉེན་མོ་རང་བཞིན་གྱི་བླང་བྱ་ཞིག་ཡིན་པ་ལས། བློ་བརྟན་འགྱུར་མེད་རང་བཞིན་གྱི་རྩ་དོན་ཞིག་མིན་པར་སྙམ། དེ་དང་དེ་འདྲ་བའི་འདུ་ཤེས་མག་མོག་དང་ངོས་འཛིན་ནོར་འཁྲུལ་གྱིས་མགོ་ཁྲིད་ལས་བྱེད་པ་དེ་དག་ལས་སླ་མོའི་ངང་ཆབ་སྲིད་ཐོག་གི་རྨོངས་མིར་འགྱུར་ཏུ་འཇུག

        མགོ་ཁྲིད་ལས་བྱེད་པ་དེ་དག་གི་ངོས་འཛིན་ལ་གོ་ལོག་འབྱུང་བར་གཤམ་གྱི་རྒྱུ་རྐྱེན་འགའ་ཡོད་དེ། གཅིག་ནི་ཆབ་སྲིད་ཀྱི་ལངས་གནས་ཇེ་མཐོར་བཏང་མེད་པ་སྟེ། ཆབ་སྲིད་ཀྱི་ལངས་གནས་དམའ་ཚེ།  ཆབ་སྲིད་ཐོག་ནས་གནད་དོན་ལ་ལྟ་དཔྱད་དང་གནད་དོན་ལ་དབྱེ་ཞིབ། གནད་དོན་ཐག་གཅོད་བཅས་བྱེད་དཀའ་ལ། ཆབ་སྲིད་ཀྱི་སྟེང་ནས་ལས་དོན་ཇུས་འགོད་དང་བྱ་བ་བཀོད་སྒྲིག  བྱ་བར་སྐུལ་འདེད་སོགས་ཀྱང་བྱེད་ཁག་པོ་ཡིན། གཉིས་ནི་ཆབ་སྲིད་ཀྱི་བསམ་གཞིག་ཆགས་སུ་བཅུག་མེད་དེ། ཆབ་སྲིད་ཀྱི་བསམ་གཞིག་མེད་པ་དེས་ཆབ་སྲིད་སྟེང་གི་ཚོར་སྐྱེན་རང་བཞིན་དང་མཐིལ་རྟོགས་ནུས་པ། བརྡར་གཅོད་ནུས་པ། དབྱེ་འབྱེད་ནུས་པ་བཅས་མེད་པ་མཚོན། ད་ལྟའི་དུས་རབས་འདིར། སྤྱི་ཚོགས་ཀྱི་བསམ་པའི་རླབས་རྒྱུན་སྣེ་མང་རྙོག་འཛིང་ཆེ་ལ། ཕན་ཚུན་གཡོ་འཁྱོམ་ཐེབས་བཞིན་ཡོད་པ་དང་། འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་འཐབ་རྩོད་རྣོ་ངར་དང་རྙོག་འཛིང་ཆེ་བའི་རྣམ་པ་འདྲ་མིན་སྣ་ཚོགས་ཡིན་པས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་རྩ་དོན་དང་འབྲེལ་བའི་གནད་དོན་གལ་ཆེན་སྟེང་ཀླད་པ་དང་མིག་དབང་ཤིན་ཏུ་གསལ་པོ་ཡིན་དགོས་ལ། ལངས་ཕྱོགས་ཧ་ཅང་བརྟན་པོ་ཡིན་དགོས། གསུམ་ནི་ཆབ་སྲིད་ཀྱི་འགན་འཁྲི་ཤུགས་ཆེར་བཏང་མེད། ཆབ་སྲིད་སྟེང་འགན་ཁུར་ཕོད་མིན་དང་འགན་ཁུར་ཐུབ་མིན། འགན་ཁུར་ཡོད་མེད་བཅས་ཀྱིས་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ཀྱི་སྤྱོད་པ་དང་ཆབ་སྲིད་ཀྱི་གཤིས་རྒྱུད། ཆབ་སྲིད་ཀྱི་ནུས་པ་བཅས་ལ་ཞིབ་དཔྱད་ཆེས་གསལ་པོར་བྱེད་ནུས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པ་དང་། ང་ཚོའི་ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་དེ་རླབས་ཆེན་འཐབ་རྩོད་བྱེད་པ་དང་རླབས་ཆེའི་བཟོ་འགོད་འཛུགས་སྐྲུན་བྱེད་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་བྱེད་པ། རླབས་ཆེའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་པར། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པས་ཆབ་སྲིད་ཀྱི་འགན་ཁུར་ཤུགས་ཆེར་གཏོང་དགོས།

        ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་རྒྱུ་ནི་དོན་མེད་སྟོང་བཤད་ཀྱི་འབོད་ཚིག་ཅིག་མིན་པར། དེ་ནི་དངོས་གནས་དྲང་གནས་མ་ལག་ཚང་བའི་བཟོ་འགོད་ཅིག་ཡིན། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་རྣམས་ཀྱིས་སྡུག་རུས་བྱས་ཏེ། རང་ཉིད་ཀྱི་ཆབ་སྲིད་ནུས་པ་དང་ཕྲག་སྟེང་དུ་ཡོད་པའི་མགོ་ཁྲིད་ཀྱི་འགན་འཁྲི་གཉིས་ཕན་ཚུན་དོ་མཉམ་ཡོང་བར་བྱ་དགོས།

        "འདུ་ཤེས་བཞི"བརྟན་པོར་འཛུགས་རྒྱུ་ནི་ཆབ་སྲིད་ནུས་པ་ཇེ་མཐོར་གཏོང་བའི་སྔོན་འགྲོའི་ཆ་རྐྱེན་ཡིན། ཏང་ལ་ལྷག་བསམ་རྣམ་དག་བྱེད་རྒྱུ་ནི་མགོ་ཁྲིད་ལས་བྱེད་པའི་ཐོག་མའི་ཆབ་སྲིད་གཤིས་ཀ་ཡིན། ཏང་ལ་ལྷག་བསམ་ཟོལ་མེད་སྒོས་བློ་དཀར་རྒྱུ་ནི་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་གཤིས་ཀ་གལ་ཆེ་ཤོས་དེ་ཡིན། ཏང་ལ་ལྷག་བསམ་ཟོལ་མེད་ཡིན་པའི་ཆབ་སྲིད་ཀྱི་གཤིས་ཀ་དེ་སྦྱོང་བརྡར་བྱེད་པར། ཆེས་གལ་ཆེ་བ་ནི"འདུ་ཤེས་བཞི"བརྟན་པོར་བཙུགས་ཏེ། བློ་བརྟན་འགྱུར་མེད་དང་རང་རྟོགས་སྒོས་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་སྟེང་ནས་བློ་མཐུན་ཞི་ཅིན་ཕེན་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་སྲུང་བྱེད་དགོས་ལ། བློ་ཐག་རྦད་ཆོད་ཀྱིས་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་བསྡུས་གཅིག་གྱུར་མགོ་ཁྲིད་སྲུང་སྐྱོང་བྱས་ཏེ།  ཏང་ཡོངས་ཀྱིས་གང་གསུང་དེ་སྒྲུབ་བྱེད་པར་ཁག་ཐེག་བྱེད་དགོས། "འདུ་ཤེས་བཞི"དེ་ཁྲག་རྒྱུན་དང་རྣམ་ཤེས་ཁྲོད་འདྲེས་སུ་བཅུག་སྟེ། དེ་ཉིད་བསམ་བློའི་རང་རྟོགས་དང་ཏང་གཤིས་འདུ་ཤེས། སྒྲིག་ཁྲིམས་བླང་བྱ། དོན་དངོས་བྱ་སྤྱོད་བཅས་སུ་བསྒྱུར་ཚེ། མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་ནུས་པ་དེ་དང་བསྟུན་ནས་ཇེ་མཐོར་གཏོང་ཐུབ།

        རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཧུར་ཐག་སྒོས་ཇེ་མཐོར་གཏོང་རྒྱུ་ནི་ཆབ་སྲིད་ཀྱི་ནུས་པ་གོང་འཕེལ་གཏོང་བའི་ནང་གནས་ཀྱི་བླང་བྱ་ཡིན། གཞུང་ལུགས་སྟེང་གི་གནད་སྨིན་འཐུས་ཚང་ནི་ཆབ་སྲིད་སྟེང་གི་གནད་སྨིན་འཐུས་ཚང་གི་རྨང་གཞི་ཡིན་ལ། ཆབ་སྲིད་སྟེང་གི་སྲ་བརྟན་འགྱུར་མེད་དེ་གཞུང་ལུགས་སྟེང་གི་ཁ་གསལ་ལས་བྱུང་བ་ཡིན། མགོ་ཁྲིད་ལས་བྱེད་པས་ངེས་པར་མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་ཧུར་ཐག་སྒོས་ཇེ་མཐོར་བཏང་སྟེ། མར་ཁེ་སི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཚོན་ཆ་ལེགས་པོར་འཛིན་དགོས།  ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི་མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་གྲུབ་འབྲས་གསར་ཤོས་དེ་ཡིན་ལ། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་དུས་རབས21པའི་མར་ཁེ་སི་རིང་ལུགས་ཡིན། མགོ་ཁྲིད་ལས་བྱེད་པར་མཚོན་ནས་བཤད་ན། ཞི་ཅིན་ཕེན་གྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐིལ་ཕྱིན་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཡིན་པར་མ་ཟད།  ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཆེས་ཐད་ཀར་དང་ཆེས་ནུས་ལྡན། ཆེས་རྩ་བའི་ཐབས་ལམ་ཡང་རེད།

        ཆབ་སྲིད་ཀྱི་སྦྱོང་བརྡར་ལ་ཁ་མིན་དོན་གྱིས་ཤུགས་སྣོན་བྱེད་པ་ནི་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཡིན།  ཆབ་སྲིད་ཀྱི་ནུས་པ་མཐར་གཏུགས་ན་ལག་ལེན་གྱི་སྦྱོང་བརྡར་ལས་བྱུང་བ་ཡིན་པས། མགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་སྦྱོང་བརྡར་དང་ཆབ་སྲིད་ཀྱི་ཉམས་མྱོང་གསོག་འཇོག་བྱེད་པར་ཤུགས་སྣོན་དགོས། ཕྱོགས་གཅིག་ནས་རང་རྟོགས་ཀྱིས་ཏང་ནང་གི་ཆབ་སྲིད་འཚོ་བའི་སྦྱོང་བརྡར་དང་ལེན་བྱས་ཏེ། ཏང་ནང་གི་ཆབ་སྲིད་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་བཅས་ཤུགས་ཇེ་ཆེར་བཏང་ནས། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་བྱང་ཚད་དང་ཕུལ་བྱུང་གི་ཆབ་སྲིད་གཤིས་ཀ་བསྐྲུན་དགོས། ཕྱོགས་གཞན་ཞིག་ནས་དཀའ་ངལ་སྣ་ཚོགས་ཀྱི་ཉམས་སད་ཐེག་ཕོད་པ་དང་དཀའ་གནད་འགག་སྒྲོལ་བྱེད་ཐུབ་པ།  རྙོག་འཛིང་རྣམ་པར་ཁ་ལོ་སྒྱུར་བ་དང་འགལ་ཟླའི་ཉེན་ཁ་སེལ་བའི་ཆབ་སྲིད་ཀྱི་ལག་ལེན་ཁྲོད་བསྲེགས་བཅད་བརྡར་གསུམ་བྱས་ཏེ།  སྔར་ལས་བཟང་བ་དང་མྱུར་བའི་སྒོ་ནས་ཆབ་སྲིད་ཀྱི་ནུས་པ་ཇེ་མཐོར་གཏོང་དགོས།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1