༄༅།། ཐ་མག་བཅད་རྗེས་ལུས་པོར་འགྱུར་ལྡོག་འདི་དག་འབྱུང་བ་རེད།

རྩོམ་སྒྲིག་པ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 01-11


        ཐ་མག་གི་ནང་དུ་དུག་ལྡན་དངོས་པོ་རིགས4800ལྷག་འདུས་པས།ཐ་མག་འཐེན་ན་རང་ཉིད་ཀྱི་བདེ་ཐང་ལ་གནོད་འཚེ་ཆེན་པོ་ཐེབས་པར་མ་ཟད།ཉེ་འགྲམ་གྱི་ཁྱིམ་མི་ལའང་དུ་བའི་གནོད་འཚེ་ཐེབས་ཀྱིན་ཡོད་པ་རེད།ཐ་མག་བཅད་ན་ལུས་པོར་དགེ་ཕྱོགས་ཀྱི་འགྱུར་ལྡོག་ཆེན་པོ་འབྱུང་སྲིད་ལ།ཉེ་ཆར་ཨ་མེ་རི་ཁའི《ཀློག་པ་པོའི་རྩོམ་ཡིག》ཅེས་པའི་དུས་དེབ་སྟེང་དུ་དེའི་ཐད་ཀྱི་ཕྱོགས་སྡོམ་ཞིག་བྱས་ཡོད་པ་སྟེ།
        ཐ་མག་མ་འཐེན་པར་སྐར་མ20འགོར་རྗེས།རྐང་ལག་སྟེང་གི་ཁྲག་གི་འཁོར་རྒྱུག་བྱེད་ནུས་ཇེ་ལེགས་སུ་འགྲོ་བ་རེད།
        ཐ་མག་མ་འཐེན་པར་དུས་ཚོད་གཉིས་འགོར་རྗེས།འཕར་རྩ་དང་སྙིང་གི་ལྡིང་ཚད།ཁྲག་ཤེད་སོགས་རྒྱུན་ལྡན་དུ་འགྱུར་བ་དང་།གལ་ཏེ་སྦྲུམ་མ་ཡིན་ན།མངལ་གནས་ཕྲུ་གུའི་སྙིང་གི་ལྡིང་ཚད་ཡང་རྒྱུན་ལྡན་དུ་འགྱུར་བ་རེད།
        དུས་ཚོད8འགོར་རྗེས། ལུས་སྟེང་གི་དབྱང་གཅིག་ཐཱན་འགྱུར་ཇེ་ཉུང་དུ་སོང་ནས།དེས་དབྱང་རླུང་ཁྲག་གི་ཕྲ་ཕུང་དུ་ཞུགས་པར་བཀག་འགོག་བྱེད་མི་ཐུབ་པས།ཕྲ་ཕུང་ནང་གི་དབྱང་རླུང་མི་འདང་བ་གསོ་ཐུབ། སྦྲུམ་མར་མཚོན་ནའང་མངལ་གནས་ཕྲུ་གུ་ལ་དབྱང་རླུང་སྔར་ལས་མང་པོ་འདོན་ཐུབ་བོ། །
        དུས་ཚོད24འགོར་རྗེས།སྙིང་ནད་སློང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད།
        ཉིན2འགོར་རྗེས་ཐ་མག་གི་བ་ཚྭ་ལུས་སྟེང་ནས་ཡོངས་སུ་རྒྱང་ཕུད་དུ་གཏོང་ཐུབ།
        ཉིན་གསུམ་འགོར་རྗེས།དབུགས་ལེན་པའི་བྱེད་ནུས་མངོན་གསལ་གྱིས་ཇེ་ལེགས་སུ་འགྲོ་བ་དང་།གློ་བའི་སྟེང་གི་ཉག་སྤུ་སླར་གསོ་འབྱུང་བ་རེད།དེ་ནི་བ་སྤུ་དང་འདྲ་བའི་དངོས་པོ་ཞིག་ཡིན་པས།ས་རྡུལ་དང་བསླད་རྫས་བཙགས་པའི་ནུས་པ་ལྡན།དེ་ལས་ཀྱང་སྣང་ཚུལ་བཟང་པོ་ཞིག་འབྱུང་བ་ནི།གློ་ལུ་བའི་ཚད་ཇེ་མང་དུ་འགྲོ་བ་ཡིན་ལ།དེ་ནི་དུག་ལྡན་དངོས་པོ་སོགས་ཀྱི་མི་གཙང་བ་རྣམས་གློ་བ་ལས་གཙང་ཕུད་བྱེད་ཀྱིན་པའི་རྟགས་རེད།
        གཟའ་འཁོར་གཅིག་འགོར་རྗེས།ཁྲག་ཤེད་མཐོ་བ་མར་འབབ་ཐུབ།
        ཟླ་གསུམ་འགོར་རྗེས།གློ་དབུགས་ཀྱི་ཤོང་ཚད39%ཇེ་མཐོར་འགྲོ་བ་དང་།དབུགས་འཚང་བའི་སྣང་ཚུལ་ཇེ་ཉུང་དུ་སོང་སྟེ།ངོ་མདངས་ཀྱང་ཇེ་ཡག་ལ་འགྲོ་བ་རེད།
        ཟླ3ནས9འགོར་རྗེས།ཐ་མག་འཐེན་སྐབས་ཀྱི་གློ་ལུ་བ་དང་རེད་པ་སོགས་ཀྱི་རེད་སླ་རང་བཞིན་ཇེ་དམའ་རུ་འགྲོ་བ་རེད།རྒྱུ་མཚན་ནི་གློ་བས་རང་སྟེང་ནས་གཙང་སྦྲ་བྱེད་མགོ་བརྩམས་པས་རེད།
        ཟླ12འགོར་རྗེས།སྙིང་དང་ཁྲག་རྩའི་ནད་འབྱུང་བའི་ཉེན་ཁ་ཇེ་ཆུང་དུ་འགྲོ་བ་རེད།
        ལོ5འགོར་རྗེས།ཕོ་བའི་འབྲས་སྐྲན་དང་ཁ་སྦུག་གི་འབྲས་སྐྲན།དབུགས་ལམ་འབྲས་སྐྲན།མིད་པའི་འབྲས་སྐྲན།གློ་བའི་འབྲས་སྐྲན་སོགས་ཀྱི་འབྱུང་ཚད་ཇེ་དམའ་རུ་འགྲོ་བ།
        ལོ5ནས10འགོར་རྗེས།སྙིང་དང་ཁྲག་རྩའི་ནད་དང་ཡང་ན་གྲིབ་ནད་ཕོག་པའི་ཉེན་ཁ་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཀྱི་ཆུ་ཚད་དུ་སླེབས་ཐུབ།
        ལོ10ཡི་རྗེས་སུ།འབྲས་སྐྲན་འབྱུང་བའི་ཉེན་ཁ་ཐ་མག་མི་འཐེན་པའི་མི་དང་གཅིག་མཚུངས་ཀྱི་ཆུ་ཚད་དུ་སླེབས་ཐུབ་པ་བཅས་སོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1