ཕོ་ནད་ཚ་གྲང་མ་ལུས་པ། །སྤྱི་འཇོམས་བདེ་བའི་མྱུ་གུ་ཡིན། །[①]ཞེས་གསུངས་པ་ལྟར། བདེ་བའི་མྱུ་གུ་ནི་ཕོ་བའི་ནད་འཇོམས་པའི་སྨན་མཆོག་ཅིག་ཡིན་ཡང་། སྨན་གྱི་མཚན་བྱང་ལས་ཕོ་བ་གསོ་བྱེད་ཀྱི་སྨན་ཅིག་ཡིན་པ་གོ་མི་ནུས་པས། 安胃ཞེས་སྣོན་སྒྱུར་དང秧子ཞེས་དོན་སྒྱུར། སྨན་གྱི་བཟོ་དབྱིབས་བྱེ་མ་ཡིན་པས散ཞེས་པ་བསྣན་ཏེ། 安胃秧子散ཞེས་ལོ་ཙཱ་བྱས་ན་ཤིན་ཏུ་བརྗོད་བདེ་བར་འགྱུར། སྤྲིན་བྲལ་ཟླ་ཟེར་གྱི་སྡེབ་སྦྱོར་ནི། གཙོ་བོ་བརྒྱད་དང་ནོར་བུ་ཆུ་དྭངས་བསྲེས། །སྤྲིན་བྲལ་ཚད་རྙིང་ལྡན་ཚད་སེལ། །[②]ཞེས་གཙོ་བོ་བརྒྱད་པ་དང་ནོར་བུ་བདུན་ཐང་གཉིས་ཀྱིས་གྲུབ་ཅིང་། གཙོ་བོ་མཁྲིས་པ་གསོ་བྱེད་ཀྱི་སྨན་ཞིག་ཡིན། རྒྱ་སྐད་དུ་ལོ་ཙཱ་བྱེད་དུས利胆ཞེས་སྣོན་སྒྱུར་དང་月光ཞེས་དོན་སྒྱུར། སྨན་གྱི་བཟོ་དབྱིབས་བྱེ་མ་ཡིན་པས་散ཞེས་པ་བསྣན་ཏེ། 月光利胆散ཞེས་ལོ་ཙཱ་བྱ་དགོས་པར་འདུག གླང་ཆེན་བཅུ་གསུམ་ལ十三味大象利肝散ཞེས་པ་དང་། གསེར་མདོག་བཅུ་གཅིག་ལ十一味利胆金色散ཞེས་པ་སྨན་དཔེ་དོན་མ་དོར་བར་ལོ་ཙཱ་བྱ་དགོས།
བཞི། གཙོ་སྨན་གྱིས་བཏགས་པའི་སྨན་གྱི་མཚན་བྱང་ལོ་ཙཱ་བྱ་ཐབས།
བོད་ཀྱི་གསོ་རིག་གཞུང་ལུགས་ལས། གཙོ་སྨན་གྱི་སྒོ་ནས་བཏགས་པ་ནི། དཔེར་ན། གོང་སྨན་དཀོན་མཆོག་བདེ་ལེགས་ཀྱིས་མཛད་པའི་ཨ་གར་བཅོ་ལྔ་དང་། རྗེ་བཙུན་གཡུ་ཐོག་གསར་མ་ཡོན་ཏན་མགོན་པོས་མཛད་པའི་ཤིང་ཀུན་ཉེར་ལྔ་དང་ཅོང་ཞི་ཉེར་ལྔ། ཅུ་གང་ཉེར་ལྔ་བཅས་དང་། བོད་སྨན་མཁས་པ་མི་དགུའི་ཡ་གྱལ་གཉའ་པ་ཆོས་བཟང་གི་གདུང་རྒྱུད་ལྷུན་སྡིངས་བདུད་རྩི་འགྱུར་མེད་ཀྱིས་མཛད་པའི་གར་ནག་བཅུ་པ་དང་། ཨ་ཙར་ཀ་རུ་ཎས་མཛད་པའི་སྐྱུ་རུ་ཉེར་ལྔ་སོགས་ལྟ་བུ།
སྨན་གྱི་མཚན་བྱང་དེའི་རིགས་ལོ་ཙཱ་བྱ་དུས། དཔེར་ན། ཨ་གར་བརྒྱད་པ་ལ八味沉香散ཞེས་པ་དང་། ཅུ་གང་ཉེར་ལྔ་ལ二十五味竺黄颗粒ཞེས་པ་དང་། ཅུ་གང་དགུ་བ་ཞེས་པ་དང་། ཙན་དན་སུམ་ཐང་ལ三味檀香汤散ཞེས་པ་དང་། སེ་འབྲུ་ལྔ་བ་ལ་五味石榴散ཞེས་པ་དང་། རུ་རྟ་དྲུག་པ་ལ六味广木香散ཞེས་པ་དང་། གོ་ཡུ་བདུན་སྦྱོར་ལ七味槟榔散ཞེས་པ་དང་། རྒུན་འབྲུམ་བདུན་པ་ལ七味葡萄散ཞེས་པ་སོགས་ལྟ་བུ། གཙོ་སྨན་གྱི་ཆ་ནས་བཏགས་པའི་སྨན་གྱི་མཚན་བྱང་འདི་དག་ནི། སྦྱོར་སྡེའི་གྲངས་དང་གཙོ་སྨན་རྩི་ཤིང་དང་སྲོག་ཆགས། གཏེར་ཁ་སོགས་ཀྱི་མིང་གིས་བཏགས་པས། རྒྱ་ཡིག་ཏུ་ལོ་ཙཱ་བྱེད་དུས་མིང་བརྡའི་ནང་དོན་ལ་འཁྲུལ་བ་མ་བྱུང་ཚེ་འགྱུར་ལ་གོ་ནོར་འབྱུང་མི་སྲིད།
ལྔ། དོན་སྣོད་ལ་སྦྱར་ནས་བཏགས་པའི་སྨན་གྱི་མཚན་བྱང་ལོ་ཙཱ་བྱ་ཐབས།
མི་དང་སེམས་ཅན་གྱི་དོན་ལྔ་སྟེ། སྙིང་དང་གློ་བ། མཆིན་པ། མཚེར་བ། མཁལ་མ་བཅས་གསོ་བའི་སྨན་ཡིན་པས། དོན་སྣོད་ལ་སྦྱར་ཏེ་སྨན་གྱི་མཚན་བྱང་འདོགས་པ་མཆིས། དཔེར་ན། སྙིང་སེལ་ཡིད་བདེ་དགུ་པ་དང་། གློ་སྨན་ཅུ་གང་བདུན་པ་དང་། མཆིན་པའི་རྒྱ་བཤལ་དང་། མཆེར་སེལ་གུར་ཀུམ་བདུན་པ་དང་། མཁལ་སྨན་རྩ་སྦྱོར་ཉི་ཤུ་སོགས་ལྟ་བུ།
སྨན་གྱི་མཚན་བྱང་དེའི་རིགས་ལོ་ཙཱ་བྱ་དུས། དཔེར་ན། གློ་སྨན་ཅུ་གང་བདུན་པ་ནི་གློ་བའི་ནད་ཀྱི་གཉེན་པོ་ཞིག་ཡིན་པས། ཆམ་འཁྲུགས་གློ་ནད་ལུ་སྐྱུགས་ལ། །སྨན་ཐུན་གསུམ་ལས་བཏང་མི་དགོས། ། [③]ཞེས་བསྔགས་པ་མཛད་ཡོད། རྒྱ་སྐད་དུ་ལོ་ཙཱ་བྱ་དུས七味竺黄益肺散ཞེས་བསྒྱུར་དགོས་པར་འདུག དེ་བཞིན། སྙིང་སེལ་ཡིད་བདེ་དགུ་པ་ལ九味益心散ཞེས་པ་དང་། མཆིན་པའི་རྒྱ་བཤལ་ལ益肝泻药散ཞེས་པ་དང་། མཆེར་སེལ་གུར་ཀུམ་བདུན་པ་ལ七味红花益脾散ཞེས་པ་དང་། མཁལ་སྨན་རྩ་སྦྱོར་ཉི་ཤུ་ལ二十味益肾散ཞེས་པ་སོགས་སུ་ལོ་ཙཱ་བྱེད་དགོས་པ་ལྟ་བུ་ཡིན།
གཉིས་པ། མཚན་བྱང་གི་རྣམ་གྲངས་དང་བསྟུན་ནས་ལོ་ཙཱ་བྱེད་པ།
བོད་སྨན་མཚན་བྱང་འདོགས་ལུགས་ལས་དོན་གཅིག་མིང་གི་རྣམ་གྲངས་མང་དུ་གནས་པ་ནི་ཤིན་ཏུ་གཙིགས་ཆེན་བྱེད་དགོས་པ་ཞིག་ཏུ་སྣང་། དེ་ལྟར་མིན་ཚེ་སྨན་གཅིག་གི་མིང་དེ་སྨན་དུ་མའི་མིང་དུ་འཁྲུལ་བའི་སྣང་ཚུལ་མཆིས། དེའི་ཕྱིར་སྨན་གྱི་མཚན་བྱང་ལཱོ་ཙ་བྱེད་དུས་ཐོག་མར་སྨན་གྱི་མཚན་བྱང་གི་མིང་གི་རྣམ་གྲངས་དང་འབྱུང་ཁུངས་ལ་གསལ་པོར་རྒྱུས་ལོན་བྱས་ཏེ་ལོ་ཙཱར་འཇུག་དགོས། དཔེར་ན། རཏྣ་བསམ་འཕེལ་གྱི་མིང་གཞན་ལ། མུ་ཏིག་བདུན་བཅུ་ཞེས་ཀྱང་འབོད། གལ་སྲིད་དེ་གཉིས་སྨན་གཅིག་གི་མཚན་བྱང་ཡིན་པ་མ་ཤེས་པར། 燃纳桑培 དང七十味珍珠丸ཞེས་པའི་རྒྱ་ཡིག་གི་མཚན་བྱང་གཉིས་བྱུང་ཚེ། རྒྱུས་མེད་པ་ཀུན་ལ་སྨན་གཉིས་ཡིན་པའི་འཁྲུལ་བ་སྟེར། དེ་བཞིན་སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་སཱ་རའི་བྱ་ཁྱུང་བཅུ་གསུམ་ཞེས་པའི་སཱ་ར་ནི་སངས་རྒྱས་ཀྱི་དོན་ཡིན་ཡང་། ཕྱིས་སུ་སྨན་འདིའི་མཚན་བྱང་ལ་ཉ་ཕྱིས་བཅུ་གསུམ་བཏགས། རིན་ཆེན་རིལ་ནག་ཆེན་མོ་ལ་གྲང་སྦྱོར་རིལ་ནག་ཆེན་མོ་དང་རིན་ཆེན་གྲང་སྦྱོར་ཞེས་པའི་འབོད་སྟངས་གསུམ་མཆིས་པ་ལྟར་ཡིན།
དེང་སྐབས་བོད་སྨན་བཟོ་གྲྭ་སྐོར་ཞིག་གིས་ཚོང་རར་དམིགས་ཏེ། སྲོལ་རྒྱུན་གྱི་སྨན་གྱི་མཚན་བྱང་དོར་ནས་ཅི་འདོད་དུ་ཚོང་མིང་གདགས་པའང་མང་དུ་མཆིས། དཔེར་ན། བྱང་ལུགས་གསོ་དཔྱད་བསྟན་པའི་ཤིང་རྟ་ཆེན་པོ་རིགས་ལྡན་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་གཅིག་ཤེས་ཀུན་གྲོལ་ལམ་ཅུ་གང་དགུ་པ་ཞེས་པའི་བྱིས་སྨན་དེའི་མཚན་བྱང་ལ安儿宁ཞེས་ཚོང་མིང་བཏགས་པས། སྨན་གྱི་ཚོང་རར་རིན་གོང་ལྡབ་འགྱུར་གྱིས་འཕར་ཏེ་ཉོ་དཀའ་བའི་གནས་སུ་ལྷུང་ཡོད།
གསུམ་པ། མཚན་བྱང་གི་མིང་དོན་དང་བསྟུན་ནས་ལོ་ཙཱ་བྱེད་པ།
བོད་སྨན་གྱི་མཚན་བྱང་ལ། རེ་སྐོན་པ་ལ་ཕུག་རོན་རྐང་། །ལྕེ་ཚའི་ལོ་མར་སྦལ་པ་ལག །ལོ་བཙན་པ་ལ་བྱ་རྐང་པ། །མིང་ཅན་སེར་པོ་འུག་ལག་སོགས། །དེ་འདྲའི་མིང་དུ་བཏགས་པ་མང་། །མིང་དང་དོན་གཉིས་མ་ནོར་གཅེས། །ཞེས་འདྲ་བ་རྒྱུ་མཚན་དུ་བྱས་ནས་བཏགས་པ་དང་གསང་བའམ་གབ་པའི་སྒོ་ནས་བཏགས་པ་སོགས་ཀྱང་མཆིས། དཔེར་ན། སྙན་ངག་དྲུག་པ་ལྟ་བུར་ཆ་མཚོན་ན། མིག་ནད་ལིང་ཏོག་དང་ཡ་མའི་ནད་ཀྱི་སྨན་ཞིག་ཡིན་ཡང་། གབ་པའི་མཚན་བྱང་གིས་མིང་བཏགས་པས་སྨན་གྱི་ལག་ལེན་མེད་པ་ཞིག་ཡིན་ཚེ། དེ་ནི་སྨན་ཅི་ཞིག་ཡིན་པ་དང་ནད་གང་ཞིག་གསོ་བཅོས་ནུས་པ་སོགས་གོ་དཀའ། རྒྱལ་དབང་ཀརྨ་རང་བྱུང་པས། སྙན་ངག་དྲུག་ཅེས་མཚན་གསོལ་བའི། །སྨན་མཆོག་དེ་ཉིད་སྦྱོར་བ་ལ། །ནད་རྣམས་འཇོམས་པའི་རྡོ་རྗེ་དང་། །གདོན་རྣམས་འཇོམས་པའི་འདྲེ་འཇིགས་ཆུ། །རླུང་ཁྲག་འཇོམས་པའི་མཛེ་ཅན་དྲི། །ཁྲག་ཚད་འཇོམས་པའི་བསིལ་བྱེད་སྔོ། །གཉན་ཚད་འཇོམས་པའི་མ་གི་ཏ། །རྩ་ནད་འཇོམས་པའི་མེ་ཏོག་དམར། །ཁྱད་འཕགས་སྨན་སྣ་དྲུག་པ་འདིས། །ལིང་ཐོག་བཤིག་ཅིང་གཟེར་བ་འཇོམས། །ཡ་མ་དཀར་ནག་ཁྲ་གསུམ་ལ། །རྡོ་རྗེ་ཕ་ལམ་ལྟ་བུ་ཡིན། །[④]ཞེས་གསུངས་པ་བཀླགས་ཚེ་དོན་གྱི་གོ་བ་གསལ་པོར་རྟོགས་ནུས་པས། སྨན་ལ་སྦྱོར་སྡེ་དྲུག་གིས་གྲུབ་པ་ལ六味ཞེས་པ་དང་། སྨན་གྱི་བྱེད་ནུས驱虫明目ཞེས་དོན་སྒྱུར་དང་། སྨན་གྱི་བཟོ་དབྱིབས་རིལ་བུ་ཡིན་པས丸ཞེས་སྣོན་སྒྱུར་བྱས་ཏེ། 六味驱虫明目丸ཞེས་ལོ་ཙཱ་བྱས་ན་བརྗོད་བདེ་བར་འདུག
མཇུག་བྱང་།
བོད་སྨན་གྱིས་མི་འདོད་ནད་ཀྱིས་མནར་བའི་འགྲོ་བ་ནད་ལས་གྲོལ་ཞིང་། ལུས་སྟོབས་རྒྱས་པ། ཚེ་རིང་དུ་བསྲིང་བ་དང་། སེམས་གསལ་བ། རིག་པ་རྒྱས་པ་སོགས་ལ་ཕན་བདེ་ཚད་མེད་སྦྱིན་ནུས། ཚན་རིག་དར་རྒྱས་ཆེ་བའི་དེང་གི་དུས་འདིར་ནུབ་ཕྱོགས་རྒྱལ་ཁབ་དང་ས་གནས་མང་པོར་བོད་ཀྱི་ཤེས་རིག་དང་བོད་སྨན་སོགས་དབྱར་དུས་སྤང་ལྗོངས་སུ་འཁྲུངས་པའི་མེ་ཏོག་གི་དྲི་བསུང་ཕྱོགས་ཀུན་ཏུ་ཁྱབ་པ་བཞིན་མཆིས་ལ། རྒྱལ་ཁབ་གཞུང་ནས་ཀྱང་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་དུ་གཏོང་བར་ཤིན་ཏུ་གཙིགས་འཛིན་བྱེད་ཀྱིན་ཡོད་པས། ང་ཚོས་ཀྱང་བོད་སྨན་གྱི་མཚན་བྱང་ལོ་ཙཱ་དང་གཅིག་གྱུར་སོགས་ཕྱོགས་གང་ཅི་ནས་འབད་འབུངས་བྱེད་པ་ཤིན་ཏུ་གལ་ཆེ་བར་བསམས།
དཔྱད་གཞིའི་ཡིག་ཆ།
1、ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ། འཇམ་མགོན་ཀོང་སྤྲུལ་ཟིན་ཏིག་དང་དེའི་ཉེར་མཁོའི་ཆ་ལག་ཕྱོགས་བསྒྲིགས་བཞུགས་སོ།[M] ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། 2014
2、བསོད་ནམས་དོན་གྲུབ། བོད་སྨན་སྡེབ་སྦྱོར་ཆེན་མོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006
3、དཔའ་རིས་བསོད་ནམས་ཚེ་རིང་།.བོད་སྨན་སྡེབ་སྦྱོར་ལག་ལེན་འཆི་མེད་བདུད་རྩའི་བཅུད་ལེན། [M]ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། 2013
4、འབྲུག་ལྷ་དང་ཟླ་བ་ཚེ་རིང་།.རྒྱ་བོད་ཡིག་སྒྱུར་སློབ་དེབ་བློ་གསལ་མིག་སྒྲོན།[M] པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1998
5、དཔའ་བོ་གཙུག་ལག་ཕྲེང་བ།.ཆོས་འབྱུང་མཁས་པའི་དགའ་སྟོན། [M]པེ་ཅིན། མི་རིགས་དཔེ་སྐྲུན་ཁང་། 1996
6、李建军 文化翻译论[M]上海: 复旦大学出版社 2010
7、张政 计算语言学与机器翻译导论[M] 上海: 复旦大学出版社 2010
[①] རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ། བོད་སྨན་སྡེབ་སྦྱོར་ཆེན་མོ།[M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:386.
[②] རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ། བོད་སྨན་སྡེབ་སྦྱོར་ཆེན་མོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:452.143
[③] རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ། བོད་སྨན་སྡེབ་སྦྱོར་ཆེན་མོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:155
[④] རྩོམ་སྒྲིག་པ། བསོད་ནམས་དོན་གྲུབ། བོད་སྨན་སྡེབ་སྦྱོར་ཆེན་མོ། [M] བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། 2006:292