སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ནན་གྱིས་བསྟན་དོན། རང་བྱུང་སྐྱེ་ཁམས་ལ་རི་བོ་སྔོ་ཞིང་ཆུ་བོ་དྭངས་དགོས་ཤིང་། ཆབ་སྲིད་སྐྱེ་ཁམས་ལའང་རི་བོ་སྔོ་ཞིང་ཆུ་བོ་དྭངས་དགོས། ཆབ་སྲིད་སྐྱེ་ཁམས་ལེགས་པོ་ནི་གང་ནས་བྱུང་བ་ཡིན་ཞེ་ན། ངེས་པར་དུ་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ལས་འབྱུང་།
ཏང་གི་སྐབས་བཅོ་བརྒྱད་པའི་ཚང་འཛོམ་གྲོས་ཚོགས་ཐེངས་དྲུག་པའི་སྟེང་། ཏང་ཀྲུང་དབྱང་གིས་སླར་ཡང་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་དགོས་པའི་རྨང་གཞི་རང་བཞིན་དང་གལ་ཆེན་རང་བཞིན་ནན་གྱིས་བསྟན་ཏེ། གནས་བབ་གསར་བའི་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་སྣོན་དང་ཚད་ལྡན་ཡོང་བར་བཀོད་སྒྲིག་ཡོངས་སུ་ཁྱབ་པར་བྱས། ཚང་འཛོམས་གྲོས་ཚོགས་ལས་གྲོས་མོལ་གྲོས་འཆམ་བྱུང་བའི《གནས་བབ་གསར་བའི་ཏང་ནང་གི་ཆབ་སྲིད་འཚོ་བའི་སྐོར་གྱི་ཚད་གཞི་འགའ་ཞིག》ཅེས་པ་ལས་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་དང་ཏང་ནང་གི་ཆབ་སྲིད་སྐྱེ་ཁམས་གཙང་བསྒྱུར་ལ་གཞི་རྩའི་སྲུང་བྱ་འདོན་སྤྲོད་བྱས།
ཏང་ནང་གི་ཆབ་སྲིད་འཚོ་བ་ནི་ཏང་གི་རྩ་འཛུགས་རིམ་པ་སོ་སོས་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས། སྲིད་ཇུས་ལག་ལེན་མཐར་ཕྱིན་ཡོང་ཆེད་དང་། ཏང་སྲོལ་ཏང་ལུགས་ཀྱི་བླང་བྱར་གཞིགས་ཏེ་རྩ་འཛུགས་བྱས་པའི་ཏང་ནང་གི་ལས་དོན་སྣ་ཚོགས་ཐག་གཅོད་དང་གྲོས་ཚོགས་སྣ་ཚོགས་བསྡུ་བ། དེ་བཞིན་ཏང་ནང་གི་སྒྲིག་སྲོལ་སྣ་ཚོགས་གྲུབ་པ་སོགས་འདུས་པའི་ཆབ་སྲིད་ལག་ལེན་གྱི་བྱེད་སྒོ་སྣ་ཚོགས་ཤིག་ཡིན། ཏང་ནང་གི་ཆབ་སྲིད་འཚོ་བ་ནི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་ལ་སློབ་གསོ་དོ་དམ་དང་ཏང་གཤིས་སྦྱོང་བརྡར་བྱེད་པའི་སྟེགས་བུ་གཙོ་བོ་ཞིག་ཡིན།
དུས་རྒྱུན་ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་རྒྱུ་གལ་འགངས་ཤིན་ཏུ་ཆེ། ཏང་གི་སྒྲིག་ཡིག་ལས"ཏང་ཡོན་སོ་སོ་ལས་གནས་མཐོ་དམན་གང་ཡིན་ཡང་ཏང་གི་རུ་ཁག་ཅིག་དང་ཚན་ཆུང་ཞིག ཡང་ན་དམིགས་བཙུགས་རྩ་འཛུགས་གཞན་ཞིག་གི་སྒྲིག་ཁོངས་སུ་ངེས་པར་ཚུད་དེ། ཏང་གི་རྩ་འཛུགས་འཚོ་བར་ཞུགས་པ་དང་ཏང་ཕྱི་ནང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་དགོས"ཞེས་གཏན་ལ་ཕབ་ཡོད། ཏང་ནང་གི་ཆབ་སྲིད་འཚོ་བ་དུས་རྒྱུན་དུ་མ་སྤེལ་ན་ཏང་ཡོན་གྱིས་རང་ཉིད་ལ་བཏོན་པའི་བླང་བྱ་ཇེ་ལྷོད་ལ་འགྱུར་ཅིང་རང་ཉིད་དང་ཏང་རྩ་འཛུགས་ཀྱི་བར་ཐག་བཀྱེད་དེ་ཏང་གི་རྩ་འཛུགས་ཉམས་ཞན་དང་སྒྲིག་ལམ་ལྷོད་པོར་འགྱུར། ཏང་ཡོན་དུས་རྒྱུན་ཏང་གི་རྩ་འཛུགས་འཚོ་བར་ཞུགས་ཏེ་ཏང་ནང་གི་འཚོ་བའི་ཁྲོད་རང་ཉིད་ལ་སྐྱོན་བརྗོད་དང་བཅོས་སྒྱུར་བྱས་ན་དྲི་ཞིམ་བསུང་རྫས་དང་འདྲ་བར་ཇི་ལྟར་བརྡུངས་ན་དེ་ལྟར་ཐལ་རྡུལ་དུ་འགྱུར་ཞིང་། ཇི་ལྟར་ཞིབ་མོ་བརྡར་ན་དེ་ལྟར་ཞིམ་ཐག་ཆོད་པར་འགྱུར་འོང་། དེ་ལྟར་བྱས་ན་ད་གཟོད་ཏང་གཤིས་བློ་སྦྱོང་རྒྱུན་ཆད་མེད་པར་ཇེ་དྲག་དང་ཆབ་སྲིད་གོ་རྟོགས་ཇེ་མཐོར་འགྲོ་ངེས།
ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བར་ནན་ཏན་བྱེད་རྒྱུ་གལ་འགངས་ཤིན་ཏུ་ཆེ། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ངེས་པར་དུ"ཚོགས་གསུམ་ཐུན་གཅིག"དང་དམངས་གཙོའི་འཚོ་བའི་ཚོགས་འདུ། སེམས་གཏམ་གླེང་མོལ་སོགས་ལམ་ལུགས་ནན་ཏན་སྒོས་དངོས་འབེབས་བྱས་ཏེ་རྩ་འཛུགས་འཚོ་བའི་སྤུས་ཀ་དང་ཕན་འབྲས་མཐོ་རུ་འདེགས་དགོས། སྐྱོན་བརྗོད་དང་རང་སྐྱོན་བརྗོད་པའི་མཚོན་ཆ་ལེགས་པར་སྤྱད་དེ་སྐྱོན་བརྗོད་དང་རང་སྐྱོན་བརྗོད་དུས་དོན་དངོས་རང་བཞིན་གྱི་ནང་དོན་དགོས་པ་ལས་སྟོང་གཏམ་ཆེན་པོ་མི་ལབ་པར་མི་བཟང་རིང་ལུགས་དང་རྩ་འཛུགས་འཚོ་བའི་ཚོགས་འདུ་ཡི་ཐ་མལ་རང་བཞིན་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་དང་བློ་མཐུན་གཞན་པའི་ནོར་འཁྲུལ་གྱི་བསམ་བློ་དང་གཏམ་སྤྱོད་ལ་སྐྱོན་བརྗོད་པའི་ཞོར་དུ། གཞན་ངོས་ནས་བློ་སེམས་དཀར་པོས་རང་ཉིད་ལ་སྐྱོན་བརྗོད་དང་ཏང་ཡོན་གྱི་འཁྲབ་གཟུགས་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། རྩ་འཛུགས་ལ་སེམས་འབྲེལ་བ་དང་བློ་མཐུན་ལ་མཐིལ་སྟོན་ཕོད་དགོས།
ཏང་ནང་གི་ཆབ་སྲིད་འཚོ་བ་གཟབ་ནན་ཡོང་བར་བྱེ་བྲག་ནས་མགོ་རྩོམ་དགོས། "བཞུད་ཐག་ཐུང་ཡང་མ་ཕྱིན་མི་ཐོན། དོན་སྒོ་ཆུང་ཡང་མ་བྱས་མི་འགྲུབ། " ཏང་ཡོན་རྣམས་སྤུས་ཚད་མཐོ་བའི་རྩ་འཛུགས་འཚོ་བ་ཞིག་ཏུ་ཞུགས་པ་ནི་ཆབ་སྲིད་ཉམས་ལེན་ཐེངས་ཤིག་ལ་ཞུགས་པ་དང་འདྲ་བར། ཐལ་རྡུལ་གཙང་ཕྱག་དང་རྣམ་ཤེས་གཙང་བསྒྱུར། ཆབ་སྲིད་རིམ་འགོག་འདུ་ཤེས་ཇེ་དྲག་གཏོང་བའི་ཏང་གཤིས་ལ་ཞིབ་བཤེར་བཟོ་བཅོས་ཐེངས་ཤིག་ཐོབ་པ་ཡིན། ཏང་ཡོན་ལས་བྱེད་པས་ཆབ་སྲིད་ཉམས་ལེན་ཁྲོད་ནས་ཆབ་སྲིད་ནུས་པ་རྒྱུན་མི་ཆད་པར་སྦྱོང་བརྡར་དང་བསམ་བློའི་སྤྱིའི་གཏོང་འཛིན་ཇེ་དམ། ཆབ་སྲིད་ལ་མཐོང་ཆེན་དང་སྒྲིག་ལམ་བརྩི་བ། བྱེ་བྲག་ནས་མགོ་རྩོམ་པ། ཏང་དངུལ་དུས་ལྟར་སྤྲོད་པ། མི་སྒེར་གྱི་བློ་སྐྱེད་མྱོང་ཚོར་ནན་ཏན་གྱིས་འབྲི་བ། ཚུལ་མིན་གཏམ་བརྗོད་མི་སྤེལ་བ། ཐ་ཤལ་ཞེན་ཆགས་ལ་མི་བསྙེག་པ་ཞིག་དགོས་པ་དང་། ཏང་ཡོན་གྱིས་རྩ་འཛུགས་འཚོ་བ་བརྒྱུད་དེ་སྦྱོང་བརྡར་བྱེད་པ་དང་ཏང་གི་སྒྲིག་ཡིག་ཞིབ་བསྡུར་གྱིས་ཏང་ཡོན་ཚད་ལྡན་ཞིག་བྱེད་དགོས།
ཏང་ནང་གི་འཚོ་བ་ནི་ཏང་གཤིས་སྦྱོང་བརྡར་དང་བསམ་བློའི་གོ་རྟོགས་མཐོར་འདེགས་ཀྱི་བཞུ་ཐབ་ཅིག་ཡིན། དྭངས་ཤིང་བསིལ་བའི་ཆབ་སྲིད་སྐྱེ་ཁམས་རྒྱུན་བསྐྱང་པར་མུ་མཐུད་དུ་ཤེད་ཤུགས་གང་ཡོད་བཏོན་ནས་ཏང་ནང་གི་ཆབ་སྲིད་འཚོ་བར་ཤུགས་རྐྱེན་ཐེབས་པའི་གནད་དོན་སྣ་ཚོགས་ཐག་གཅོད་དང་ཏང་ནང་འཚོ་བའི་ཆབ་སྲིད་རང་བཞིན་དང་དུས་རབས་རང་བཞིན། རྩ་དོན་རང་བཞིན། འཐབ་རྩོད་རང་བཞིན་མཐོ་རུ་བཏེགས་ནས། ཏང་ནང་གི་ཆབ་སྲིད་འཚོ་བས་ངེས་པ་དོན་གྱིས་ཏང་ཡོན་ལས་བྱེད་པར་སློབ་གསོ་དང་གཙང་བསྒྱུར་གྱི་བྱེད་ནུས་ཐོན་དགོས་སོ།།